Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 039_དཀོན་བརྩེགས།_ཀ
Văn bản gốc(Tây Tạng)
Trang 13 / 17 (50.000 ký tự/trang)
ོས་ཡོངས་སུ་འཛིན་པའོ། །སྨྲས་པ། གསང་བ་པའི་བདག་པོ་གང་དག་འཇིག་རྟེན་ཐམས་ཅད་དང་འགལ་བ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པའི་རྣམ་གྲངས་ཡོད་དམ། སྨྲས་པ། ཞི་བའི་བློ་གྲོས་ཡོད་དེ། དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་འཇིག་རྟེན་ནི་ལྟ་བ་ལ་མངོན་པར་ ཞེན་པ་ཡིན་ལ། དེ་ནི་སྟོང་པ་ཉིད་དུ་སྨྲ་བ་ཡིན་ཏེ། དེས་ན་དེ་འཇིག་རྟེན་ཐམས་ཅད་དང་འགལ་ལོ། །འཇིག་རྟེན་ནི་རྟག་པ་དང་། བདེ་བ་དང་། བདག་དང་། བདག་གིར་སྨྲ་བ་ཡིན་ལ་དེ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པ་དང་། བདག་དང་བདག་གིར་མེད་པར་སྨྲ་བ་ཡིན་ཏེ། དེས་ན་དེ་འཇིག་རྟེན་ཐམས་ཅད་དང་འགལ་ལོ། །འཇིག་རྟེན་ནི་རྒྱུན་ཕྱོགས་སུ་འགྲོ་བ་ཡིན་ལ་དེ་ནི་རྒྱུན་ལས་བཟློག་སྟེ། འགྲོ་བས་དེས་ན་དེ་འཇིག་རྟེན་ཐམས་ཅད་དང་འགལ་ལོ། །འཇིག་རྟེན་ནི་ཚེ་འདི་ལྷུར་ལེན་པ་ཡིན་ལ། དེ་ནི་ ཚེ་རབས་འཕོ་བ་ལྷུར་ལེན་པ་ཡིན་ཏེ། དེས་ན་དེ་འཇིག་རྟེན་ཐམས་ཅད་དང་འགལ་ལོ། །འཇིག་རྟེན་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་མངོན་པར་ཞེན་པ་ཡིན་ལ་དེ་ནི་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །དེས་ན་དེ་འཇིག་རྟེན་ ཐམས་ཅད་དང་འགལ་ལོ། །ཞི་བའི་བློ་གྲོས་རྣམ་གྲངས་འདིས་ན་གང་དག་འཇིག་རྟེན་ཐམས་ཅད་དང་འགལ་བ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་ཏོ། །སྨྲས་པ། གསང་བ་པའི་བདག་པོ་ཁྱོད་དམ་པའི་ཆོས་ཡོངས་སུ་འཛིན་ཏམ། སྨྲས་པ་རིགས་ཀྱི་བུ་ཡོངས་སུ་འཛིན་ཏེ། བདག་ཡོངས་སུ་མི་འཛིན། སེམས་ཅན་ཡོངས་སུ་མི་འཛིན། ཆོས་ཡོངས་སུ་མི་འཛིན་ཏོ། །སྨྲས་པ། ཇི་ལྟར་ཡོངས་སུ་འཛིན། སྨྲས་པ། བདག་དབེན་པ་དང་། སེམས་ཅན་དབེན་པ་དང་། ཆོས་དབེན་པ་དང་། བདག་དང་། སེམས་ཅན་དང་། ཆོས་དབེན་པ་མ་ཡིན་པ་དང་། འདས་པ་དབེན་པ་དང་། མ་འོངས་པ་དབེན་པ་དང་། ད་ལྟར་བྱུང་བ་དབེན་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་དབེན་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་དབེན་པ་མ་ཡིན་པ་དང་། སངས་རྒྱས་དབེན་པ་དང་། སངས་རྒྱས་དབེན་པ་མ་ཡིན་ པ་དང་། ཞིང་དབེན་པ་དང་། ཞིང་དབེན་པ་མ་ཡིན་པ་དང་། ཆོས་དབེན་པ་དང་། ཆོས་དབེན་པ་མ་ཡིན་པར་གང་དེ་ལྟར་ཆོས་རྣམས་རྗེས་སུ་རྟོགས་པ་དེ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་གནང་ སྟེ། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །གསང་བ་པའི་བདག་པོ་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་གང་ཆོས་ཐམས་ཅད་མི་འཛིན་པ་དང་། མཆོག་ཏུ་འཛིན་པ་མེད་པ་དང་། གང་ཆོས་ཐམས་ཅད་ལ་མཚན་མ་དང་སྤྲོས་པར་མི་ འཛིན་པ་དང་། ཀུན་ཏུ་སྤྱོད་པ་མེད་པ་དང་། གང་ཡོངས་སུ་རྟོག་པ་ཐམས་ཅད་ལ་མི་རྟོག་ཅིང་རྣམ་པར་མི་རྟོག་པའོ། །དེའི་ཚེ་ལྷའི་བུ་རྒྱལ་པོ་བཟང་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉེ་བར་ཞི་བ་ནི་ སངས་རྒྱས་ཀྱི་བཀའ་ལགས་སོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་བཀའ་ནི་ཉེ་བར་ཞི་བར་བགྱི་བའི་ཆེད་ལགས་ཏེ། ཉེ་བར་ཞི་བ་གང་ལགས་པ་དེས་སངས་རྒྱས་ཀྱི་བཀའོ། །བཅོམ་ལྡན་འདས་དེ་ལ་གང་དག་དམིགས་པ་ཐམས་ཅད་ཉེ་བར་ཞི་བར་མཐོང་བ་དེ་དག་ཉེ་བར་ཞི་བ་ལགས་ ཏེ། དེ་དག་ནི་སླད་ཀྱིས་འབར་བ་མ་ལགས། མཆེད་པ་མ་ལགས་འབར་བར་བགྱིད་པ་མ་ལགས་སོ། །གང་དག་ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བ་དེ་དག་དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་ཅིང་མི་འདོར་བ་ལགས་ཏེ། ཇི་ལྟར་ཆོས་ཐམས་ཅད་མི་འཛིན་མི་ འདོར་བ་དེ་ལྟར་འཛིན་ཏོ། །ལྷའི་བུ་དེས་དེ་སྐད་བསྟན་པས་དགེ་སློང་སྟོང་ནི་སེམས་རྣམ་པར་གྲོལ་ལོ། །ལྷའི་བུ་སྟོང་ནི་ཆོས་ཀྱི་མིག་རྣམ་པར་དག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་ལྷའི་བུ་རྒྱལ་པོ་བཟང་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་སྤོབས་པ་ འདི་སུའི་ཡིན། སྨྲས་པ། སྤོབས་པ་འདི་ནི་སུ་བག་ཆགས་ཐམས་ཅད་སྤངས་པ་དང་། ཚིག་གི་ལམ་ཐམས་ཅད་མེད་པ་དང་། དོན་དམ་པ་བརྗོད་དུ་མེད་པ་དང་། མངོན་པར་ཞེན་པ་མེད་པ་དེ་དག་གི་སྤོབས་པ་ཡིན་ནོ། །སྨྲས་པ། ལྷའི་བུ་སྤོབས་པ་ཇི་ལྟར་སྐྱེ། སྨྲས་པ། སྤོབས་པ་ མེད་པ་དང་། སྤོབས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སྤོབས་པ་མེད་པ་ཞེས་བྱ་བ་དེ་ནི་ཉིང་མཚམས་སྦྱོར་བ་མེད་པའི་ཚིག་གོ། །སྤོབས་པ་མ་ཡིན་པ་ཞེས་བྱ་བ་དེ་ནི་སྤྲོས་པ་མེད་པའི་ཚིག་གོ། །རིགས་ཀྱི་བུ་འདི་སྐད་དུ་སྤོབས་པ་འདི་སུའི་ཡིན་ཞེས་སྨྲས་པ་ལ། འདི་ནི་སུ་གཞན་གྱི་རྣམ་པར་ རིག་པ་ལ་རྣམ་པར་ཤེས་པ་མི་འཇུག་པ་དང་། བདག་གི་རྣམ་པར་རིག་པ་ལ་རྣམ་པར་ཤེས་པ་མི་གནས་པ་དེའི་སྤོབས་པའོ། །འདི་ནི་སུ་དམིགས་པ་ལ་ཡང་ཡིད་ཀྱི་རྣམ་པར་རིག་པ་མི་དམིགས་ལ་དམིགས་པ་མེད་པའི་ཆོས་ཉིད་ལ་ཡང་མི་གནས་པ་དེའི་སྤོབས་པའོ། ། འདི་ནི་སུ་ཆོས་ཐམས་ཅད་ལ་ཡང་ཤེས་པ་མི་འཇུག་ལ་དེ་ཤེས་པས་ཆོས་གང་ཡང་རབ་ཏུ་མ་རྟོགས་པ་མེད་པ་དེའི་སྤོབས་པའོ། །འདི་ནི་སུ་གནས་པ་མེད་པ་དང་། ལེན་པ་མེད་པ་དང་། འདོར་བ་མེད་པ་དང་། ཆུ་བོ་ལས་རྒལ་བ་དེའི་སྤོབས་པའོ། །འདི་ནི་སྐྱེ་བ་མེད་ལ་སྐྱེས་པ་དང་འགོག་པ་ཡང་ མེད་ལ་མྱ་ངན་ལས་འདའ་བར་ཡང་འགྱུར་བ་དེའི་སྤོབས་པའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷའི་བུ་རྒྱལ་པོ་བཟང་འདིའི་སྤོབས་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞི་བའི་བློ་གྲོས་ལྷའི་བུ་རྒྱལ་པོ་བཟང་འདི་ནི་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་པར་འདོད་ནས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ནས་འདིར་འོངས་སོ། ། ཞི་བའི་བློ་གྲོས་ལྷའི་བུ་རྒྱལ་པོ་བཟང་འདིས་ཆོས་ཀྱི་རྣམ་པའི་རྗེས་སུ་འཇུག་པ་ཞེས་བྱ་བའི་གཟུངས་ཐོབ་སྟེ། དེ་འདོད་ན་བསྐལ་པ་བརྒྱ་སྟོང་དུ་ཐོགས་པ་མེད་པའི་སྤོབས་པས་བསྟན་ཀྱང་འདིའི་སྤོབས་པ་ཟད་པར་མི་འགྱུར་རོ། །རྒྱལ་པོ་བཟང་གི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གསུམ་ པའོ།། །།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་པའི་རྗེས་སུ་འཇུག་པ་ཞེས་བགྱི་བའི་གཟུངས་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞི་བའི་བློ་གྲོས་ཆོས་ཀྱི་ རྣམ་པའི་རྗེས་སུ་འཇུག་པ་ནི་གང་ཡི་གེ་རྣམས་ལ་ཡི་གེའི་རྗེས་སུ་འཇུག་པ་ཤེས་པ་སྟེ། ཞི་བའི་བློ་གྲོས་ཆོས་ཐམས་ཅད་ནི་ཨ་ཞེས་བྱ་བའི་རྗེས་སུ་འཇུག་པའོ། །ཆོས་ཐམས་ཅད་ནི་ཨ་ཞེས་བྱ་བའི་སྒོའོ། །ཨ་ཞེས་བྱ་བ་ལས་བྱུང་བའོ། །ཨ་ཞེས་བྱ་བའི་མཐའོ། །ཨ་ཞེས་བྱ་བ་ནི་ཚིག་གི་ ལས་ཐམས་ཅད་ལ་ལས་བྱེད་དོ། །ཨ་ཞེས་བྱ་བ་ནི་མི་ཤེས་པའོ། །རྣམ་པར་མ་ཤེས་པའོ། །ཆོས་ཐམས་ཅད་ནི་ཨ་ཞེས་བྱ་བའི་རྗེས་སུ་འཇུག་སྟེ། དེའི་ཕྱིར་རྣམ་པའི་རྗེས་སུ་འཇུག་པ་ཞེས་བྱ་བའི་གཟུངས་ཞེས་བྱའོ། །ཞི་བའི་བློ་གྲོས་རྗེས་སུ་འཇུག་པ་ནི་དེ་ལ་ཆོས་ཕྲ་རབ་ཙམ་ཡང་ ཞུགས་པ་མེད་པ་དང་། བྱུང་བ་མེད་པའོ། །ཞི་བའི་བློ་གྲོས་ཡི་གེ་དེ་དག་ནི་ག་ཞིག་ནས་ལྷགས་ནས་ཁོང་པའི་ནང་དུ་འཇུག་པ་མེད་དོ། །ཡི་གེ་དེ་དག་ནི་ཁོང་པའི་ནང་དུ་གནས་པ་མ་ཡིན་ནོ། །ཡི་གེ་དེ་དག་ནི་བྱུང་ནས་ཕྱོགས་ག་ཞིག་ཏུ་འགྲོ་བ་མ་ཡིན་ནོ། །ཡི་གེ་དེ་དག་ནི་ཕན་ཚུན་འབར་ བར་བྱེད་པ་མ་ཡིན་ནོ། །ཡི་གེ་དེ་དག་ནི་སྨྲས་ཀྱང་རུང་མ་སྨྲས་ཀྱང་རུང་སྟེ། ཟད་པར་འགྱུར་བའམ། འཕེལ་བར་འགྱུར་བ་མ་ཡིན་ནོ། །ཡི་གེ་དེ་དག་ནི་ཆོས་ཞེའམ། ཆོས་མ་ཡིན་ཞེས་བྱ་བར་རྣམ་པར་མི་རྟོག་གོ། །ཡི་གེ་དེ་དག་ནི་སུས་ཀྱང་བསྐྱེད་པའམ། བཀག་པ་མེད་དོ། ། ཡི་གེ་དེ་དག་ནི་སུས་ཀྱང་བྱས་པའམ། ཆུད་གཟན་པ་མེད་དོ། །ཞི་བའི་བློ་གྲོས་ཡི་གེ་བགྲང་བ་ཇི་ལྟ་བར་སེམས་བགྲང་བ་ཡང་དེ་བཞིན་ནོ། །སེམས་བགྲང་བ་ཇི་ལྟ་བར་ཆོས་ཐམས་ཅད་བགྲང་བ་ཡང་དེ་བཞིན་ནོ། །ཆོས་ཐམས་ཅད་བགྲང་བ་ཇི་ལྟ་བར་བགྲང་བ་མེད་པ་ཡང་དེ་བཞིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་ནི་བགྲང་བར་ཉེ་བར་འགྲོ་བ་མ་ཡིན་ཏེ་བགྲང་བ་མེད་པ་ནི་ཆོས་བགྲང་བའོ། །ཇི་ལྟར་ཆོས་བགྲང་བར་ཉེ་བར་མི་འགྲོ་བ་བཞིན་དུ་ཨ་ཞེས་བྱ་བའི་རྗེས་སུ་འཇུག་པ་ཡང་དེ་ལྟ་བུ་སྟེ། གཟོད་མ་ཉིད་ནས་མ་སྐྱེས་པ་ལ་འཇུག་པ། སྐྱེ་བ་མེད་པ་ལ་འཇུག་པའོ། །མ་སྐྱེས་པ་ དང་མ་བྱུང་བ་གང་ཡིན་པ་དེ་ལ་འཇུག་པ་གང་ཡང་མེད་དོ། །དེ་ལྟར་ན་འཇུག་པ་མེད་པ་ནི་རྗེས་སུ་འཇུག་པའོ། །ཞི་བའི་བློ་གྲོས་སུ་བགྲང་བ་འདི་ལ་ཞུགས་པ་དེའི་སྤོབས་པ་རྒྱུན་གཅད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུན་ཆད་པ་མེད་པས་དེས་ཆོས་ཉིད་རྗེས་སུ་རྟོགས་སོ། །དེས་ཆོས་ཉིད་ མི་ཟད་པར་རྗེས་སུ་རྟོགས་སོ། །དེ་ཇི་ལྟ་ཇི་ལྟར་ཆོས་སྟོན་པ་དེ་ལྟ་དེ་ལྟར་ཆོས་དེ་དག་རྗོད་ཅིང་མངོན་དུ་འགྱུར་རོ། །དེ་ཆོས་ཀྱི་རྣམ་པའི་རྗེས་སུ་འཇུག་པ་འདི་ལྟ་བུ་འདིས་སེམས་ཅན་གྱི་རྣམ་པ་ལ་འཇུག་གོ། །སེམས་ཅན་གྱི་རྣམ་པའི་རྗེས་སུ་འཇུག་པས་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཏོ། ། ཞི་བའི་བློ་གྲོས་གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཀྱི་དྲི་མ་མེད་པ་ཡིན་ནོ། །བསམ་པས་རྣམ་པར་དག་པ་ཡིན་ནོ། །སྦྱོར་བས་གཙང་མ་ཡིན་ནོ། །ལྷག་པའི་བསམ་པས་མངོན་དུ་འཕགས་པ་ཡིན་ནོ། །བསྒྲུབ་པ་ལ་ལེགས་པར་གནས་པ་ཡིན་ནོ། ། ཤེས་རབ་ཀྱིས་མངོན་དུ་འཕགས་པ་ཡིན་ནོ། །དམ་བཅས་པ་ཉམས་འོག་ཏུ་ཆུད་པས་བརྟན་པ་ཡིན་ནོ། །བདུད་རྣམས་ཀྱིས་མི་ཤིགས་པ་ཡིན་ནོ། །ཕ་རོལ་མུ་སྟེགས་བྱེད་རྣམས་ཀྱིས་མི་འདུས་པ་ཡིན་ནོ། །ཉོན་མོངས་པ་རྣམས་ཀྱིས་མི་རྫི་བ་ཡིན་ནོ། །ཕ་རོལ་རྒོལ་བ་ རྣམས་ཀྱིས་མི་ཐུབ་པ་ཡིན་ནོ། །ལུས་ཀྱིས་སྟོབས་དང་ལྡན་པ་ཡིན་ནོ། །སེམས་ཀྱིས་ཞུམ་པ་མེད་པ་ཡིན་ནོ། །སྤོབས་པས་མི་ཟད་པ་ཡིན་ནོ། །བསྟན་པ་རྣམས་ལ་མཐའ་ཡས་པ་ཡིན་ནོ། །ངེས་པའི་ཚིག་རྣམས་ལ་མུ་མེད་པ་ཡིན་ནོ། །ཡེ་ཤེས་ཀྱིས་ཆགས་པ་མེད་པ་ཡིན་ནོ། ། བློས་གཏིང་དཔག་དཀའ་བ་ཡིན་ནོ། །བདེན་པ་བསྟན་པ་རྣམས་ལ་དོན་ཟབ་པ་ཡིན་ནོ། །ཐོས་པས་རྒྱ་མཚོ་ལྟ་བུ་ཡིན་ནོ། །ཏིང་ངེ་འཛིན་གྱིས་ལྷུན་པོ་དང་མཚུངས་པ་ཡིན་ནོ། །འཁོར་གྱི་ནང་ན་སེང་གེ་དང་མཚུངས་པ་ཡིན་ནོ། །འཇིག་རྟེན་གྱི་ཆོས་རྣམས་ལ་པད་མ་དང་མཚུངས་པ་ཡིན་ནོ། ། སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བས་ས་དང་མཚུངས་པ་ཡིན་ནོ། །ཉོན་མོངས་པ་དང་སྲེད་པ་འཁྲུ་བས་ཆུ་དང་མཚུངས་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པས་མེ་དང་མཚུངས་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་པས་ཟླ་བ་དང་མཚུངས་པ་ ཡིན་ནོ། །ཉོན་མོངས་པའི་མུན་པ་སེལ་བས་ཉི་མ་དང་མཚུངས་པ་ཡིན་ནོ། །ཉོན་མོངས་པའི་དགྲ་འཇོམས་པས་དཔའ་བོ་དང་མཚུངས་པ་ཡིན་ནོ། །སེམས་ཤིན་ཏུ་དུལ་བས་གླང་པོ་དང་མཚུངས་པ་ཡིན་ནོ། །ཆོས་མངོན་དུ་སྒྲོགས་པས་འབྲུག་དང་མཚུངས་པ་ཡིན་ནོ། །ཆོས་ཀྱི་ཆར་འབེབས་ པས་ཆར་པ་དང་མཚུངས་པ་ཡིན་ནོ། །སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་ནད་ཞི་བར་བྱེད་པས་སྨན་པ་དང་མཚུངས་པ་ཡིན་ནོ། །ཆོས་ཀྱི་རྒྱལ་སྲིད་བྱེད་པས་རྒྱལ་པོ་དང་མཚུངས་པ་ཡིན་ནོ། །འཇིག་རྟེན་གྱི་ཆོས་སྐྱོང་བས་འཇིག་རྟེན་སྐྱོང་བ་དང་མཚུངས་པ་ཡིན་ནོ། །ལྷ་དང་མི་རྣམས་ཀྱི་སྤྱན་དུ་གྱུར་ པས་བརྒྱ་བྱིན་དང་མཚུངས་པ་ཡིན་ནོ། །དབང་ཐོབ་སྟེ་རང་གི་སེམས་ལ་དབང་སྒྱུར་བས་ཚངས་པ་དང་མཚུངས་པ་ཡིན་ནོ། །གནས་མེད་པར་རྒྱུ་བས་བྱ་དང་མཚུངས་པ་ཡིན་ནོ། །འདུ་འཛིས་འཇིགས་ཤིང་སྐྲག་པས་རི་དགས་དང་སྤྲེའུ་དང་མཚུངས་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་ཉེས་པར་ བྱས་པ་ཐམས་ཅད་བཟོད་པས་མ་དང་མཚུངས་པ་ཡིན་ནོ། །བཟོ་ཐམས་ཅད་སློབ་པས་ཕ་དང་མཚུངས་པ་ཡིན་ནོ། །ཆོས་རིན་པོ་ཆེ་ཐམས་ཅད་སྦྱིན་པས་རྣམ་ཐོས་ཀྱི་བུ་དང་མཚུངས་པ་ཡིན་ནོ། །བསོད་ནམས་དག་གིས་བརྒྱན་པ་ཡིན་ནོ། །མཚན་རྣམས་ཀྱིས་ཀླུབས་པ་ཡིན་ནོ། ། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ་ཡིན་ནོ། །འཇིག་རྟེན་གྱིས་བལྟ་བར་བྱ་བ་ཡིན་ནོ། །ལྟ་བའི་གཞི་ཡིན་ནོ། །འཕགས་པའི་ནོར་བདུན་དང་ལྡན་པས་མི་དབུལ་བ་ཡིན་ནོ། །སངས་རྒྱས་རྣམས་ཀྱིས་ཡོངས་སུ་བཟུང་བ་ཡིན་ནོ། །རིག་པ་རྣམས་ཀྱིས་བསྔགས་པ་ཡིན་ནོ། །མཁས་ པ་ཐམས་ཅད་ཀྱིས་སྐུར་པ་མི་གདབ་པ་ཡིན་ནོ། །ལྷ་རྣམས་ཀྱིས་ལེགས་པར་བསྲུངས་པ་ཡིན་ནོ། །ཀླུ་དང་གནོད་སྦྱིན་རྣམས་ཀྱིས་ལེགས་པར་བཟུང་བ་ཡིན་ནོ། །ཆོས་བསྟན་པ་རྣམས་ལ་དབང་ཕྱུག་ཏུ་གྱུར་པ་ཡིན་ནོ། །མངོན་པར་ཤེས་པ་རྣམས་ལ་དབང་སྒྱུར་བ་ཡིན་ནོ། ། སེམས་ཅན་གྱི་བསམ་པ་རྣམས་ལ་རྗེས་སུ་སོང་བ་ཡིན་ནོ། །སེམས་ཅན་གྱི་དབང་པོ་རྣམས་ལ་རྗེས་སུ་ཞུགས་པ་ཡིན་ནོ། །ཆོས་བསྟན་པ་ལ་ཆོག་མི་ཤེས་པ་ཡིན་ནོ། །རྙེད་པ་དང་བཀུར་སྟི་དོན་དུ་མི་གཉེར་བ་ཡིན་ནོ། །ཆོས་བསྟན་པ་དག་ལ་སེར་སྣ་མེད་པ་ཡིན་ནོ། །ཚུལ་ ཁྲིམས་རྣམ་པར་དག་པས་ཉོན་མོངས་པ་མེད་པ་ཡིན་ནོ། །བཟོད་པ་ཡོངས་སུ་དག་པས་གནོད་པ་མེད་པ་ཡིན་ནོ། །བརྩོན་འགྲུས་ཡོངས་སུ་དག་པས་ལས་ཀྱི་མཐའ་ལེགས་པར་མཐར་ཕྱིན་པ་ཡིན་ནོ། །བསམ་གཏན་ཡོངས་སུ་དག་པས་ཅང་ཤེས་པ་ཡིན་ནོ། །ཤེས་རབ་ཡོངས་སུ་དག་ པས་བློ་ལེགས་པར་དཀར་བ་ཡིན་ནོ། །ཚད་མེད་པ་རྣམས་ལ་ཚངས་པའི་བླ་མ་ཡིན་ནོ། །བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ལ་འཇིག་རྟེན་ལས་འདས་པ་ཡིན་ནོ། །བྱང་ཆུབ་ཀྱི་ལམ་གྱིས་བླ་ན་མེད་པ་ཡིན་ནོ། །དབང་བསྐུར་བ་ཐོབ་པས་ཡོན་ཏན་གྱི་རྣམ་པ་ ཐམས་ཅད་དང་ལྡན་པ་ཡིན་ནོ། །ཞི་བའི་བློ་གྲོས་དེ་ལྟར་བྱང་ཆུབ་སེམས་དཔའ་གཟུངས་ཐོབ་པ་ནི་ཡོན་ཏན་གྱི་བསྔགས་པ་ཚད་མེད་པ་དེ་ལྟ་བུ་དང་ལྡན་པ་ཡིན་ཏེ། ཞི་བའི་བློ་གྲོས་གལ་ཏེ་དེ་བཞིན་གཤེགས་པས་ཕྲིན་ལས་གཞན་མི་མཛད་པར་ལོ་བརྒྱ་སྟོང་དུ་རྒྱུན་ཏུ་བྱང་ཆུབ་སེམས་ དཔའ་གཟུངས་ཐོབ་པའི་བསྔགས་པ་བརྗོད་ཀྱང་ཟད་པར་མི་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་ལྷའི་བུ་རྒྱལ་པོ་བཟང་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་དེ་བཞིན་གཤེགས་པས་ཁྱོད་ཀྱི་ཡོན་ཏན་གྱི་བསྔགས་པ་མཐའ་ཡས་པ་བརྗོད་པ་མཛད་པ་ནི་ཁྱོད་ཀྱིས་ རྙེད་པ་ལེགས་པར་རྙེད་དོ། །དེ་སྐད་ཅེས་སྨྲས་པ་དང་། ལྷའི་བུ་རྒྱལ་པོ་བཟང་གིས་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འདི་ལ་ཡང་དག་པ་དོན་དམ་པར་ན། གང་དེ་ལྟར་བསྔགས་པའི་ཆོས་གང་ཡང་མི་དམིགས་སོ། །རིགས་ཀྱི་བུ་གང་ལ་ཁ་དོག་མེད་པ་ དང་། གཟུགས་མེད་པ་དང་། དབྱིབས་མེད་པ་དེའི་ཡོན་ཏན་གྱི་བསྔགས་པ་དང་། གཟུགས་ཀྱི་མཐའ་རྟོགས་པར་མི་ནུས་སོ། །གང་ལ་གཟུགས་དང་། ཁ་དོག་དང་། དབྱིབས་འབའ་ཞིག་ཡོད་པ་དེའི་བསྔགས་པ་ནི་བརྗོད་པར་ནུས་སོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་རྒྱལ་པོ་བཟང་གིས་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མ་བསྡུས་པ། ངའི་བ་མ་མཆིས་པ། ཡོངས་སུ་འཛིན་པ་མ་མཆིས་པ། གང་གིས་ཀྱང་ཉེ་བར་སྤྲད་པར་བགྱི་བ་མ་ལགས་པ། གང་གིས་ཀྱང་བསལ་བ་མ་ལགས་པ་སྟེ། འདི་ལ་བརྩོན་པ་དང་། ཡང་དག་པར་སྦྱོར་བར་བགྱིའོ། །བཅོམ་ལྡན་འདས་བརྩོན་པ་ དང་། ཡང་དག་པར་སྦྱོར་བར་གྱུར་པ་རྣམས་ལ་ཆོས་དེ་དག་མངོན་དུ་འགྱུར་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ནས་ཆེན་པོ་འདི་ནི་ཆབ་ཀྱི་ཕུང་པོའི་སྟེང་ན་གནས་ཏེ། དེ་ལ་མི་གང་ཞིག་ཁྲོན་པ་འམ། ཁྲོན་པ་ཆེན་པོ་རྐོ་བ་དེ་ཆབ་དང་ལྡན་པར་འགྱུར་ཏེ། གང་མི་རྐོ་བ་དེས་ནི་མི་རྙེད་ ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའི་ཡེ་ཤེས་དེ་ལ་སུ་ཞིག་བརྩོན་པར་བགྱིད་པ་དེ་ནི་ཡེ་ཤེས་འཐོབ་པར་འགྱུར་ཏེ། སུ་བརྩོན་པར་མི་བགྱིད་པ་དེས་ནི་ཡེ་ཤེས་འཐོབ་པར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་དེ་ལྟ་ལགས་པས་བྱང་ཆུབ་དོན་དུ་གཉེར་བ་ རྣམས་ཀྱིས་རྟག་ཏུ་བརྩོན་པ་དང་། བརྩོན་འགྲུས་བརྩོམ་པར་བགྱིའོ། །དེ་ལྟར་ན་བརྩོན་པ་དེ་དག་ལ་ཆོས་དེ་དག་མངོན་དུ་འགྱུར་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་སྐྱེས་བུ་དམུས་ལོང་གིས་དེ་ལས་སྐྱེས་པའི་གཟུགས་རྣམས་མི་མཐོང་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ ཉོན་མོངས་པས་ལྡོངས་པའི་སེམས་ཅན་རྣམས་ཀྱང་དེ་ལས་སྐྱེས་པའི་ཆོས་རྣམས་མི་མཐོང་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་སྐྱེས་བུ་མིག་དང་ལྡན་ཡང་སྣང་བ་མ་མཆིས་ན་མི་མཐོང་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་དག་ལྷའི་མིག་དང་ལྡན་དུ་ལགས་ཀྱང་ དེ་དག་དགེ་བའི་བཤེས་གཉེན་གྱི་མན་ངག་མ་མཆིས་ན་མོས་པར་མི་འགྱུར། མཐོང་བར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་ལྷའི་མིག་ལ་ནི་སྣང་བས་བགྱི་བ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཡོངས་སུ་སྦྱང་བ་བགྱིས་པ་ལ་ཡང་རྗེས་སུ་བསྟན་མི་ འཚལ་ལོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་མངལ་ན་མཆིས་པའི་སེམས་ཅན་ནི་མི་གདའ་མི་མཐོང་ཡང་སྐྱེ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་ཀྱང་མི་མཐོང་མོད་ཀྱི། སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་ཀྱང་སྐྱེའོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་རིའི་རྒྱལ་པོ་གངས་ཅན་ལ་ཤིང་ལྗོན་པ་གང་སྐྱེས་པ་དེ་ནི་བར་མ་དོར་ཆག་པའམ། སྐམ་པར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་འཕགས་པའི་ཆོས་ལ་སྦྱོར་བར་བརྩོན་པ་གང་གི་ཤེས་པ་སྐྱེས་པ་དེ་ཡང་མི་འཇིག་ཅིང་ཡོངས་སུ་ཉམས་པར་མི་འགྱུར་ ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང་བ་དེའི་ཚེ་རིན་པོ་ཆེ་སྣ་བདུན་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་བློན་པོ་རིན་པོ་ཆེ་དག་འབྱུང་བར་ འགྱུར་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་གི་ཚེ་བྱང་ཆུབ་ཀྱི་སེམས་སྐྱེ་བ་དེའི་ཚེ་ཆོས་རིན་པོ་ཆེ་སྣ་བདུན་འདི་ལྟ་སྟེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་འབྱུང་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་གང་གི་ཚེ་ འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སུ་རྒྱུ་བ་དེའི་ཚེ་སེམས་ཅན་རྣམས་ལ་དེའི་བྱམས་པ་ཐ་དད་པ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་གི་ཚེ་བྱང་ཆུབ་སེམས་དཔས་བསྡུ་བའི་དངོས་པོ་བཞི་པོ་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱད་པ་ དང་། དོན་འཐུན་པས་སེམས་ཅན་དག་སྡུད་པ་དེའི་ཚེ་སེམས་ཅན་རྣམས་ལ་དེ་ཐ་དད་པ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འདུན་ཁང་ན་མཆིས་པ་དེའི་ཚེ་འཐབ་པ་དང་རྩོད་པ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་ དུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་འབེལ་བའི་གཏམ་གྱི་སླད་དུ་མཆིས་པ་དེའི་ཚེ་འཐབ་པ་དང་། རྩོད་པའི་གཏམ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་གང་གི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གནས་པར་འགྱུར་བ་དེའི་ཚེ་ཐོག་མར་རིའི་རྒྱལ་པོ་རི་ རབ་དང་། རྒྱ་མཚོ་ཆེན་པོ་གནས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཐོག་མར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་ཚེ་ལྷག་པའི་བསམ་པ་དང་། སྙིང་རྗེ་ཆེན་པོ་ཐོག་མར་གནས་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་གང་གི་ཚེ་ གདུགས་འཆར་བ་དེའི་ཚེ་རི་གང་དག་མཐོ་བ་དེ་དག་ལ་ཐོག་མར་འོད་ཟེར་འབབ་བོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་གི་ཚེ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་སྣང་བ་ཐོག་མར་བྱུང་བ་དེའི་ཚེ་སེམས་ཅན་གང་དག་དགེ་བའི་རྩ་བ་སྦྱངས་པ་དེ་དག་གིས་ཡེ་ཤེས་ཀྱི་སྣང་བ་དེ་མྱོང་བར་འགྱུར་ལགས་སོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་ས་བོན་ཐམས་ཅད་དང་། རྩྭ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚལ་ཐམས་ཅད་ནི་སས་བཟེད་དེ་ཐམས་ཅད་ལས་བཅུད་མཉམ་དུ་གཏོང་ངོ་། །བཅོམ་ལྡན་འདས་དེ་བཞིན་དུ་གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ ལ་ཆོས་ཀྱི་བསམ་པའི་གཏོང་བས་སེམས་ཆགས་པ་མ་མཆིས་པར་གཏོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་རྒྱལ་པོ་བཟང་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། ལྷའི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དཔེ་དགོད་པ་བསྟན་པ་འདི་ལེགས་པར་སྨྲས་པ་ལེགས་སོ་ལེགས་སོ། ། ལྷའི་བུ་རྩྭ་དང་། ནགས་ཚལ་ཇི་སྙེད་པ་དང་། མིང་གི་བརྡ་དང་། ཆོས་ཀྱི་བརྡ་དང་། སྒྲའི་བརྡ་དག་ཇི་སྙེད་པ་དང་། གཟུགས་དང་། ཁ་དོག་གི་བརྡ་དག་ཇི་སྙེད་པ་དང་། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ལ་འཇུག་པ་ཇི་སྙེད་པ་དང་། མིང་དང་གཟུགས་རབ་ཏུ་བརྗོད་པ་ཇི་སྙེད་ པ་དང་། སེམས་ཅན་རྣམས་ཀྱི་སྤྱོད་པ་ཇི་སྙེད་པ་དང་། སེམས་ཅན་རྣམས་ཀྱི་ཡོངས་སུ་སྤྱད་པ་ཟས་སྐོམ་ཇི་སྙེད་པར་ལྷའི་བུ་བྱང་ཆུབ་སེམས་དཔའི་གཟུངས་ཐོབ་པའི་དཔེ་དགོད་པ་བསྟན་པ་ཡང་དེ་སྙེད་དོ། །ལྷའི་བུ་དག་གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའི་ཚིག་ གང་ཅི་ཡང་རུང་སྟེ། སངས་རྒྱས་ཀྱི་བཀའ་མ་ཡིན་པ་མེད་དོ། །གཟུགས་སུ་སྣང་བ་འམ། སྒྲ་འམ། དྲི་འམ། རོ་འམ། རེག་བྱ་འམ། ཆོས་སུ་སྣང་བ་གང་ཅི་ཡང་རུང་སྟེ། དེ་ལ་གང་སྣང་བར་མི་འགྱུར་བ་དེ་མེད་དོ། །དེ་ལ་གཞན་ལས་ཐོས་པ་ལ་རག་ལས་པའི་ སྤོབས་པ་མེད་དོ། །གཞན་གྱི་ངོར་ལྟ་བ་ལ་རག་ལས་པའི་བསྟན་པ་མེད་དོ། །དེ་མི་ཟད་པ་དང་། མཐའ་ཡས་པ་དང་། ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང་། ཐམས་ཅད་ལ་འཇུག་པའི་རྗེས་སུ་སོང་བ་ཡིན་ནོ། །དེ་ལ་རྒྱུན་ཆད་པ་མེད་དོ། །ཆགས་པ་མེད་དོ། །ལུས་ལྕི་བ་མེད་ དོ། །སེམས་ཞུམ་པ་མེད་དོ། །དེ་སངས་རྒྱས་བརྒྱ་སྟོང་གི་སྤྱན་སྔར་སྟོན་ཀྱང་ཞུམ་པར་མི་འགྱུར་ཏེ། འདི་ལྟར་སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་བྱིན་གྱིས་བརླབས་པའི་བྱང་ཆུབ་སེམས་དཔའ་དེས་གཟུངས་དང་། ཤེས་རབ་དང་། ཡེ་ཤེས་དང་། སྤོབས་པ་ཐོབ་བོ། །དེ་སྟོན་ཀྱང་ ཞུམ་པར་མི་འགྱུར། ཀུན་ཏུ་ཞུམ་པར་མི་འགྱུར་ཞིང་ཟློག་པར་མི་འགྱུར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ཆགས་པ་མེད་པ་གསུམ་གྱི་རྗེས་སུ་སོང་བ་ཡིན་ནོ། །གསུམ་གང་ཞེ་ན། བདག་ལ་ཆགས་པ་མེད་པ་དང་། སེམས་ཅན་ལ་ཆགས་པ་མེད་པ་དང་། ཆོས་ལ་ཆགས་པ་མེད་ པའོ། །ཡོངས་སུ་དག་པ་གསུམ་གྱི་རྗེས་སུ་སོང་བ་ཡིན་ཏེ། གསུམ་གང་ཞེ་ན། ཆོས་ཀྱི་དབྱིངས་ཡོངས་སུ་དག་པ་དང་། དེ་བཞིན་ཉིད་ཡོངས་སུ་དག་པ་དང་། ཡང་དག་པའི་མཐའ་ཡོངས་སུ་དག་པའོ། །མི་ཟད་པ་གསུམ་གྱི་རྗེས་སུ་སོང་བ་ཡིན་ཏེ། གསུམ་གང་ཞེ་ན། ཆོས་མི་ཟད་པ་དང་། ཡི་གེ་མི་ཟད་པ་དང་། བསྟན་པ་མི་ཟད་པའོ། །བྱིན་གྱི་རླབས་གསུམ་ཐོབ་པ་ཡིན་ཏེ། གསུམ་གང་ཞེ་ན། སྤོབས་པའི་བྱིན་གྱི་རླབས་དང་། ཆོས་ཀྱི་དོན་གྱི་བྱིན་གྱི་རླབས་དང་། ཆོས་ལ་འཇུག་པའི་བྱིན་གྱི་རླབས་སོ། །དགའ་བ་གསུམ་ ཐོབ་པ་ཡིན་ཏེ། གསུམ་གང་ཞེ་ན། ཡེ་ཤེས་ཀྱིས་དགའ་བ་དང་། ཤེས་རབ་ཀྱིས་དགའ་བ་དང་། ཐེ་ཙོམ་ཆད་པས་དགའ་བའོ། །མྱུར་བ་གསུམ་ཐོབ་པ་ཡིན་ཏེ། གསུམ་གང་ཞེ་ན། དྲན་པ་མྱུར་བ་དང་། བློ་གྲོས་མྱུར་བ་དང་། རྟོགས་པ་མྱུར་བའོ། །གཟུངས་ཀྱི་ ཡོན་ཏན་བསྔགས་པའི་དཔེ་དགོད་པ་མི་ཟད་པ་བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་བརྒྱད་བརྒྱས་གཟུངས་ཐོབ་པར་གྱུར་ཏོ། །གཟུངས་ཀྱི་ཡོན་ཏན་གྱི་བསྔགས་པའི་དཔེ་དགོད་པ་མི་ཟད་པའི་ལེའུ་ཞེས་བྱ་བ་སྟེ། ཉི་ཤུ་རྩ་བཞི་པའོ།། །།དེ་ནས་ བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ལྔ་བརྒྱ་ཐ་མ་ལ་ཅི་ནས་ཆོས་ཀྱི་རྣམ་གྲངས་འདི་འཛམ་བུའི་གླིང་དུ་སྤྱོད་པར་བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ངས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་ལས་ཆོས་སྦ་བ་དང་། བསྲུང་བའི་གསང་སྔགས་ཀྱི་གཞི་གང་དག་ཐོས་པ་དེ་དག་ཁྱོད་ཀྱིས་དྲན་ནམ། གསོལ་པ། བཅོམ་ལྡན་འདས་དྲན་ལགས་སོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་དེ་ལྟ་བས་ན་ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཆོས་སྦ་བ་དང་། བསྲུང་བའི་གསང་སྔགས་ཀྱི་གཞི་དེ་དག་ཁྱོད་ཀྱིས་འཁོར་འདི་ལ་རྗོད་ཅིག །དེ་ལྟར་ན་ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་གནས་པར་ འགྱུར་རོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཏེ། གསང་སྔགས་ཀྱི་གཞི་འདི་དག་སྨྲས་སོ། །ཏདྱ་ཐཱ། ཛ་ཡ་ཛ་ཡ་མ་ཏི། ཛ་ཡ་ཤ་ཏྲུ། ཨ་ལེ། ཨ་མ་ལེ། ཨ་ལུ་ལི་ཏེ། མ་མེ། མ་མ་མ་ཏི། ནཱ་མ་སན་དྷི། ཨུད་ཏ་མེ། ཨུད་ཏ་མ་ཏི། ཨུད་ཏ་ར་ཎི། ཨ་རེ་ཨ་རམ་ཎི། ཨ་རི་ཤ་མ་ཎི། ཨ་མཱུ་ལེ། ཨ་མཱུ་ལ། ཨ་བང་ཊི་ཏི། མཱུ་ལ་ཨ་ནུ་ག་ཏེ། ཨད་ཏེ། མད་ཏེ། མ་ཊི་ཏེ། ཨ་ཊི། མ་ཊི་ཏེ། ཁུ་རུ་ཁུ་རུ། སན་དྷི་དྷརྨ་ཨ་ནུ་ག་ཏེ། དྷརྨ་ ད་ཀྵེ། དྷ་རྨ་པྲ་བེ་ཤེ། །ས་རེ་ས་རེ་ས་རེ། ཨ་བེ་དྷེ། བེ་ད་སན་དྷི། ཨེ་ཧི། ཨེ་ཧི་ནི། ཨེ་ཏ་ད་ཨ་ནུ་ག་མེ། བདུད་རྣམས་ཚར་གཅོད་པ། མུ་སྟེགས་ཅན་རྣམས་འཛོམས་པ། ཆོས་ལ་གནོད་པར་སེམས་པ་རྣམས་རྨུགས་པར་བྱེད་པ། ཉོན་མོངས་ པ་རྣམས་སེལ་བ། ཆོས་ཀྱི་ཚུལ་རྣམས་འབར་བར་བྱེད་པ། ཆོས་སྨྲ་བ་རྣམས་ཀུན་ཏུ་སྲུང་བ། མྱ་ངན་ལས་འདས་པར་འཛུད་པ། བྱང་ཆུབ་ཡོངས་སུ་སྨིན་པར་བྱེད་པ་རྣམས་ཡོངས་སུ་འཛིན་པ། འཁོར་ཡང་དག་པར་འཇོག་པ། ཆོས་ཉན་པ་རྣམས་ལ་ལུས་ སྦྱིན་པར་བྱེད་པ། ཡང་དག་པར་སོང་བ་རྣམས་ཀྱིས་བསམ་པ། ཡང་དག་པར་ཞུགས་པ་རྣམས་ཀྱིས་བལྟ་བ། གསང་སྔགས་ཀྱི་གཞི་རྣམས་མངོན་དུ་འགྱུར་བ། གསང་སྔགས་ཀྱི་མཚམས་འགུག་པ། བརྗོད་པ་ཤེས་པ། ཕྱད་པ། མི་ཐུལ་པ། བསྟན་པའི་ ངོ་བོ་ཉིད་ཆུད་ཟ་བར་མ་གྱུར་ཅིག །གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་གསང་སྔགས་ཀྱི་གཞི་འདི་དག་ཡོངས་སུ་བརྗོད་མ་ཐག་ཏུ་དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རབ་ཏུ་གཡོས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ ཁམས་འདི་ན་བདུད་གང་དག་འཁོད་པ་དེ་དག་ཐམས་ཅད་དཔུང་དང་བཅས། གཡོག་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་ཀྱི་གན་དུ་ལྷགས་ནས་ལུས་བཏུད་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ ཅག་གིས་ཆོས་སྨྲ་བ་སུའི་ཁའི་སྒོ་ནས་གསང་སྔགས་ཀྱི་གཞི་འདི་དག་འབྱུང་བ་དེ་ལ་རིམ་གྲོ་བགྱིའོ། །བསྙེན་བཀུར་བགྱིའོ། །བཅོམ་ལྡན་འདས་གསང་སྔགས་ཀྱི་གཞི་འདི་དག་གི་དཔལ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བཟོད་པར་རྔོ་ཐོག་པ་མ་ལགས་སོ། ། བཅོམ་ལྡན་འདས་བདག་ཅག་ཉིད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་སྦ་བར་བགྱིའོ། །གླགས་ལྟ་བ་གཞན་དག་ཀྱང་ཚར་གཅད་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གླང་པོ་ཆེའི་ལྟ་སྟངས་ཀྱིས་ཕྱོགས་བཞི་ཀུན་ཏུ་གཟིགས་ཏེ། དེའི་ཚེ་གསང་ སྔགས་ཀྱི་གཞི་འདི་དག་བཀའ་སྩལ་ཏོ། །ཛ་ཡེ། དུར་ཛ་ཡེ། ཛ་ཡ་མ་ཏི། ཤ་མེ། ཤ་ཏྲུ་ནིར་གྷཏ་ནི། ཨ་མཱུ་ལེ། མཱུ་ལ་པ་རི་ཚིན་ནེ། མ་ར་སཻ་ནྱ་བི་ཏྲཱ་ས་ནི། མུག་ཏེ་མུག་ཏ་བ་ཏི། ཤུད་དྷེ། ཨ་བྷེ་དེ། བྷ་ཡ་མོ་ཙ་ནི། བྷ་རོ་ཧ་ར་ཎེ། ཏ་ད་ཏེ་བིདྱེ། བིདྱ་བ་ར་ཨུད་ཏ་ མེ། ཕ་རོལ་རྒོལ་བ་ཚར་གཅོད་པ། །ཆོས་སྨྲ་བ་དག་ཀུན་སྡུད་པ། །ཆོས་ཀྱི་མཛོད་ནི་ཀུན་སྲུང་བ། །རིག་སྔགས་འདི་ནི་སངས་རྒྱས་གསུངས། །ཨ་མ། ཨ་མ་མེ། མ་མ་ཙྪེ་དེ། ཨརྠེ་ཨརྠ་ནི་སྟཱ་ར་ཎེ། འཇིག་རྟེན་སྐྱོང་བ་བཞི་དགུག་པའི་ཚིག་རྣམས་སྨྲས་པའོ། ། དྷི་རེ། དྷི་ར་བ་ཏི། གུ་བ་ཏེ། ཤུ་བྷེཤུ་བྷ་བ་ཏི། ས་མེ། ལྷའི་དབང་པོ་བརྒྱ་བྱིན་འདིར་དགུག་པར་བྱའོ། མཻ་ཏྲེ་སོ་མ་བ་ཏི། ཀྵན་ཏི་ཀྲྀ་པ་ཀཱ་རུ་ཎ་ཨུདྀ་ཧྲ་དེ། པྲཱི་ཏི་ཨུ་པེ་ཀྵས་མ་པན་ཏེ། ཚངས་པ་ཡང་འདིར་དགུག་པར་བྱའོ། །ཨ་ར་ཊེ། པི་ར་ཊེ། ཁ་ཁེ། ཨ་མཱུ་ལེ། མཱུ་ལ་ཤོ་དྷ་ནི། བདུད་ ནི་ཚར་གཅོད་བྱ་བའི་ཕྱིར། །གསང་སྔགས་གཞི་ནི་འདི་དག་སྨྲས། །མདོ་སྡེ་ལེགས་པར་བཤད་པ་འདི། །མི་ཡི་དབང་པོས་བྱིན་གྱིས་བརླབས། །གང་ཚེ་ཤེས་པར་འགྱུར་བ་ན། །དེ་ཡི་ཚེ་ན་སྤྱོད་པར་འགྱུར། །གསང་སྔགས་འདི་དག་རབ་བརྗོད་པས། །ས་ནི་རབ་ཏུ་གཡོས་པར་གྱུར། །བདུད་རྣམས་ཐམས་ ཅད་ལྷགས་གྱུར་ཏེ། །འདི་སྐད་ཀྱི་ནི་ཚིག་སྨྲས་སོ། །ཕྱི་མའི་དུས་ན་མདོ་སྡེ་འདི། །གང་དག་ལག་ཏུ་མཆི་འགྱུར་བ། ཆོས་སྨྲ་མཁས་པ་དེ་དག་ནི། །བདག་ཅག་རྣམས་ཀྱིས་བསྲུང་བར་བགྱི། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་ བདག་པོ་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པ་ཉིད་ཀྱིས་བྱིན་གྱིས་བརླབས་པར་ཤེས་པར་གྱིས་ཤིག །བྱིན་གྱིས་བརླབས་འདི་ནི་སུས་ཀྱང་རྣམ་པར་དཀྲུག་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ་ངས་མངོན་པར་ཤེས་ཏེ། འདས་པའི་དུས་ ན་བསྐལ་བ་མ་སྨད་པ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་མ་སྨད་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ རིན་ཆེན་ཟླ་བ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དེ་བཞིན་གཤེགས་པ་དེའི་གསུང་རབ་ལ་དགེ་སློང་ཆོས་སྨྲ་བ། རྫུ་འཕྲུལ་ཆེ་བ། དབང་ཆེ་བར་གྲགས་པ། མཐུ་ཆེ་བ། ཤེས་རབ་འཕགས་ཞེས་བྱ་བ་དང་། བདེན་པས་བྱིན་ཞེས་བྱ་བ་གཉིས་བྱུང་སྟེ། ཆོས་སྨྲ་བ་དེ་གཉིས་ཀྱིས་དེ་བཞིན་གཤེགས་པ་དེ་ ལས་གསང་སྔགས་ཀྱི་ཚིག་འདི་དག་བཟུང་ནས། བཅོམ་ལྡན་འདས་དེས་ཆོས་ཀྱི་འཁོར་ལོ་བསྐོར་བ་བསྐལ་པ་ཕྱེད་ཚང་བར་རྗེས་སུ་བསྐོར་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བདུད་བྱེ་བ་ཕྲག་བརྒྱ་འཁོད་པ་གང་ཡིན་པ་དེ་དག་ཐམས་ཅད་ཡོངས་སུ་སྨིན་པར་བྱས་ཏེ། བྱང་ཆུབ་ཡང་ དག་པར་འཛིན་དུ་བཅུག་གོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་དེ་བཞུགས་སམ། འོན་ཏེ་ཡོངས་སུ་མྱ་ངན་ལས་འདས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞི་ བའི་བློ་གྲོས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་དེ་ནི་ཤར་ཕྱོགས་ལོགས་ཀྱི་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་ཕྲག་བཅུ་འདས་པ་ན། འཇིག་རྟེན་གྱི་ཁམས་མ་སྨད་པ་ཞེས་བྱ་བ་ན་བཞུགས་སོ། །དེ་བཞིན་གཤེགས་པ་དེའི་ཚེའི་ཚད་ནི་བསྐལ་པ་ཁྲི་ཐུབ་བོ། །རིགས་ཀྱི་བུ་དེ་བཞིན་ གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་བདུད་གང་དག་འཁོད་པ་དེ་དག་ཁྲོས་ཤིང་སྡང་བར་གྱུར་པ་དང་། དེ་བཞིན་གཤེགས་པ་དེས་གསང་སྔགས་ཀྱི་ཚིག་འདི་དག་གིས་དེ་དག་བཏུལ། ལེགས་པར་ཡོངས་སུ་བཏུལ་ཏེ། དེ་དག་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །རིགས་ ཀྱི་བུ་ང་དང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་གཉིས་ཀྱིས་དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ་དེའི་གསུང་རབ་ལ་ཚངས་པར་སྤྱོད་པ་སྤྱད་ནས་བྱང་ཆུབ་ཏུ་ངེས་པར་བྱུང་སྟེ། ང་ནི་ཤེས་རབ་འཕགས་ཞེས་བྱ་བར་གྱུར་ཏོ། །གསང་བ་པའི་བདག་པོ་ནི་བདེན་པས་བྱིན་ཞེས་བྱ་བར་གྱུར་ཏོ། །ཞི་བའི་བློ་ གྲོས་དེ་ལྟར་ངེད་གཉིས་ལྷན་ཅིག་ཏུ་འཐུན་པ་བག་ཡོད་པར་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་དག་ལ་བསྟི་སྟང་དུ་བྱས་སོ། །བླ་མར་བྱས་སོ། །རིམ་གྲོར་བྱས་སོ། །མཆོད་པ་བྱས་སོ། །ཞི་བའི་བློ་གྲོས་དེ་ལྟར་ན་གསང་སྔགས་ཀྱི་ཚིག་འདི་དག་ནི་བདུད་ཚར་གཅད་པ་དང་། དམ་པའི་ཆོས་ཡོངས་སུ་ གཟུང་བའི་ཕྱིར་གཅེས་སྤྲས་བྱེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་ལ་གཟིགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོགས་པོ་དག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྐལ་པ་གྲངས་མེད་པར་བསྒྲུབས་པའི་བྱང་ཆུབ་ འདི་ནུབ་པར་མི་འགྱུར་བར་བྱ་བའི་ཕྱིར་གཟུང་བ་དང་། ཡོངས་སུ་བསྲུང་བར་ཁྱེད་ཀྱི་ནང་ནས་སུ་སྤྲོ། དེ་ནས་འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ལངས་ཏེ་པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་ སྦྱར་བ་བཏུད་དེ་དེའི་ཚེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །ལུས་དང་སྲོག་ཀྱང་སྤང་བགྱིས་ལ། །རྣམ་པར་སྨིན་ལ་མི་རེ་བར། །འཇིག་རྟེན་མགོན་པོས་གསུངས་པ་ཡིན། །མདོ་སྡེ་འདི་ནི་གཟུང་བར་བགྱི། །རྒྱལ་པོ་བཟང་ལ་སོགས་པ་ལྷའི་བུ་ལྔ་སྟོང་གིས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏོ། །བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པའི་བྱང་ཆུབ་འདི་གཟུང་བར་བགྱིའོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་ཡང་སྨྲས་སོ། །སེམས་ཅན་ཀུན་གྱི་དོན་སླད་དུ། །སྙིང་རྗེ་བརྟན་པར་བསྐྱེད་ནས་ནི། །སངས་རྒྱས་ཀྱིས་གསུངས་ཟབ་པ་ཡི། །མདོ་སྡེ་འདི་ནི་གཟུང་བར་བགྱི། །དེ་ནས་ ལྷའི་དབང་པོ་བརྒྱ་བྱིན་དང་། ཚངས་པ་གཙུག་པུད་ཅན་དང་། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །ནད་ཀུན་ལས་ནི་ཐར་བགྱིད་པ། །མདོ་འདི་སྨན་དང་འདྲ་བ་ལགས། །སྟོན་པ་ལེགས་པར་སེམས་བསྐྱེད་དེ། །བདག་ཅག་གིས་ཀྱང་གཟུང་བར་བགྱི། །དེ་ནས་བཅོམ་ ལྡན་འདས་ལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་དེ་བཞིན་གཤེགས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྐལ་པ་གྲངས་མ་མཆིས་པར་བསྒྲུབས་པ་འདི་གཟུང་བར་བགྱིའོ། །དེའི་ཚེ་ཚིགས་སུ་བཅད་པ་འདི་ཡང་སྨྲས་ སོ། །ཆོས་འདི་ཡི་གེ་མ་མཆིས་ན། །མི་ཡི་དབང་པོས་ཐུགས་རྗེ་ཡིས། །ཡི་གེ་རྣམས་ཀྱིས་རབ་བཤད་པ། །དེ་ནི་བདག་གིས་གཟུང་བར་བགྱི། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་གཙུག་པུད་ཅན་ལ་བཀའ་སྩལ་པ། ཚངས་པ་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱེད་པ་བླ་ན་མེད་པའོ། །མཆོད་པའི་ལས་བླ་ན་མེད་པའོ། །བསོད་ནམས་ཚད་མེད་པ་འབྱུང་བའོ། །གསུམ་གང་ཞེ་ན། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པ་དང་། གང་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་འཛིན་པ་དང་། གང་ཇི་ལྟར་ཐོས་པའི་ ཆོས་རྣམས་དེ་བཞིན་ཉིད་དུ་སྒྲུབ་པ་སྟེ། ཚངས་པ་གསུམ་པོ་དེ་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བ་བླ་ན་མེད་པའོ། །ཚངས་པ་གལ་ཏེ་དེ་བཞིན་གཤེགས་པ་ཚེའི་ཚད་བསྐལ་པར་བཞུགས་པས་མཆོད་པའི་དངོས་པོ་གསུམ་པོ་འདི་དག་གི་བསོད་ནམས་ཀྱི་རྣམ་པར་སྨིན་ པ་བསྐལ་པའི་བར་དུ་བསྟན་དུ་ཟིན་ཀྱང་མཐར་ཕྱིན་པར་མི་འགྱུར་རོ། །ཚངས་པ་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱ་བ་བླ་ན་མེད་པས་མཆོད་པ་བྱེད་འདོད་པས་མཆོད་པའི་དངོས་པོ་གསུམ་པོ་འདི་དག་གིས་མཆོད་པར་བྱའོ། །ཚངས་པ་དེ་བཞིན་གཤེགས་པ་གཅིག་གི་ དམ་པའི་ཆོས་ཀྱི་ཚིག་བཞི་པའི་ཚིགས་སུ་བཅད་པ་ཡོངས་སུ་བཟུང་ན་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཡོངས་སུ་གཟུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚངས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་ཆོས་ལས་ངེས་པར་བྱུང་བ་ ཡིན་པས་དེ་ཆོས་ཀྱིས་མཆོད་པར་བྱའི་ཟང་ཟིང་གིས་ནི་མ་ཡིན་ནོ། །དམ་པའི་ཆོས་ཀྱིས་མཆོད་པ་ནི་མཆོད་པ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་བཤད་དོ། །དམ་པར་བཤད་དོ། །ཕུལ་དུ་བཤད་དོ། །ཚངས་པ་ངས་མངོན་པར་ཤེས་ཏེ་འདས་པའི་དུས་ན་ང་རྒྱལ་པོའི་ཕོ་བྲང་ཞིག་ཏུ་སྐྱེས་ཏེ། རྒྱལ་བུ་གཞོན་ནུ་བློ་ གྲོས་ལྡན་ཞེས་བྱ་བར་གྱུར་པ་དེ་ནི་ངག་ཉིད་ཀྱིས་ལོག་པའི་རྨི་ལམ་ན་ཚིགས་སུ་བཅད་པ་གཉིས་ཐོས་ནས་བཟུང་བ་དང་། ང་སད་ནས་འདི་སྙམ་དུ་བསམས་ཏེ། བདག་གིས་གཏེར་ཆེན་པོ་ཞིག་རྙེད་དོ་སྙམ་ནས་ངས་གཏེར་ཆེན་པོ་ཞིག་རྙེད་དོ་ཞེས་སྐད་ཆེར་བྱུང་བ་དང་། ངའི་ཕ་མ་གཉིས་ན་རེ་གཞོན་ནུ་གཏེར་ག་ལ་ ཡོད་ཅེས་ཟེར་རོ། །ངས་ཕ་མ་གཉིས་ལ་ཚིགས་སུ་བཅད་དེ་སྨྲས་པ། འཇིག་རྟེན་གཏེར་ཆེན་རྣམས་ནི་རྒྱལ་པོ་དང་། །རྐུན་པོ་མེ་ཆུ་བསླུས་པས་ཟད་པར་འགྱུར། །དེ་བཞིན་གཤེགས་པ་རྣམས་ཀྱི་ཐོས་གཏེར་ནི། །བསྐལ་པ་བྱེ་བ་མང་པོར་ཆུད་མི་ཟ། །སེམས་ཅན་དོན་བརྩོན་ བྱང་ཆུབ་སེམས་དང་ནི། །ཚུལ་བཞིན་ཉིད་ཀྱིས་དབེན་སེམས་གང་ཡིན་དང་། །རྟག་ཏུ་བག་ཡོད་འཆི་མེད་རྒྱུ་ཡིན་ཏེ། །ཡོངས་སུ་འཛིན་མེད་བདེ་བ་ཀུན་གྱི་རྒྱུ། །ཚངས་པ་ཚིགས་སུ་བཅད་པ་འདི་གཉིས་ངས་རྨི་ལམ་དུ་ཐོས་ཏེ། ཚངས་པ་ངས་ཚིགས་སུ་བཅད་པ་འདི་གཉིས་ཀྱིས་སེམས་ཅན་ བརྒྱད་སྟོང་ནི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །སྲོག་ཆགས་བཞི་ཁྲི་ཉིས་སྟོང་ནི་བདེ་འགྲོར་འགྲོ་བར་བྱས་སོ། །ཚངས་པ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་ཇི་ལྟར་གང་དག་ཐོས་པ་ལ་བརྩོན་པ་དང་། བརྩོན་ནས་ཡང་དག་པར་སྒྲུབ་པ་དང་། སྒྲུབ་པ་ལ་གནས་ནས་ཀྱང་གཞན་ལ་ཕན་འདོགས་པ་དེ་ དག་གིས་གཏེར་ཆེན་པོ་ཐོབ་པར་དེ་ལྟར་རིག་པར་བྱའོ། །ཚངས་པ་ཐེག་པ་ཆེན་པོ་ལ་གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། གཉིས་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པ་དང་། ཐོས་པ་ཚོལ་བས་ཆོག་མི་ཤེས་པ་སྟེ། གཉིས་པོ་དེ་དག་གོ། །ཚངས་པ་དེ་ལྟ་བས་ན་ཆོས་ཀྱི་ ཚུལ་འདི་རྒྱུན་མ་བཅད་ཅིག །ཚངས་པ་ཁྱོད་ཀྱིས་བསྐལ་པ་བཟང་པོ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་པ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བ་གྱིས་ཤིག །ཚངས་པ་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་བཅོམ་ལྡན་འདས་གཞན་འབྱུང་བར་འགྱུར་བ་དེ་དག་དེ་འདྲ་ བར་ཡོངས་སུ་དག་པའི་སེམས་ཅན་དུ་འགྱུར་ན་ནི་དེར་ཁྱོད་བཏང་སྙོམས་ཅན་དུ་འགྱུར་རོ། །ཚངས་པ་འདི་ལྟར་ཉོན་མོངས་པ་ཅན་གྱི་དུས་འདི་ན་སུ་ཞིག་ཉིན་གཅིག་གམ། མཚན་གཅིག་དམ་པའི་ཆོས་འཛིན་པ་དེ་ནི་ཆེས་མང་གི། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་ བསྐལ་པ་བརྒྱ་སྟོང་གིས་ནི་དེ་ལྟ་མ་ཡིན་ནོ། །ཚངས་པ་དེ་ལྟ་བས་ན། ཁྱོད་ཀྱིས་དུས་ངན་པ་འདིར་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བརྩོན་འགྲུས་སུ་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེ་ བཞིན་གཤེགས་པའི་གསང་བ་ལག་ན་རྡོ་རྗེའི་ལེའུ་ཀླུའི་གཟུངས་ཆེན་པོ་བསྟན་པ་འདི་ལོང་ཤིག །ཟུང་ཤིག །ལྷོགས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ཅིག །ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ལ་ཡོངས་སུ་གཏད་དོ། །དེ་བཞིན་གཤེགས་ པའི་གསང་བ་བསམ་གྱིས་མི་ཁྱབ་པ་འདི་སྐྱེ་བོ་ཕལ་པ་ལ་མ་བཤད་ཅིག །ཀུན་དགའ་བོ་སེམས་ཅན་དམན་པ་ལ་མོས་པ་རྣམས་ནི་འདི་ལ་མགོ་རྨོངས་པར་འགྱུར་ཏེ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི་དེ་ཙམ་དུ་མོས་པར་དཀའ་བ་དེ་ཙམ་དུ་རྟོགས་པར་དཀའ་བའོ། །སེམས་ཅན་གང་དག་ཅང་ཤེས་པ། སྦྱང་བ་ལེགས་པར་བྱས་པ་ཆོས་འདི་དག་གི་སྣོད་དུ་གྱུར་པ་མ་གཏོགས་ཏེ། དེ་དག་ནི་ཆོས་ཀྱི་ཚུལ་གྱི་རྒྱུད་འདི་ཐོས་ན་སྐྲག་པར་མི་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ སངས་རྒྱས་ཀྱི་མཐུས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་བླངས་ལགས་ཏེ། མཐུ་ཅི་མཆིས་པས་རྔོ་ཅི་ཐོག་ཏུ་གཟུང་བར་བགྱིའོ། །བཤད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་སེམས་ཅན་ཆེན་པོ་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ལངས་ པ་འདི་དག་མཐོང་ངམ། གསོལ་བ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་དག་ཐམས་ཅད་ནི་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་སྟོན་པ་ན་ཕན་འདོགས་པར་འགྱུར་བ་ཤ་སྟག་གོ །གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་ མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ན་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལག་ན་རྡོ་རྗེའི་ལེའུ་ཞེས་བྱ་བར་ཟུང་ཤིག །འདི་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག །འདི་སངས་རྒྱས་ཀྱི་ཆོས་བསམ་ གྱིས་མི་ཁྱབ་པ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །འདི་བསོད་ནམས་ཚད་མེད་པ་འབྱུང་བ་ཞེས་བྱ་བར་ཡང་ཟུང་ཤིག །ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་སྐྱེས་བུ་གང་ཟག་གང་ཞིག་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་སངས་རྒྱས་ཀྱི་ཞིང་རྣམས་སའི་སྟེང་ནས་བཟུང་སྟེ། སྲིད་ པའི་རྩེ་མོའི་བར་དུ་རིན་པོ་ཆེ་ཐམས་ཅད་ཀྱིས་ཡོངས་སུ་བཀང་ནས་སྦྱིན་པ་བྱིན་ཏེ་དེའི་རྣམ་པར་སྨིན་པ་ལ་རེ་བ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་བཏོན་ཏེ། ཟང་ཟིང་མེད་པའི་སེམས་ཀྱིས་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བཤད་ན་འདི་ནི་དེ་བས་བསོད་ ནམས་ཆེས་མང་དུ་སྐྱེད་དོ། །དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་ལེའུ་དང་། བསོད་ནམས་ཚད་མེད་པ་འབྱུང་བ་ཞེས་བྱའོ། །དམ་པའི་ཆོས་ཡོངས་སུ་གཏད་པའི་ལེའུ་འདི་བསྟན་པ་ན་སྲོག་ཆགས་བྱེ་བ་བརྒྱ་ཕྲག་བཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་དགུ་ཁྲི་དྲུག་སྟོང་ནི་བཟོད་པ་ཐོབ་པར་གྱུར་ཏོ། །སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་གོ །དགེ་སློང་སྟོང་དྲུག་བརྒྱ་ནི་སེམས་རྣམ་པར་གྲོལ་ལོ། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་དག་ ནི་རབ་ཏུ་གཡོས་སོ། །ལྷ་བརྒྱ་སྟོང་དག་གིས་ནི་རོལ་མོ་སིལ་སྙན་བླངས་ཤིང་མེ་ཏོག་གི་ཆར་ཡང་རབ་ཏུ་ཕབ་སྟེ། འདི་སྐད་དུ་ཆོས་ཀྱི་རྣམ་གྲངས་འདི་འཛམ་བུའི་གླིང་དུ་ཤིན་ཏུ་ཡུན་རིང་དུ་གནས་པར་གྱུར་ཅིག་ཅེས་ཀྱང་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་དང་། ལྷའི་བུ་རྒྱལ་པོ་བཟང་དང་། རྒྱལ་པོ་མ་སྐྱེས་དགྲ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།དམ་པའི་ཆོས་ཡོངས་སུ་གཏད་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། དེ་བཞིན་གཤེགས་པའི་གསང་ བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་ལེའུ་གསུམ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་དཱ་ན་ཤཱི་ལ་དང་། མུ་ནི་བར་མ་དང་ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཞི་པ་སྟེ། རྨི་ལམ་བསྟན་པ། བམ་པོ་དང་པོ། རྒྱ་གར་སྐད་དུ། ཨཱརྱ་སྭཔྣ་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རྨི་ལམ་བསྟན་པ་ཞེས་བྱ་ བ་ཐེག་པ་ཆེན་པོའི་མདོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་དྲུག་ཁྲིའི་དགེ་སློང་གི་དགེ་འདུན་ཆེན་པོ་ཕལ་ ཆེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་དག་དང་ཐབས་ཅིག་ཏུ་བཞུགས་ཏེ། ཉན་ཐོས་ཆེན་པོ་མངོན་པར་ཤེས་པ་མངོན་པར་ཤེས་པ་ཤ་སྟག་དང་ཡང་ཐབས་ཅིག་གོ། །དེ་ནས་བཅོམ་ལྡན་འདས་ཞལ་ཟས་ཀྱི་བྱ་བ་མཛད་ནས་འདི་ལྟ་བུའི་ ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཏིང་ངེ་འཛིན་དེའི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་འཁོར་དང་བཅས་པ་གང་དག་ཡོད་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ནས་ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཏིང་ངེ་འཛིན་དེའི་མཐུས་ཕྱོགས་བཅུ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་ལྷགས་པའི་དགེ་སློང་ཇི་སྙེད་པ་དེ་དག་ ཐམས་ཅད་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཏིང་ངེ་འཛིན་དེའི་མཐུས་འཁོར་བརྒྱད་ཀྱི་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཇི་སྙེད་པ་དེ་དག་ཐམས་ ཅད་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་དགའ་བ་དང་། རབ་དགའ་དང་། རྟོགས་དགའ་དང་། བཟང་དགའ་དང་། དཔལ་བཟངས་དང་། ཡོངས་སུ་དགའ་ལྡན་དང་། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་ཞེས་བྱ་བ་རྣམས་གནས་གཙང་མའི་རིས་ཀྱི་ལྷའི་བུ་རབ་ཏུ་མང་པོ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་ མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་བཅོམ་ལྡན་འདས་ལ་གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་ པ་བྱང་ཆུབ་སེམས་དཔའི་མཚན་མ་བསྟན་པ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་འདི་ནི་སྔོན་ཡང་བཤད་ལ་སླད་ཀྱིས་ཀྱང་འཆད་པར་འགྱུར་བས། བཅོམ་ལྡན་འདས་ཀྱིས་ཀྱང་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ་དེ་ཡང་དག་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ན་ཡང་མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་འདུན་པ་རྒྱ་ཆེན་པོ་སྐྱེད་པར་འགྱུར་ཞིང་། བདག་ཉིད་ཀྱི་དགེ་བ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ན་གཞན་དག་ལ་རློམ་སེམས་བགྱིད་པར་མི་འགྱུར་ཞིང་བདེ་བས་ཀྱང་བག་མ་མཆིས་པར་མི་འགྱུར་ལ། སྡུག་བསྔལ་བར་གྱུར་པས་ཀྱང་སྒྱིད་ལུག་པར་མི་ འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་ལ་ཅང་མི་གསུང་བས་གནང་བར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེས་རབ་འཇོམས་ཀྱིས་ལྷའི་བུ་དེ་དག་གིས་གསོལ་བ་བཏབ་པར་རིག་ཅིང་། འཁོར་མཐའ་ཡས་པ་དག་ལྷགས་ པར་ཡང་རིག་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ཡོན་ཏན་བརྒྱས་བལྟམས་པ་ལ་འདི་ཞུ་ལགས། །ལྷ་མི་དགའ་མཛད་པ་ལ་འདི་ཞུ་ལགས། །བདུད་འཇོམས་མཛད་པ་པོ་ལ་འདི་ཞུ་ལགས། །སྐྱེ་མང་སྨན་པའི་མཆོག་ལ་འདི་ཞུ་ལགས། །འཁྲུལ་མེད་གསུང་ གིས་ཆོས་རྣམས་སྟོན་མཛད་ཅིང་། །འགྲོ་བའི་འཇིག་རྟེན་མཁས་པ་བླ་ན་མེད། །ཡིད་གཉིས་བརྒྱ་སྟོང་རབ་ཏུ་གཅོད་མཛད་ཅིང་། །སྐྱེ་མང་མིག་སྩོལ་བ་ལ་འདི་ཞུ་ལགས། །ཉི་ལྟར་མཉམ་མེད་མུན་པ་སེལ་མཛད་ཅིང་། །ཟླ་ལྟར་ཡོངས་དག་བསིལ་བའི་འོད་ལྡན་པ། །མི་ སྡུག་སྡུག་ལ་མི་གཡོ་ལྷུན་འདྲ་ཞིང་། །མཚོ་འདྲ་ཡོན་ཏན་མཆོག་ལ་འདི་ཞུ་ལགས། །དོགས་བཞིན་དུ་ནོངས་པ་བགྱིས་བཟོད་ཅིང་། །ཆབ་ལྟར་སྐྱེ་དགུའི་དྲི་མ་སྦྱོང་བར་མཛད། །ཞུགས་བཞིན་ཉོན་མོངས་དྲ་བ་སྲེག་མཛད་ཅིང་། །སྲིད་གསུམ་འཁོར་མི་མངའ་ལ་འདི་ ཞུ་ལགས། །སྨན་པ་བཞིན་དུ་འགྲོ་བ་གསོ་མཛད་ཅིང་། །རྣམ་ཐོས་བུ་ལྟར་སྡུག་ལ་ནོར་སྦྱིན་མཛད། །སྤྲིན་བཞིན་སྐོམ་པས་གདུངས་པ་ཞི་མཛད་ཅིང་། །དེས་པ་གསུང་མཆོག་སྟོན་ལ་འདི་ཞུ་ལགས། །འགྲོ་བ་ཟུག་རྔུ་སྡུག་བསྔལ་ང་རྒྱལ་བཅས། །ཐ་བ་ཉོན་མོངས་ དྲི་བཅས་གཡོན་ཅན་དག །འདུལ་མཁས་བདེ་དང་བདེ་བ་སྩོལ་མཛད་ཅིང་། །འགྲོ་བས་དྲན་བགྱི་བ་ལ་མཆོག་འདི་ཞུ། །འཛེམ་དང་སྣང་ལྡན་བློ་གྲོས་བརྟན་ལྡན་ཞིང་། །རྟོགས་དང་དྲན་ལྡན་བླ་མ་རྣམས་ཀྱིས་མཆོད། །མཉམ་མེད་ཚུལ་མི་འཆོས་ཤིང་ཐུགས་མི་གནས། ། ཡོན་ཏན་རྒྱ་མཚོ་འདྲ་ལ་མཆོག་འདི་ཞུ། །སྐྱེ་དགུའི་འཐབ་རྩོད་ཉོན་མོངས་ཞི་མཛད་ཅིང་། །རྟག་ཏུ་དེས་ཤིང་ཞལ་བཟང་དགའ་བར་མཛད། །ཤིན་ཏུ་ཞལ་འཛུམ་མཉེན་ཞིང་བྱམས་པའི་ཐུགས། །སྲིད་གསུམ་ཕ་རོལ་གཤེགས་ལ་འདི་ཞུ་ལགས། །སོར་བཅུ་ཐལ་སྦྱར་འདི་ ཡིས་བསྟོད་བགྱིས་ཤིང་། །བདེ་གཤེགས་སྟོབས་བཅུ་ཁྱོད་ལ་གསོལ་འདེབས་ཀྱིས། །སེམས་ཅན་རིན་ཆེན་དེ་དག་རྣམས་ཀྱི་སྤྱོད། །ཞུས་པ་བཞིན་དུ་བཀའ་སྩོལ་བཤད་དུ་གསོལ། །བྱང་ཆུབ་ཚུལ་གྱི་སྤྱོད་དེ་ཅི་འདྲ་བ། །ཐོས་ན་ལྷ་མི་ཚོགས་ཀྱང་སྤྱོད་འགྱུར་བས། །འདི་ ནི་སྐྱེ་མཆོག་ལགས་ཞེས་བདག་ཅག་གིས། །ཇི་ལྟར་འཚལ་འགྱུར་མཚན་མ་བདག་ལ་གསུངས། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེས་རབ་འཇོམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེས་རབ་འཇོམས་དེའི་ ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཡིན་པར་ཤེས་པར་བྱ་བ་ངས་ཁྱོད་ལ་བཤད་པར་བྱའོ། །བྱང་ཆུབ་སེམས་དཔའ་རྡོ་རྗེས་རབ་ འཇོམས་ཀྱིས་བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྡོ་རྗེས་རབ་འཇོམས་མཚན་མ་བརྒྱ་རྩ་བརྒྱད་ཀྱིས་ནི་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཡིན་ པར་རིག་པར་བྱ་སྟེ། བརྒྱ་རྩ་བརྒྱད་གང་ཞེ་ན། གཉིད་ལོག་པའི་རྨི་ལམ་ན་དེ་བཞིན་གཤེགས་པའི་སྐུ་མཛེས་པས་བཀའ་སྩོལ་བའི་གཟུགས་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་ཅང་མི་གསུང་བ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་དབུ་དང་ ཞབས་སུ་བཅས་པར་གཡོགས་པ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་ཞལ་ཕྱིར་ཕྱོགས་པ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པའི་སྐུ་འཇིམ་པ་ལས་བྱས་པ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པའི་སྐུ་ཚོན་གྱིས་བྲིས་པ་མཐོང་བ་དང་། གཞན་ཡང་འགྲོ་བ་ན་དེ་བཞིན་གཤེགས་པའི་སྐུ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་གཞན་དག་ལ་ཆོས་སྟོན་པར་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་པ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་ པ་ཡོངས་སུ་མྱ་ངན་ལས་འདས་པ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་ཞུགས་ལ་བཞེན་པ་མཐོང་བ་དང་། གཞན་ཡང་རྨི་ལམ་ན་དེ་བཞིན་གཤེགས་པའི་སྐུ་གདུང་དག་རྙེད་པ་དང་། གཞན་ཡང་རྨི་ལམ་ན་དེ་བཞིན་གཤེགས་པའི་དབུ་སྐྲ་རྙེད་པ་དང་། གཞན་ ཡང་རྨི་ལམ་ན་སྔོན་མ་མཐོང་བའི་མཆོད་རྟེན་དག་མཐོང་བ་དང་། གཞན་ཡང་རྨི་ལམ་ན་དེ་བཞིན་གཤེགས་པའི་མཆོད་རྟེན་རིན་པོ་ཆེས་བརྒྱན་པ་དག་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ཆོ་འཕྲུལ་མཛད་པ་དག་མཐོང་བ་དང་། གཞན་ཡང་དེ་བཞིན་ གཤེགས་པའི་འོད་མཐོང་བ་དང་། གཞན་ཡང་རྨི་ལམ་ན་དེ་བཞིན་གཤེགས་པའི་སྒྲ་ཐོས་ལ་མ་མཐོང་བ་དང་། གཞན་ཡང་བདག་དེ་བཞིན་གཤེགས་པའི་སྐུ་ཡིན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་གམ། མེ་ ཏོག་ཕྲེང་ངམ། སྤོས་སམ། བྱུག་པ་འབུལ་ཞིང་སྐུད་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་དེ་བཞིན་གཤེགས་པས་ན་བཟའ་དྲི་མ་ཅན་གསོལ་བ་མཐོང་བ་དང་། གཞན་ཡང་རྨི་ལམ་ན་སྔོན་མ་ཐོས་པའི་ཆོས་དག་ཐོས་པ་དང་། གཞན་ཡང་རྨི་ལམ་ན་ མ་བསྟན་པའི་ཆོས་དག་ཤེས་ལ་སད་ན་ཆོས་འཆད་པ་སུ་ཡང་མེད་ཅིང་ཅི་ཡང་མི་དྲན་པ་དང་། སྔོན་མ་མཐོང་བའི་དགེ་སློང་ཆོས་སྨྲ་བ་དག་མཐོང་བ་དང་། གཞན་ཡང་རྨི་ལམ་ན་བདག་ཆོས་ཀྱི་ཁྲི་སྟན་ལ་འདུག་སྟེ་ཆོས་སྟོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ ལམ་ན་བདག་འཇིགས་པ་མེད་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བྱང་ཆུབ་ཀྱི་སྙིང་པོ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་འཆག་པ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་སྐོར་བ་མཐོང་བ་དང་། གཞན་ཡང་ དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པའི་ཆོས་གོས་རྙེད་པ་དང་། གཞན་ཡང་དེ་བཞིན་གཤེགས་པའི་ལྷུང་བཟེད་རྙེད་པ་དང་། གཞན་ཡང་དེ་བཞིན་གཤེགས་པ་ཉག་གཅིག་མཐོང་བ་དང་། གཞན་ ཡང་དེ་བཞིན་གཤེགས་པ་སྐྱེ་བོ་མང་པོས་ཡོངས་སུ་བསྐོར་བ་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པའི་གདུགས་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པའི་འཆགས་དག་མཐོང་བ་དང་། གཞན་ཡང་དེ་བཞིན་གཤེགས་པའི་གདན་མཐོང་བ་དང་། གཞན་ ཡང་བདག་དེ་བཞིན་གཤེགས་པ་ལ་ཞལ་ཟས་འབུལ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་དེ་བཞིན་གཤེགས་པ་ལ་ན་བཟའ་འབུལ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་དེ་བཞིན་གཤེགས་པ་ལ་མེ་ཏོག་འབུལ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རི་ལ་འདུག་པར་ ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་གཅེར་བུར་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་ཕྱོགས་མཚམས་ན་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་སྔོན་མ་མཐོང་བའི་ཡུལ་དུ་ཕྱིན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་ཆུ་བོའི་ནང་ན་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་སྤྲིན་ལས་ཆར་འབབ་པ་མཐོང་བ་དང་། གཞན་ཡང་རྨི་ལམ་ནས་གཡོས་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་གཡུལ་འགྱེད་པའི་ནང་དུ་སོན་པར་ཀུན་ཏུ་ཤེས་པ་ དང་། གཞན་ཡང་རྨི་ལམ་ན་བདག་ན་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་གཡང་ས་ནས་གཡང་དུ་ལྷུང་ཞིང་རྟོན་པ་མེད་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་གསད་པ་ལས་བཏང་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་ དགྲའི་ནང་ན་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་ནམ་མཁའ་ལ་འགྲོ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་གིས་ལག་པ་ན་སྒྲོན་མ་ཐོགས་པ་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བྱང་ཆུབ་སེམས་དཔའ་ཕྱིར་ཕྱུང་བ་མཐོང་བ་དང་། གཞན་ ཡང་རྨི་ལམ་ན་གླེགས་བམ་རྙེད་པ་དང་། གཞན་ཡང་རྨི་ལམ་ན་གཟུངས་ཀྱི་སྒྲ་ཐོས་པ་དང་། གཞན་ཡང་རྨི་ལམ་ན་ཏིང་ངེ་འཛིན་གྱི་སྒྲ་ཐོས་པ་དང་། གཞན་ཡང་རྨི་ལམ་ན་ཤིན་ཏུ་རྒྱས་པའི་སྡེའི་མདོ་སྡེའི་སྒྲ་ཐོས་པ་དང་། གཞན་ཡང་རྨི་ལམ་ན་ཆོས་སྨྲ་བའི་དགེ་སློང་ཆེ་གེ་མོ་ཞེས་ བྱ་བ་རྣམས་ཀྱི་མིང་ཐོས་པ་དང་། གཞན་ཡང་རྨི་ལམ་ན་བདག་ཚིགས་སུ་བཅད་པ་ལ་སྤོབས་པ་ཐོབ་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་མདོ་སྡེ་ལ་སྤོབས་པ་ཐོབ་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་ཆོས་ཀྱི་གཏེར་གྱི་སྒྲ་ཐོས་པ་དང་། གཞན་ཡང་ རྨི་ལམ་ན་འཇིག་རྟེན་གྱི་ཁམས་གཞན་གྱི་དེ་བཞིན་གཤེགས་པའི་མཚན་ཐོས་པ་དང་། གཞན་ཡང་འཇིག་རྟེན་གྱི་ཁམས་གཞན་གྱི་བྱང་ཆུབ་སེམས་དཔའ་ཆེ་གེ་མོ་ཞེས་བྱ་བའི་མིང་ཐོས་པ་དང་། གཞན་ཡང་བདག་རྒྱ་མཚོའི་དབུས་ན་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ ཡང་བདག་རིན་པོ་ཆེ་དག་ཐུ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རི་རབ་ཀྱི་རྩེ་མོར་སོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རི་ལ་འཛེག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རིའི་རྩེ་མོ་ན་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་ཤིང་ལྗོན་པ་ ལ་འཛེག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་གླང་པོ་ཆེའི་གཙོ་བོ་མཐོང་བ་དང་། གཞན་ཡང་བདག་གླང་པོ་ཆེའི་གཙོ་བོ་ལ་ཞོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རྟ་ལ་ཞོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་བདེན་པའི་བྱིན་གྱི་རླབས་བྱེད་པར་ཀུན་ཏུ་ཤེས་ པ་དང་། གཞན་ཡང་འབྲས་བུའི་ཤིང་ལྗོན་པ་དག་མཐོང་བ་དང་། གཞན་ཡང་མེ་ཏོག་གི་ཤིང་ལྗོན་པ་དག་མཐོང་བ་དང་། གཞན་ཡང་སྔོན་མ་མཐོང་བའི་གྲོང་ཁྱེར་མཐོང་བ་དང་། གཞན་ཡང་མཚོ་མ་དྲོས་པ་མཐོང་བ་དང་། གཞན་ཡང་ལྷའི་བུ་མཐོང་བ་དང་། གཞན་ ཡང་ཀླུ་མཐོང་བ་དང་། གཞན་ཡང་བདག་འཛམ་བུའི་གླིང་གཞན་དུ་སོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་གོས་དཀར་པོ་གྱོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་གི་མགོ་ལ་རིན་པོ་ཆེའི་ཕྲེང་བ་ཐོགས་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་གི་ མགོ་ལ་མེ་ཏོག་གི་ཕྲེང་བ་རྒྱན་དང་བཅས་པ་ཐོགས་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་མེ་ཏོག་སིལ་མ་དག་སྲེལ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རྔ་བོ་ཆེ་རྡུང་བའམ། རོལ་མོའི་སྒྲ་གཞན་དག་འབྱིན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་ཉི་མ་སྤྱང་ཀིས་ ཟིན་པ་འམ། ཟླ་བ་སྤྱང་ཀིས་ཟིན་པར་མཐོང་བ་དང་། གཞན་ཡང་བདག་མི་གཙང་བས་འབགས་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རྒྱལ་པོར་གྱུར་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་རྒྱལ་པོའི་སྤྱན་སྔ་འམ། རྒྱལ་པོའི་བློན་པོ་ཆེན་པོ་འམ། སྐྱེ་བོ་ ཕལ་པོ་ཆེའི་ནང་ན་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་སྐྱེད་མོས་ཚལ་ན་འདུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་སྔོན་མ་མཐོང་བའི་གཙུག་ལག་ཁང་ངམ། གྲོང་ངམ། ཡུལ་ལམ། ལྗོངས་མཐོང་བ་དང་། གཞན་ཡང་རྨི་ལམ་ན་གདུགས་རྙེད་པ་དང་། གཞན་ཡང་རྨི་ལམ་ན་བདག་སྐྱེ་བོ་ཕལ་པོ་ཆེ་ལ་ཆོས་སྟོན་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་གྲོང་གཞན་དུ་ཞུགས་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་ཟམ་པ་འདོགས་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་གྲུ་སྦྱོར་བར་ཀུན་ཏུ་ཤེས་པ་ དང་། གཞན་ཡང་རྨི་ལམ་ན་སྤྲིན་ལས་འབྲུག་གྲག་པའམ། གློག་འབྱུང་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་མཚོན་ཆ་འམ་གོ་ཆ་རྙེད་པ་དང་། གཞན་ཡང་རྨི་ལམ་ན་སྣོད་དག་རྙེད་པ་དང་། གཞན་ཡང་རྨི་ལམ་ན་བདག་སེམས་ཅན་རྣམས་ལ་ལམ་སྟོན་པར་ཀུན་ཏུ་ ཤེས་པ་དང་། གཞན་ཡང་རྨི་ལམ་ན་བདག་སྐྱེད་མོས་ཚལ་དུ་འཇུག་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་ལོ་ཏོག་ཕུན་སུམ་ཚོགས་པ་མཐོང་བ་དང་། གཞན་ཡང་བདག་སེམས་ཅན་ནད་པ་རྣམས་གསོ་བར་ཀུན་ཏུ་ཤེས་པ་དང་། གཞན་ཡང་བདག་བྱང་ཆུབ་ཏུ་ལུང་ བསྟན་པའི་སྒྲ་ཐོས་པ་དང་། གཞན་ཡང་བདག་མངོན་པར་རྫོགས་པར་བྱང་ཆུབ་པར་ཀུན་ཏུ་ཤེས་པ་དང་། གཞན་ཡང་རྨི་ལམ་ན་བུམ་པ་གང་བ་དག་རྙེད་པ་སྟེ། རྡོ་རྗེས་རབ་འཇོམས་རྨི་ལམ་གྱི་མཚན་མ་བརྒྱ་རྩ་བརྒྱད་པོ་འདི་དག་ཀུན་ཏུ་སྣང་ན་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཡིན་ པར་རིག་པར་བྱའོ། །རྡོ་རྗེས་རབ་འཛོམས་དེ་ལ་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པས་བཀའ་སྩལ་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་གལ་ཏེ་གཟུངས་ཐོབ་པར་གྱུར་པ་ཞིག་གམ། མངོན་པར་ཤེས་པ་ཐོབ་པར་གྱུར་པ་ཞིག་གམ། བདེན་པའི་བྱིན་ གྱིས་བརླབས་གྲུབ་པར་གྱུར་པ་ཞིག་ཡིན་ན་ནི་ས་བརྒྱད་པར་ལུང་བསྟན་པར་འགྱུར་བར་བལྟའོ། །ཡོན་ཏན་དེ་དག་འཐོབ་ཏུ་ཉེ་བ་ཞིག་ཡིན་ན་ནི་ས་དང་པོ་བདུན་པོ་དག་ལས་ས་གང་ཡང་རུང་བར་བལྟའོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་ བཞིན་གཤེགས་པ་ཅང་མི་གསུང་བ་མཐོང་ན་བྱང་ཆུབ་སེམས་དཔའ་དེས་ནི་ཆོས་ལ་སྒྲིབ་པར་འགྱུར་བའི་ལས་བསགས་པ་ཡིན་པས། དེས་ཆོས་མཉན་པ་ཡང་དག་པར་འཛིན་དུ་གཞུག་པར་བྱ་ཞིང་ཁ་ཏོན་ལ་ཡང་དག་པར་བརྩོན་པའི་གང་ཟག་རྣམས་ལ་ཡང་བདེ་བའི་བསྙེན་བཀུར་དག་ཉེ་བར་ བསྒྲུབ་པར་བྱའོ། །དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཏེ། གང་ཟག་དེ་ནི་ས་དང་པོ་བདུན་པོ་དག་ལས་ས་གང་ཡང་རུང་བར་བལྟའོ། །དེའི་ཚེ་དེ་ས་དང་པོ་ལ་གནས་པ་ཞིག་ཡིན་ན་ནི་དེས་སྦྱང་བའི་ཕྱིར་ལོ་བདུན་ཏུ་ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་ཉིན་ལན་ གསུམ་མཚན་ལན་གསུམ་གདོན་པར་བྱའོ། །ཇི་སྟེ་ས་གཉིས་པ་ལ་གནས་པ་ཞིག་ཡིན་ན་ནི་དེས་ལོ་དྲུག་ཏུ་གདོན་པར་བྱའོ། །ཇི་སྟེ་ས་གསུམ་པ་ལ་གནས་པ་ཞིག་ཡིན་ན་ནི་དེས་ལོ་ལྔར་གདོན་པར་བྱའོ། །ཇི་སྟེ་ས་བཞི་པ་ལ་གནས་པ་ཞིག་ཡིན་ན་ནི་དེས་ལོ་བཞིར་གདོན་པར་བྱའོ། ། ཇི་སྟེ་ས་ལྔ་པ་ལ་གནས་པ་ཞིག་ཡིན་ན་ནི་དེས་ལོ་གསུམ་དུ་གདོན་པར་བྱའོ། །ཇི་སྟེ་ས་དྲུག་པ་ལ་གནས་པ་ཞིག་ཡིན་ན་ནི་དེས་ལོ་གཉིས་སུ་གདོན་པར་བྱའོ། །ཇི་སྟེ་ས་བདུན་པ་ལ་གནས་པ་ཞིག་ཡིན་ན་ནི་དེས་ལོར་གདོན་པར་བྱའོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་ སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པ་དབུ་དང་ཞབས་སུ་བཅས་པར་གཡོགས་པ་མཐོང་ན་དེས་ནི་སེམས་ཅན་རྣམས་དགེ་བའི་བཤེས་གཉེན་ལ་ལྟ་བ་དང་། ཆོས་ཉན་པ་དང་ཕྲལ་བ་ཡིན་པས་དེས་ཞེ་འགྲས་པ་མེད་པའི་སེམས་ཀྱིས་སྤོབས་པར་བྱེད་པའི་དངོས་ པོ་ཉེ་བར་བསྒྲུབ་པར་བྱའོ། །དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཏེ། གང་ཟག་དེ་ནི་ལས་དང་པོ་པར་བལྟའོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པ་ཞལ་ཕྱིར་ཕྱོགས་པ་མཐོང་ན་དེས་ ནི་རབ་ཏུ་འབྱུང་བའི་བར་ཆད་བྱས་ཤིང་ཆོས་ཉན་པ་རྣམས་ལ་ཡང་སྒྲིབ་པ་བསྐྱེད་པ་ཡིན་པས་དེས་ཆོས་ཀྱི་ཁྲི་སྟན་བཤམ་པའི་ངང་ཚུལ་ཅན་དུ་བྱ། སེམས་ཅན་རྣམས་ཀྱང་ཆོས་ཉན་དུ་གཟུད་པར་བྱའོ། །དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཏེ། གང་ཟག་ དེ་ནི་ས་དང་པོ་བདུན་པོ་དག་ལས་ས་གང་ཡང་རུང་བར་བལྟའོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པའི་སྐུ་འཇིམ་པ་ལས་བྱས་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟ་སྟེ། དེས་ནི་ཆོས་སྨྲ་བའི་སྤྱོད་ པ་ལ་དཔྱས་བྱས་པ་ཡིན་པས་དེས་དེ་བཞིན་གཤེགས་པའི་མཆོད་རྟེན་ནམ། ཆོས་ཡིག་ཁང་དུ་མགོ་ལ་མར་མེ་གཞག་པར་བྱ་ཞིང་དེས་ཞེ་འགྲས་པ་མེད་པའི་སེམས་སུ་བྱའོ། །དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་རོ། །གལ་ཏེ་ས་གཞན་ལ་ གནས་པའི་བྱང་ཆུབ་སེམས་དཔའ་ཞིག་གིས་མཚན་མ་དེ་ལྟ་བུ་མཐོང་ན་ནི་བདུད་ཀྱི་ལས་སུ་རིག་པར་བྱའོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པའི་སྐུ་ཚོན་གྱིས་བྲིས་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་ལྔ་པོ་གང་ ཡང་རུང་བ་དག་ཏུ་བལྟ་སྟེ། སངས་རྒྱས་ཀྱི་སྐུ་བྲིས་པ་ལ་སྤོས་སམ། མེ་ཏོག་དག་གིས་མཆོད་པ་བྱེད་པར་ཀུན་ཏུ་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དང་པོ་པར་བལྟའོ། །ཇི་སྟེ་ཐལ་མོ་སྦྱོར་ན་ནི་ས་གཉིས་པར་བལྟའོ། །ཇི་སྟེ་བསྟོད་པ་བྱེད་ན་ནི་ས་གསུམ་པར་བལྟའོ། ། ཇི་སྟེ་ཡན་ལག་ལྔས་ཕྱག་འཚལ་ན་ནི་ས་བཞི་བར་བལྟའོ། །ཇི་སྟེ་སྐོར་བ་བྱེད་ན་ནི་ས་ལྔ་པར་བལྟའོ། །དེས་ཆོས་ཟབ་མོ་དག་ལ་བཟོད་པ་བསྐྱེད་པར་བྱ་སྟེ། དེའི་འོག་ཏུ་ལུང་བསྟན་པ་ཐོབ་པར་ཡང་འགྱུར་རོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་ གིས་རྨི་ལམ་ན་དེ་བཞིན་གཤེགས་པའི་སྐུ་བཞུད་པ་མཐོང་ན། དེས་ནི་བརྙས་ཐབས་བྱས་ཤིང་ཁ་ཏོན་དང་ལུང་ཕོག་པ་ཡིན་པས་དེས་བག་ཡོད་པར་བརྩོན་འགྲུས་བརྩམ་པར་བྱ་ཞིང་། ཡང་དང་ཡང་དུ་ཆོས་མཉན་པ་ཡང་སྦྱིན་པར་བྱ། དེ་བཞིན་གཤེགས་པའི་མཆོད་རྟེན་ དག་ཀྱང་བྱི་དོར་བྱའོ། །དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ས་གསུམ་པར་བལྟའོ། །ཇི་སྟེ་བྱང་ཆུབ་སེམས་དཔའ་གཞན་ཞིག་འགྲོ་བ་ན་དེ་བཞིན་གཤེགས་པ་མཐོང་ན་དེ་ལ་མཚན་མ་ཅིར་འགྱུར་ཞེ་ན། གལ་ཏེ་བཀད་ སར་འགྲོ་ལ་དེ་བཞིན་གཤེགས་པ་མཐོང་ན་ས་དང་པོ་པར་བལྟའོ། །གལ་ཏེ་གཙུག་ལག་ཁང་དུ་འགྲོ་ལ་དེ་བཞིན་གཤེགས་པ་མཐོང་ནས་གཉིས་པར་བལྟའོ། །གལ་ཏེ་ཆོས་ཉན་དུ་འགྲོ་ལ་དེ་བཞིན་གཤེགས་པ་མཐོང་ན་ས་གསུམ་པར་བལྟའོ། །གལ་ཏེ་ནང་དུ་ཡང་ དག་འཇོག་ནས་བཞི་པར་བལྟའོ། །གལ་ཏེ་དབེན་པ་ལ་འདུག་ན་ས་ལྔ་པར་བལྟའོ། །གལ་ཏེ་སྨྲ་ཞིང་འགྲོ་ལ་མཐོང་ན་ས་དྲུག་པར་བལྟའོ། །གལ་ཏེ་རབ་ཏུ་འདུད་ཅིང་འགྲོ་ལ་མཐོང་ན་ས་བདུན་པར་བལྟའོ། །གལ་ཏེ་ཆོ་འཕྲུལ་བྱེད་ཅིང་འགྲོ་ལ་མཐོང་ན་ས་བརྒྱད་པར་བལྟའོ། ། གལ་ཏེ་སྤྲུལ་པ་སྤྲུལ་ཞིང་འགྲོ་ནས་དགུ་པར་བལྟའོ། །གལ་ཏེ་གཡས་གཡོན་དུ་བལྟ་ཞིང་འགྲོ་ལ་སྨྲ་ཞིང་སྟོང་པ་ཉིད་རྗོད་ན་ས་བཅུ་པར་བལྟའོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པ་འཁོར་གྱི་ནང་ན་ཆོས་སྟོན་པ་ མཐོང་ལ་རྣམ་པར་མི་ཤེས་ན་བྱང་ཆུབ་སེམས་དཔའ་དེའི་ས་བཅུ་པོ་དག་ལས་ས་གང་ཡང་རུང་བར་བལྟ་སྟེ། དེས་ནི་སྟོན་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་སྨྲ་བ་ལ་འདི་ནི་ཤེས་བཞིན་དུ་སྤྱོད་པ་མ་ཡིན་ནོ་ཞེས་སྨད་པ་ཡིན་པས་དེས་དགེ་བའི་བཤེས་གཉེན་དང་མི་འབྲལ་བར་ ཐོས་པ་ཡོངས་སུ་བཙལ་བར་བྱ་ཞིང་དེས་གླགས་ལྟ་བ་མེད་པར་ཡང་བྱའོ། །དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་རོ། །གལ་ཏེ་དེ་བཞིན་གཤེགས་པ་དེ་སྦྱིན་པའི་གཏམ་སྟོན་པ་ཐོས་ན་ནི་དེ་ས་དང་པོ་པར་བལྟའོ། །ཚུལ་ཁྲིམས་ཀྱི་གཏམ་གྱིས་ནི་ས་ གཉིས་པར་རོ། །བཟོད་པའི་གཏམ་གྱིས་ནི་ས་གསུམ་པར་རོ། །བརྩོན་འགྲུས་ཀྱི་གཏམ་གྱིས་ནི་ས་བཞི་པར་རོ། །བསམ་གཏན་གྱི་གཏམ་གྱིས་ནི་ས་ལྔ་པར་རོ། །ཤེས་རབ་ཀྱི་གཏམ་གྱིས་ནི་ས་དྲུག་པར་རོ། །སྙིང་རྗེ་ཆེན་པོའི་གཏམ་གྱིས་ནི་ས་བདུན་པར་རོ། ། སོ་སོ་ཡང་དག་པར་རིག་པའི་གཏམ་གྱིས་ནི་ས་བརྒྱད་པར་རོ། །ཏིང་ངེ་འཛིན་གྱི་གཏམ་གྱིས་ནི་ས་དགུ་པར་རོ། །སྟོབས་ཡོངས་སུ་རྫོགས་པའི་གཏམ་གྱིས་ནི་ས་བཅུ་པར་རོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གི་རྨི་ལམ་ན་དེ་བཞིན་གཤེགས་པའི་ རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་པ་མཐོང་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་བདུན་པ་ལ་བྱང་ཆུབ་ཏུ་ལུང་བསྟན་པར་བལྟ་སྟེ། དེས་ནི་ནང་དུ་ཡང་དག་འཇོག་ལ་གདུ་བར་བྱ་ཞིང་ཆོས་ཟབ་མོ་ལ་བཟོད་པ་དང་ལྡན་པར་ཡང་བྱའོ། །དེས་ན་དེ་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་ པར་འགྱུར་རོ། །གལ་ཏེ་དེ་བཞིན་གཤེགས་པ་ནམ་མཁའ་ལ་བཞུགས་པར་མཐོང་ན་ནི་ས་དང་པོར་རོ། །གཤེགས་པས་ནི་ས་གཉིས་པར་རོ། །ས་ལ་བཞུགས་ཤིང་འོད་རབ་ཏུ་འགྱེད་པས་ནི་ས་གསུམ་པར་རོ། །བཞུགས་ཤིང་ཆོས་སྟོན་པས་ནི་ས་བཞི་པར་རོ། ། ཆོ་འཕྲུལ་མཛད་པས་ནི་ས་ལྔ་པར་རོ། །ས་ལ་བཞུགས་ཤིང་སྙོམས་པར་ཞུགས་པས་ནི་ས་དྲུག་པར་རོ། །ས་ལ་བཞུགས་ཤིང་འོད་གྱེན་དུ་གཏོང་བས་ནི་ས་བདུན་པར་རོ། །བཞེངས་ཤིང་ནམ་མཁའ་ལ་གཤེགས་པ་དང་མི་སྣང་བར་མཛད་པས་ནི་ས་བརྒྱད་པ་ལ་གནས་པར་འགྱུར་རོ། ། རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་མཐོང་ན། དེས་ནི་དམ་པའི་ཆོས་སྤངས་པ་དང་། རབ་ཏུ་བྱུང་ནས་ཀྱང་ཚུལ་འཆོས་པ་དང་། བརྫུན་གྱིས་རྙེད་པ་ཡོངས་སུ་བཙལ་བ་ཡིན་པས་ དེས་དཀོན་མཆོག་གསུམ་ལ་བསྙེན་བཀུར་བྱ་བ་ལ་བརྩོན་པར་བྱ་ཞིང་ཆོས་སྨྲ་བ་རྣམས་ལ་ཡང་གོས་ཀྱི་སྦྱིན་པ་བྱ། སྒོ་གསུམ་ཡང་ཤིན་ཏུ་བསྡམ་པར་བྱའོ། །དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་ཏེ། །དེས་ནི་ས་དང་པོ་ལྔ་པོ་དག་ལས་ས་གང་ཡང་རུང་ བར་བལྟའོ། །རྡོ་རྗེས་རབ་འཛོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པ་ཞུགས་ལ་བཞེན་པ་མཐོང་ན། དེས་ནི་སྡིག་པའི་གྲོགས་པོའི་དབང་གིས་དམ་པའི་ཆོས་ནུབ་པ་ལ་རྗེས་སུ་ཡི་རང་བར་བྱས་པ་ཡིན་ཏེ། བྱང་ཆུབ་སེམས་ དཔའ་དེ་ནི་ས་དང་པོ་པར་བལྟའོ། །བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིང་པོ་མ་ལོན་པ་ཞིག་ཡིན་ན་ནི་ལས་དང་པོ་པར་བལྟ་སྟེ། དེས་ཞག་བདུན་དུ་ཆོས་སྨྲ་བ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་སྤྱན་སྔར་མཚན་ཐོག་ཐག་ཏུ་མར་མེ་བཟུང་བར་བྱ་ཞིང་ཉིན་ལན་གསུམ་ མཚན་ལན་གསུམ་དུ་སྡིག་པ་ཡང་བཤགས་པར་བྱ། སེམས་ཅན་རྣམས་དམ་པའི་ཆོས་ཡོངས་སུ་གཟུང་བ་ཡང་དག་པར་འཛིན་དུ་གཞུག་པར་ཡང་བྱ་སྟེ། དེས་ན་དེའི་ལས་ཀྱི་སྒྲིབ་པ་དེ་རྣམ་པར་དག་པར་འགྱུར་རོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་ གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པའི་སྐུ་གདུང་དག་རྙེད་ན་དེ་ནི་ས་གསུམ་པར་བལྟ་སྟེ། ཚེ་རྗེས་ན་ཡང་སངས་རྒྱས་དང་ཕྲད་པར་འགྱུར་ཞིང་ལུང་བསྟན་པ་ཡང་ཐོབ་པར་འགྱུར། ཕ་རོལ་ཏུ་ཕྱིན་པ་དག་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །ས་གཞན་ལ་གནས་པ་ཞིག་གིས་རྨི་ལམ་ན་ དེ་བཞིན་གཤེགས་པའི་སྐུ་གདུང་དག་རྙེད་ན་དེའི་མཚན་མ་ནི་འདི་དག་ཡིན་ཏེ། གང་གིས་དབུ་སྐྲ་དག་རྙེད་ན་དེ་ནི་ས་དང་པོ་པར་བལྟའོ། །སེན་མོས་ནི་ས་གཉིས་པར་རོ། །རིང་བསྲེལ་གྱིས་ནི་ས་གསུམ་པར་རོ། །ཚེམས་ཀྱིས་ནི་ས་བཞི་པར་རོ། །མཆེ་བས་ནི་ས་ལྔ་པར་རོ། ། མཛོད་སྤུས་ནི་ས་དྲུག་པར་རོ། །ཕྱག་གིས་ནི་ས་བདུན་པར་རོ། །གཙུག་ཏོར་གྱིས་ནི་ས་བརྒྱད་པར་རོ། །སྐུ་སོ་སོར་ཕྱེ་བས་ནི་ས་དགུ་པར་རོ། །སྐུ་རིལ་པོས་ནི་ས་བཅུ་པར་རོ། །རྡོ་རྗེས་རབ་འཇོམས་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གིས་རྨི་ལམ་ན་དེ་བཞིན་གཤེགས་པའི་ དབུ་སྐྲ་འཐོར་བ་དག་རྙེད་ན་བྱང་ཆུབ་སེམས་དཔའ་དེ་ནི་ས་དགུ་པར་བལྟ་སྟེ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ལ། དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་ཚེ་རྗེས་པས་རྣམ་པར་དག་ པར་འགྱུར་རོ། །གལ་ཏེ་ཁྱིམ་པའི་ཚུལ་དུ་གནས་པ་ཞིག་གིས་དབུ་སྐྲ་དག་རྙེད་ན་དེ་ནི་ས་དང་པོ་པར་བལྟའོ། །གལ་ཏེ་ཁྱིམ་ནས་ངེས་པར་བྱུང་བ་ཞིག་གིས་རྙེད་ན་ས་གཉིས་པར་བལྟའོ། །སྲང་དུ་སོང་བ་ཞིག་གིས་རྙེད་ན་ས་གསུམ་པར་བལྟའོ། །གལ་ཏེ་སུམ་མདོར་རྙེད་ན་ས་བཞི་པར་ བལྟའོ། །གྲོང་ཁྱེར་གྱི་སྒོར་རྙེད་ན་ས་ལྔ་པར་བལྟའོ། །ཕྱིར་བྱུང་བས་རྙེད་ན་ས་དྲུག་པར་བལྟའོ། །སྐྱེད་མོས་ཚལ་ན་འདུག་པས་རྙེད་ནས་བདུན་པར་བལྟའོ། །སྐྱེ་བོའི་ནང་ན་འདུག་པས་རྙེད་ན་ས་བརྒྱད་པར་བལྟའོ། །ནམ་མཁའ་ལས་རྙེད་ན་ས