Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 030_ཁྲི་བརྒྱད།_ཁ

Văn bản gốc(Tây Tạng)

Trang 3 / 19 (50.000 ký tự/trang)
སོད་ནམས་མང་དུ་སྐྱེད་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་འདོམས་ཤིང་རྗེས་སུ་སྟོན་པ་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་
ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱིས་འདོམས་ཤིང་རྗེས་སུ་སྟོན་པའི་སླད་དུའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་དབང་པོ་བརྒྱ་བྱིན་
ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་གང་ཁྱོད་ཀྱིས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ཀྱི་སྤྲོ་བ་བསྐྱེད་པ་ནི་ལེགས་སོ་ལེགས་སོ། །ཁྱོད་ཀྱི་ལས་ནི་དེ་ཡིན་ནོ། །འཕགས་པ་ཉན་ཐོས་གང་སེམས་ཅན་རྣམས་ལ་ཕན་གདགས་པར་འདོད་པ་དེས་ནི་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྤྲོ་བ་བསྐྱེད་པར་བྱའོ། །ཆོས་དང་། ཟང་ཟིང་གི་བསྡུ་བས། བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་གདགས་པར་བྱ་ཞིང་ཡོངས་སུ་བསྐྱང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་
འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དེ་ལས་བྱུང་སྟེ། རང་སངས་རྒྱས་ཀྱི་ཐེག་པ་ཡང་དེ་ལས་བྱུང་ལ། ཐེག་པ་ཆེན་པོ་ཡང་དེ་ལས་བྱུང་བའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མ་གྱུར་ལ།

གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་བསླབས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་
མ་འདྲེས་པ་བཅོ་བརྒྱད་ལ་མ་བསླབས་ན། ཆོས་དེ་དག་ལ་མ་བསླབས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ། །མངོན་པར་རྫོགས་པར་སངས་མ་རྒྱས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། རང་སངས་
རྒྱས་ཀྱི་བྱང་ཆུབ་དང་། ཉན་ཐོས་ཀྱི་བྱང་ཆུབ་ཡོད་པར་མི་འགྱུར་བ་ཞིག་ན། ཀཽ་ཤི་ཀ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དག་ལ་སློབ་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་དམྱལ་བ་རྣམས་རྒྱུན་གཅོད་པར་འགྱུར་ཞིང་། དུད་འགྲོའི་སྐྱེ་གནས་
དང་། ཡི་དགས་ཀྱི་ཡུལ་ཐམས་ཅད་རྒྱུན་གཅོད་པར་འགྱུར་རོ། །རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འབྱུང་བར་འགྱུར་རོ། །བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འབྱུང་བར་འགྱུར་རོ། །ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་འབྱུང་བར་འགྱུར་རོ། །རྒྱལ་ཆེན་བཞིའི་
རིས་ཀྱི་ལྷ་རྣམས་འབྱུང་བར་འགྱུར་རོ། །སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་འཁོར་དང་། འོད་ཆུང་དང་། ཚད་མེད་འོད་དང་།
འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་བ་དང་། གནས་གཙང་མ་མི་ཆེ་བ་དང་། གྱ་ནོམ་སྣང་དང་། ཤིན་ཏུ་མཐོང་དང་། མི་གདུང་བ་དང་། འོག་མིན་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང་། རྣམ་ཤེས་

མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཡོད་པར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་ངོ་། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་
དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་དུ་འབྱུང་ངོ་། །ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་འཇིག་རྟེན་དུ་འབྱུང་
ངོ་། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་འཇིག་རྟེན་དུ་འབྱུང་ངོ་། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་འཇིག་རྟེན་དུ་འབྱུང་ངོ་། །ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་འཇིག་རྟེན་དུ་འབྱུང་ངོ་། །ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་བསོད་ནམས་ཀྱི་ཁྱད་པར་གྱི་ལེའུ་ཞེས་བྱ་སྟེ་སུམ་ཅུ་རྩ་གཉིས་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་
འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་བསོད་ནམས་བྱ་བའི་དངོས་པོ་གང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཏེ། དེ་ཡང་མི་དམིགས་པའི་
ཚུལ་གྱིས་ཡོངས་སུ་བསྔོས་ན། སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་
རྣམས་ཀྱི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དེ་བས་ནི། བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་

བསོད་ནམས་བྱ་བའི་དངོས་པོ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དེ་མཆོག་ཅེས་བྱ། ཕུལ་དུ་བྱུང་བ་ཞེས་བྱ། གཙོ་བོ་ཞེས་བྱ། རབ་ཅེས་བྱ། རབ་མཆོག་ཅེས་བྱ། གྱ་ནོམ་
པ་ཞེས་བྱ། བླ་ན་མེད་པ་ཞེས་བྱ། གོང་ན་མེད་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དེ་དག་
ཐམས་ཅད་ནི་བདག་ཉིད་དུལ་བར་བྱ་བ་དང་། བདག་ཉིད་ཞི་བར་བྱ་བ་དང་། བདག་ཉིད་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་བྱེད་ཅིང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་བར་དུ་ཡང་བདག་ཉིད་
དུལ་བར་བྱ་བ་དང་། བདག་ཉིད་ཞི་བར་བྱ་བ་དང་། བདག་ཉིད་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་ཡིན་གྱི། བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་བསོད་ནམས་བྱ་བའི་དངོས་པོ་དེ་ནི་སེམས་ཅན་ཐམས་ཅད་དུལ་བར་བྱ་བ་དང་། སེམས་ཅན་ཐམས་
ཅད་ཞི་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་
ལ་འདི་སྐད་ཅེས་སྨྲས་སོ། །བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མེད་ཚད་མེད་པ་དག་གི་འཇིག་རྟེན་གྱི་ཁམས་རེ་རེར་ཡང་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་
པ་དེ་དག་གི་ཐུགས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དག་དང་། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དག་དང་། ཇི་སྲིད་དུ་དམ་

པའི་ཆོས་ནུབ་པར་མ་གྱུར་པའི་བར་དེའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་གང་ཡིན་པ་དང་། དེ་དག་གི་ཉན་ཐོས་ཀྱི་ཐེག་པ་པ་དག་གི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི་
བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དང་། སློབ་པ་དང་། མི་སློབ་པ་རྣམས་ཀྱི་ཟག་པ་མེད་པའི་དགེ་བའི་རྩ་བ་གང་ཡིན་པ་དག་དང་། དེ་བཞིན་གཤེགས་པ་དེ་དག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་
གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་གང་ཡིན་པ་དག་དང་། ཕན་པར་བཞེད་པ་གང་ཡིན་པ་དག་དང་། ཐུགས་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ། གྲངས་མེད་པ་གང་ཡིན་པ་དག་དང་། སངས་རྒྱས་
བཅོམ་ལྡན་འདས་དེ་དག་གིས་ཆོས་བསྟན་པ་གང་ཡིན་པ་དག་དང་། ཆོས་བསྟན་པ་དེ་དག་གི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་དང་། དགྲ་བཅོམ་པ་ཉིད་ཀྱི་བར་དང་། རང་བྱང་ཆུབ་ཐོབ་པའི་བར་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པ་གང་
ཡིན་པ་དེ་དག་གི་དགེ་བའི་རྩ་བ་གང་ཡིན་པ་དག་དང་། དེ་བཞིན་གཤེགས་པ་བཞུགས་པའམ། ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་ལ་གང་དག་གིས་དགེ་བའི་རྩ་བ་བསྐྱེད་པ་དེ་དག་ཐམས་ཅད་མངོན་པར་བསྡུས་ཏེ། རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་
ཞིང་། རྗེས་སུ་ཡི་རང་བའི་གཙོ་བོ་དང་། ཁྱད་པར་དུ་འཕགས་པ་དང་། རབ་དང་། རབ་མཆོག་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མེད་པ་དང་། གོང་ན་མེད་པ་དང་། མཉམ་པ་མེད་པ་དང་། མི་མཉམ་པ་དང་། མཉམ་པའི་རྗེས་སུ་ཡི་རང་བས་རྗེས་སུ་
ཡི་རང་ནས། རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པར་གྱུར་ཅིག་ཅེས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ལ།

ཐེག་པ་ཆེན་པོ་པ་གང་ཡིན་པ་དེས་དེ་སྐད་དུ་སྨྲས་ཏེ། སེམས་ཀྱིས་དེ་ལྟར་ཡོངས་སུ་སྔོ་བར་བྱེད་ན། དམིགས་པ་གང་དང་། དངོས་པོ་གང་དག་གིས་སེམས་དེ་བསྐྱེད་པའི་དངོས་པོ་དེ་དག་དང་། དམིགས་པ་དེ་དག་རིགས་ཀྱི་བུ་དེ་དག་གིས་ཇི་ལྟར་
མཚན་མར་བཟུང་བ་དེ་བཞིན་དུ་ཡོད་ཅིང་དམིགས་པ་ཞིག་ཡིན་ནམ། བྱམས་པས་སྨྲས་པ། བཙུན་པ་རབ་འབྱོར་གྱིས་དངོས་པོ་དེ་དག་དང་། དམིགས་པ་དེ་དག་ནི་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དེ་དག་གིས་ཇི་ལྟར་མཚན་མར་བཟུང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་བཞིན་དུ་ཡོད་པ་མ་ཡིན་ཞིང་དམིགས་སུ་མེད་དོ། །རབ་འབྱོར་གྱིས་སྨྲས་པ། གལ་ཏེ་དངོས་པོ་མེད་པ་ལ་དམིགས་པ་མེད་པ་དག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་
བཞུགས་པ་དེ་དག་མཚན་མར་བཟུང་ནས། དེ་དག་གིས་ཐུགས་དང་པོ་བསྐྱེད་པ་ནས་བཟུང་སྟེ། དམ་པའི་ཆོས་གནས་པའི་བར་གྱི་དགེ་བའི་རྩ་བ་གང་ཡིན་པ་དག་དང་། ཉན་ཐོས་ཀྱི་ཐེག་པ་པ་སློབ་པ་དང་། མི་སློབ་པ་དེ་དག་གི་དགེ་བའི་རྩ་བ་གང་ཡིན་པ་དེ་དག་ཐམས་ཅད་
མངོན་པར་བསྡུས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། མི་རྟག་པ་ལ་རྟག་པར་འདུ་ཤེས་ཕྱིན་ཅི་ལོག་པ་དང་། སེམས་ཕྱིན་ཅི་ལོག་པ་དང་། ལྟ་བ་ཕྱིན་ཅི་ལོག་པ་དང་། སྡུག་བསྔལ་བ་ལ་བདེ་ཞེས་བྱ་བ་དང་། བདག་མེད་པ་ལ་བདག་ཅེས་བྱ་
བ་དང་། མི་སྡུག་པ་ལ་སྡུག་ཅེས་བྱ་བར་འདུ་ཤེས་ཕྱིན་ཅི་ལོག་པ་དང་། སེམས་ཕྱིན་ཅི་ལོག་པ་དང་། ལྟ་བ་ཕྱིན་ཅི་ལོག་པ་དང་། ཇི་ལྟ་བ་བཞིན་དུ་དེ་ཡང་ཕྱིན་ཅི་ལོག་པར་མི་འགྱུར་གྲང་། ཡང་ན་དངོས་པོ་ཇི་ལྟ་བ་བཞིན་དུ་དམིགས་པ་ཡང་དེ་ཁོ་ན་ལྟ་བུ་ཡིན་ཞིང་། བྱང་ཆུབ་
ཀྱང་དེ་ཁོ་ན་བཞིན་ལ་སེམས་ཀྱང་དེ་ཁོ་ན་བཞིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་ཁོ་

ན་བཞིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་དེ་བཞིན། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱང་དེ་ཁོ་ན་བཞིན་པ་ཞིག་ཡིན་ལ།
དེ་ལྟར་གལ་ཏེ་དངོས་པོ་ཇི་ལྟ་བ་བཞིན་དུ་དམིགས་པ་ཡང་དེ་ཁོ་ན་བཞིན་ཏེ། བྱང་ཆུབ་ཀྱང་དེ་ལྟ་བུ་ཡིན་ལ། སེམས་ཀྱང་དེ་བཞིན། གཟུགས་ཀྱང་དེ་བཞིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དེ་བཞིན། མིག་ཀྱང་དེ་བཞིན། རྣ་བ་
དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་དེ་བཞིན། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡང་དེ་བཞིན། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་
ཀྱི་ཡན་ལག་དང་། ལམ་ཡང་དེ་བཞིན། སྟོབས་བཅུ་ཡང་དེ་བཞིན། མི་འཇིགས་པ་རྣམས་ཀྱང་དེ་བཞིན། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་དེ་བཞིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱང་དེ་བཞིན་པ་ཞིག་ཡིན་ན། དེ་ལ་དངོས་པོ་ནི་གང་ཡིན། དམིགས་
པ་ནི་གང་ཡིན། ཏིང་ངེ་འཛིན་ནི་གང་ཡིན། སེམས་ནི་གང་ཡིན། དགེ་བའི་རྩ་བ་དེ་དག་ནི་གང་ཡིན། རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་སེམས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི་གང་ཡིན། བྱམས་པས་སྨྲས་པ། བཙུན་པ་རབ་འབྱོར་
གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་སྤྱོད་པ་ཡང་ཡིན་ལ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱེད་བྱེད་པ་ཡང་ཡིན། དགེ་བའི་རྩ་བ་སྐྱེད་སྐྱེད་པ་ཡང་ཡིན། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ཡང་ཡིན། རང་གི་
མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་སློབ་སློབ་པ་ཡང་ཡིན་ནི། དེ་དག་གིས་དངོས་པོ་དེ་དག་དང་། དམིགས་པ་དེ་དག་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། དགེ་བའི་རྩ་བ་དེ་དག་དང་། རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་བསོད་ནམས་བྱ་བའི་དངོས་པོ་དེ་དག་

མཚན་མར་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་མི་བྱེད་ཀྱི་གཉིས་སུ་མེད་པའི་ཚུལ་དང་། མཚན་མ་མེད་པའི་ཚུལ་ཇི་ལྟ་བ་དེ་བཞིན་དུ་ཡོངས་སུ་སྔོ་བར་བྱེད་དེ། དམིགས་པའི་ཚུལ་དང་། དམིགས་པ་
མེད་པའི་ཚུལ་དང་། ཀུན་ནས་ཉོན་མོངས་པའི་ཚུལ་དང་། རྣམ་པར་བྱང་བའི་ཚུལ་དང་། སྐྱེ་བའི་ཚུལ་དང་། འགག་པའི་ཚུལ་གྱིས་ནི་མ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་མ་བསླབས། སངས་རྒྱས་མང་པོ་ལ་ཡང་བསྙེན་
བཀུར་མ་བྱས། དགེ་བའི་རྩ་བ་རྣམས་ཀྱང་མ་བསྐྱེད། དགེ་བའི་བཤེས་གཉེན་གྱིས་ཀྱང་ཡོངས་སུ་མ་ཟིན། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ཡང་མ་བསླབས་ན། དེ་དག་གིས་ནི་དངོས་པོ་དེ་དག་དང་། དམིགས་པ་དེ་དག་དང་། དགེ་བའི་རྩ་བ་དེ་དག་
དང་། རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་སེམས་བསྐྱེད་པ་དེ་དག་མཚན་མར་བཟུང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་འགྱུར་རོ། །བཙུན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟར་བསྟན་པ་འདི་ནི་ཐེག་པ་ལ་གསར་དུ་
ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་བརྗོད་པར་མི་བྱའོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་
རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་བསྟན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་དད་པ་ཙམ་དང་། དང་བ་ཙམ་དང་། དགའ་བ་ཙམ་དང་། གུས་པ་ཙམ་ཡོད་པ་གང་ཡིན་པ་དེ་ཡང་མེད་པར་འགྱུར་བའི་ཕྱིར་རོ། །
ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་ནི་བརྗོད་པར་བྱ། བསྟན་པར་བྱ་སྟེ། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ཀྱི་བར་དུ་ཡང་བསྟན་པར་བྱའོ། །དེ་ནི་དེ་ལྟ་བུ་ཐོས་ན་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་རོ། །གལ་ཏེ་དེ་དགེ་བའི་

བཤེས་གཉེན་གྱིས་ཟིན་ལ་སྔོན་གྱི་རྒྱལ་བ་དག་ལ་ལྷག་པར་བྱ་བ་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཞིག་ཡིན་ན་ནི། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་
བསོད་ནམས་བྱ་བའི་དངོས་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ཉི་ཤུ་དྲུག་པ། རབ་འབྱོར་གྱིས་སྨྲས་པ། བྱམས་པ་སེམས་གང་གིས་རྗེས་སུ་
ཡི་རང་ནས་ཡོངས་སུ་སྔོ་བར་བྱེད་པའི་སེམས་དེ་ནི་ཟད་ཅིང་འགག་ལ་མེད་དེ། རྣམ་པར་གྱུར་པ་ཡིན་ལ། དངོས་པོ་དེ་དག་དང་། དམིགས་པ་དེ་དག་དང་། དགེ་བའི་རྩ་བ་དེ་དག་དང་། རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་བསོད་ནམས་བྱ་བའི་དངོས་པོ་དེ་ཡང་ཟད་ཅིང་འགག་ལ་
མེད་དོ། །རྣམ་པར་གྱུར་པ་ཡིན་ན། རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་སེམས་དེ་ནི་གང་ཡིན། དངོས་པོ་དེ་དག་ནི་གང་ཡིན། དམིགས་པ་དེ་དག་ནི་གང་ཡིན། དགེ་བའི་རྩ་བ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི་གང་ཡིན།
ཅི་སེམས་ཀྱིས་སེམས་ཡོངས་སུ་བསྔོའམ། གལ་ཏེ་སེམས་ཀྱིས་སེམས་ཡོངས་སུ་བསྔོ་ན་ནི་སེམས་གཉིས་ཕྲད་པར་འགྱུར་བ་མེད་དེ། སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་ཡོངས་སུ་བསྔོ་བར་མི་ནུས་སོ། །བྱམས་པས་སྨྲས་པ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་པ་དང་། གཟུགས་དངོས་པོ་མེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དངོས་པོ་མེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དངོས་པོ་མེད་པ་དང་། སྟོབས་རྣམས་དང་། མི་འཇིགས་པ་

རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དངོས་པོ་མེད་པ་དང་། བྱང་ཆུབ་དངོས་པོ་མེད་པར་འདུ་ཤེས་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་
པའི་བསོད་ནམས་བྱ་བའི་དངོས་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། གལ་ཏེ་དེ་ལྟར་བསྔོས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་བྱམས་པས། གནས་བརྟན་རབ་
འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསྟན་པ་འདི་ཐོས་ན་སྐྲག་སྟེ། དངང་ཞིང་དངང་པར་མི་འགྱུར་གྲང་། བཙུན་པ་རབ་འབྱོར་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་
པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་བའི་རྩ་བ་དེ་དག་ཀྱང་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ། རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་བསོད་ནམས་བྱ་བའི་དངོས་པོ་ཡོངས་སུ་བཟུང་བ་ཡང་། ཇི་ལྟར་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་འགྱུར། རབ་འབྱོར་གྱིས་སྨྲས་པ། བྱམས་པ་གལ་ཏེ་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མི་
དམིགས་པའི་ཚུལ་གྱིས་འཛིན་གྱི། མཚན་མའི་ཚུལ་གྱིས་མ་ཡིན་པ་དང་། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མི་དམིགས་པའི་ཚུལ་གྱིས་འཛིན་གྱི། མཚན་མའི་ཚུལ་གྱིས་མ་ཡིན་པ་དང་། ནང་སྟོང་པ་ཉིད་ལ་སྤྱོད་ལ། སྟོང་པ་ཉིད་དེ་ཡང་མི་དམིགས་པའི་ཚུལ་གྱིས་འཛིན་གྱི། མཚན་མའི་ཚུལ་གྱིས་མ་ཡིན་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་

སྟོང་པ་ཉིད་ཀྱི་བར་ལ་སྤྱོད་ལ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་ཡང་མི་དམིགས་པའི་ཚུལ་གྱིས་འཛིན་གྱི། མཚན་མའི་ཚུལ་གྱིས་མ་ཡིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྤྱོད་ལ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དེ་དག་ཀྱང་མི་དམིགས་
པའི་ཚུལ་གྱིས་འཛིན་གྱི། མཚན་མའི་ཚུལ་གྱིས་མ་ཡིན་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་ལ། དེ་དག་ཀྱང་མི་དམིགས་པའི་ཚུལ་གྱིས་འཛིན་གྱི། མཚན་མའི་ཚུལ་
གྱིས་མ་ཡིན་ནོ། །དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་མང་བར་འགྱུར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མོས་པ་མང་
བར་འགྱུར། ནང་སྟོང་པ་ཉིད་ལ་མོས་པ་མང་བར་འགྱུར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་མོས་པ་མང་བར་འགྱུར། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་མོས་པ་མང་བར་འགྱུར། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་
བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་མོས་པ་མང་བར་འགྱུར་ཞིང་། དགེ་བའི་བཤེས་གཉེན་གྱིས་ཀྱང་ཡོངས་སུ་ཟིན་པར་འགྱུར་ཏེ། དགེ་བའི་བཤེས་གཉེན་དེ་དག་ཀྱང་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་དུ་དོན་དང་
བཅས། ཚིག་འབྲུ་དང་བཅས་པ་སྟོན་ཏེ། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ཀྱི་བར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲལ་བར་མི་འགྱུར་བ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་བར་དང་འབྲལ་བར་མི་
འགྱུར་བ་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་དང་ཡང་འབྲལ་བར་མི་འགྱུར་བ་དེ་ལྟ་བུར་ཡང་སྟོན་ཏོ། །

བདུད་ཀྱི་ལས་རྣམས་ཀྱང་སྟོན་ཏེ། དེས་བདུད་ཀྱི་ལས་དེ་དག་ཐོས་ན་འགྲིབ་པར་ཡང་མི་འགྱུར་འཕེལ་བར་ཡང་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བདུད་ཀྱི་ལས་དེ་དག་རང་བཞིན་གྱིས་མི་དམིགས་པའི་ཕྱིར་རོ། །དེ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་
ཞུགས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཡང་འབྲལ་བར་མི་འགྱུར་ཞིང་དེ་དག་ལ་ཡང་དགེ་བའི་རྩ་སྐྱེད་པར་འགྱུར་ཏེ། དགེ་བའི་རྩ་བ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའི་རིགས་ཡོངས་སུ་འཛིན་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་
པར་རྫོགས་པར་སངས་རྒྱས་ཀྱི་བར་དུ། བྱང་ཆུབ་སེམས་དཔའི་རིགས་དེ་དང་ཡང་འབྲལ་བར་མི་འགྱུར་རོ། །བྱམས་པ་གཞན་ཡང་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་ལམ་གྱི་རྒྱུན་བཅད་པ། སྤྲོས་
པ་དང་སྲིད་པར་ཁྲིད་པའི་རྒྱུན་བཅད་པ། ཚིག་གི་ལམ་ཆད་པ། ཁུར་བོར་བ་ཚེར་མ་བསལ་བ། སྲིད་པར་ཀུན་ཏུ་སྦྱོར་བ་བཅད་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་རྣམ་པར་གྲོལ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱོགས་བཅུའི་འཇིག་རྟེན་གྱི་
ཁམས་དཔག་ཏུ་མེད། གྲངས་མེད་པ་དག་ན་བཞུགས་ཏེ། འཚོ་ཞིང་གཞེས་པ་གང་ཡིན་པ་དེ་དག་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཉན་ཐོས་རྣམས་ཀྱི་བསོད་ནམས་མངོན་པར་འདུ་བྱེད་པ་གང་ཡིན་པ་དང་། དེ་དག་ལ་གང་དག་གིས་དགེ་བའི་རྩ་བ་བསྐྱེད་པ་དག་དང་།
རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱི་བར་དག་གི་ཕྱིར་དགེ་བའི་རྩ་བ་
བསྐྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་མངོན་པར་བསྡུས་ནས། གཅིག་ཏུ་བརྟུལ་ཅིང་གཞལ་ཏེ། རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བར་བྱའོ། །རྗེས་སུ་ཡི་རང་བ་ཕུལ་དུ་བྱུང་བ་དང་། གཙོ་བོ་དང་། རབ་དང་། རབ་མཆོག་དང་། གྱ་ནོམ་པས་རྗེས་སུ་ཡི་རང་

ནས། རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །བྱམས་པས་སྨྲས་པ། བཙུན་པ་རབ་འབྱོར་གལ་ཏེ་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་གི་དགེ་བའི་རྩ་བ་ཐམས་ཅད་ལ་བསམས་ཏེ། རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་ལ། རྗེས་སུ་ཡི་རང་བ་གོང་ན་མེད་པའི་བར་གྱིས་རྗེས་སུ་ཡི་རང་ཞིང་། རྗེས་སུ་ཡི་རང་ནས་ཀྱང་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདུ་ཤེས་ཕྱིན་ཅི་ལོག་པ་དང་། སེམས་ཕྱིན་ཅི་ལོག་པ་དང་། ལྟ་བ་ཕྱིན་ཅི་ལོག་པར་ཇི་ལྟར་མི་འགྱུར། རབ་འབྱོར་གྱིས་སྨྲས་པ། བྱམས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་ལ་བསམས་ཏེ། དེ་ལ་ཡང་སངས་རྒྱས་སུ་འདུ་ཤེས་པར་མི་འགྱུར་ཞིང་། དགེ་བའི་རྩ་བར་འདུ་ཤེས་པར་མི་འགྱུར་ལ། སེམས་གང་གིས་ཡོངས་སུ་བསྔོས་པའི་སེམས་དེ་ལ་ཡང་སེམས་
སུ་འདུ་ཤེས་པར་མི་འགྱུར་ཏེ། དེ་ལྟར་བསྔོས་ན། བྱང་ཆུབ་སེམས་དཔའི་འདུ་ཤེས་ཕྱིན་ཅི་ལོག་པར་མི་འགྱུར། སེམས་ཕྱིན་ཅི་ལོག་པར་མི་འགྱུར། ལྟ་བ་ཕྱིན་ཅི་ལོག་པར་མི་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔས་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། དགེ་བའི་
རྩ་བ་དེ་དག་ལ་བསམས་ཤིང་མཚན་མར་འཛིན་ཏེ། མཚན་མར་བཟུང་ནས་རྗེས་སུ་ཡི་རང་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་ན། དེ་ལྟར་སྔོན་ནི་འདུ་ཤེས་དང་། སེམས་དང་། ལྟ་བ་ཕྱིན་ཅི་ལོག་པར་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔས་སངས་
རྒྱས་བཅོམ་ལྡན་འདས་དེ་དག་དང་། དགེ་བའི་རྩ་བ་དེ་དག་དང་། སེམས་གང་གིས་བསམས་པ་དེ་དག་དེ་བཞིན་དུ་ཟད་པ་ལ་ཟད་དོ་ཞེས་བྱ་བ་དང་། ཟད་པ་གང་ཡིན་པ་དེ་ཡང་ཡོངས་སུ་སྔོ་བར་མི་ནུས་པ་དང་། སེམས་གང་གིས་ཡོངས་སུ་བསྔོས་པའི་སེམས་དེ་ཡང་དེའི་ཆོས་ཉིད་ཡིན་

པ་དང་། གང་དུ་ཡོངས་སུ་བསྔོས་པ་དེ་ཡང་དེའི་ཆོས་ཉིད་ཡིན་པར་དེ་ལྟར་ཤེས་ཏེ། གལ་ཏེ་དེ་ལྟར་བསྔོས་ན། འཐུན་པར་ཡོངས་སུ་སྔོ་བ་ཡིན་ཏེ། ཡང་དག་པར་ཡོངས་སུ་སྔོ་བ་ཡིན་ཞིང་མི་འཐུན་པར་ཡོངས་སུ་སྔོ་བ་མ་ཡིན་ལ། ལོག་པར་ཡོངས་སུ་སྔོ་བ་མ་
ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་སོ་སོའི་སྐྱེ་བོ་གང་དག་གིས་དགེ་བའི་རྩ་བ་བསྐྱེད་
པ་དག་དང་ཆོས་བསྟན་པ་ཐོས་པ་གང་ཡིན་པ་དག་དང་། དེ་དག་ལ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་དག་གིས་དགེ་བའི་རྩ་བ་བསྐྱེད་པ་དག་དང་། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་
རྣམས་དང་། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་ཆོས་ཐོས་ཤིང་། དགེ་བའི་རྩ་བ་ཡང་བསྐྱེད་པ་དག་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
ཡང་སེམས་བསྐྱེད་པ་དེ་དག་ཐམས་ཅད་ཡོངས་སུ་བསྡུས་ནས། གཅིག་ཏུ་བརྟུལ་ཅིང་གཞལ་ཏེ། རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བ་དང་། རྗེས་སུ་ཡི་རང་བ་ཕུལ་དུ་བྱུང་བ་དང་། གཙོ་བོ་དང་། རབ་དང་། རབ་མཆོག་དང་། གྱ་ནོམ་པས་རྗེས་སུ་ཡི་རང་བ་དང་།
རྗེས་སུ་ཡི་རང་བ་མཉམ་པ་མེད་པ་དང་། མི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་སྟེ། རྗེས་སུ་ཡི་རང་ནས་ཀྱང་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དེ། གལ་ཏེ་ཆོས་དེ་དག་ནི་ཟད་པ་དང་། འགག་པ་དང་། མེད་པ་དང་།
རྣམ་པར་གྱུར་པ་ཡིན་ལ། གང་དུ་ཡོངས་སུ་བསྔོ་བའི་ཆོས་དེ་ཡང་རང་བཞིན་གྱིས་སྟོང་ངོ་ཞེས་དེ་ལྟར་ཡང་དག་པར་ཤེས་ཏེ། གལ་ཏེ་དེ་ལྟར་ཡོངས་སུ་བསྔོ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་པ་ཡིན་ནོ། །གལ་ཏེ་ཆོས་རྣམས་ཀྱིས་ཆོས་རྣམས་

ཡོངས་སུ་སྔོ་བར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བར་དེ་ལྟར་ཡང་དག་པར་ཤེས་ལ་གལ་ཏེ་དེ་ལྟར་ཡོངས་སུ་སྔོ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན་ནོ། །བྱང་ཆུབ་
སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་དང་། བསམ་གཏན་དང་། བརྩོན་འགྲུས་དང་། བཟོད་པ་དང་། ཚུལ་ཁྲིམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་འདུ་ཤེས་ཕྱིན་ཅི་ལོག་པ་དང་། སེམས་ཕྱིན་ཅི་ལོག་པ་དང་། ལྟ་བ་ཕྱིན་ཅི་ལོག་པར་མི་འགྱུར་རོ། །
དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཡོངས་སུ་བསྔོ་བ་དེ་དག་དང་། དགེ་བའི་རྩ་བ་དེ་དག་དང་། བྱང་ཆུབ་དེ་དང་། སེམས་དེ་ལ་མངོན་པར་ཞེན་པ་མེད་ཅིང་། གང་དུ་མངོན་པར་ཞེན་པ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱེད་པ་དེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱིས་དབེན་པར་ཡང་དག་པར་ཤེས་ཤིང་། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དབེན་པར་ཡང་དག་པར་ཤེས། བསམ་གཏན་དང་། བརྩོན་འགྲུས་དང་། བཟོད་པ་དང་། ཚུལ་ཁྲིམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་དབེན་པར་ཡང་དག་པར་ཤེས། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་
དབེན་པར་ཡང་དག་པར་ཤེས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དག་གིས་དབེན་པར་ཡང་དག་པར་ཤེས། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་དག་གིས་དབེན་པར་ཡང་
དག་པར་ཤེས་ན། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་བྱ་བའི་དངོས་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་བསོད་ནམས་བྱ་བའི་དངོས་པོ་ནི།

རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་བསོད་ནམས་བྱ་བའི་དངོས་པོའི་རང་བཞིན་གྱིས་དབེན་པར་ཡང་དག་པར་ཤེས་ཤིང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་། སངས་རྒྱས་ཀྱི་རང་བཞིན་གྱིས་དབེན་པ་དང་། དགེ་བའི་རྩ་བ་རྣམས་ཀྱང་དགེ་བའི་རྩ་བའི་
རང་བཞིན་གྱིས་དབེན་པ་དང་། མངོན་པར་འདུ་བྱེད་པ་ཡང་མངོན་པར་འདུ་བྱེད་པའི་རང་བཞིན་གྱིས་དབེན་པ་དང་། བྱང་ཆུབ་ཀྱི་སེམས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱིས་དབེན་པ་དང་། ཡོངས་སུ་སྔོ་བའི་སེམས་ཀྱང་ཡོངས་སུ་སྔོ་བའི་སེམས་ཀྱི་རང་བཞིན་གྱིས་དབེན་པ་དང་།
བྱང་ཆུབ་ཀྱང་བྱང་ཆུབ་ཀྱི་རང་བཞིན་གྱིས་དབེན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་དབེན་པ་དང་། དེ་བཞིན་དུ་བསམ་གཏན་དང་། བརྩོན་འགྲུས་དང་། བཟོད་པ་དང་། ཚུལ་ཁྲིམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་དབེན་པ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡང་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་རང་བཞིན་གྱིས་དབེན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་།
སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་དག་ཀྱང་སངས་རྒྱས་ཀྱི་ཆོས་ཀྱི་རང་བཞིན་གྱིས་དབེན་པར་ཡང་དག་པར་ཤེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་དབེན་པ་ལ་དེ་ལྟར་སྤྱོད་པར་བྱ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་དགེ་བའི་རྩ་བ་དེ་
དག་ཡང་དག་པར་རྗེས་སུ་དྲན་པས། འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ། གང་གིས་ཡོངས་སུ་བསྔོ་བའི་སེམས་དེ་ནི་ཡོངས་སུ་སྔོ་བ་དེ་ཇི་ལྟ་བ་དེ་ཁོ་ན་བཞིན་ཏེ། དེའི་རང་བཞིན་ཅན་དང་། དེའི་ངོ་བོ་ཉིད་ཡིན་པར་གལ་ཏེ་དེ་ལྟར་ཡང་དག་པར་ཤེས་ནས། བླ་ན་མེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན་ཏེ། དེ་ལྟར་ཡོངས་སུ་སྔོ་བ་ནི་འདུ་ཤེས་ཕྱིན་ཅི་ལོག་པ་མ་ཡིན། སེམས་ཕྱིན་ཅི་ལོག་པ་མ་ཡིན། ལྟ་བ་ཕྱིན་ཅི་ལོག་པ་མ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
པས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དགེ་བའི་རྩ་བ་དེ་དག་མཚན་མའི་ཚུལ་གྱིས་ཤེས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་མ་ཡིན་ནོ། །གལ་ཏེ་འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ། མཚན་མ་མེད་པ་
ཡུལ་མ་ཡིན་པ་གང་ཡིན་པ་དེ་དག་འདི་ལྟར་དྲན་པར་བྱས་ཤིང་། མཚན་མར་འཛིན་པར་བྱེད་ན། དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་མ་ཡིན་ཏེ། དེ་ལྟར་ན་དེ་ནི་འདུ་ཤེས་ཕྱིན་ཅི་ལོག་པ་དང་། སེམས་ཕྱིན་ཅི་ལོག་པ་དང་། ལྟ་བ་ཕྱིན་
ཅི་ལོག་པ་ཡིན་ནོ། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། དགེ་བའི་རྩ་བ་དེ་དག་དང་། མངོན་པར་འདུ་བྱེད་པ་དེ་དག་དང་། སེམས་བསྐྱེད་པ་དེ་དག་ཤེས་པར་མི་བྱེད་ཅིང་། མཚན་མར་མི་འཛིན་ན། དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཏུ་ཡོངས་སུ་བསྔོས་པ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདུ་ཤེས་ཕྱིན་ཅི་ལོག་པ་མ་ཡིན། སེམས་ཕྱིན་ཅི་ལོག་པ་མ་ཡིན། ལྟ་བ་ཕྱིན་ཅི་ལོག་པ་མ་ཡིན་ནོ། །བྱམས་པས་སྨྲས་པ། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་མཚན་མར་ཡང་མི་འཛིན་ལ། ཡོངས་སུ་སྔོ་བར་ཡང་བྱེད་པ་ཇི་ལྟ་བུ་ཡིན། རབ་འབྱོར་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཐབས་ལ་མཁས་པ་དེ་དག་བསླབས་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐབས་ལ་མཁས་པར་རིག་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར་ནི་བསོད་ནམས་བྱ་བའི་དངོས་པོ་ཡོངས་སུ་བསྔོ་བར་ཡང་མི་ནུས་སོ། །བྱམས་པས་སྨྲས་པ། བཙུན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་སངས་

རྒྱས་བཅོམ་ལྡན་འདས་དེ་དག་དང་། དགེ་བའི་རྩ་བ་དེ་དག་དང་། མངོན་པར་འདུ་བྱེད་པ་དེ་དག་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་གང་ཡིན་པའི་སེམས་བསྐྱེད་པ་དེ་དག་ཀྱང་མེད་པ་ཡིན་ན། འདི་སྐྱོན་དུ་མི་འགྱུར་རམ།
དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེས་ནི་འདི་ལྟར་རྣམ་པར་བརྟག་པར་བྱ་སྟེ། སྐུ་དེ་དག་དང་། དགེ་བའི་རྩ་བ་དེ་དག་དང་། མངོན་པར་འདུ་མཛད་པ་དེ་དག་ནི་འགགས་པ་ཡིན་ན། འོན་ཀྱང་མཚན་མར་བཟུང་ནས་རྣམ་པར་རྟོག་པར་
བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། དགེ་བའི་རྩ་བ་དེ་དག་དང་། མངོན་པར་འདུ་མཛད་པ་དེ་དག་དང་། སེམས་བསྐྱེད་པ་དེ་དག་མཚན་མར་བཟུང་ནས། རྣམ་པར་རྟོག་པར་བྱེད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་རྣམས་ཀྱིས་ནི། དེ་ལྟར་མཚན་མའི་ཚུལ་གྱིས་ཡོངས་སུ་སྔོ་བ་ལ་རྗེས་སུ་ཡི་རང་བར་གནང་བར་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དག་མཚན་མར་འཛིན་ཅིང་རྣམ་པར་བརྟགས་ནས། དམིགས་པ་གང་ཡིན་པ་དེ་
ཉིད་དེའི་དམིགས་པ་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་ཡོངས་སུ་སྔོ་བར་འདོད་པས་ནི་དམིགས་ནས་མཚན་མར་བཟུང་སྟེ། ཡོངས་སུ་བསྔོ་བར་མི་བྱའོ། །དམིགས་པའི་འདུ་ཤེས་དང་། མཚན་མའི་འདུ་ཤེས་
ཀྱིས་ཡོངས་སུ་སྔོ་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་དོན་ཆེ་བར་མ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། བསྔོ་བ་དེ་ནི་དུག་དང་བཅས་པ། ཟུག་རྔུ་དང་བཅས་པ་ཡིན་པའི་ཕྱིར་རོ། །འདི་ལྟ་སྟེ་དཔེར་ན། ཁ་ཟས་
བསོད་པ། དུག་དང་སྦྱར་བ། ཁ་དོག་དང་། དྲི་དང་ལྡན་པ་དེ་ལ་བྱིས་པའི་རང་བཞིན་ཅན་གྱི་མིས་བཟའ་བར་བསམས་ནས། དེས་དེ་ཟ་བ་ན་ཁ་དོག་དང་དྲིས་ཀྱང་དགའ་བར་བྱེད་ལ། ཞུ་བའི་ཚེ་ནི་སྡུག་བསྔལ་བའི་རྣམ་པར་སྨིན་པར་འགྱུར་རོ། །དེ་བཞིན་དུ་འདི་ལ་ཁ་ཅིག་ལོག་པར་

ཟིན་པ་དང་། ལོག་པར་ཤེས་པ་དང་། ལོག་པར་བསླབས་པས། དོན་མ་རྟོགས་ཏེ། ཁོང་དུ་མ་ཆུད་པར་འདི་སྐད་དུ། རིགས་ཀྱི་བུ་ཁྱོད་ཚུར་ཤོག །འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་དང་པོ་བསྐྱེད་པ་ནས་བཟུང་སྟེ།
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དང་། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དང་། ཇི་སྲིད་དུ་དམ་པའི་ཆོས་ནུབ་པར་མ་གྱུར་པའི་བར་དེར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་སྤྱད་པས། དགེ་བའི་རྩ་བ་མངོན་པར་འདུ་མཛད་པ་གང་ཡིན་པ་རྣམས་དང་། དེ་བཞིན་དུ་བསམ་གཏན་དང་། བརྩོན་འགྲུས་དང་། བཟོད་པ་དང་། ཚུལ་ཁྲིམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པས། དགེ་བའི་རྩ་བ་མངོན་པར་འདུ་མཛད་པ་གང་ཡིན་པ་རྣམས་
དང་། བསམ་གཏན་བཞི་དང་ལྡན་པ་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་
ལྡན་པའི་དགེ་བའི་རྩ་བ་མངོན་པར་འདུ་མཛད་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ལྡན་པའི་དགེ་བའི་རྩ་བ་མངོན་པར་འདུ་མཛད་པ་རྣམས་དང་། དགེ་བའི་རྩ་བ་མངོན་པར་འདུ་མཛད་པ་གང་དག་གིས། སངས་རྒྱས་ཀྱི་ཞིང་རྣམས་ཡོངས་སུ་དག་པར་
མཛད་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མཛད་པ་དག་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་
པའི་ཕུང་པོ་གང་ཡིན་པ་དག་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། རྟག་ཏུ་བཏང་སྙོམས་ལ་གནས་པ་དང་། དེ་དག་གི་ཉན་ཐོས་ཀྱི་ཐེག་པ་པ་དག་གིས་དེ་དག་ལ་དགེ་བའི་རྩ་བ་བསྐྱེད་པ་གང་ཡིན་པ་དག་དང་།

རང་སངས་རྒྱས་རྣམས་ལུང་བསྟན་པ་གང་ཡིན་པ་དག་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་དག་གི་དེ་དག་ལ་དགེ་བའི་རྩ་བ་མངོན་པར་འདུས་བྱས་པ་དེ་དག་ཐམས་ཅད་
ཡོངས་སུ་བསྡུས་ནས་གཅིག་ཏུ་བརྟུལ་ཅིང་གཞལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོས་ཤིག་ཅེས་སྟོན་པར་བྱེད་དེ། དེ་ལྟར་དེས་ཡོངས་སུ་བསྔོ་བ་མཚན་མའི་ཚུལ་དང་། དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོས་པ་ནི་འདི་ལྟ་སྟེ། ཁ་ཟས་དུག་ཅན་
བཞིན་དུ་དུག་ཉིད་དུ་འགྱུར་རོ། །དམིགས་པར་ལྟ་བའི་སྔོ་བ་ནི་སྔོ་བར་ཡང་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དམིགས་པ་དེ་ནི་དུག་དང་བཅས་པ། མཚན་མ་དང་བཅས་པ། རྒྱུ་དང་བཅས་པ། རྐྱེན་དང་བཅས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་བསྔོས་པས་ནི་དེ་བཞིན་གཤེགས་པ་
ལ་སྐུར་པ་བཏབ་པ་ཡིན་ཏེ། དེ་བཞིན་གཤེགས་པས་གསུངས་པ་བཞིན་དུ་སྨྲ་བ་ཡང་མ་ཡིན་ལ་ཆོས་སྨྲ་བ་ཡང་མ་ཡིན་ནོ་ཞེས་བརྟག་པར་བྱའོ། །དེ་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་དག་གིས་ནི་འདི་ལྟར་བསླབ་པར་བྱ་སྟེ། འདས་པ་དང་།
མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགེ་བའི་རྩ་བ་དག་ལ་ཇི་ལྟར་རྗེས་སུ་ཡི་རང་ནས། ཡོངས་སུ་བསྔོ་བར་བྱ། ཐུགས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་
འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དང་། ཇི་སྲིད་དུ་དམ་པའི་ཆོས་གནས་པའི་བར་དེར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་དགེ་བའི་རྩ་བ་མངོན་པར་འདུ་མཛད་པ་གང་ཡིན་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་པའི་བར་དང་།
ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དག་གིས་དགེ་བའི་རྩ་བ་སྐྱེད་པའི་བར་དག་ལ་ཇི་ལྟར་རྗེས་སུ་ཡི་རང་ནས། ཡོངས་སུ་བསྔོ་བར་བྱ། དགེ་བའི་རྩ་བ་དེ་དག་ཇི་ལྟར་ཡོངས་སུ་བསྔོས་ན།

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་འགྱུར་ཞེ་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་ཅིང་། དེ་བཞིན་གཤེགས་པ་ལ་སྐུར་པ་གདབ་པར་མི་འདོད་པས་ནི། འདི་སྐད་དུ་ཡོངས་སུ་
བསྔོ་བར་བྱ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པས་དགེ་བའི་རྩ་བ་དེ་དག་ཇི་ལྟར་ཐུགས་སུ་ཆུད་པ་དང་། རང་བཞིན་གང་ཡིན་པ་དང་། ངོ་བོ་ཉིད་གང་ཡིན་པ་དང་། མཚན་ཉིད་
གང་ཡིན་པ་དང་། ཆོས་ཉིད་གང་གིས་ཡོད་པ་དེ་བཞིན་དུ་བདག་ཀྱང་རྗེས་སུ་ཡི་རང་ངོ་། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཇི་ལྟར་ཐུགས་སུ་ཆུད་པ་དེ་བཞིན་དུ་བདག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས་རིགས་ཀྱི་བུའམ་
རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་པས་དགེ་བའི་རྩ་བ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །དེ་ལྟར་ཡོངས་སུ་བསྔོས་ན། དེ་བཞིན་གཤེགས་པ་ལ་ཡང་སྐུར་པ་བཏབ་པར་མི་འགྱུར་ལ། དེ་བཞིན་གཤེགས་པས་གསུངས་པ་བཞིན་དུ་
སྨྲ་བ་དང་། ཆོས་སྨྲ་བར་ཡང་འགྱུར་རོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཡོངས་སུ་བསྔོ་བ་དུག་མེད་པ་ཡིན་ནོ་ཞེས་བསླབ་པར་བྱའོ། །གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ། འདི་ལྟར་གཟུགས་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སུ་གཏོགས་པ་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་
དང་། རྣམ་པར་ཤེས་པ་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སུ་གཏོགས་པ་མ་ཡིན་ནོ། །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་འདོད་པའི་ཁམས་དང་། གཟུགས་ཀྱི་

ཁམས་དང་། གཟུགས་མེད་པའི་ཁམས་སུ་གཏོགས་པ་མ་ཡིན་ནོ། །དེ་བཞིན་དུ་བསམ་གཏན་དང་། བརྩོན་འགྲུས་དང་། བཟོད་པ་དང་། ཚུལ་ཁྲིམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་
ཁམས་སུ་གཏོགས་པ་མ་ཡིན་ཏེ། མ་གཏོགས་པ་གང་ཡིན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་འདོད་པ་དང་། གཟུགས་དང་།
གཟུགས་མེད་པའི་ཁམས་སུ་གཏོགས་པ་མ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་སུ་གཏོགས་པ་མ་ཡིན་ནོ། །སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་
དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་སུ་གཏོགས་པ་མ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་གནས་པ་
ཉིད་དང་། ཆོས་མི་འགྱུར་བ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། རྟག་ཏུ་བཏང་སྙོམས་ལ་གནས་པ། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་སུ་གཏོགས་པ་མ་ཡིན་ཏེ། མ་གཏོགས་པ་གང་ཡིན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་
བྱུང་བ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་དེ་ལྟར་གཏོགས་པ་མ་ཡིན་པ་ཉིད་ཀྱི་ཕྱིར་མ་གཏོགས་སོ། །དེ་བཞིན་དུ་ཡོངས་སུ་བསྔོ་བ་ཡང་གཏོགས་པ་མ་ཡིན་ནོ། །ཆོས་གང་ལ་ཡོངས་སུ་བསྔོ་བའི་ཆོས་དེ་དག་ཀྱང་གཏོགས་པ་མ་ཡིན་ནོ། །ཡོངས་སུ་བསྔོ་བ་གང་ཡིན་པ་དེ་

ཡང་གཏོགས་པ་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་གཏོགས་པ་མ་ཡིན་ནོ། །དགེ་བའི་རྩ་བ་དེ་དག་ཀྱང་གཏོགས་པ་མ་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་དེ་དག་ཀྱང་གཏོགས་པ་མ་ཡིན་ནོ། །དེ་དག་གི་དགེ་བའི་རྩ་བ་དེ་དག་ཀྱང་འདོད་པ་དང་།
གཟུགས་དང་། གཟུགས་མེད་པའི་ཁམས་སུ་གཏོགས་པ་མ་ཡིན་ཏེ། མ་གཏོགས་པ་གང་ཡིན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ་ཞེས་ཡོངས་སུ་བསྔོ་བར་བྱ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པས། གལ་ཏེ་འདི་ལྟར་ཤེས་ཏེ། གཟུགས་གང་ཡིན་པ་དེ་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སུ་གཏོགས་པ་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འདོད་པའི་
ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སུ་གཏོགས་པ་མ་ཡིན་ནོ། །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སུ་གཏོགས་པ་མ་ཡིན་ཏེ། མ་གཏོགས་
པ་གང་ཡིན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་ནི་མཚན་མའི་ཚུལ་ལམ། དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་རང་བཞིན་མེད་དེ། གང་ལ་རང་བཞིན་མེད་པ་དེ་ནི་
དངོས་པོ་མེད་པ་སྟེ། དངོས་པོ་མེད་པ་ནི་དངོས་པོ་མེད་པས་ཡོངས་སུ་བསྔོ་བར་མི་ནུས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། ཁམས་རྣམས་དང་། སྐྱེ་མཆེད་རྣམས་ཀྱང་དེ་བཞིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་
ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན་ནོ། །ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་

ཡང་དེ་བཞིན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། རྟག་ཏུ་བཏང་སྙོམས་ལ་གནས་པ་ཡང་དེ་བཞིན་དུ་འདོད་པའི་ཁམས་སུ་གཏོགས་པ་མ་ཡིན། གཟུགས་ཀྱི་ཁམས་སུ་གཏོགས་པ་མ་ཡིན། གཟུགས་མེད་པའི་ཁམས་སུ་གཏོགས་པ་མ་ཡིན་ཏེ། མ་གཏོགས་པ་གང་
ཡིན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །གང་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ནི་མཚན་མའི་ཚུལ་དང་། དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བར་མི་ནུས་སོ། །
དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་ནི་རང་བཞིན་མེད་དེ། གང་ལ་རང་བཞིན་མེད་པ་དེ་ནི་དངོས་པོ་མེད་པ་ཡིན་ལ། དངོས་པོ་མེད་པ་ནི་དངོས་པོ་མེད་པས་ཡོངས་སུ་བསྔོ་བར་མི་ནུས་པའི་ཕྱིར་རོ། །ཞེས་བྱ་བར་ཤེས་ན། དེ་ལྟར་ན་བྱང་ཆུབ་སེམས་དཔའི་བསྔོ་བ་དེ་དུག་མེད་པ་ཡིན་ནོ། །
རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་མཚན་མའི་ཚུལ་དང་། དམིགས་པའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་ཡོངས་སུ་སྔོ་བར་བྱེད་པ་དེ་ནི་དགེ་བའི་རྩ་བ་དེ་དག་ལོག་པར་ཡོངས་སུ་སྔོ་བ་ཡིན་ཏེ། ཡང་དག་པར་ཡོངས་སུ་སྔོ་བ་མ་ཡིན་ནོ། །
ལོག་པར་ཡོངས་སུ་སྔོ་བ་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྔགས་པ་མི་མཛད་དོ། །གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྔགས་པ་མ་མཛད་པའི་ཡོངས་སུ་བསྔོ་བས་ཡོངས་སུ་སྔོ་བ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་བྱེད་དོ། །ཚུལ་
ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་བྱེད་དོ། །གང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཡོངས་སུ་རྫོགས་པར་མི་

བྱེད་པ་དེ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པར་མི་བྱེད་དོ། །ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་མི་བྱེད་དོ། །དེ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མི་བྱེད་དོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་མི་བྱེད་དོ། །གང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མི་བྱེད་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་
པར་མི་བྱེད་པ་དེ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེའི་སྔོ་བ་ནི་དུག་དང་བཅས་པ་ཡིན་པའི་ཕྱིར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་སྤྱོད་པས། འདི་ལྟར་བརྟག་པར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་ཉིད་འདིས་དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་བྱའོ་ཞེས་ཐུགས་སུ་ཆུད་པ་དེ་ལྟ་བུར་བདག་གིས་ཀྱང་དེ་ལྟར་ཆོས་ཉིད་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་
བར་བྱའོ། །སྙམ་དུ་བརྟག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་ཁྱོད་ཀྱིས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྔོ་བའི་ཕུང་པོ་
མཚན་མ་མེད་པའི་ཚུལ་དང་། དམིགས་པ་མེད་པའི་ཚུལ་དང་། སྐྱེ་བ་མེད་པའི་ཚུལ་དང་། འབྱུང་བ་མེད་པའི་ཚུལ་དང་། ཀུན་ནས་ཉོན་མོངས་པ་མེད་པའི་ཚུལ་དང་། རྣམ་པར་བྱང་བ་མེད་པའི་ཚུལ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་
ཚུལ་དང་། ཆོས་ཀྱི་དབྱིངས་ཀྱི་ཚུལ་དང་། དེ་བཞིན་ཉིད་ཀྱི་ཚུལ་དང་། མ་ནོར་བ་དེ་བཞིན་ཉིད་ཀྱི་ཚུལ་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཚུལ་གྱིས་བསྟན་པ་ནི་ལེགས་སོ། །རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱིས་ཁམས་ན། སེམས་ཅན་འཁོད་པ་

དེ་དག་ཐམས་ཅད་ཀྱི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཐོབ་པར་གྱུར་ཅིང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་བ་ལྔ་ཐོབ་པར་གྱུར་ན། རབ་འབྱོར་འདི་ཇི་
སྙམ་དུ་སེམས། སེམས་ཅན་དེ་དག་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ན་རིགས་
ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་དགེ་བའི་རྩ་བ་རྣམས་གོས་པ་མེད་པས་ཡོངས་སུ་བསྔོས་ན། དེ་ཆེས་བསོད་ནམས་མང་དུ་སྐྱེད་དོ། །རབ་འབྱོར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དེ་ལྟ་བུ་དེ་ནི་མཆོག་ཅེས་བྱ། ཕུལ་དུ་བྱུང་བ་ཞེས་བྱ། གཙོ་
བོ་ཞེས་བྱ། རབ་ཅེས་བྱ། རབ་མཆོག་ཅེས་བྱ། གྱ་ནོམ་པ་ཞེས་བྱ། བླ་ན་མེད་པ་ཞེས་བྱ། གོང་ན་མེད་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་རྒྱུན་ཏུ་ཞུགས་པར་གྱུར་
ཏམ། ལན་ཅིག་ཕྱིར་འོང་བའམ། ཕྱིར་མི་འོང་བའམ། དགྲ་བཅོམ་པར་གྱུར་ནས་དགྲ་བཅོམ་པ་དེ་དག་ཐམས་ཅད་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ཇི་སྲིད་འཚོའི་བར་དུ་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་
དང་། ཡོ་བྱད་རྣམས་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་ཆེས་བསོད་ནམས་མང་དུ་སྐྱེད་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་
མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་འདི་ལྟར་དགེ་བའི་རྩ་བ་གོས་པ་མེད་པའི་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོས་ན། དེ་ཆེས་བསོད་ནམས་མང་

དུ་སྐྱེད་དོ། །རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་འཁོད་པ་དེ་དག་ཐམས་ཅད་རང་སངས་རྒྱས་སུ་གྱུར་ནས། དེ་དག་ཐམས་ཅད་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་ཇི་སྲིད་འཚོའི་བར་དུ་གོས་དང་། ཟས་དང་། མལ་ཆ་
དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་ཆེས་མང་དུ་སྐྱེད་སྙམ་འམ། རབ་འབྱོར་
གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ནི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་འདི་ལྟར་དགེ་བའི་རྩ་བ་རྣམས་གོས་པ་མེད་པའི་ཡོངས་སུ་
བསྔོ་བས་ཡོངས་སུ་བསྔོས་ན། དེ་ཆེས་བསོད་ནམས་མང་དུ་སྐྱེད་དོ། །རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་
པར་གྱུར་ལ། དེར་བྱང་ཆུབ་སེམས་དཔའ་དེ་དག་རེ་རེ་ལ་ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་ཀྱིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ། གོས་དང་། ཟས་དང་། མལ་ཆ་
དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་ཅིང་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟིར་བྱེད་དེ། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། ཕྱོགས་མཚམས་རྣམས་དང་། སྟེང་
དང་། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལས། བྱང་ཆུབ་སེམས་དཔའ་རེ་རེ་ལ་ཡང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གོས་དང་། ཟས་དང་། མལ་

ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟིར་བྱེད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་
མོ་དེ་དག་ཆེས་བསོད་ནམས་མང་དུ་སྐྱེད་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་ཏེ། དཔག་ཏུ་མ་མཆིས། གྲངས་མ་མཆིས། ཚད་མ་མཆིས་ལགས་སོ། །བཅོམ་ལྡན་འདས་བསོད་ནམས་
བགྱི་བའི་དངོས་པོ་དེ་ལ་ནི་དཔེ་བགྱི་བར་ཡང་སླ་བ་མ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་བསོད་ནམས་བགྱི་བའི་དངོས་པོ་དེ་ལ་གཟུགས་མཆིས་སུ་ལགས་ན་ནི། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡང་མི་ཤོང་བར་འགྱུར་ལགས་སོ། །དེ་སྐད་ཅེས་གསོལ་
པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་གང་ཁྱོད་ཀྱིས་དེ་སྐད་སྨྲས་པ་ནི་ལེགས་སོ། །རབ་འབྱོར་དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་འདི་ལྟར་དགེ་བའི་རྩ་བ་
གོས་པ་མེད་པའི་ཡོངས་སུ་བསྔོ་བས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་དེ། ཆེས་བསོད་ནམས་མང་དུ་སྐྱེད་དོ། །རབ་འབྱོར་དེ་ལྟར་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་འདི་ནི་མཆོག་ཅེས་བྱ། ཕུལ་དུ་
བྱུང་བ་ཞེས་བྱ། གཙོ་བོ་ཞེས་བྱ། རབ་ཅེས་བྱ། རབ་མཆོག་ཅེས་བྱ། གྱ་ནོམ་པ་ཞེས་བྱ། བླ་ན་མེད་པ་ཞེས་བྱ། གོང་ན་མེད་པ་ཞེས་བྱ་སྟེ། རབ་འབྱོར་གོས་པ་མེད་པས་བསྔོ་བའི་བསོད་ནམས་ཀྱི་ཕུང་པོ་དེ་ལ་ནི་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་
མི་འགྲོའོ། །སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་ཕྲག་འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་དམིགས་

པའི་འདུ་ཤེས་དང་ལྡན་ཞིང་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་ལྡན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུའམ་རིགས་
ཀྱི་བུ་མོ་དེ་དག་ནི་དམིགས་པའི་འདུ་ཤེས་དང་ལྡན་ཞིང་། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་ཅིང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟི་བྱེད་ལ།
བྱང་ཆུབ་སེམས་དཔའ་དམིགས་པ་ཅན་གང་ཡིན་པ་དེ་དག་ལ་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་པའི་ཕྱིར་རོ། །དེ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་ཀྱི་ནང་ནས། ལྷའི་བུ་ཉི་ཁྲི་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པས་གོས་པ་མ་མཆིས་པའི་ཚུལ་དང་། དམིགས་པ་མ་མཆིས་པའི་ཚུལ་དང་། མཚན་མ་མ་མཆིས་པའི་ཚུལ་དང་། བགྱིད་པ་མ་མཆིས་པའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་དང་། ཇི་ལྟར་གཉིས་དང་། གཉིས་སུ་མ་མཆིས་པར་ཡང་ཁས་མི་ལེན་པ་དེ་ལྟར་ཡོངས་སུ་སྔོ་བར་བགྱིད་པ་དེ་ནི་ཡོངས་སུ་བསྔོ་བ་ཆེན་པོ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་རྣམས་དང་ལྷན་ཅིག་ཏུ། ལྷའི་
མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་ཁྱེར་ཏེ། ལྷའི་སིལ་སྙན་དང་། ཕེག་རྡོབ་པ་དང་། རོལ་མོའི་སྒྲ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིག་
འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐབས་ལ་མཁས་པ་འདིས་དམིགས་པ་མ་མཆིས་པའི་ཚུལ་དང་། གོས་པ་མ་མཆིས་པའི་ཚུལ་དང་། མཚན་མ་མ་མཆིས་པའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་དང་། ཇི་ལྟར་གཉིས་དང་། གཉིས་སུ་མ་མཆིས་པར་ཡང་ཁས་མི་ལེན་པ་དེ་ལྟར་ཡོངས་སུ་བསྔོ་བར་བགྱིས་པ་དེ་ནི་ཡོངས་སུ་བསྔོ་བ་ཆེན་པོ་ལགས་སོ། །དེ་ནས་ཚངས་རིགས་ཀྱི་ལྷའི་བུ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་
ཕྲག་དུ་མ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངས་སུ་ཟིན་པ་དག་གོང་དུ་སྨོས་པའི་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དམིགས་པ་ཅན་དེ་དག་གི་དགེ་བའི་རྩ་བ་དེ་དག་ཟིལ་གྱིས་གནོན་པ་ནི་ངོ་མཚར་ལགས་སོ་ཞེས་སྒྲ་བསྒྲགས་ཤིང་དབྱངས་སུ་བརྗོད་དོ། །དེ་བཞིན་དུ་ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་།
ཚངས་འཁོར་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། ཤིན་ཏུ་མཐོང་དང་། གྱ་ནོམ་སྣང་དང་། མི་གདུང་བ་དང་།
འོག་མིན་གྱི་ལྷ་རྣམས་ཀྱང་ལྷའི་བུ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་དུ་མ་དག་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པས་ཡོངས་སུ་ཟིན་པ་དག་གོང་དུ་སྨོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དམིགས་པ་ལ་སྤྱོད་པ་དེ་དག་གི་དགེ་བའི་རྩ་བ་དེ་དག་ཟིལ་གྱིས་གནོན་པ་ནི་ངོ་མཚར་ལགས་སོ་
ཞེས་སྒྲ་བརྗོད་པ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང་། འོག་མིན་གྱི་ལྷའི་བུའི་བར་དག་ལ་བཀའ་སྩལ་པ། ལྷའི་བུ་དག་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་འཁོད་པ་དེ་དག་

ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པར་གྱུར་ལ། དེ་དག་ཐམས་ཅད་ཀྱིས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་
རྣམས་ཀྱི་དགེ་བའི་རྩ་བ་གང་ཡིན་པ་ཐུགས་དང་པོ་བསྐྱེད་པ་ནས་བཟུང་སྟེ། དམ་པའི་ཆོས་ཇི་སྲིད་གནས་པའི་བར་དེར་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། ཉན་ཐོས་དེ་དག་དང་། རང་སངས་རྒྱས་དེ་དག་དང་། དེ་དག་ལས་གཞན་པ་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་
ཡེ་ཤེས་མཐོང་བའི་ཕུང་པོ་དང་། སངས་རྒྱས་ཀྱི་ཆོས་ཚད་མེད་པ་གཞན་དག་དང་། དེ་དག་ཐམས་ཅད་མངོན་པར་བསྡུས་ནས་དམིགས་པའི་ཚུལ་གྱིས་རྗེས་སུ་ཡི་རང་སྟེ། རྗེས་སུ་ཡི་རང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ལ། རིགས་ཀྱི་
བུའམ་རིགས་ཀྱི་བུ་མོ་གང་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་ཏེ། དེས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་། རང་སངས་རྒྱས་དང་བཅས་པ་རྣམས་ཀྱི་ཐུགས་དང་པོ་
བསྐྱེད་པ་ནས་བཟུང་སྟེ། དམ་པའི་ཆོས་ཇི་སྲིད་གནས་པའི་བར་དེར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དང་། སངས་རྒྱས་ཀྱི་ཆོས་ཚད་མེད་པའི་བར་དེ་དག་ཐམས་ཅད་མངོན་པར་བསྡུས་ནས། མི་དམིགས་པའི་ཚུལ་དང་། གཉིས་སུ་མེད་
པའི་ཚུལ་དང་། མཚན་མ་མེད་པའི་ཚུལ་དང་། གོས་པ་མེད་པའི་ཚུལ་དང་། བྱེད་པ་མེད་པའི་ཚུལ་གྱིས་རྗེས་སུ་ཡི་རང་བ་མཆོག་གིས་རྗེས་སུ་ཡི་རང་སྟེ། རྗེས་སུ་ཡི་རང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ནས་འདི་ལྟར་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ནི། སྔ་མའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་པས་ཆེས་བསོད་ནམས་མང་དུ་སྐྱེད་དེ། སྔ་མའི་དགེ་བའི་རྩ་བ་དེ་ཡང་དགེ་བའི་རྩ་བ་འདིའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ། །བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མི་དམིགས་པའི་ཚུལ་གྱིས་བསྔོས་པ་གང་ཡིན་པ་དེ་ནི་མཆོག་ཅེས་བྱ་བ་ནས། གོང་ན་མེད་པ་ཞེས་བྱ་བའི་བར་དུ་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་
དགེ་བའི་རྩ་བ་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བའི་བར་གྱི་བསོད་ནམས་ཀྱི་ཕུང་པོ་གཅིག་ཏུ་བརྟུལ་ནས་རྗེས་སུ་ཡི་རང་བ་མཆོག་གིས་རྗེས་སུ་ཡི་རང་སྟེ། རྗེས་སུ་ཡི་རང་བ་གོང་ན་མེད་པའི་བར་དག་གིས་རྗེས་སུ་ཡི་རང་བར་བྱེད་པ་ཞེས་བཀའ་སྩལ་པ་དེ་ལ།
བཅོམ་ལྡན་འདས་རྗེས་སུ་ཡི་རང་བའི་མཆོག་དང་། རྗེས་སུ་ཡི་རང་བ་གོང་ན་མ་མཆིས་པའི་བར་དུ་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གང་གི་ཚེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་དང་བཅས་པ་རྣམས་དང་། དེ་དག་གི་རང་སངས་རྒྱས་རྣམས་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་དེ་དག་མི་འཛིན་མི་འདོར་ལ། རློམ་སེམས་སུ་མི་བྱེད་ཅིང་བརྙས་པར་ཡང་མི་བྱེད་ལ། མི་དམིགས་
ཤིང་དེ་འདི་སྙམ་དུ་འདི་ལ་ཆོས་འགའ་ཡང་སྐྱེ་བ་མེད། འགག་པ་མེད། ཀུན་ནས་ཉོན་མོངས་པ་མེད། རྣམ་པར་བྱང་བ་མེད་ལ། ཆོས་དེ་དག་ནི་འགྲིབ་པ་ཡང་མེད། འཕེལ་བ་ཡང་མེད། འོང་བ་ཡང་མེད། འགྲོ་བ་ཡང་མེད། ཕུང་པོར་གྱུར་པ་ཡང་མེད་དོ་སྙམ་དུ་
སེམས་ཤིང་། རྣམ་གྲངས་དེས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་དེ་དག་གི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་ཇི་ལྟ་བ་དེ་བཞིན་དུ་བདག་རྗེས་སུ་

ཡི་རང་སྟེ། རྗེས་སུ་ཡི་རང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ། དེ་ལྟར་ཡོངས་སུ་སྔོ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བ་མཆོག་ཏུ་འགྱུར་བ་ནས། རྗེས་སུ་ཡི་རང་བ་གོང་ན་མེད་པའི་བར་དུ་འགྱུར་རོ། །
རབ་འབྱོར་རྗེས་སུ་ཡི་རང་བ་གཞན་ཐམས་ཅད་ནི་རྗེས་སུ་ཡི་རང་བ་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་མི་བཟོད་དོ། །རྗེས་སུ་ཡི་རང་བ་འདི་ནི་རྗེས་སུ་ཡི་རང་བ་གཞན་དག་པས་རྗེས་སུ་ཡི་རང་བའི་མཆོག་ཅེས་བྱ་བ་ནས། གོང་ན་མེད་པ་ཞེས་བྱ་བའི་
བར་དུ་འགྱུར་རོ། །རབ་འབྱོར་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པ་དང་། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་
བཅས་པ། རང་སངས་རྒྱས་དང་བཅས་པ་དེ་དག་གི་ཐུགས་དང་པོ་བསྐྱེད་པ་ནས་བཟུང་སྟེ། དམ་པའི་ཆོས་ཇི་སྲིད་གནས་པའི་བར་དེར་དག
Kinh tạng Tây Tạng (Kangyur Đại Học) — 030_ཁྲི་བརྒྱད།_ཁ | Tra cứu Kinh điển | Tàng Kinh Việt