Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 030_ཁྲི་བརྒྱད།_ཁ

Văn bản gốc(Tây Tạng)

Trang 2 / 19 (50.000 ký tự/trang)
་། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད། གྲངས་མེད་པ་དག་ན་རང་སངས་རྒྱས་གནས་ཏེ། འཚོ་ཞིང་སྡོད་པ་གང་ཡིན་པ་དེ་དག་གིས་ཀྱང་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས། རང་བྱང་ཆུབ་ཐོབ་བོ། །ཐོབ་པར་འགྱུར་རོ། །འཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་རྒྱ་ཆེར་བསྟན་པའི་ཕྱིར་ཏེ། དེ་དག་ཀྱང་མཚན་མ་མེད་པའི་
ཚུལ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པའི་ཚུལ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཚུལ་དང་། མངོན་པར་འདུ་བྱེད་པ་མེད་པའི་ཚུལ་དང་། བླང་བ་མེད་པ་དང་། དོར་བ་མེད་པའི་ཚུལ་དང་། དབྲི་བ་མེད་པ་དང་།
བསྣན་པ་མེད་པའི་ཚུལ་དང་། གཟུང་བ་མེད་པ་དང་། སྤོང་བ་མེད་པའི་ཚུལ་གྱིས་བསྟན་ཏེ། དེ་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱིས་བྱ་བ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ཡང་མ་ཡིན། ཕ་
རོལ་ཏུ་ཕྱིན་པ་མ་ཡིན་པ་ལང་མ་ཡིན་པའི་ཕྱིར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ལམ། ཚུ་རོལ་ལམ། ཐང་ངམ། གཤོང་ངམ། མཉམ་པའམ། མི་མཉམ་པ་འམ། མཚན་མའམ། མཚན་མ་མེད་པའམ། འཇིག་རྟེན་པའམ། འཇིག་རྟེན་
ལས་འདས་པའམ། འདུས་བྱས་སམ། འདུས་མ་བྱས་སམ། དགེ་བའམ། མི་དགེ་བའམ། འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་སྦྱིན་པར་བྱེད་པ་མ་ཡིན་ཏེ། རང་
སངས་རྒྱས་ཀྱི་ཆོས་རྣམས་དང་། དགྲ་བཅོམ་པའི་ཆོས་རྣམས་དང་། སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་སྦྱིན་པར་བྱེད་པ་མ་ཡིན་ནོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེས་ཆེ་བ་ལགས་སོ། །བཅོམ་ལྡན་
འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྣམས་ཀྱང་རབ་ཏུ་འཚལ་ལ་སེམས་ཅན་ཡང་མི་དམིགས། ཤེས་པ་པོ་དང་། མཐོང་བ་པོའི་བར་ཡང་མི་དམིགས། གཟུགས་ཀྱང་མི་

དམིགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་མི་དམིགས། མིག་ཀྱང་མི་དམིགས། གཟུགས་ཀྱང་མི་དམིགས། མིག་གི་རྣམ་པར་ཤེས་པ་ཡང་མི་དམིགས། མིག་གི་འདུས་ཏེ་རེག་པ་
ཡང་མི་དམིགས། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ལགས། སྡུག་བསྔལ་བ་ཡང་མ་ལགས་པ་གང་ལགས་པ་དེ་ཡང་མི་དམིགས་ལགས་སོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་།
ལྕེ་དང་། ལུས་དང་། ཡིད་ཀྱང་མི་དམིགས། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ལགས། སྡུག་བསྔལ་བ་ཡང་མ་ལགས་པ་
གང་ལགས་པ་དེ་ཡང་མི་དམིགས་ལགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་མི་དམིགས། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་ཡང་མི་དམིགས་ལགས་སོ། །དེ་
བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་མི་དམིགས་ལགས་སོ། །བྱང་ཆུབ་དང་། སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མི་དམིགས་ལགས་སོ། །
དེ་ཅིའི་སླད་དུ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་དམིགས་པའི་ཚུལ་གྱིས་ཉེ་བར་གནས་པ་མ་ལགས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་གང་གིས་དམིགས་པ་དང་། གང་ལ་དམིགས་པ་རང་བཞིན་གྱིས་མ་མཆིས་པའི་སླད་དུའོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀཽ་ཤི་ཀ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི། བྱང་ཆུབ་ཀྱང་མི་དམིགས་ན། བྱང་ཆུབ་སེམས་དཔའ་ལྟ་ཅི་སྨོས།

བྱང་ཆུབ་སེམས་དཔའི་ཆོས་རྣམས་ལྟ་ཡང་ཅི་སྨོས། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ལ་སྤྱོད་པར་བགྱིད་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་སྤྱོད་པར་མི་བགྱིད་
ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ལ་སྤྱོད་པ་མ་ཡིན་གྱི། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་ཡང་སྤྱོད་དོ། །དེ་ཡང་མི་དམིགས་པའི་ཚུལ་གྱིས་སྤྱོད་དེ། དེ་སྦྱིན་པ་ཡང་མི་
དམིགས། སྦྱིན་པ་པོ་ཡང་མི་དམིགས། ལེན་པ་པོ་ཡང་མི་དམིགས་སོ། །ཚུལ་ཁྲིམས་ཀྱང་མི་དམིགས། ཚུལ་ཁྲིམས་དང་ལྡན་པ་ཡང་མི་དམིགས། ཚུལ་ཁྲིམས་འཆལ་པ་ཡང་མི་དམིགས་སོ། །བཟོད་པ་ཡང་མི་དམིགས། བཟོད་པར་བྱ་བ་ཡང་མི་དམིགས།
བཟོད་པ་དང་ལྡན་པ་ཡང་མི་དམིགས་སོ། །བརྩོན་འགྲུས་ཀྱང་མི་དམིགས། བྱ་བ་ཡང་མི་དམིགས། ལུས་དང་སེམས་ཀྱང་མི་དམིགས་སོ། །སེམས་ཀྱང་མི་དམིགས། ཏིང་ངེ་འཛིན་ཀྱང་མི་དམིགས། མཉམ་པར་བཞག་པ་ཡང་མི་དམིགས་སོ། །ཤེས་རབ་ཀྱང་མི་
དམིགས། ཤེས་པར་བྱ་བ་ཡང་མི་དམིགས། ཤེས་རབ་དང་ལྡན་པ་ཡང་མི་དམིགས་སོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཡིན་ནོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒོམ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་སྙོམས་པར་འཇུག་པའི་སྔོན་དུ་འགྲོ་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའི་ཆོས་རྣམས་
རྣམ་པར་འབྱེད་པའི་སྔོན་དུ་འགྲོ་བ་ཡིན་ནོ། །དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་ཡང་མི་དམིགས་པའི་ཚུལ་གྱིས་སྦྱར་བར་བྱའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་ཡང་མི་དམིགས་པའི་ཚུལ་གྱིས་སྦྱར་བར་བྱའོ། །སྟོབས་རྣམས་

དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཡང་མི་དམིགས་པའི་ཚུལ་གྱིས་སྦྱར་བར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་མི་དམིགས་པའི་ཚུལ་
གྱིས་སྦྱར་བར་བྱའོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། འཛམ་བུའི་གླིང་གི་ཤིང་ལྗོན་པ་ལོ་མ་ཐ་དད་པ་དང་འབྲས་བུ་ཐ་དད་པའི་ཤིང་ལྗོན་པ་ཇི་སྙེད་པ་དེ་དག་གི་གྲིབ་མ་ནི་གྲིབ་མ་གྲིབ་མ་ཞེས་བྱ་བའི་གྲངས་སུ་འགྲོ་བ་མ་གཏོགས་པར་ཁྱད་པར་རམ་ཐ་དད་དུ་དབྱེ་བ་མེད་དོ། །ཀཽ་ཤི་ཀ་དེ་
བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་མི་དམིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྡོས་པ་རྣམས་ལ་ནི་ཁྱད་པར་རམ། ཐ་དད་དུ་དབྱེ་བ་མེད་དོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྙིང་རྗེ་ཆེན་པོ་དང་ལྡན་པ་ལགས། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པ་ལགས། ཡོན་ཏན་ཚད་མ་མཆིས་པ་དང་ལྡན་པ་ལགས། ཡོན་ཏན་མཐའ་ཡས་པ་དང་ལྡན་པ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡོན་ཏན་ཐུག་པ་
མ་མཆིས་པ་དང་ལྡན་པ་ལགས་སོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ལ་ཡང་བྲིས་ཏེ་འཆང་ལ། མེ་ཏོག་དང་། སྤོས་དང་། བདུག་པ་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ན་
བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བགྱིད། བླ་མར་བགྱིད། རི་མོར་བགྱིད། མཆོད་པར་བགྱིད་དེ། ཇི་ལྟར་ལུང་ཕོག་པ་བཞིན་དུ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་། རིགས་ཀྱི་བུའམ་རིགས་ཀྱི་བུ་
མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ལ་བྲིས་ཏེ། གཞན་དག་ལ་སྩལ་ན། འདི་གཉིས་ལས་གང་བསོད་ནམས་ཆེས་མང་དུ་སྐྱེད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེའི་ཕྱིར་འདི་ཁྱོད་ཉིད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་

ལྟར་ལན་ཐོབ་ཤིག །ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་
མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་པ་དང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་དེ་བཞིན་གཤེགས་པའི་སྐུ་གདུང་ཡུངས་འབྲུ་ཙམ་གཞན་དག་ལ་བྱིན་ཏེ། བགོ་བཤའ་བྱས་ནས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་
དེ་ཡང་དེ་བཞིན་གཤེགས་པའི་སྐུ་གདུང་ཡུངས་འབྲུ་ཙམ་པོ་དེ་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་
པར་བྱེད་ན། དེ་གཉིས་ལས་གང་བསོད་ནམས་ཆེས་མང་དུ་སྐྱེད་སྙམ་འམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འཚལ་བ་ལྟར་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ལ་བདག་ཉིད་ཀྱང་མེ་
ཏོག་ལ་སོགས་པས་བསྟི་སྟང་དུ་བགྱིད། བླ་མར་བགྱིད། རི་མོར་བགྱིད། མཆོད་པར་བགྱིད་ཅིང་། གཞན་དག་ལ་ཡང་སྩོལ་བར་བགྱིད་པ་དེ་ནི། དེ་ལས་བསོད་ནམས་ཆེས་མང་དུ་སྐྱེད་ལགས་སོ། །དེ་བཞིན་གཤེགས་པས་དོན་གྱི་དབང་དེ་གཟིགས་ནས། སེམས་ཅན་
གྱི་ཚོགས་ཀྱི་ནང་ན། སེམས་ཅན་དེ་བཞིན་གཤེགས་པའི་སྐུ་གདུང་གིས་འདུལ་བར་འགྱུར་བ་རྣམས་ལ་ཐུགས་རྗེ་ཆེན་པོ་བསྐྱེད་དེ། དེ་བཞིན་གཤེགས་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་ལྟ་བུའི་སྐུ་བཤིག་སྟེ། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་
སུ་བྱིན་གྱིས་བརླབས་ལགས་སོ། །བཅོམ་ལྡན་འདས་ཐ་ན་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་དེ་བཞིན་གཤེགས་པའི་སྐུ་གདུང་ཡུངས་འབྲུ་ཙམ་ལ་མཆོད་པར་བགྱིད་པའི་དགེ་བའི་རྩ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་གྱི་བར་དུ་དེ་དག་ཐམས་ཅད་ཀྱིས་དེའི་མཐའ་རྟོགས་པར་

རྔོ་མི་ཐོགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་།
བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པར་བྱེད་པ་བས་གང་གིས་ཡི་གེར་བྲིས་ནས་གཞན་དག་ལ་སྦྱིན་པར་བྱེད་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དེ་
ལས་ཆེས་བསོད་ནམས་མང་དུ་བསྐྱེད་དོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་ལྟར་ལུང་ཕོག་པ་བཞིན་དུ་གཞན་དག་གི་དྲུང་དུ་སོང་སྟེ། འཆད་ཅིང་སྟོན་པ་དང་། རྗོད་ཅིང་འགྲེལ་བ་དང་། གསལ་བར་བྱེད་ན། རིགས་ཀྱི་བུ་འམ་
རིགས་ཀྱི་བུ་མོ་དེ་ནི། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་སྔ་མ་བས། ཆེས་བསོད་ནམས་མང་དུ་སྐྱེད་དེ། སྟོན་པ་འམ་བླ་མའི་གནས་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་གང་ཡང་རུང་བ་ཞིག་ཡིན་པར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལ་སྟོན་པ་ཡང་གཞན་ལ། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་པ་ནི་མ་ཡིན་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པ་ཡིན་ལ། སྟོན་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པ་ཡིན་པར་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། འདས་པ་དང་།
མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་པས་བྱུང་བ་ཡིན་ལ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་གང་ཡང་རུང་བ་དག་དང་། ཕྱིར་མི་ལྡོག་
པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་པས། ཉན་ཐོས་

ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་སོ། །འཇུག་གོ། །འཇུག་པར་འགྱུར་རོ། །ཀཽ་ཤི་ཀ་དེ་
བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མངོན་སུམ་དུ་བྱ་བར་འདོད་པ་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་
དང་། བ་དན་དག་གིས་བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པ་བྱ་བར་འདོད་པ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་གླེགས་བམ་ལ་བྲིས་ཏེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་།
གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱའོ། །ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དོན་གྱི་དབང་འདི་མཐོང་ནས། འདི་སྙམ་དུ་བསམས་ཏེ། ངས་གང་ལ་བརྟེན་
ཏེ་གནས་པར་བྱ། གང་ཞིག་ལ་ནི་བསྟི་སྟང་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱ་སྙམ་པ་ལས། ཀཽ་ཤི་ཀ་དེའི་ཚེ་ངས་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། དགེ་སྦྱོང་དང་། བྲམ་ཟེར་བཅས་པའི་སྐྱེ་དགུའི་ནང་ན། ང་དང་འདྲ་བ་མ་མཐོང་སྟེ། ང་དང་འདྲ་བ་ཡང་
དག་པར་རྗེས་སུ་མ་མཐོང་ནས། ཡང་འདི་སྙམ་དུ་བསམས་ཏེ། འོ་ན་དེ་ལྟར་ངས་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་ཉིད་ལ་བདག་གིས་བསྟི་སྟང་དུ་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱ་ཞིང་བརྟེན་ཏེ། གནས་པར་བྱའོ་སྙམ་དུ་བསམས་པའི་ཆོས་གང་ཡིན་པ་དེ་
ནི། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཡིན་ཏེ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ནི་ལ་ནི་ང་ཉིད་ཀྱང་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ། བསྟི་སྟང་དུ་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ནས་རྟེན་ཅིང་གནས་ན།

ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་།
གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པར་བྱ་བ་དང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་
ཞུགས་པ་དག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་
པར་བྱ་བ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ནི། བྱང་ཆུབ་སེམས་དཔའ་རྣམས་བྱུང་ལ་བྱང་ཆུབ་སེམས་དཔའ་ལས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བྱུང་ཞིང་། དེ་བཞིན་གཤེགས་པ་ལས་ནི་ཉན་ཐོས་དང་། རང་
སངས་རྒྱས་རྣམས་བྱུང་བའི་ཕྱིར་ཏེ། ཀཽ་ཤི་ཀ་དེ་ལྟ་བས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་པ་རྣམས་དང་། ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་གང་ལ་བསླབས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྣམས། བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་།
ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་སྐུ་གདུང་གི་ལེའུ་ཞེས་བྱ་སྟེ། སུམ་ཅུ་རྩ་གཅིག་པའོ།། །།ཀཽ་ཤི་ཀ་

སེམས་ཅན་གཅིག་ཅིག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཞག་པ་ནི། བསོད་ནམས་ཆེས་དཔག་ཏུ་མེད་པ་ཡིན་གྱི། འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་བཀོད་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་སེམས་ཅན་དགེ་བ་བཅུའི་
ལས་ཀྱི་ལམ་རྣམས་ལ་བཀོད་པ་དག་ནི། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་མ་ཡིན་གྱི་འགྲོ་བ་དག་གིས་ཡོངས་སུ་བཏང་བ་མ་ཡིན་གྱི། སེམས་ཅན་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཞག་པ་ནི། ངན་འགྲོ་ཐམས་ཅད་
ལས་ཐར་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སེམས་ཅན་གཅིག་ཅིག་རང་བྱང་ཆུབ་ལ་གཞག་པ་ནི་བསོད་ནམས་ཆེས་མང་བ་ཡིན་གྱི། འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་བཀོད་པ་ནི་དེ་ལྟ་མ་ཡིན་ནོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་
གང་ལ་ལས། སེམས་ཅན་གཅིག་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན། དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀྱི་ཚུལ་རྒྱུན་མི་འཆད་པར་བགྱི་བའི་ཆེད་དུ་བཞག་པའི་ཕྱིར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུ་
འམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇོག་པ་གང་ཡིན་པ་དེ་ནི། བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ལས་ནི་དཀོན་མཆོག་གསུམ་བྱུང་ལ། དཀོན་མཆོག་གསུམ་ཡང་འཇིག་རྟེན་ཐམས་ཅད་ཀྱི་
མཆོད་པའི་གནས་ཡིན་པའི་ཕྱིར་ཏེ། ཀཽ་ཤི་ཀ་དེ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་། བྲམ་ཟེར་བཅས་པའི་སྐྱེ་དགུས། མེ་ཏོག་དང་། བདུག་པ་དང་།
སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱའོ། །བླ་མར་བྱའོ། །རི་མོར་བྱའོ། །མཆོད་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་འཛམ་བུའི་གླིང་

གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་བཀོད་ན། ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། ཅི་གཞི་དེ་ལས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བསོད་ནམས་མང་དུ་སྐྱེད་སྙམའམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །
བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ལ་བྲིས་ནས་ཐ་ན་དཔེ་བྲི་བ་དང་། བཀླག་པ་ཙམ་གྱི་ཕྱིར་ཡང་གཞན་ལ་སྦྱིན་པར་བྱེད་པ་དེ་ཆེས་
བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས་ཀྱི་གང་ལ་བསླབས་ན། ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་དང་། འཇུག་པ་དང་འཇུག་པར་འགྱུར་བ་དང་། དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཐོབ་པར་གྱུར་པ་དང་། འཐོབ་པ་དང་།
ཐོབ་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྐྱོན་མེད་པ་ལ་ཞུགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བར་
འགྱུར་བའི་ཟག་པ་མེད་པའི་ཆོས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རྒྱ་ཆེར་བསྟན་པའི་ཕྱིར་རོ། །ཀཽ་ཤི་ཀ་ཟག་པ་མེད་པའི་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། བདེན་པ་བཞི་དང་། ནང་
སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་ཚད་མེད་པའི་བར་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལས་རྒྱ་ཆེར་བསྟན་པ་དག་ཡིན་ནོ། །ཀཽ་ཤི་ཀ་དེ་བས་ན་རྣམ་གྲངས་དེས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་ལ་བྲིས་ཏེ། ཐ་ན་དཔེ་འདྲི་བ་དང་། ཀློག་པ་ཙམ་གྱི་ཕྱིར་ཡང་གཞན་ལ་སྦྱིན་པར་བྱེད་པ་དེ། ཆེས་

བསོད་ནམས་མང་དུ་སྐྱེད་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་ཆོས་གང་དག་གིས་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཡོད་པ་དང་། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཡོད་པ་
དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་པ་དང་། སུམ་ཅུ་རྩ་གསུམ་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་བར་གྱི་ལྷ་རྣམས་ཡོད་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཡོད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བར་དུ་
ཡོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་ཡོད་པའི་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རྒྱ་ཆེར་བསྟན་པའི་ཕྱིར་
རོ། །ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་རྣམས་རང་བྱང་ཆུབ་ཀྱི་བར་ལ་བཀོད་པ་ལྟ་ཞོག་གི །ཀཽ་ཤི་ཀ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་བཀོད་ན།
ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམ་འམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་
ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ལ་བྲིས་ནས། ཐ་ན་དཔེ་བྲི་བ་དང་། ཀློག་པ་ཙམ་གྱི་ཕྱིར་ཡང་གཞན་ལ་སྦྱིན་པར་བྱེད་པ་དེ། ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་ཉན་ཐོས་དང་། རང་སངས་རྒྱས་
དང་། བྱང་ཆུབ་སེམས་དཔའི་ཆོས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ། ཀཽ་ཤི་ཀ་གླིང་ཆེན་པོ་བཞིའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་འཁོད་པ་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་། དགྲ་

བཅོམ་པའི་བར་དང་། རང་སངས་རྒྱས་ཀྱི་བར་དུ་བཀོད་པ་ལྟ་ཞོག་གི །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་སྟོང་གི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་བཀོད་པ་དང་། དགྲ་
བཅོམ་པ་ཉིད་ཀྱི་བར་དང་། རང་སངས་རྒྱས་ཉིད་ཀྱི་བར་དུ་བཀོད་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ལ་བྲིས་ནས། ཐ་ན་དཔེ་བྲི་བ་དང་། བཀླག་པ་ཙམ་གྱི་ཕྱིར་ཡང་གཞན་ལ་སྦྱིན་པར་བྱེད་པ་དེ་ནི་དེ་བས་ཆེས་བསོད་
ནམས་མང་དུ་སྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཀཽ་ཤི་ཀ་སྟོང་གི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་འཁོད་པ་ལྟ་ཞོག་གི །སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་དེ་དགེ་བ་བཅུའི་ལས་ཀྱི་ལམ་དང་། དགྲ་བཅོམ་པ་ཉིད་དང་།
རང་སངས་རྒྱས་ཉིད་ཀྱི་བར་དུ་བཀོད་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ལ་བྲིས་ནས། ཐ་ན་དཔེ་བྲི་བ་དང་། བཀླག་པ་ཙམ་གྱི་ཕྱིར་ཡང་། གཞན་དག་ལ་སྦྱིན་པར་བྱེད་པ་དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་
དོ། །དེ་བཞིན་དུ་སྦྱར་ཏེ། ཀཽ་ཤི་ཀ་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ཇི་སྙེད་འཁོད་པ་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་དང་། རང་སངས་རྒྱས་ཉིད་ཀྱི་བར་དུ་བཀོད་པ་ལྟ་ཞོག་གི །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་སྟོང་གསུམ་གྱི་
སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ཇི་སྙེད་གནས་པ་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་དང་། རང་སངས་རྒྱས་ཉིད་ཀྱི་བར་དུ་བཀོད་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ལ་བྲིས་ནས།
ཐ་ན་དཔེ་བྲི་བ་དང་། བཀླག་པ་ཙམ་གྱི་ཕྱིར་ཡང་གཞན་ལ་སྦྱིན་པར་བྱེད་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་འཁོད་པའི་སེམས་ཅན་རྣམས་ལྟ་

ཞོག་གི །ཀཽ་ཤི་ཀ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་ཇི་སྙེད་གནས་པ་དེ་དག་ཐམས་ཅད་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཉིད་ཀྱི་
བར་དུ་བཀོད་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ལ་བྲིས་ནས། ཐ་ན་དཔེ་བྲི་བ་དང་། བཀླག་པ་ཙམ་གྱི་ཕྱིར་ཡང་གཞན་ལ་སྦྱིན་པར་བྱེད་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ནི་དེ་བས་ཆེས་
བསོད་ནམས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་གང་ཡིན་པ་དེ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་བསམ་གཏན་བཞི་ལ་བཀོད་ཅིང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་།
མངོན་པར་ཤེས་པ་ལྔ་ལ་བཀོད་ན། ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམ་འམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ལ་བྲིས་ནས། ཐ་ན་དཔེ་བྲི་བ་དང་། བཀླག་པ་ཙམ་གྱི་ཕྱིར་ཡང་གཞན་ལ་སྦྱིན་པར་བྱེད་ན། དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་
ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཆོས་ཐམས་ཅད་རྒྱ་ཆེར་བསྟན་པའི་ཕྱིར་རོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་
དུ་ཡིད་ལ་བྱེད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བསོད་ནམས་ཆེས་མང་དུ་སྐྱེད་ཀྱི། འཛམ་བུའི་གླིང་གི་སེམས་ཅན་རྣམས། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པ་དང་། མངོན་པར་ཤེས་པ་རྣམས་ལ་བཀོད་

པ་ནི་དེ་ལྟ་མ་ཡིན་ནོ། །དེ་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ནི་འདི་ཡིན་ཏེ་གཉིས་སུ་སྤྱོད་པ་མ་ཡིན་པའི་བློས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་
པ་དང་། གཉིས་སུ་སྤྱོད་པ་མ་ཡིན་པའི་བློས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་། འཆང་བ་དང་།
ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། གཉིས་སུ་སྤྱོད་པ་མ་ཡིན་པའི་བློས་ནང་སྟོང་པ་ཉིད་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། གཉིས་སུ་སྤྱོད་པ་
མ་ཡིན་པའི་བློས་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། གཉིས་སུ་སྤྱོད་པ་མ་ཡིན་པའི་བློས། སངས་རྒྱས་
ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་རྣམ་གྲངས་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་རྒྱ་ཆེར་སྟོན་ཅིང་འཆད་ལ་རབ་ཏུ་འབྱེད་
པ་དང་། འགྲེལ་ཅིང་གསལ་བར་བྱེད་པ་དང་། དོན་ཀྱང་སྟོན་པར་བྱེད་ལ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་འདི་ཡིན་ཏེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་སུ་མི་ལྟ་གཉིས་སུ་མེད་པར་མི་ལྟ་ཞིང་། མཚན་མར་མ་ཡིན། མཚན་མ་མེད་པར་མ་ཡིན།
བླང་བར་མ་ཡིན། དོར་བར་མ་ཡིན། དབྲི་བར་མ་ཡིན། བསྣན་པར་མ་ཡིན། ཀུན་ནས་ཉོན་མོངས་པར་མ་ཡིན། རྣམ་པར་བྱང་བར་མ་ཡིན། སྐྱེ་བར་མ་ཡིན། འགག་པར་མ་ཡིན། གཟུང་བར་མ་ཡིན། སྤང་བར་མ་ཡིན། གནས་སུ་མ་ཡིན། གནས་མ་

ཡིན་པར་མ་ཡིན། ཡང་དག་པར་མ་ཡིན། ལོག་པར་མ་ཡིན། རིག་པར་མ་ཡིན། མི་རིག་པར་མ་ཡིན། བག་ཙམ་དུ་མ་ཡིན། བག་ཙམ་མ་ཡིན་པར་མ་ཡིན། ཆ་ཤས་སུ་མ་ཡིན། ཆ་ཤས་མེད་པར་མ་ཡིན། ཆོས་སུ་མ་ཡིན། ཆོས་མ་ཡིན་པར་མ་ཡིན། དེ་བཞིན་
ཉིད་དུ་མ་ཡིན། དེ་བཞིན་ཉིད་མ་ཡིན་པར་མ་ཡིན། ཡང་དག་པའི་མཐར་མ་ཡིན་ཞིང་། ཡང་དག་པའི་མཐའ་མ་ཡིན་པར་ཡང་མི་ལྟ་བ་སྟེ། འདི་ནི་གཉིས་སུ་མེད་པའི་དོན་ཏོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་རྒྱ་ཆེར་སྟོན་
ཅིང་འཆད་ལ། རབ་ཏུ་འབྱེད་པ་དང་། འགྲེལ་ཅིང་གསལ་བར་བྱེད་པ་དང་། དོན་ཀྱང་སྟོན་པར་བྱེད་པ་དེ་ནི་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་ཀྱི། གང་བདག་འབའ་ཞིག་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་
བྱེད་པ་ནི་དེ་ལྟ་མ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་བས་གང་ཞིག་གཞན་དག་ལ་རྒྱ་ཆེར་སྟོན་ཅིང་
འདོམས་པར་བྱེད་པ་དང་། དེ་ལ་འགོད་པར་བྱེད་པ་དང་། རྣམ་པར་འབྱེད་ཅིང་གསལ་བར་བྱེད་ལ་དོན་ཀྱང་སྟོན་པར་བྱེད་ན། དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །བརྒྱ་བྱིན་གྱིས་གསོལ་བ། བཅོམ་ལྡན་འདས་དེ་དེ་ལྟར་ལགས་ཏེ། དེ་དེ་ལྟར་ལགས་སོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དང་བཅས་ཚིག་འབྲུ་དང་བཅས་པར་བསྟན་པར་བྱའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་དེ་ལྟར་བསྟན་ན། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་
མེད། གྲངས་མེད་ཚད་མེད་པ་དག་དང་ལྡན་པར་འགྱུར་རོ། །གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས་ཕྱོགས་བཅུའི་ཕྱོགས་རེ་རེར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲངས་མེད། དཔག་ཏུ་མེད་པ་དག་ལ་ཇི་སྲིད་

འཚོའི་བར་དུ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་
པར་བྱེད་པ་བས། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་གྲངས་དུ་མར་གཞན་དག་ལ་རྒྱ་ཆེར་སྟོན་ཅིང་། དོན་གོ་བར་བྱེད་ལ་རྣམ་པར་འབྱེད་ཅིང་འགྲེལ་ཏེ་གསལ་བར་བྱེད་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ནི་དེ་བས་ཆེས་
བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་པས་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཕྱིར་རོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་བསྐལ་པ་གྲངས་མེད་པ། དཔག་ཏུ་
མེད་པར་དམིགས་པའི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྤྱད་པ་བས། གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་རྒྱ་ཆེར་སྟོན་ཅིང་རྗོད་པ་དང་། མཆོད་པའི་བར་དུ་བྱེད་ལ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་ན། དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་
སྐྱེད་དོ། །ཀཽ་ཤི་ཀ་དེ་ལ་དམིགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་དམིགས་པའི་ཚུལ་གྱིས་སྦྱིན་པ་སྦྱིན་པ་གང་ཡིན་པ་སྟེ། འདི་སྙམ་དུ་བདག་གིས་སྦྱིན་པ་སྦྱིན་ནོ། །འདི་ནི་སྦྱིན་པ་ཡིན་ཏེ། གཞན་ལ་སྦྱིན་ནོ་སྙམ་དུ་སེམས་ན། དེ་ནི་སྦྱིན་པ་ཉིད་ལ་གནས་པ་ཡིན་གྱི།
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ནོ། །འདི་ནི་ཚུལ་ཁྲིམས་སོ། །བདག་ནི་ཚུལ་ཁྲིམས་ཅན་ཡིན་གྱིས། སེམས་ཅན་འདི་དག་གི་དོན་དུ་སྲུང་ངོ་སྙམ་དུ་སེམས་ན། དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །བདག་ནི་བཟོད་པ་ཅན་ནོ། །འདི་ནི་བཟོད་པའོ། །

འདི་ལ་བཟོད་པར་བྱ་སྟེ། བཟོད་པ་འདི་ལ་གནས་པར་བྱའོ་སྙམ་དུ་སེམས་ན། དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །བདག་གིས་བརྩོན་འགྲུས་རྩོམ་མོ། །འདི་ནི་བརྩོན་འགྲུས་སོ། །འདི་དག་གི་དོན་དུ་བརྩོན་འགྲུས་འདི་ལ་གནས་པར་བྱའོ་སྙམ་དུ་སེམས་ན།
དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །བདག་བསམ་གཏན་ལ་སྙོམས་པར་འཇུག་གོ། །འདི་ནི་བསམ་གཏན་ནོ། །འདི་དག་གི་དོན་དུ་སྙོམས་པར་ཞུགས་ཏེ། བསམ་གཏན་འདི་ལ་གནས་པར་བྱའོ་སྙམ་དུ་སེམས་ན། དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་
མ་ཡིན་ནོ། །བདག་གིས་ཤེས་རབ་སྒོམ་མོ། །འདི་ནི་ཤེས་རབ་བོ། །འདི་དག་གི་དོན་དུ་ཤེས་རབ་འདི་ལ་གནས་པར་བྱའོ་སྙམ་དུ་སེམས་ན། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལྟར་དམིགས་པ་ལ་སྤྱོད་པའི་སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་
རྫོགས་པ་མ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་བམ་པོ་ཉི་ཤུ་ལྔ་པ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་སྤྱད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་
པར་འགྱུར་བ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་པ་ན། སྦྱིན་པ་པོ་དང་། སྦྱིན་པ་དང་། ལེན་པ་པོ་མི་དམིགས་ན། དེ་ནི་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཅན་དང་།

སེམས་ཅན་མི་དམིགས་ན། དེ་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །བཟོད་པ་དང་བཟོད་པར་བྱ་བ་དང་། བཟོད་པ་ཅན་མི་དམིགས་ན། དེ་ནི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །བརྩོན་འགྲུས་དང་། བྱ་བའི་དངོས་པོ་དང་།
སེམས་ཅན་མི་དམིགས་ན། དེ་ནི་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །བསམ་གཏན་དང་། བསམ་གཏན་པ་དང་། བསམ་གཏན་དུ་བྱ་བ་མི་དམིགས་ན། དེ་ནི་དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཤེས་རབ་དང་། ཤེས་རབ་ཅན་དང་།
ཤེས་པར་བྱ་བའི་དོན་མི་དམིགས་ན། དེ་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་
རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་དེ་ལྟར་མི་དམིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་འདི་དོན་དང་བཅས། ཚིག་འབྲུ་དང་བཅས་པར་བསྟན་པར་བྱའོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པ་ཡང་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་མ་འོངས་པའི་དུས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་སྟོན་པ་དག་འབྱུང་བར་འགྱུར་ཏེ། དེར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བླ་ན་མེད་
པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ཐོས་པར་བྱས་པས། ཕུང་བར་བྱེད་དེ། དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་བཅས། ཚིག་འབྲུ་དང་བཅས་པར་སྟོན་པར་མི་བྱེད་

པའི་ཕྱིར་རོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ནི་འདི་ལྟ་བུར་སྟོན་ཏོ། །
དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ནི་འདི་ཡིན་ཏེ། གཟུགས་མི་རྟག་གོ་ཞེས་གང་དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་སྟོན་ཏོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ལ་བསྟན་པ་དེ་དག་ཀྱང་གཟུགས་མི་རྟག་གོ་ཞེས་དཔྱོད་
ཅིང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་རྟག་གོ་ཞེས་དཔྱོད་པར་བྱེད་དོ། །གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་སྟོན་པ་དེ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ལ་སྤྱོད་པར་འགྱུར་ཏེ།
དེ་དག་མིག་མི་རྟག་གོ་ཞེས་སྟོན་པར་བྱེད་དོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་མི་རྟག་གོ་ཞེས་སྟོན་པར་བྱེད་དོ། །གཟུགས་མི་རྟག་གོ་ཞེས་སྟོན་པར་བྱེད་དོ། །སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་མི་རྟག་གོ་ཞེས་སྟོན་པར་བྱེད་དོ། །
སའི་ཁམས་མི་རྟག་གོ་ཞེས་སྟོན་པར་བྱེད་དོ། །ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་མི་རྟག་གོ་ཞེས་སྟོན་པར་བྱེད་དོ། །མིག་གི་ཁམས་མི་རྟག་གོ་ཞེས་སྟོན་པར་བྱེད་དོ། །རྣ་བའི་ཁམས་དང་།
སྣའི་ཁམས་དང་། ལྕེའི་ཁམས་དང་། ལུས་ཀྱི་ཁམས་དང་། ཡིད་ཀྱི་ཁམས་མི་རྟག་གོ་ཞེས་སྟོན་པར་བྱེད་དོ། །གཟུགས་ཀྱི་ཁམས་དང་། སྒྲའི་ཁམས་དང་། དྲིའི་ཁམས་དང་། རོའི་ཁམས་དང་། རེག་བྱའི་ཁམས་དང་། ཆོས་ཀྱི་ཁམས་མི་རྟག་གོ་ཞེས་སྟོན་པར་བྱེད་དོ། །
མིག་གི་རྣམ་པར་ཤེས་པའི་ཁམས་མི་རྟག་གོ་ཞེས་སྟོན་པར་བྱེད་དོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མི་རྟག་གོ་ཞེས་སྟོན་པར་བྱེད་དོ། །མིག་གི་འདུས་ཏེ་རེག་པ་མི་རྟག་གོ་ཞེས་སྟོན་པར་བྱེད་དོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་

དང་། ཡིད་ཀྱི་འདུས་ཏེ་རེག་པ་མི་རྟག་གོ་ཞེས་སྟོན་པར་བྱེད་དོ། །གཟུགས་སྡུག་བསྔལ་ལོ་ཞེས་བྱ་བ་དང་། བདག་མེད་དོ་ཞེས་བྱ་བ་དང་། མི་སྡུག་པའོ་ཞེས་སྟོན་པར་བྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྡུག་
བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་སྟོན་པར་བྱེད་དོ། །དེ་བཞིན་དུ་མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་སྟོན་པར་བྱེད་དོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་
དང་། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་སྟོན་པར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་
ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་སྟོན་པར་བྱེད་དོ། །གཟུགས་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་སྟོན་པར་བྱེད་དོ། །ཚོར་བ་དང་། འདུ་ཤེས་དང་།
འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་སྟོན་པར་བྱེད་དོ། །དེ་བཞིན་དུ་མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པའི་བར་དུ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་
དང་། མི་སྡུག་པའོ་ཞེས་སྟོན་པར་བྱེད་དོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་སྟོན་པར་བྱེད་དོ། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་
དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་

སྟོན་པར་བྱེད་དོ། །དེ་བཞིན་དུ་ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་སྟོན་པར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་མི་རྟག་པ་དང་། སྡུག་བསྔལ་བ་
དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་སྟོན་པར་བྱེད་དོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་
ཞེས་སྟོན་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའོ་ཞེས་སྟོན་པར་བྱེད་དེ། འདི་སྐད་དུ་དེ་ལྟར་སྤྱོད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་ཀྱང་ཟེར་ཏེ།
ཀཽ་ཤི་ཀ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ནི། འདི་སྐད་དུ་སྟོན་ཏེ་རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་ཤིག །ཁྱོད་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་བསྒོམས་ན། ས་དང་པོ་དང་ས་བཅུ་པའི་བར་ལ་གནས་པར་འགྱུར་རོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་
ཏུ་ཕྱིན་པ་བསྒོམས་ན། ས་དང་པོ་ལ་གནས་པར་འགྱུར་ཞིང་། ས་བཅུ་པའི་བར་ལ་གནས་པར་འགྱུར་རོ་ཞེས་སྟོན་ཏེ། དེ་ཡང་མཚན་མའི་ཚུལ་དང་། དམིགས་པའི་ཚུལ་དང་། དུས་ཀྱི་འདུ་ཤེས་ཀྱིས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པར་བྱེད་དོ། །ཀཽ་ཤི་ཀ་
འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་འདི་སྐད་དུ། རིགས་ཀྱི་བུ་ཁྱོད་ཚུར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་ཤིག །ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ན། ཉན་

ཐོས་ཀྱི་ས་ལས་ཡང་དག་པར་འདའ་བར་འགྱུར་ཞིང་། རང་སངས་རྒྱས་ཀྱི་ས་ལས་ཡང་དག་པར་འདའ་བར་འགྱུར་རོ། །ཞེས་སྟོན་པར་བྱེད་དེ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་
འམ་རིགས་ཀྱི་བུ་མོ་དེ་དག་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་སྟོན་པ་ན། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་ཤིག །དེ་ལྟར་བསྒོམས་ན། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་འགྱུར་
རོ། །ཞེས་སྟོན་པར་བྱེད་དེ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ན། འདི་སྐད་དུ་རིགས་ཀྱི་
བུ་ཁྱོད་ཚུར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་ཤིག །ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ན། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །ཁྱོད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ན། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ལ་གནས་
པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ལ་གནས་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པར་བྱ་བ་དང་། རྗེད་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་
ཀྱི་ཞིང་དུ་འགྲོ་བར་འགྱུར་རོ་ཞེས་སྟོན་ཏེ། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་སྟོན་པར་བྱེད་དོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་
ཀྱི་བུ་མོ་དེ་དག་ལ་འདི་སྐད་དུ། རིགས་ཀྱི་བུ་དག་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ནི་བསོད་ནམས་ཀྱི་ཕུང་པོ་གྲངས་མེད་དཔག་ཏུ་མེད། ཚད་མེད་པ་དང་ལྡན་པར་

འགྱུར་རོ་ཞེས་སྟོན་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་སྟོན་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་དག་
ལ་འདི་སྐད་དུ། རིགས་ཀྱི་བུ་ཁྱོད་ཚུར་ཤོག། །འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་དང་པོ་བསྐྱེད་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་
པར་རྫོགས་པར་སངས་རྒྱས་ཀྱི་བར་དུ། དགེ་བའི་རྩ་བ་ཅི་མངའ་བ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བྱས་ནས། གཅིག་ཏུ་བསྡུས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོས་ཤིག་ཅེས་སྟོན་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་
ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་སྟོན་པ་ཡིན་ནོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་ཇི་སྐད་དུ་བསྟན་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་
ཞུགས་པ་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་མི་སྟོན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་འདི་ལྟར་སྟོན་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་
ཞུགས་པ་རྣམས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་སྟོན་པ་མ་ཡིན་ཏེ། རིགས་ཀྱི་བུ་ཁྱོད་ཚུར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ལ་གཟུགས་མི་རྟག་པར་ཡང་མ་ལྟ་ཤིག །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་
ཀྱིས་སྟོང་སྟེ། གཟུགས་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ཡང་དངོས་པོ་མེད་ལ། དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ལ་ནི་གཟུགས་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་བརྗོད་དུ་མེད་པའི་

ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་གཟུགས་ཉིད་ཀྱང་མེད་ན། རྟག་པའམ་མི་རྟག་པར་ལྟ་ག་ལ་འགྱུར་ཞེས་དེ་སྐད་དུ་སྟོན་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་སྟོན་པ་མ་ཡིན་ནོ། །དེ་
བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་རྟག་པར་ཡང་མ་ལྟ་ཤིག །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱིས་སྟོང་སྟེ། རྣམ་པར་ཤེས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ཡང་དངོས་པོ་མེད་ལ།
དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ལ་ནི། རྣམ་པར་ཤེས་པ་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་བརྗོད་དུ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་རྣམ་པར་ཤེས་པ་ཉིད་ཀྱང་
མེད་ན་རྟག་པའམ་མི་རྟག་པར་ལྟ་ག་ལ་འགྱུར་ཞེས་དེ་སྐད་དུ་སྟོན་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་སྟོན་པ་མ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
སྒོམ་པ་འདི་སྐད་དུ་སྟོན་ཏེ། རིགས་ཀྱི་བུ་ཁྱོད་ཚུར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ལ། རིགས་ཀྱི་བུ་ཁྱོད་ཆོས་ཅི་ལ་ཡང་མ་ལྟ་ཤིག །ཆོས་གང་ལ་ཡང་གནས་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཆོས་
གང་ལས་འདའ་བར་བྱ་བའམ། གང་ལ་གནས་པར་བྱ་བའི་ཆོས་དེ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་སྟེ། ཆོས་གང་རང་བཞིན་གྱིས་སྟོང་པ་དེ་ནི་དངོས་པོ་མེད་ལ། དངོས་པོ་མེད་པ་གང་ཡིན་པ་དེ་ནི་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ལ་ནི་ཆོས་གང་བླང་བའམ། དོར་བའམ། སྐྱེ་བའམ་འགག་པ་མེད་པའི་ཕྱིར་རོ་ཞེས་དེ་ལྟར་སྟོན་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ལྟར་བཅོས་པ་སྟོན་པ་མ་ཡིན་ནོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོང་པ་ཉིད་ཐམས་ཅད་དང་། སྟོབས་
རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །རིགས་ཀྱི་བུ་དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མི་རྟག་པར་ཡང་མ་ལྟ་ཤིག །དེ་ཅིའི་
ཕྱིར་ཞེ་ན། འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ཡང་དངོས་པོ་མེད་ལ། དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ལ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་བརྗོད་དུ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མེད་ན་རྟག་པའམ། མི་རྟག་
པར་ལྟ་ག་ལ་འགྱུར་ཞེས་དེ་སྐད་དུ་སྟོན་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་སྟོན་པ་མ་ཡིན་ནོ། །ཀཽ་ཤི་ཀ་དེ་བས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དེ་ལྟར་བསྟན་
པར་བྱའོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལྟར་སྟོན་ན། བསོད་ནམས་ཆེས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་
བཀོད་ན། ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམའམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། ཀཽ་ཤི་ཀ་དེ་བས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དང་བཅས། ཚིག་འབྲུ་དང་བཅས་པར་གཞན་དག་ལ་རྣམ་གྲངས་དུ་མར་རྗོད་ཅིང་འཆད་ལ། རྣམ་པར་འབྱེད་དེ་གསལ་བར་བྱེད་ཅིང་
ཡང་དག་པར་སྟོན་ལ། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟུང་ཤིག །ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག །ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་
ཏན་གྱིས་ཤིག་ཅེས་ཀྱང་ཟེར་ན། དེ་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་རྒྱུན་དུ་ཞུགས་པ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་འབྱུང་བའི་ཕྱིར་རོ། །ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་རྣམས་
རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཏུལ་བ་ལྟ་ཡང་ཞོག །སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཏུལ་བ་ལྟ་ཡང་ཞོག །སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཏུལ་བ་ལྟ་ཡང་ཞོག །
ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཏུལ་བ་ལྟ་ཡང་ཞོག་གི། །ཀཽ་ཤི་ཀ་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་རྙེད་དག་ན། སེམས་ཅན་ཇི་སྙེད་འཁོད་པ་དེ་དག་རིགས་ཀྱི་བུའམ་
རིགས་ཀྱི་བུ་མོ་ལ་ལས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་ལ། དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། ཕྱོགས་མཚམས་རྣམས་དང་། སྟེང་དང་། འོག་ཏུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་འཁོད་པ་དེ་
དག་ཐམས་ཅད་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་ན། ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་ཆེས་མང་དུ་སྐྱེད་སྙམའམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་

མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་བཅས། ཚིག་འབྲུ་དང་བཅས་པར་གཞན་དག་ལ་རྒྱ་ཆེར་འཆད་ཅིང་ཡང་
དག་པར་སྟོན་ལ། རྣམ་པར་འབྱེད་ཅིང་འགྲེལ་ཏེ། གསལ་བར་བྱེད་ལ་འདི་སྐད་དུ། རིགས་ཀྱི་བུ་ཁྱོད་ཚུར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟུང་ཤིག །ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག །ཇི་
སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་གྱིས་ཤིག་ཅེས་ཀྱང་ཟེར་ན། དེ་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་རྒྱུན་དུ་ཞུགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་ཕྱིར་རོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་
ཀྱི་བུ་མོ་གང་ལ་ལས་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་དགྲ་བཅོམ་པ་ཉིད་ཀྱི་བར་དུ་བཀོད་ན། ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་
ལས་བསོད་ནམས་ཆེས་མང་དུ་སྐྱེད་སྙམ་འམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་བཅས། ཚིག་འབྲུ་དང་བཅས་པར་སེམས་ཅན་གཞན་དག་ལ་རྒྱ་ཆེར་འཆད་པ་ནས། ཡང་དག་པར་རབ་ཏུ་སྟོན་པའི་བར་དུ་བྱེད་ལ། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟུང་ཤིག །ཆོངས་ཤིག །ལྷོགས་
ཤིག །ཀུན་ཆུབ་པར་གྱིས་ཤིག །ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག །ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་གྱིས་ཤིག་ཅེས་ཀྱང་ཟེར་ན། དེ་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་འདི་ལས་འབྱུང་བའི་ཕྱིར་རོ། །ཀཽ་ཤི་ཀ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དགྲ་བཅོམ་པའི་བར་དུ་བཏུལ་བ་ལྟ་ཞོག་གི །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་གླིང་བཞི་པའི་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་ཉིད་ཀྱི་བར་དུ་
བཀོད་ལ་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དགྲ་བཅོམ་པ་ཉིད་ཀྱི་བར་དུ་བཀོད་དེ། ཀཽ་ཤི་ཀ་ཤར་ཕྱོགས་
སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ད་དག་ན། སེམས་ཅན་འཁོད་པ་དེ་དག་ཐམས་ཅད་དགྲ་བཅོམ་པ་ཉིད་ཀྱི་བར་དུ་བཀོད་ན། ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམའམ། བརྒྱ་བྱིན་
གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་དག་ལ་ཡང་དག་པར་སྟོན་
ཅིང་འཆད་ལ། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟུང་ཤིག །ཀུན་ཆུབ་པར་བྱ་བའི་བར་དུ་གྱིས་ཤིག །ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་གྱིས་ཤིག་ཅེས་ཀྱང་ཟེར་ན། དེ་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་
ཕྱིར་ཞེ་ན། ཀཽ་ཤི་ཀ་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་འབྱུང་བའི་ཕྱིར་རོ། །ཀཽ་ཤི་ཀ་གཞན་ཡང་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་
སྙེད་འཁོད་པ་དེ་དག་ཐམས་ཅད་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། རང་སངས་རྒྱས་ཉིད་ལ་བཀོད་ན། ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམའམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་

ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདོད་པ་དག་ལ་དོན་དང་བཅས། ཚིག་འབྲུ་དང་བཅས་པར་སྟོན་
ཅིང་ཡང་དག་པར་སྟོན་པའི་བར་དུ་བྱེད་ལ། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟུང་ཤིག །ཀུན་ཆུབ་པར་གྱིས་ཤིག །ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་གྱིས་ཤིག་ཅེས་ཀྱང་ཟེར་ན། དེ་ཆེས་བསོད་ནམས་མང་
དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་རང་སངས་རྒྱས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་འབྱུང་བའི་ཕྱིར་རོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་གང་ཡིན་པ་དེ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ལ་བཀོད་པ་བས་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་བཅས། ཚིག་འབྲུ་དང་བཅས་པར་གཞན་དག་ལ་རྒྱ་ཆེར་འཆད་ཅིང་ཡང་དག་པར་སྟོན་པའི་བར་དུ་བྱེད་ལ། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཇི་ལྟ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སློབ་པ་དེ་
ལྟ་དེ་ལྟར་ཁྱོད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཐོབ་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཁྱོད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཐོབ་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱོད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེར་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །
ཇི་ལྟ་ཇི་ལྟར་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེར་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་འགྱུར་རོ་ཞེས་ཀྱང་ཟེར་ན། དེ་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་རྣམས་ནི་དེ་ལས་བྱུང་ལ་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། བྱང་ཆུབ་སེམས་དཔའ་གང་སུ་དག་འཁོད་པ་དེ་དག་ཐམས་ཅད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་སྟེ།

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་
སྙེད་དག་ན། སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པ་ཉིད་ལ་བཀོད་ན། ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམའམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་
འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་བཅས། ཚིག་འབྲུ་དང་བཅས་པར་གཞན་དག་
ལ་འཆད་ཅིང་ཡང་དག་པར་སྟོན་པའི་བར་དུ་བྱེད་ལ། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟུང་ཤིག །ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་བྱ་བའི་བར་དུ་གྱིས་ཤིག་དང་། རིགས་ཀྱི་བུ་ཁྱོད་ཇི་ལྟ་ཇི་ལྟར་ཇི་སྐད་
བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་བྱེད་པ་དེ་ལྟ་དེ་ལྟར་རིགས་ཀྱི་བུ་ཁྱོད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཆོས་རྣམས་ཐོབ་པར་འགྱུར་རོ། །དེ་བཞིན་དུ་སྦྱོར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་
རྒྱ་བར་འགྱུར་རོ་ཞེས་དེ་སྐད་ཀྱང་ཟེར་ན། ཀཽ་ཤི་ཀ་དེ་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་བའི་ཕྱིར་རོ། །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་
གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་བས་ནི། དེ་དག་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་བཅས། ཚིག་འབྲུ་དང་བཅས་པར་འཆད་ཅིང་ཡང་དག་

པར་སྟོན་པའི་བར་དུ་བྱེད་ལ། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུང་ཤིག །ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ནན་ཏན་བྱ་བའི་བར་དུ་གྱིས་ཤིག་དང་། རིགས་ཀྱི་བུ་ཁྱོད་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ལ་ཇི་ལྟ་ཇི་ལྟར་ནན་ཏན་བྱེད་པ་དེ་ལྟ་དེ་ལྟར་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་པས། ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར་ཏེ། རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ་ཞེས་ཀྱང་
ཟེར་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ཆེས་བསོད་ནམས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་གཞན་ཡང་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་འཁོད་པ་རྣམས་དང་། སྟོང་གི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང་། སྟོང་
གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་འཁོད་པ་རྣམས་དང་། ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་འཁོད་པ་དེ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་བཅས། ཚིག་འབྲུ་དང་བཅས་པར་སེམས་ཅན་དེ་དག་ལ་བཤད་ཅིང་ཡང་དག་པར་བསྟན་ལ། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤོག །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུང་ཤིག །ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ནན་ཏན་བྱ་བའི་བར་དུ་གྱིས་ཤིག་དང་། ཁྱོད་འདི་ལ་ནན་ཏན་བྱས་པས། ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་ཏེ། རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ་ཞེས་ཀྱང་ཟེར་ན། དེ་ཆེས་བསོད་ནམས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག །འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཉིད་ལ་བཀོད་དེ། དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དོན་དང་བཅས། ཚིག་འབྲུ་དང་བཅས་པར་བཤད་པ་ནས། ཡང་དག་པར་བསྟན་པའི་བར་དུ་བྱེད་པ་བས། དེ་དག་གི་ནང་ནས་གཅིག་ཅིག་འདི་སྐད་དུ།
བདག་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་དོ་ཞེས་ཟེར་བ་དེ་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་བཅས། ཚིག་འབྲུ་དང་བཅས་པར་སྟོན་ན། དེ་ཆེས་བསོད་ནམས་མང་
དུ་སྐྱེད་དོ། །ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ལ་ལ་ཞིག་གིས་ཕྱིར་མི་ལྡོག་པའི་ས་ལ་བཀོད་པ་དང་། ལ་ལ་ཞིག་གིས་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པ་བས་ནི།
དེ་དག་གི་ནང་ནས་འགའ་ཞིག་འདི་སྐད་དུ་བདག་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་ཟེར་བ་དེ་ལ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་བཅས། ཚིག་འབྲུ་དང་བཅས་པར་སྟོན་ན། དེ་ཆེས་
བསོད་ནམས་མང་དུ་སྐྱེད་དོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཇི་ལྟ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་འཚལ་ལགས་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་
བསྟན་འཚལ་ལགས་སོ། །སྟོང་པ་ཉིད་ཐམས་ཅད་ལ་གདམས་ཤིང་རྗེས་སུ་བསྟན་འཚལ་ལགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་

ལ་གདམས་ཤིང་རྗེས་སུ་བསྟན་འཚལ་ལགས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོར་ཡང་དག་པའི་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གདམས་ཤིང་རྗེས་སུ་བསྟན་འཚལ་ལགས་སོ། །གོས་དང་། ཟས་དང་།
མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་སྨན་གདགས་འཚལ་ལགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཆོས་དང་། ཟང་ཟིང་གི་བསྡུ་བ་གཉིས་ཀྱིས་སྨན་གདགས་འཚལ་ཏེ། ཆོས་དང་། ཟང་ཟིང་གིས་སྨན་འདོགས་
པ་དེ་ནི་སྔ་མ་གཉིས་བས་ཆེས་བ