Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 030_ཁྲི་བརྒྱད།_ཁ
Văn bản gốc(Tây Tạng)
Trang 18 / 19 (50.000 ký tự/trang)
་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ལ། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དེ་བཞིན་ནོ། །དེ་བཞིན་དུ་ སྦྱར་ཏེ། བྱང་ཆུབ་ཀྱི་བར་དུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ལ། ཆོས་གང་གིས་བྱང་ཆུབ་མཐོང་བའི་ཆོས་དེ་ཡང་ཡང་དག་པར་རྗེས་སུ་མ་མཐོང་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཆོས་ཐམས་ཅད་མི་དམིགས་པས། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱའོ། །རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་མི་དམིགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེའི་ཚེ། བདུད་སྡིག་ཅན་མྱ་ངན་གྱི་ཟུག་རྔུ་དང་ལྡན་པར་འགྱུར་ཏེ། རབ་ འབྱོར་དཔེར་ན། མི་ཕ་མ་ཤི་ན་མྱ་ངན་གྱི་ཟུག་རྔུ་དང་ལྡན་པར་འགྱུར་ཞིང་མྱ་ངན་གྱི་ཟུག་རྔུ་ཆེན་པོ་དང་ལྡན་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཆོས་ཐམས་ཅད་མི་དམིགས་ པ་ན་བདུད་སྡིག་ཅན་མྱ་ངན་གྱི་ཟུག་རྔུ་ཆེན་པོ་དང་ལྡན་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདུད་སྡིག་ཅན་གཅིག་པུ་ཞིག་མྱ་ངན་གྱི་ཟུག་རྔུ་ཆེན་པོ་དང་ལྡན་ པར་འགྱུར་ལགས་སམ། འོན་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གནས་པ་གང་ལགས་པའི་བདུད་སྡིག་ཅན་དེ་དག་ཐམས་ཅད་ཀྱང་མྱ་ངན་གྱི་ཟུག་རྔུ་ཆེན་པོ་དང་ལྡན་པར་འགྱུར་ཞིང་། རང་རང་གི་སྟན་ལ་དགའ་བར་མི་འགྱུར་བ་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པ་དང་མི་བྲལ་བར་གྱུར་པའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། བདུད་སྡིག་ཅན་གང་དག་གནས་པ་ དེ་དག་ཐམས་ཅད་མྱ་ངན་གྱི་ཟུག་རྔུ་མི་བཟད་པ་དང་ལྡན་པར་འགྱུར་ཏེ། རང་རང་གི་སྟན་ལ་མི་དགའ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གནས་པ་ལ་ནི་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བཟུང་ནས་གཙེ་བའི་ གླགས་མི་རྙེད་དོ། །རབ་འབྱོར་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པས་གནས་པར་བྱའོ། །བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་པས་གནས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར་དུ་ཡོངས་སུ་རྫོགས་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཇི་ལྟར་ཡོངས་སུ་རྫོགས་པར་འགྱུར་བ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཇི་ལྟར་ཡོངས་སུ་རྫོགས་པར་འགྱུར་བ་ལགས། དེ་བཞིན་དུ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར་དུ་ཇི་ལྟར་ཡོངས་སུ་རྫོགས་པར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ སྦྱིན་པ་སྦྱིན་པར་བྱེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ཞིང་། སྦྱིན་པ་སྦྱིན་པར་བྱེད་དེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་འདི་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་སྲུང་བ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ཞིང་ཚུལ་ཁྲིམས་སྲུང་བར་བྱེད་དེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་ པར་འགྱུར་རོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་སྒྲུབ་པ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ཞིང་བཟོད་པ་སྒོམ་པར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་རྩོམ་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་ འགྲུས་རྩོམ་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ཞིང་། བརྩོན་འགྲུས་རྩོམ་པར་བྱེད་དེ་རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ རོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་སྒྲུབ་པ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ཞིང་། བསམ་གཏན་དེ་དག་སྒྲུབ་པར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཇི་ལྟར་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་ཞིང་། ཤེས་རབ་སྒོམ་པར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བ་ནི་སེམས་ཅན་ཐམས་ཅད་ལ་བྱམས་པའི་ལུས་ཀྱི་ལས་ ཉེ་བར་གནས་པ་ཡིན། སེམས་ཅན་ཐམས་ཅད་ལ་བྱམས་པའི་ངག་གི་ལས་དང་བྱམས་པའི་ཡིད་ཀྱི་ལས་ཉེ་བར་གནས་པ་ཡིན་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་ པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་ པ་སྦྱིན་པ་ན། ལེན་པ་པོ་དེ་དག་གཤེ་བའམ། སྤྱོ་བའམ། ཚོགས་པར་མི་འབྱུང་བའི་ཚིག་རྩུབ་མོ་ཀུན་ཏུ་འབྱིན་ཀྱང་དེ་དག་ལ་ཀུན་ནས་མནར་སེམས་མི་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་པ་ན། ལེན་པ་པོ་དེ་དག་གཤེ་བའམ། སྤྱོ་བའམ་ཚོགས་པར་མི་དབྱུང་བའི་ཚིག་རྩུབ་མོ་ཀུན་དུ་འབྱིན་ན། དེ་ལ་གཤེ་བའམ། སྤྱོ་བའམ་ཚོགས་པར་མི་དབྱུང་བའི་ཚིག་རྩུབ་མོ་ཀུན་དུ་འབྱིན་ཀྱང་སྦྱིན་པའི་བློ་ཁོ་ ན་འབྱུང་ཞིང་། ཡོངས་སུ་གཏོང་བའི་བློ་ཁོ་ན་འབྱུང་བར་འགྱུར་ཏེ། བདག་གིས་སྦྱིན་པ་སྦྱིན་པ་ཉིད་དུ་བྱའི། བདག་གིས་མི་སྦྱིན་པར་ནི་མི་བྱའོ་སྙམ་ནས། དེ་ལུས་དང་སེམས་ཀྱི་བརྩོན་འགྲུས་ཡང་དག་པར་སྐྱེད་པར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཇི་ལྟར་བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་ཞིང་སྦྱིན་པ་ཡོངས་སུ་གཏོང་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་པའི་སེམས་ནི་ཉན་ཐོས་ཀྱི་སའམ། རང་ སངས་རྒྱས་ཀྱི་སར་ཡོངས་སུ་མི་སྔོའི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པ་ཁོ་ནས་སེམས་གནས་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སྦྱིན་པ་སྦྱིན་ཞིང་། སྦྱིན་པ་ཡོངས་སུ་གཏོང་བ། སྦྱིན་པ་ལ་སྒྱུ་མ་ལྟ་བུའི་བློ་ཁོ་ནས་རྟག་ཏུ་ཉེ་བར་གནས་ཤིང་། སྦྱིན་པ་དེས་ཀྱང་སེམས་ཅན་གང་ལ་ཡང་ཕན་པའམ་གནོད་པར་འགྱུར་བར་མི་མཐོང་སྟེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་མི་ཟད་པའི་ལེའུ་ཞེས་བྱ་སྟེ་དྲུག་ཅུ་རྩ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་ དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་བྱ་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ལུས་དང་། ངག་དང་། སེམས་ཀྱི་སྡོམ་པ་གང་ཡིན་པའི་སྡོམ་པ་དེས་ཉན་ཐོས་ཀྱི་སའམ། རང་ སངས་རྒྱས་ཀྱི་ས་མཆོག་ཏུ་འཛིན་པར་མི་བྱེད་ཅིང་། དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། སེམས་ཅན་རྣམས་ཀྱི་སྲོག་གཅོད་པར་མི་བྱེད་དོ། །མ་བྱིན་པར་ལེན་པར་མི་བྱེད་དོ། །འདོད་པ་ལ་ལོག་པར་གཡེམ་པར་མི་བྱེད་དོ། །རྫུན་གྱི་ཚིག་མི་སྨྲའོ། ། ཚིག་རྩུབ་པོ་མི་སྨྲའོ། །ཕྲ་མའི་ཚིག་མི་སྨྲའོ། །ཚིག་ཀྱལ་པ་མི་སྨྲའོ། །བརྣབ་སེམས་ཅན་དུ་མི་འགྱུར་རོ། །གནོད་སེམས་ཀྱི་སེམས་དང་ལྡན་པར་མི་འགྱུར་རོ། །ལོག་པར་ལྟ་བར་མི་འགྱུར་རོ། །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གནས་ནས། སྦྱིན་པ་ གང་སྦྱིན་ཡང་། ཟས་འདོད་པ་རྣམས་ལ་ནི་ཟས། སྐོམ་འདོད་པ་རྣམས་ལ་ནི་སྐོམ། སྤོས་འདོད་པ་རྣམས་ལ་ནི་སྤོས། བཞོན་པ་འདོད་པ་རྣམས་ལ་ནི་བཞོན་པ། གོས་འདོད་པ་རྣམས་ལ་ནི་གོས། མེ་ཏོག་ཕྲེང་འདོད་པ་རྣམས་ལ་ནི་མེ་ཏོག་ཕྲེང་། བྱུག་པ་འདོད་པ་ རྣམས་ལ་ནི་བྱུག་པ། མལ་འདོད་པ་རྣམས་ལ་ནི་མལ། སྟན་འདོད་པ་རྣམས་ལ་ནི་སྟན། མར་མེ་འདོད་པ་རྣམས་ལ་ནི་མར་མེ། ཡོ་བྱད་འདོད་པ་རྣམས་ལ་ནི་ཡོ་བྱད། མིའི་ཡོ་བྱད་ཅི་ཡང་རུང་བའི་བར་དག་སྦྱིན་པར་བྱེད་དེ། སྦྱིན་པ་དེ་ཡང་སེམས་ཅན་ཐམས་ཅད་དང་ ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ། ཡོངས་སུ་བསྔོ་བ་དེ་ལྟ་བུ་དེ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྡོ་བར་མི་བྱེད་དོ། །རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་ཡན་ལག་དང་། ཉིང་ལག་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱིས་གཅད་དེ་དོང་ན། དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་སེམས་སྐྱེད་པ་གཅིག་ཙམ་ཡང་རྣམ་པར་འཁྲུག་པར་མི་འགྱུར་ཞིང་། ཚིག་པ་ཟ་བར་མི་འགྱུར་ལ་གནོད་སེམས་འབྱུང་བར་མི་འགྱུར་གྱི། གཞན་དུ་ན་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཡན་ལག་དང་། ཉིང་ལག་བཅད་དེ་དོང་བ་ནི་བདག་ གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་ འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་བདག་ གིས་འཁོར་བ་ལས་བསྒྲལ་ཏེ། བདུད་རྩིའི་དབྱིངས་སུ་དགོད་པར་བྱའོ་ཞེས་ལུས་དང་སེམས་ཀྱི་བརྩོན་འགྲུས་མི་གཏོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་པོ་བསྒྲུབས་ནས་གནས་ཤིང་བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་བསྒྲུབས་ནས་གནས་པར་བྱེད་དེ། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལ་ཡང་ལྷག་པར་མི་དམིགས་ལ་གཞན་དུ་ན་འདི་སྙམ་ དུ་སེམས་ཏེ། བདག་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ནས། སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བར་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཆོས་ཐམས་ཅད་དེ་བཞིན་ཉིད་ལས་མི་འདའ་བ་མ་གཏོགས་པར་ཆོས་གང་ལ་ཡང་འདུས་བྱས་སུ་མི་མཐོང་འདུས་མ་བྱས་སུ་མི་མཐོང་། དངོས་པོ་འདུས་བྱས་ སུ་མི་མཐོང་། དངོས་པོ་མེད་པ་འདུས་མ་བྱས་སུ་མི་མཐོང་། མཚན་མ་འདུས་བྱས་སུ་མི་མཐོང་། མཚན་མེད་པ་འདུས་མ་བྱས་སུ་མི་མཐོང་ངོ་། །ཆོས་གང་ལ་ཡང་ཡོད་པའམ་མེད་པར་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དང་། ཐབས་ལ་མཁས་པས་ཀྱང་ ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྷུང་བར་མི་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་ བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སེམས་ཅན་ཐམས་ཅད་ཀྱིས་གཤེས་སམ། སྤྱོས་སམ། ཡན་ལག་དང་། ཉིང་ལག་རྣམས་བཅད་པར་འགྱུར་ན། དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་པ་འདི་སྙམ་དུ་སེམས་ཏེ། བདག་གིས་ནི་སེམས་ཅན་འདི་དག་ལ་སྦྱིན་པ་སྦྱིན་པར་བྱའི་བདག་གིས་མི་སྦྱིན་པར་ནི་མི་བྱའོ་སྙམ་སྟེ། དེ་སེམས་ཅན་དེ་དག་ལ་ཟས་འདོད་པ་རྣམས་ལ་ནི་ཟས་སྦྱིན་པར་བྱེད་སྐོམ་འདོད་པ་རྣམས་ལ་ནི་སྐོམ་སྦྱིན་པར་བྱེད་དོ། །དེ་བཞིན་དུ་ སྦྱར་ཏེ། མིའི་ཡོ་བྱད་ཅི་ཡང་རུང་བའི་བར་དུ་སྦྱིན་པར་བྱེད་ལ། དེས་དགེ་བའི་རྩ་བ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་ལ། དེ་ཅི་ནས་ཀྱང་སུ་ཞིག་ཡོངས་སུ་སྔོ་བར་བྱེད་པའམ་ཅི་ཞིག་ཡོངས་སུ་སྔོ་བར་ བྱེད་པའམ། གང་དུ་ཡོངས་སུ་སྔོ་བར་བྱེད་པར་འགྱུར་བའི་བློ་རྣམ་པ་གསུམ་དུ་མི་འཇུག་པར་ཡོངས་སུ་བསྔོ་བ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་ སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སེམས་ཅན་འགའ་ཙམ་ཡང་སྲོག་དང་བྲལ་བར་མི་བྱེད་ཅིང་། མ་བྱིན་པར་མི་ལེན་ཏོ། །དེ་བཞིན་དུ་སྦྱར་ཏེ། ལོག་ པར་ལྟ་བའི་བར་དུ་མི་འགྱུར་རོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་ཡང་དེའི་སེམས་མི་འཇུག་གོ། །དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ལ། དེ་གང་ དུ་ཡོངས་སུ་སྔོ་བར་བྱེད་པའི་བར་དུ་ཅི་ནས་བློ་རྣམ་པ་གསུམ་མི་འཇུག་པ་དེ་ལྟར་ཡོངས་སུ་བསྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ ནོ། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། འདི་ལྟར་བདག་དཔག་ཚད་གཅིག་ཏུ་སོང་ངམ། དཔག་ཚད་བརྒྱ་འམ། དཔག་ཚད་སྟོང་ངམ། འཇིག་རྟེན་གྱི་ཁམས་གཅིག་གམ། འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་འབུམ་དུ་སོང་ལ། དེར་ཐ་ན་ སེམས་ཅན་གཅིག་ཙམ་ཡང་བསླབ་པའི་གཞི་དག་ལ་བསླབ་པར་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་ཉིད་ཀྱི་བར་དུ་དགོད་པར་བྱ་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱའོ་ཞེས་བརྩོན་འགྲུས་ ཡང་དག་པར་སྐྱེད་པར་བྱེད་དེ། དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ ཏུ་ཕྱིན་པ་ལ་གནས་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ནས། དེ་བཞིན་དུ་སྦྱར་ཏེ། བསམ་གཏན་བཞི་པའི་བར་དུ་ བསྒྲུབས་ཏེ་གནས་སོ། །སེམས་དང་སེམས་ལས་བྱུང་བའི་ཆོས་དགེ་བ་དང་ལྡན་པ་ཅི་དང་ཅི་བྱུང་བ་རྣམས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་དེ། དེའི་ཚེ་ཡང་ཅི་ནས་བསམ་གཏན་རྣམས་དང་། བསམ་གཏན་གྱི་ཡན་ལག་རྣམས་མི་ དམིགས་པ་དེ་ལྟར་ན་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་ལ་གནས་པ་དེའི་ཚེ། ཆོས་རྣམས་ལ་དབེན་པའི་རྣམ་པའམ། ཞི་བའི་རྣམ་པའམ། ཟད་པའི་རྣམ་པར་ཆོས་ཀྱི་རྗེས་སུ་ལྟ་བར་གནས་ལ། ཆོས་ཉིད་དེ་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་མངོན་སུམ་དུ་མི་བྱེད་དེ། དེར་འདུག་ ནས་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །དེ་ལས་ལངས་ནས་ཀྱང་ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད་དེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ཏེ། ཅི་ནས་འཛིན་པ་ཡང་མེད། འདོར་བ་ཡང་མེད་པ་དེ་ལྟར་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བདག་གིས་ངེས་པ་ཁོ་ནར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་འཚང་རྒྱ་བར་བྱའི། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་མི་བྱའོ་སྙམ་ནས། ལུས་དང་སེམས་ཀྱི་བརྩོན་པ་མི་གཏོང་སྟེ། སེམས་ཅན་རྣམས་ཀྱི་ཆེད་དུ་དཔག་ཚད་གཅིག་གམ། དཔག་ཚད་བརྒྱའམ། དཔག་ཚད་སྟོང་ངམ། འཇིག་རྟེན་གྱི་ཁམས་གཅིག་གམ། འཇིག་རྟེན་གྱི་ཁམས་བྱེ་བའམ། འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་འབུམ་དུ་སོང་ནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ཐ་ན་སེམས་ཅན་གཅིག་ཙམ་ཡང་བྱང་ཆུབ་ལ་འཇོག་པར་བྱེད་ དེ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་མ་རྙེད་ན་ཡང་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་ཉན་ཐོས་ཉིད་ལ་འཇོག་པར་བྱེད་དོ། །རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་རང་སངས་རྒྱས་ཉིད་ལ་འཇོག་པར་བྱེད་དོ། །ཐ་ན་སེམས་ཅན་གཅིག་ཙམ་ཡང་དགེ་ བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་སྟེ། དེས་ཆོས་ཀྱི་སྦྱིན་པ་དེ་བྱིན་ནས། ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་ཚིམ་པར་བྱེད་དོ། །དེས་དགེ་བའི་རྩ་བ་དེ་དག་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྡོ་བར་མི་བྱེད་ཀྱི་གཞན་དུ་ ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྡོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བདག་ཀྱང་སྲོག་གཅོད་པ་སྤོང་བར་བྱེད་ལ། གཞན་ཡང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་འཛིན་དུ་འཇུག་ཅིང་། སྲོག་གཅོད་པ་སྤོང་བའི་ བསྔགས་པ་ཡང་བརྗོད་ལ། གཞན་གང་དག་སྲོག་གཅོད་པ་སྤོང་བ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། བདག་ཀྱང་ལོག་པར་ལྟ་བའི་བར་དུ་སྤོང་བར་བྱེད་ལ་གཞན་ཡང་ལོག་པར་ལྟ་བ་སྤོང་བ་ཡང་དག་པར་འཛིན་དུ་འཇུག་ཅིང་། ལོག་པར་ལྟ་བ་སྤོང་བའི་བསྔགས་པ་ཡང་བརྗོད་ལ། གཞན་གང་དག་ལོག་པར་ལྟ་བ་སྤོང་བ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱེད་དོ། །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་འདོད་པའི་ཁམས་དོན་དུ་མི་གཉེར། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དོན་དུ་མི་གཉེར། ཉན་ཐོས་ཀྱི་ས་དོན་དུ་མི་གཉེར། རང་སངས་རྒྱས་ཀྱི་ས་དོན་དུ་མི་གཉེར་གྱི་གཞན་དུ་ན། དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ བར་བྱེད་དེ། ཅི་ནས་ཀྱང་སུ་ཞིག་ཡོངས་སུ་བསྔོ་བ་དང་། ཅི་ཞིག་ཡོངས་སུ་བསྔོ་བ་དང་། གང་དུ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གསུམ་མི་འབྱུང་བ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བཟོད་པའི་ཕ་རོལ་ ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་གལ་ཏེ་མིར་གྱུར་པའམ། མི་མ་ཡིན་པར་གྱུར་པའི་བར་དག་གིས་ སེམས་རྣམ་པར་འཁྲུགས་པར་བྱས་སམ། ཡན་ལག་དང་། ཉིང་ལག་དག་བཅད་ཅིང་ཁྱེར་ཏེ་དོང་ཡང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནི་འདི་སྙམ་དུ་འདི་བདག་ལས་གཅད་པའམ། གཏུབས་པའམ། ཕྲོགས་སོ་སྙམ་དུ་མི་སེམས་ཏེ། གཞན་དུ་ན་དེ་འདི་སྙམ་དུ་གང་དག་གི་དོན་དུ་བདག་གི་ལུས་ཡོངས་སུ་གྲུབ་པ་དེ་དག་ཉིད་འདིར་འོངས་ཏེ། བདག་གི་ཡན་ལག་དང་། ཉིང་ལག་དག་གཏུབས་ཤིང་ཁྱེར་ཏེ། དོང་བ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་ དུ་སེམས་ཤིང་། དེས་ནི་ཆོས་ཉིད་ཀྱི་རང་བཞིན་ཡང་ལེགས་པར་ཡིད་ལ་བྱས་པ་ཡིན་ཏེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་སྔོའི་གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པ་དག་ལས་དབེན་པ། སྡིག་ པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ། །བསམ་གཏན་བཞི་པའི་བར་དང་། བྱམས་པ་དང་། བཏང་སྙོམས་ ཀྱི་བར་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དག་བསྒྲུབས་ཤིང་གནས་ཏེ། དེ་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གི་རྣམ་པར་སྨིན་པ་ཡོངས་སུ་མི་འཛིན་གྱི་གཞན་དུ་ན། གང་དུ་སེམས་ཅན་ ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་དེ་དག་ཏུ་སྐྱེ་ཞིང་དེས་སེམས་ཅན་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་གིས་ཡོངས་སུ་སྨིན་པར་བྱེད་ཅིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱ་བ་དང་། དགེ་བའི་རྩ་བ་དག་བསྐྱེད་པའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དག་ཏུ་ ཡང་འགྲོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྫས་དང་། དངོས་པོ་དང་། མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་རྫས་དང་། དངོས་པོ་དང་། མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་སྦྱར་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་བར་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྫས་དང་། དངོས་པོ་དང་། མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེས་ཆོས་ཐམས་ཅད་རྫས་སུ་ཡང་དག་པར་རྗེས་སུ་མི་མཐོང་། དངོས་པོ་དང་མཚན་མར་ ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ནི་ཆོས་གང་ལ་ཡང་གནས་པར་མི་བྱེད་ཅིང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་ འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་དང་པོ་བསྒྲུབས་ ཏེ་གནས་སོ། །དེ་བཞིན་དུ་སྦྱར་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་བསྒྲུབས་ཏེ་གནས་སོ། །དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གནས་ཤིང་། རྣམ་པར་གཡེང་བ་མེད་པའི་སེམས་ཀྱིས་སེམས་ཅན་དེ་དག་ལ་ཟང་ཟིང་གི་སྦྱིན་པ་ དང་། ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་དོ། །དེ་དག་ཀྱང་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་ལ། གཞན་དག་ཀྱང་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་། ཟང་ཟིང་གི་སྦྱིན་པ་དང་།། ཆོས་ཀྱི་སྦྱིན་པའི་ བསྔགས་པ་ཡང་བརྗོད་ལ། གཞན་གང་དག་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་དག་སྦྱིན་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་བྱེད་དེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་སྔོའི་ གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། འདོད་ཆགས་དང་ལྡན་པའི་སེམས་མི་སྐྱེད། ཞེ་སྡང་དང་ལྡན་པ་དང་། གཏི་མུག་དང་ལྡན་པའི་སེམས་མི་སྐྱེད་རྣམ་པར་འཚེ་བ་དང་ལྡན་པའི་སེམས་མི་སྐྱེད་དེ། གཞན་དུ་ན་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་གིས་གནས་ཤིང་། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་སྔོའི་གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། གཟུགས་ལ་དབུ་བ་རྡོས་པ་ལྟ་བུར་སོ་སོར་རྟོག་གོ། །ཚོར་བ་ལ་ཆུའི་ཆུ་བུར་ལྟ་བུར་སོ་སོར་རྟོག་གོ། །འདུ་ཤེས་ལ་སྨིག་རྒྱུ་ལྟ་བུར་སོ་སོར་རྟོག་གོ། །འདུ་བྱེད་རྣམས་ལ་ཆུ་ཤིང་ལྟ་བུར་སོ་སོར་རྟོག་གོ། །རྣམ་པར་ཤེས་པ་ལ་སྒྱུ་མ་ལྟ་བུར་སོ་སོར་རྟོག་སྟེ། དེ་དེ་ ལྟར་ཕུང་པོ་ལྔ་ལ་སོ་སོར་རྟོག་པ་ན། སྙིང་པོ་མེད་པའི་འདུ་ཤེས་ཉེ་བར་གནས་ཏེ། དེ་དེ་ལྟར་སོ་སོར་རྟོག་པ་ན་ཡན་ལག་དང་། ཉིང་ལག་དག་བཅད་ཀྱང་འདི་སྙམ་དུ་འདི་ལ་གཅོད་པར་བྱེད་པ་ནི་སུའི་ཡིན། ཚོར་བ་ནི་སུའི་ཡིན། འདུ་ཤེས་ནི་སུའི་ཡིན། འདུ་བྱེད་རྣམས་ ནི་སུའི་ཡིན། རྣམ་པར་ཤེས་པ་ནི་སུའི་ཡིན་སྙམ་དུ་སེམས་ཤིང་། དེ་དེ་ལྟར་སོ་སོར་རྟོག་པ་ན་ཁྲོ་བར་འགྱུར་བ་དག་བྱས་ཀྱང་འདི་སྙམ་དུ་གང་ལ་ཁྲོ་བ་དང་། སྦྱོ་བ་བྱས་པས་གནོད་སེམས་སྐྱེ་བའི་ཁྲོ་བ་དང་། གཤེ་བར་བྱེད་པ་འདི་ལ་སུ་ཞིག་ཡོད་སྙམ་དུ་སེམས་ཏེ། རབ་འབྱོར་ དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་དང་། དེ་བཞིན་དུ་སྦྱར་ཏེ། བསམ་གཏན་ བཞི་པའི་བར་དག་བསྒྲུབས་ཏེ་གནས་སོ། །དེ་བསམ་གཏན་དང་བསམ་གཏན་གྱི་ཡན་ལག་རྣམས་ལ་ཡང་མཚན་མར་མི་འཛིན་ཏེ། དེ་དེ་ལྟར་མཉམ་པར་བཞག་པའི་སེམས་ཀྱི་རྫུ་འཕྲུལ་གྱི་བྱ་བ་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་པ་དག་རྒྱ་ཆེར་སྦྱར་བར་བྱའོ། །ལྷའི་རྣ་བའི་ ཁམས་ཀྱིས་ལྷ་དང་མི་རྣམས་ཀྱི་སྒྲ་དག་ཀྱང་ཐོས་སོ། །སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་སེམས་ཀྱི་ཡོངས་སུ་རྟོག་པ་དག་ཀྱང་སེམས་ཀྱིས་ཀུན་ཏུ་ཤེས་སོ། །དེ་བཞིན་དུ་སྦྱར་ཏེ། བླ་ན་མེད་པའི་སེམས་ཀྱི་བར་ལ་ཡང་བླ་ན་མེད་པའི་སེམས་སུ་ ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་པ་དག་ཀྱང་རྒྱ་ཆེར་སྦྱར་བར་བྱའོ། །ལྷའི་མིག་རྣམ་པར་དག་པ་མི་ལས་ཤིན་ཏུ་འདས་པའི་བར་གྱིས་དེ་བཞིན་དུ་སྦྱར་ཏེ། སེམས་ཅན་རྣམས་ལས་ཇི་ལྟར་བསགས་པ་བཞིན་དུ་ཉེ་བར་ འགྲོ་བའི་བར་དག་ཀྱང་མཐོང་ངོ་། །དེ་མངོན་པར་ཤེས་པ་ལྔ་པོ་དེ་དག་ལ་གནས་ནས། སངས་རྒྱས་བཅོམ་ལྡན་འདས་དག་ལ་བསྙེན་བཀུར་བྱ་བ་དང་། དགེ་བའི་རྩ་བ་བསྐྱེད་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་ སུ་དག་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་ཡང་འགྲོ་སྟེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་སྔོའི་གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ པ། གཟུགས་མི་དམིགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་དམིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་མི་དམིགས་སོ། །ཡང་དག་པར་སྤོང་བ་རྣམས་མི་དམིགས་སོ། །དེ་བཞིན་དུ་སྦྱར་ ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་སོ། །འདུས་བྱས་ཀྱི་ཁམས་མི་དམིགས་སོ། །འདུས་མ་བྱས་ཀྱི་ཁམས་མི་དམིགས་སོ། །མི་དམིགས་པས་ན། མངོན་པར་འདུ་མི་བྱེད་དོ། །མངོན་པར་འདུ་མི་བྱེད་པས་ན། སྐྱེ་བར་མི་བྱེད། འགག་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཉིད་དང་། ཆོས་གནས་པ་འདི་ནི་གནས་པ་ཉིད་དང་། ཆོས་ཀྱི་དབྱིངས་ ཀྱང་གནས་པ་ཉིད་ཡིན་པས། དེ་ལ་ནི་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཕྱིར། དེ་ནི་རྣམ་པར་གཡེང་བ་མེད་པའི་སེམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་དང་མ་བྲལ་བར་གནས་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཆོས་ཐམས་ཅད་སྟོང་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །གསོལ་པ་བཅོམ་ལྡན་འདས་ ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་སྟོང་པར་ཡང་དག་པར་རྗེས་སུ་མཐོང་བ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནང་སྟོང་པ་ཉིད་ལ་ནང་སྟོང་པ་ཉིད་ཅེས་བྱ་ བར་མི་དམིགས་སོ། །ཕྱི་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །ཕྱི་ནང་སྟོང་པ་ཉིད་ལ་ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་དང་དེ་བཞིན་དུ་སྦྱར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་དངོས་པོ་མེད་པའི་ངོ་བོ་ ཉིད་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སྟོང་པ་ཉིད་བཅུ་བཞི་པོ་དེ་དག་ལ་གནས་ནས་གཟུགས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ ཤེས་པ་སྟོང་ཞེས་བྱ་བའམ་མི་སྟོང་ཞེས་བྱ་བར་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་བར་དུ་ཡང་སྟོང་ཞེས་བྱ་བའམ་མི་སྟོང་ཞེས་བྱ་བར་མི་དམིགས་སོ། །འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་སྟོང་ཞེས་བྱ་བའམ་མི་སྟོང་ཞེས་བྱ་བར་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་ཅིང་། སྦྱིན་པ་དག་གཏོང་བར་བྱེད་དེ། ཟས་སམ། སྐོམ་མམ། གོས་སམ། བཞོན་པའམ། མལ་ཆའམ། སྟན་ནམ། མིའི་ཡོ་བྱད་གང་ཡང་རུང་བའི་བར་དག་སྦྱིན་པར་བྱེད་ཀྱང་། དེས་སྦྱིན་པ་དེ་ཡང་སྟོང་པར་ཡང་དག་པར་རྗེས་སུ་མཐོང་ལ། གང་སྦྱིན་པར་བྱེད་པ་དང་། གང་ལ་སྦྱིན་པར་བྱ་བ་དེ་ཡང་སྟོང་པར་ཡང་དག་པར་རྗེས་སུ་མཐོང་སྟེ། དེ་ལ་སེར་ སྣའི་སེམས་སམ། ཀུན་ཏུ་འཛིན་པའི་སེམས་དག་གི་གོ་སྐབས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་རྣམ་ པར་རྟོག་པ་དེ་དག་ཐམས་ཅད་མི་འབྱུང་བའི་ཕྱིར་རོ། །ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་སེར་སྣའི་ཐུགས་སམ། ཀུན་ཏུ་འཛིན་པའི་ ཐུགས་མི་འབྱུང་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སེར་སྣའི་སེམས་སམ། ཀུན་ཏུ་འཛིན་པའི་སེམས་མེད་པས་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ་བཅོམ་ལྡན་ འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་གནས་པ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་དག་གི་སྐབས་མི་བྱེད་དོ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཡང་མི་དམིགས་ལ། གང་གི་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོ་བར་བྱེད་པའི་སེམས་དེ་ཡང་ མི་དམིགས་པའི་ཕྱིར་དེ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སྲོག་གཅོད་པ་སྤོང་བའི་ཕྱིར། སེམས་སྐྱེད་པར་བྱེད་དེ། བདག་ཀྱང་སྲོག་གཅོད་པ་སྤོང་བར་བྱེད་ལ། སྲོག་གཅོད་པ་སྤོང་བའི་བསྔགས་པ་ཡང་རྗོད་ཅིང་། གཞན་དག་ཀྱང་ སྲོག་གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ་འཇུག་ལ། གཞན་གང་དག་སྲོག་གཅོད་པ་སྤོང་བ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་བྱེད་དོ། །བདག་ཀྱང་ལོག་པར་ལྟ་བའི་བར་དུ་སྤངས་པའི་ཕྱིར། སེམས་སྐྱེད་ཅིང་ལོག་པར་ལྟ་བ་སྤོང་བར་བྱེད་ལ། གཞན་ དག་ཀྱང་ལོག་པར་ལྟ་བ་སྤོང་བ་ཡང་དག་པར་འཛིན་དུ་འཇུག་ཅིང་ལོག་པར་ལྟ་བ་སྤོང་བའི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་ལོག་པར་ལྟ་བ་སྤོང་བ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་བྱེད་དེ། ཚུལ་ཁྲིམས་དེས་ཉན་ཐོས་ཉིད་དམ་རང་སངས་རྒྱས་ ཉིད་དམ། སངས་རྒྱས་ཉིད་དམ། ཆོས་གང་ལ་ཡང་ཆགས་པ་མེད་ན། གཞན་དག་ལྟ་སྨོས་ཀྱང་ཅི་དགོས་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ལ་རྗེས་སུ་འཐུན་པའི་བཟོད་པ་སྐྱེ་ཞིང་། དེ་འདི་སྙམ་དུ་འདི་ལ་ཆོས་གང་ཡང་འབྱུང་བའམ། འགག་པའམ། སྐྱེ་བའམ། འཆི་བའམ། ཁྲོ་བའམ། སྤྱོ་བའམ། གཅད་པའམ། གཏུབ་པའམ། བརྡེག་པའམ། དགག་པར་བྱ་བ་མེད་དོ་སྙམ་ནས། དེ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་གལ་ཏེ་སེམས་ཅན་ཐམས་ཅད་དྲུང་དུ་ལྷགས་ནས་ཁྲོ་བར་བྱེད་དམ། སྤྱོ་བར་བྱེད་དམ། བོང་བའམ། དབྱུག་པའམ། མཚོན་ཆའམ། ལག་ཆ་དག་གིས་བརྡེག་ གམ། གཅོད་དམ། འབིགས་པར་བྱེད་ཀྱང་དེ་ལ་འདི་སྙམ་དུ་ཀྱེ་མ་ཆོས་རྣམས་ཀྱི་ཆོས་ཉིད་ལ་ནི་ཁྲོ་བའམ། སྤྱོ་བའམ། གཅད་པའམ། གཏུབ་པའམ། བརྡེག་པའི་ཆོས་གང་ཡང་དམིགས་སུ་མེད་དོ་སྙམ་དུ་སེམས་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཇི་ལྟར་བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཐབས་ལ་མཁས་པ་དང་ལྡན་པས། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་ཏེ། ལུས་དང་ སེམས་ཀྱིས་བརྩོན་འགྲུས་སྐྱེད་ནས། འཇིག་རྟེན་གྱི་ཁམས་སུ་ཡང་སོང་འཇིག་རྟེན་གྱི་ཁམས་བརྒྱར་ཡང་སོང་འཇིག་རྟེན་གྱི་ཁམས་འབུམ་ཕྲག་བྱེ་བ་སྙེད་དུ་ཡང་སོང་ནས། སེམས་ཅན་རྣམས་ལ་ཆོས་སྟོན་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འགོད་པར་བྱེད་དོ། །དེ་བཞིན་ དུ་སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་ཡང་འགོད་པར་བྱེད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་འགོད་པར་བྱེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཡང་འགོད་པར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། རང་བྱང་ཆུབ་ཀྱི་བར་ལ་ཡང་འགོད་པར་ བྱེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་ཡང་འགོད་པར་བྱེད་དེ། ཅི་ནས་ཀྱང་འདུས་བྱས་ཀྱི་ཁམས་ལ་ཡང་མི་འགོད། འདུས་མ་བྱས་ཀྱི་ཁམས་ལ་ཡང་མི་འགོད་པ་དེ་ལྟར་འགོད་པར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པ་ཡོངས་སུ་འཛིན་པ་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་མ་གཏོགས་པ་ཉན་ཐོས་ཀྱི་ཏིང་ངེ་འཛིན་ཏམ། རང་སངས་རྒྱས་ཀྱི་ཏིང་ངེ་ འཛིན་ཏམ། ཏིང་ངེ་འཛིན་གཞན་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལ་སྙོམས་པར་འཇུག་ཅིང་ལྡང་ངོ་། །ཏིང་འཛིན་དེ་དག་ལ་གནས་ནས། རྣམ་པར་ཐར་པ་བརྒྱད་པོ་དག་ལ་ལུགས་དང་འཐུན་པ་དང་། ལུགས་དང་མི་འཐུན་པར་སྙོམས་པར་འཇུག་ཅིང་ལྡང་སྟེ། བརྒྱད་གང་ ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས། ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་ པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། བསྒྲུབས་ནས་གནས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ རྣམས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་སྙམ་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས། ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་ འདི་ནི་རྣམ་པར་ཐར་པ་དྲུག་པའོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་ མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་། ཚོར་བ་འགོག་པ་ལུས་ཀྱི་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པ་སྟེ། རྣམ་པར་ཐར་པ་བརྒྱད་པོ་དེ་དག་ལ་ལུགས་དང་འཐུན་པ་དང་། ལུགས་དང་མི་འཐུན་པར་སྙོམས་པར་ འཇུག་ཅིང་ལྡང་ངོ་། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དག་ལ་ཡང་ལུགས་དང་འཐུན་པ་དང་། ལུགས་དང་མི་འཐུན་པར་སྙོམས་པར་འཇུག་ཅིང་ལྡང་སྟེ། དགུ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པ་ དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེད་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་པ་དང་། དེ་བཞིན་དུ་སྦྱར་ཏེ་བསམ་གཏན་བཞི་པའི་བར་དུ་བསྒྲུབས་ཏེ་ གནས་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་བསྒྲུབས་ནས་གནས་པའི་བར་དག་སྟེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་ལ་ལུགས་དང་འཐུན་པ་དང་། ལུགས་དང་མི་འཐུན་པར་སྙོམས་པར་འཇུག་ཅིང་ལྡང་ངོ་། །དེས་དེ་ལྟར་རྣམ་པར་ཐར་པ་བརྒྱད་པོ་དེ་དག་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་རྣམ་པར་དབྱེ་བ་བྱས་ནས། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་ འཛིན་ལ་སྙོམས་པར་འཇུག་གོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་པ་དང་། འདུ་ཤེས་དང་ཚོར་བ་འགོག་པའི་བར་དག་བསྒྲུབས་ཏེ་གནས་པ་དང་། འགོག་པའི་སྙོམས་པར་འཇུག་པ་ ལས་ལངས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ལངས་ནས། བསམ་གཏན་དང་པོའི་བར་དག་བསྒྲུབས་ཏེ་གནས་པ་ཡིན་ནོ། །དེས་དེ་ལྟར་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ ངེ་འཛིན་དེ་རྣམ་པར་དབྱེ་བར་བྱས་ནས། ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་ཐོད་རྒལ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པ་དག་ལས་ དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལ་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་པ་དང་། བསམ་གཏན་དང་པོ་ལས་ལངས་ནས། དེ་བཞིན་དུ་སྦྱར་ ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དག་བསྒྲུབས་ཏེ་གནས་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ལངས་ནས། འདུ་ཤེས་དང་། ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་ ལངས་ནས། བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པ་དང་། བསམ་གཏན་གཉིས་པ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། བསམ་གཏན་གསུམ་པ་ ལ་སྙོམས་པར་འཇུག་པ་དང་། བསམ་གཏན་གསུམ་པ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་དང་། བསམ་ གཏན་བཞི་པ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ལངས་ ནས། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས། འགོག་ པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་ པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་།། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་སུ་འབབ་པ་དང་། མཉམ་ པར་མ་བཞག་པའི་སེམས་ལས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་ལ་གནས་པ་དང་། མཉམ་པར་མ་བཞག་པའི་སེམས་ ལས་ལངས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་ལ་གནས་པ་དང་། མཉམ་པར་མ་བཞག་པའི་སེམས་ལས་ཅི་ཡང་མེད་ པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་ལ་གནས་པ་དང་། མཉམ་པར་མ་བཞག་པའི་སེམས་ལས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་ འཇུག་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་སུ་འབབ་པ་དང་། མཉམ་པར་མ་བཞག་པའི་སེམས་ལས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། ནམ་མཁའ་མཐའ་ཡས་ སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་སུ་འབབ་པ་དང་། མཉམ་པར་མ་བཞག་པའི་སེམས་ལས་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་དང་། བསམ་གཏན་བཞི་པ་ལས་ལངས་ནས། མཉམ་པར་མ་བཞག་ པའི་སེམས་ལ་གནས་པ་དང་། མཉམ་པར་མ་བཞག་པའི་སེམས་ལས་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པ་དང་། བསམ་གཏན་གསུམ་པ་ལས་ལངས་ཏེ། མཉམ་པར་མ་བཞག་པའི་སེམས་ལ་གནས་པ་དང་། མཉམ་པར་མ་བཞག་པའི་སེམས་ ལས་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པ་དང་། བསམ་གཏན་གཉིས་པ་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་ལ་གནས་པ་དང་། མཉམ་པར་མ་བཞག་པའི་སེམས་ལས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་དང་། བསམ་ གཏན་དང་པོ་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་ལ་གནས་པ་སྟེ། དེ་ཐོད་རྒལ་གྱི་ཏིང་ངེ་འཛིན་དེ་ལ་གནས་ནས། ཆོས་ཐམས་ཅད་མཉམ་པ་ཉིད་འཐོབ་བོ། །རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་གནས་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་ཐོད་རྒལ་དུ་སྙོམས་པར་འཇུག་པའི་ལེའུ་ཞེས་བྱ་སྟེ་དྲུག་ཅུ་རྩ་གཉིས་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཁྲི་བརྒྱད་སྟོང་པ། བམ་པོ་བཞི་བཅུ་རྩ་བཞི་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐབས་ལ་མཁས་པ་དེ་ལྟ་བུ་དང་ལྡན་པ་དེ་ཡུན་རིང་པོ་ཇི་སྲིད་ཅིག་ནས་ ཡང་དག་པར་ཞུགས་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐབས་ལ་མཁས་པ་དེ་ལྟ་བུ་དང་ལྡན་པ་དེ་ནི་བསྐལ་པ་ བྱེ་བ་ཁྲག་ཁྲིག་གྲངས་མེད་པ་ནས་ཡང་དག་པར་ཞུགས་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐབས་ལ་མཁས་པ་དེ་ལྟ་བུ་དང་ལྡན་པ་དེས་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་ལ་བསྙེན་བཀུར་བགྱིས་ པ་ལགས། བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། གང་ཐབས་ལ་མཁས་པ་དེ་ལྟ་བུ་དང་ལྡན་པ་དེ་ནི། སངས་རྒྱས་བཅོམ་ལྡན་འདས། གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལ། བསྙེན་བཀུར་བྱས་པར་རིག་པར་བྱའོ། ། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐབས་ལ་མཁས་པ་དེ་ལྟ་བུ་དང་ལྡན་པ་དེས་དགེ་བའི་རྩ་བ་ཇི་ཙམ་ཞིག་བསྐྲུན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེས་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཡོངས་སུ་རྫོགས་པར་མ་བྱས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡང་མེད་དོ། །དེས་ཡོངས་སུ་རྫོགས་པར་མ་བྱས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡང་མེད་དོ། །བཟོད་པའི་ཕ་རོལ་ ཏུ་ཕྱིན་པ་གང་ཡང་མེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡང་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐབས་ལ་མཁས་པ་དེ་ལྟ་བུ་དང་ལྡན་པ་དེས་ཡོངས་སུ་རྫོགས་པར་མ་བྱས་པའི་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡང་མེད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཐབས་ལ་མཁས་པ་དེ་ལྟ་བུ་དང་ལྡན་པ་དེ་དག་ནི་ངོ་མཚར་ལགས་སོ། །བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཐབས་ལ་མཁས་པ་དེ་ལྟ་བུ་དང་ལྡན་པ་དེ་དག་ནི་ངོ་མཚར་ཏོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་དང་། ཟླ་བའི་དཀྱིལ་འཁོར་ནི་གླིང་བཞིར་སྣང་བར་བྱེད་ལ། གླིང་བཞི་དང་འཐུན་པར་འགྲོ་ཞིང་ འཐུན་པར་འཁོར་རོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ལ་ལས་བྱེད་ལ། ཕ་རོལ་ཏུ་ཕྱིན་པ་ལྔ་དང་འཐུན་པར་འགྲོ་ཞིང་འཐུན་པར་འཇུག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་ན། ཕ་རོལ་ཏུ་ཕྱིན་ པ་ལྔ་པོ་དག་ཀྱང་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གིས་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་བོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་རིན་པོ་ཆེ་སྣ་བདུན་དང་བྲལ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞེས་བྱ་བའི་མིང་མི་འཐོབ་བོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན། ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་མི་འཐོབ་བོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཁྱིམ་ཐབ་མེད་པའི་ བུད་མེད་དག་ནི་གཡོན་ཅན་དག་གིས་ཚུགས་པར་སླའོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཐུལ་བར་སླའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་ན། ཕ་ རོལ་ཏུ་ཕྱིན་པ་ལྔ་པོ་དག་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་མི་ཐུལ་བ་ཡིན་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ཀྱང་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་དོན་དུ་གཉེར་བར་བྱ་བ་ཡིན་ནོ། །རབ་འབྱོར་འདི་ ལྟ་སྟེ་དཔེར་ན། གཡུལ་ངོར་འགྲོ་བའི་སྐྱེས་བུ་གོ་ཆ་ཐམས་ཅད་བགོས་པ་ནི། གཡུལ་ངོར་ཞུགས་པའི་ཚེ། འཐབ་ཟླའི་རྒྱལ་པོ་འམ། ཕྱིར་རྒོལ་བ་རྣམས་སམ། དགྲ་བོ་དག་གིས་མི་ཐུལ་ཏོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་དང་མ་བྲལ་ན་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་སམ། གང་ཟག་ལྷག་པའི་ང་རྒྱལ་ཅན་རྣམས་སམ། བྱང་ཆུབ་སེམས་དཔའ་གདོལ་པའི་བར་དག་གིས་ཐུལ་བར་དཀའ་ཞིང་། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་མི་ཐུལ་བར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཁམས་ཀྱི་རྒྱལ་པོ་རྣམས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྗེས་སུ་འཐུན་པར་བྱེད་དེ། ནང་ནུབ་ནང་ནུབ་ཅིང་རིམ་གྲོ་བྱ་བའི་དོན་དུ་འདོང་བར་བྱེད་དོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ག་ལ་བ་དེར་འཐུན་པར་འདོང་ངོ་། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆུ་བྲན་གང་ཇི་སྙེད་པ་དེ་དག་ཐམས་ཅད་ནི། གང་གཱའི་ཀླུང་ག་ལ་བ་དེ་ལོགས་སུ་རྗེས་སུ་འབབ་ཅིང་། གང་གཱའི་ཀླུང་དང་ལྷན་ཅིག་ཏུ་རྒྱ་མཚོ་ཆེན་པོར་འབབ་བོ། །རབ་འབྱོར་དེ་ བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ག་ལ་བ་དེ་ལོགས་སུ་འཐུན་པར་འདོང་ངོ་། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུའི་ལག་པ་གཡས་པ་ནི་བྱ་བ་ཐམས་ཅད་བྱེད་དོ། ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན་དུ་བལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ནི་ལག་པ་གཡོན་པ་ཇི་ལྟ་བ་བཞིན་དུ་བལྟའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆུ་བྲན་རྣམས་ཀྱི་ཆུ་གང་ཡིན་པ་དང་། ཆུ་ཀླུང་ཆེན་པོ་རྣམས་ཀྱི་ཆུ་གང་ཡིན་ པ་དེ་དག་ནི་རྒྱ་མཚོ་ཆེན་པོར་ཞུགས་ན། རོ་གཅིག་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ག་ལ་བ་དེར་འཐུན་པར་ཞུགས་ན། ཕ་རོལ་ཏུ་ཕྱིན་པ་ ཞེས་བྱ་བའི་མིང་འཐོབ་པོ་རབ་འབྱོར་འདི་ལྟ་སྟེ། དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་ནི་དཔུང་གི་ཚོགས་ཡན་ལག་བཞི་པའི་མདུན་དུ་འགྲོ་ཞིང་གནས་ལ་གང་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཟས་ཀྱི་དོན་དུ་གནས་པ་དེར་འཁོར་ལོས་སྒྱུར་བའི་ རྒྱལ་པོའི་དཔུང་གི་ཚོགས་རྣམས་ཚིམ་པར་བྱེད་ཀྱང་། འཁོར་ལོ་རིན་པོ་ཆེ་དེ་ནི་གནས་ནས་གཡོ་བ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ཡོངས་སུ་འདྲེན་པར་བྱེད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ག་ལ་བ་ དེ་ལོགས་སུ་འགྲོ་ཞིང་། དེར་གནས་པར་འགྱུར་ལ། དེར་གནས་པ་ན་གནས་དེ་ལས་འདའ་བར་ཡང་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དེ་དང་བློན་པོ་རིན་པོ་ཆེ་དེ་དང་། ཁྱིམ་བདག་རིན་པོ་ཆེ་དེ་དང་། བཙུན་ མོ་རིན་པོ་ཆེ་དེ་དང་། ནོར་བུ་རིན་པོ་ཆེ་དེ་དང་། གླང་པོ་རིན་པོ་ཆེ་དེ་དང་། རྟ་མཆོག་རིན་པོ་ཆེ་དེ་ནི་དཔུང་གི་ཚོགས་ཡན་ལག་བཞི་པའི་མདུན་དུ་འགྲོའོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གི་མདུན་དུ་འགྲོའོ། །མདུན་དུ་ སོང་ནས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ག་ལ་བ་དེར་གནས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྙམ་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གི་རྗེས་སུ་འབྲང་ངོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གི་རྗེས་སུ་འབྲང་ངོ་སྙམ་དུ་མི་སེམས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་འདི་སྙམ་དུ་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་ངོ་སྙམ་དུ་མི་སེམས་སོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་འདི་སྙམ་དུ་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་ངོ་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་རང་བཞིན་གྱིས་ནུས་པ་ཅུང་ཟད་ཀྱང་ མེད་ལ་རང་བཞིན་གྱིས་སྟོང་ཞིང་གསོབ་དང་། སྨིག་རྒྱུ་ལྟ་བུ་ཡིན་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་འདི་སྙམ་དུ། ཀྱེ་ མ་འཇིག་རྟེན་གནས་པ་འདི་ནི་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ། དེ་ནི་ཐབས་ལ་མི་མཁས་པས་འཁོར་བ་ལས་ཡོངས་སུ་ཐར་བར་མི་ནུས་ཀྱིས། བདག་གིས་སེམས་ཅན་དེ་དག་གི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་སྙམ་དུ་སེམས་ཤིང་། དེ་སེམས་ཅན་དེ་དག་གི་དོན་དུ་ཕྱི་དང་ནང་གི་དངོས་པོ་ རྣམས་ཡོངས་སུ་གཏོང་བར་བྱེད་དོ། །དེ་ཡོངས་སུ་གཏོང་བར་བྱེད་པ་ན། འདི་སྙམ་དུ་བདག་གིས་ཅི་ཡང་བཏང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དངོས་པོ་འདི་དག་ནི་རང་བཞིན་གྱིས་སྟོང་པ་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་ཏེ། རབ་འབྱོར་ དེ་ལྟར་ཉེ་བར་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་འཆལ་པའི་ཚུལ་ཁྲིམས་ཀྱི་སྐབས་མི་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བདག་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་ལ་སྲོག་གཅོད་པར་བྱེད་པ་དང་། ལོག་པར་ལྟ་བར་གྱུར་པའི་བར་དང་། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱིས་དོན་དུ་གཉེར་བར་བྱེད་པ་ནི་བདག་གི་མི་བྱའོ་སྙམ་དུ་སེམས་པའི་ཕྱིར་ཏེ། རབ་འབྱོར་དེ་ ལྟར་ཉེ་བར་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་འཁྲུག་པའི་སེམས་འགའ་ཙམ་ཡང་སྐྱེད་པར་མི་བྱེད་དེ། རབ་འབྱོར་དེ་ལྟར་ཉེ་བར་རྟོག་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེས་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་གྱི་བར་དུ་ལེ་ལོའི་སེམས་སྐྱེད་པར་མི་བྱེད་དེ། རབ་འབྱོར་དེ་ལྟར་ཉེ་ བར་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སེམས་རྣམ་པར་གཡེང་ བར་མི་བྱེད་དེ། རབ་འབྱོར་དེ་ལྟར་ཉེ་བར་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་ རྒྱས་པར་གྱུར་གྱི་བར་དུ་ནམ་ཡང་ཤེས་རབ་དང་འབྲལ་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་ཞུགས་པར་གཞན་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་མི་ནུས་སོ་སྙམ་དུ་སེམས་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ཉེ་བར་རྟོག་པའི་བྱང