Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 030_ཁྲི་བརྒྱད།_ཁ
Văn bản gốc(Tây Tạng)
Trang 9 / 19 (50.000 ký tự/trang)
ར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། རྣམ་པར་གཡེང་བ་རྣམས་མི་ཟད་པ་ཉིད་དུ་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། སེམས་བསྡུས་པ་དང་། རྣམ་པར་གཡེང་བ་རྣམས་མི་ཟད་པ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཇི་ལྟར་ རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་དེ་དག་འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། སྤང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། རབ་འབྱོར་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། རྣམ་པར་གཡེང་བ་རྣམས་དབེན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བཅས་པ་ལ་ སེམས་འདོད་ཆགས་དང་བཅས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སེམས་འདོད་ཆགས་དང་བྲལ་བ་ལ་སེམས་འདོད་ཆགས་དང་བྲལ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་བཞིན་དུ་སེམས་ཞེ་སྡང་བཅས་པ་དང་། ཞེ་སྡང་དང་བྲལ་བ་ དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བར་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་དེ་དག་གི་ སེམས་འདོད་ཆགས་དང་བཅས་པ་ལ། སེམས་འདོད་ཆགས་དང་བཅས་པར་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ལགས། སེམས་འདོད་ཆགས་དང་བྲལ་བ་ལ། སེམས་འདོད་ཆགས་དང་བྲལ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ལགས། དེ་ བཞིན་དུ་སེམས་ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་འདོད་ཆགས་དང་བཅས་པ་ གང་ཡིན་པ་དེ་ནི་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ། དམིགས་སུ་མེད་ན་འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བའམ། ཞེ་སྡང་དང་ བཅས་པ་དང་། ཞེ་སྡང་དང་བྲལ་བའམ། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་ལྟ་ཅི་སྨོས། རབ་འབྱོར་སེམས་གཏི་མུག་དང་བཅས་པ་ཉིད་གང་ཡིན་པ་དེ་ནི་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་དང་སེམས་ལས་བྱུང་ བའི་ཆོས་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགས་སུ་མེད་ན། སེམས་གཏི་མུག་དང་བྲལ་བ་ལྟ་ཅི་སྨོས་ཏེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། སེམས་འདོད་ཆགས་དང་བཅས་པ་ལ་སེམས་འདོད་ཆགས་དང་བཅས་ པར་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་བཞིན་དུ་སེམས་འདོད་ཆགས་དང་བྲལ་བ་དང་བྲལ་བ་དང་། ཞེ་སྡང་དང་བཅས་པ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་དང་བྲལ་བ་ལ་སེམས་གཏི་མུག་དང་བྲལ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ཀྱི་སེམས་འདོད་ཆགས་དང་བྲལ་བ་ལ་སེམས་འདོད་ཆགས་དང་བྲལ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་འདོད་ཆགས་དང་བཅས་པ་ཉིད་གང་ཡིན་པ་དེ་ནི་སེམས་འདོད་ ཆགས་དང་བྲལ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་གཉིས་ཕྲད་པ་མེད་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་སེམས་འདོད་ཆགས་དང་བྲལ་བ་ཉིད་གང་ཡིན་པ་དེ་ནི། སེམས་འདོད་ཆགས་དང་བཅས་པ་མ་ཡིན་ནོ། །དེ་བཞིན་དུ་སེམས་ཞེ་སྡང་དང་བྲལ་བ་ ཉིད་གང་ཡིན་པ་དེ། ཞེ་སྡང་དང་བཅས་པ་མ་ཡིན་ནོ། །སེམས་གཏི་མུག་དང་བྲལ་བ་ཉིད་གང་ཡིན་པ་དེ་སེམས་གཏི་མུག་དང་བཅས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་གཉིས་ཕྲད་པ་མེད་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་དེ་ བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་གཏི་མུག་དང་བྲལ་བ་ལ། སེམས་གཏི་མུག་དང་བྲལ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ནས། སེམས་ཅན་ གཞན་དག་དང་གང་ཟག་གཞན་དག་གི་སེམས་རྒྱ་ཆེ་བ་ལ་སེམས་རྒྱ་ཆེ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་རྒྱ་ཆེ་ བ་ལ་སེམས་རྒྱ་ཆེ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པས་སེམས་ཅན་གཞན་དང་གང་ཟག་གཞན་དེ་དག་གི་སེམས་རྒྱ་ཆེ་བ་མ་ཡིན། སེམས་ཞུམ་པ་མ་ཡིན། སེམས་འཕེལ་བ་མ་ཡིན། སེམས་འབྲི་བ་མ་ཡིན་ སེམས་འོང་བ་མ་ཡིན། སེམས་འགྲོ་བ་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གང་གི་རྒྱ་ཆེ་བར་བྱ་བ་དང་། འོང་བའམ་འགྲོ་བའི་བར་གྱི་རང་བཞིན་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་ པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་རྒྱ་ཆེ་བ་ལ། སེམས་རྒྱ་ཆེ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་ལ་བརྟེན་ནས། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་ཆེན་པོར་གྱུར་པ་ལ་སེམས་རྒྱ་ཆེན་པོར་གྱུར་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་ཆེན་པོར་གྱུར་པ་ལ་སེམས་ཆེན་པོར་གྱུར་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པས་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་ཀྱི་རང་བཞིན་འོང་བ་ དང་། འགྲོ་བ་དང་། གནས་པ་དང་། སྐྱེ་བ་དང་། འགག་པ་དང་། གནས་པ་ལས་གཞན་དུ་འགྱུར་བར་ཡང་དག་པར་རྗེས་སུ་མི་གཟིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་དེ་དག་གི་ངོ་བོ་ཉིད་གང་འོང་བའམ་འགྲོ་བའམ་སྐྱེ་བའམ་འགག་པའམ། གནས་པའམ་ གནས་པ་ལས་གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སེམས་ཅན་གཞན་དག་དང་གང་ཟག་གཞན་དག་གི་སེམས་ཆེན་པོར་གྱུར་པ་ལ་སེམས་ཆེན་པོར་གྱུར་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སེམས་ཅན་གཞན་དག་དང་གང་ཟག་གཞན་དག་གི་སེམས་ཚད་མེད་པ་ལ་སེམས་ཚད་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། རབ་འབྱོར་དེ་བཞིན་ གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་འདི་ལ་བརྟེན་ནས། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་ཚད་མེད་པ་ལ། སེམས་ཚད་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པས་སེམས་ ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་དེ་གནས་པ་མ་ཡིན་པ་དང་། རྣམ་པར་གནས་པ་ཡིན་པ་དང་། ཡང་དག་པར་གནས་པ་མ་ཡིན་པ་དང་། ཡང་དག་པར་མི་གནས་པ་མ་ཡིན་པར་ཡང་དག་པར་རྗེས་སུ་གཟིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ སེམས་ཀྱི་རྒྱུད་རྣམས་ནི་ཟག་པ་མེད་ཅིང་ཚད་མེད་དེ། དེ་དག་གང་ལ་གནས་པའི་རྟེན་དེ་ཡང་མེད་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་ཆད་ མེད་པ་ལ་སེམས་ཚད་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་བསྟན་དུ་ མེད་པ་ལ་སེམས་བསྟན་དུ་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། རབ་འབྱོར་དེ་བཞིན་གཤེགས་པས་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་བསྟན་དུ་མེད་པ་ལ་སེམས་བསྟན་དུ་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་དེ་མཚན་ཉིད་མེད་ཅིང་ངོ་བོ་ཉིད་དང་བྲལ་བར་གཟིགས་ཏེ། རབ་འབྱོར་དེ་ ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་བསྟན་དུ་མེད་པ་ལ་སེམས་བསྟན་དུ་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་ གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་མི་སྣང་བ་ལ་སེམས་མི་སྣང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ ལ་བརྟེན་ནས། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་མི་སྣང་བ་ལ་སེམས་མི་སྣང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པའི་སྤྱན་ལྔ་ལ་གཞན་གྱི་སེམས་དེ་དག་སྣང་བར་མི་འགྱུར་ཏེ། རབ་འབྱོར་དེ་ལྟར་ ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་མི་སྣང་བ་ལ་སེམས་མི་སྣང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་ བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་ལྷག་པར་གཡོ་བ་དང་། བྲལ་བར་གཡོ་བ་རྣམས་དང་། བསྡུས་པར་གཡོ་བ་རྣམས་དང་། རྒྱས་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ མཁྱེན་ཏེ། རབ་འབྱོར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་ལྷག་པར་གཡོ་བ་དང་། བྲལ་བར་གཡོ་བ་རྣམས་དང་། བསྡུས་པར་གཡོ་བ་དང་། རྒྱས་པ་རྣམས་ཡང་དག་པ་ ཇི་ལྟ་བ་བཞིན་དུ། ཇི་ལྟར་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པས་སེམས་ཅན་གཞན་དང་གང་ཟག་གཞན་དེ་དག་གི་སེམས་དེ་དག་འདི་ལྟར་རབ་ཏུ་མཁྱེན་ཏོ། །སེམས་ཅན་རྣམས་ཀྱི་སེམས་ལྷག་པར་གཡོ་བ་དང་། བྲལ་བར་གཡོ་བ་རྣམས་དང་། བསྡུས་པར་གཡོ་བ་དང་། རྒྱས་པ་རྣམས་སྐྱེ་བ་ན། སྐྱེ་བ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་གཟུགས་ལ་བརྟེན་ཏམ། ཚོར་བ་ལ་བརྟེན་ཏམ། འདུ་ཤེས་ལ་བརྟེན་ཏམ། འདུ་བྱེད་རྣམས་ལ་བརྟེན་ཏམ། རྣམ་པར་ཤེས་པ་ལ་བརྟེན་ནས་སྐྱེ་བ་ན་སྐྱེ་སྟེ། རབ་འབྱོར་དེ་ལྟར་ ན་དེ་བཞིན་གཤེགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་ལྷག་པར་གཡོ་བ་དང་། བྲལ་བར་གཡོ་བ་རྣམས་དང་། བསྡུས་པར་གཡོ་བ་དང་། རྒྱས་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ རབ་ཏུ་མཁྱེན་ཏེ། བདག་དང་འཇིག་རྟེན་རྟག་པའོ་ཞེས་བྱ་བ་འདི་ཁོ་ན་བདེན་གྱི། གཞན་ནི་བརྫུན་པའོ། །ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །བདག་དང་འཇིག་རྟེན་ནི་མི་རྟག་པ་དང་། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང་། རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་ མ་ཡིན། ཞེས་བྱ་བ་འདི་ཁོ་ན་བདེན་གྱི་གཞན་ནི་བརྫུན་པའོ། །ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །བདག་དང་འཇིག་རྟེན་ནི་རྟག་པའོ་ཞེས་བྱ་བ་འདི་ཁོ་ན་བདེན་གྱི། གཞན་ནི་བརྫུན་པའོ་ ཞེས་བྱ་བ་དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་ནི་མི་རྟག་པ་དང་། རྟག་ཀྱང་རྟག་ལ། མི་རྟག་ཀྱང་མི་རྟག་པ་དང་། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ནོ། །ཞེས་བྱ་བ་འདི་ཁོ་ན་བདེན་གྱི། གཞན་ནི་བརྫུན་པའོ། །ཞེས་ བྱ་བ་དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །དེ་བཞིན་དུ་བདག་དང་། འཇིག་རྟེན་ནི་མཐའ་ཡོད་པའོ་ཞེས་བྱ་བ་འདི་ཁོ་ན་བདེན་གྱི། གཞན་ནི་བརྫུན་པའོ། །ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །བདག་དང་འཇིག་རྟེན་ནི་མཐའ་ཡོད་པ་མ་ཡིན་པ་དང་། མཐའ་ཡོད་ ཀྱང་ཡོད་ལ་མཐའ་མེད་ཀྱང་མེད་པ་དང་། མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་པ་ཞེས་བྱ་བ་འདི་ཁོ་ན་བདེན་གྱི་གཞན་ནི་བརྫུན་པའོ། །ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། ། བདག་དང་འཇིག་རྟེན་ནི་མཐའ་ཡོད་པའོ། །ཞེས་བྱ་བ་དེ་འདི་ཁོ་ན་བདེན་གྱི། གཞན་ནི་བརྫུན་པའོ་ཞེས་བྱ་བ་དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་ནི་མཐའ་ཡོད་པ་མ་ཡིན་པ་དང་། མཐའ་ཡོད་ཀྱང་ཡོད་ལ། མཐའ་མེད་ཀྱང་མེད་པ་དང་། མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་པ་ཞེས་བྱ་བ་འདི་ཁོ་ན་བདེན་གྱི་གཞན་ནི་བརྫུན་པའོ། །ཞེས་བྱ་བ་དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་ཤི་ཕན་ཆད་ཡོད་དོ་ཞེས་བྱ་བ་འདི་ཁོ་ན་བདེན་གྱི། གཞན་ནི་བརྫུན་པའོ། །ཞེས་བྱ་བ་ དེ་ནི་གཟུགས་ལ་གནས་པའོ། །བདག་དང་འཇིག་རྟེན་ཤི་ཕན་ཆད་མེད་པ་དང་། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང་། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ། །ཞེས་བྱ་བ་འདི་ཁོ་ན་བདེན་གྱི། གཞན་ནི་བརྫུན་པའོ། །ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །བདག་དང་འཇིག་རྟེན་ཤི་ཕན་ཆད་ཡོད་དོ། །ཞེས་བྱ་བ་འདི་ཁོ་ན་བདེན་གྱི། གཞན་ནི་བརྫུན་པའོ། །ཞེས་བྱ་བ་དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་ཤི་ཕན་ཆད་ མེད་པ་དང་། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང་། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ། །ཞེས་བྱ་བ་འདི་ཁོ་ན་བདེན་གྱི། གཞན་ནི་བརྫུན་པའོ། །ཞེས་བྱ་བ་དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །སྲོག་དེ་ལུས་དེ་ཡིན་ནོ་ཞེས་བྱ་བ་དང་། སྲོག་ཀྱང་གཞན་ལ། ལུས་ཀྱང་གཞན་ཡིན་ནོ། །ཞེས་བྱ་བ་འདི་ཁོ་ན་བདེན་གྱི་གཞན་ནི་བརྫུན་པའོ། །ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །སྲོག་དེ་ལུས་དེ་ཡིན་ནོ་ཞེས་བྱ་བ་དང་། སྲོག་ཀྱང་གཞན་ལ་ ལུས་ཀྱང་གཞན་ཡིན་ནོ་ཞེས་བྱ་བ་འདི་ཁོ་ན་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་བྱ་བ་དེ་ནི་རྣམ་པར་ཤེས་པ་ལ་གནས་པའོ། །རབ་འབྱོར་དེ་ལྟར་ན། དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སེམས་ཅན་གཞན་དག་དང་གང་ཟག་གཞན་དག་གི་ སེམས་ལྷག་པར་གཡོ་བ་དང་བྲལ་བར་གཡོ་བ་རྣམས་དང་། བསྡུས་པར་གཡོ་བ་དང་། རྒྱས་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་གཟུགས་མཁྱེན་ཏེ། གཟུགས་ཅི་ལྟར་མཁྱེན་ཅེ་ན། ཇི་ལྟར་དེ་བཞིན་ཉིད་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་ལ། མཚན་མ་མེད་ཅིང་རྩོལ་བ་མེད་པ་དང་། སྤྲོས་པ་མེད་པ་དང་། དམིགས་སུ་མེད་པ་དེ་བཞིན་དུ་མཁྱེན་ཏོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ ཤེས་པ་མཁྱེན་ཏེ་རྣམ་པར་ཤེས་པ་ཇི་ལྟར་མཁྱེན་ཅེ་ན། ཇི་ལྟར་དེ་བཞིན་ཉིད་འགྱུར་བ་མེད་ཅིང་། རྣམ་པར་རྟོག་པ་མེད་ལ་མཚན་མ་མེད་ཅིང་རྩོལ་བ་མེད་པ་དང་། སྤྲོས་པ་མེད་པ་དང་དམིགས་སུ་མེད་པ་དེ་བཞིན་དུ་མཁྱེན་ཏོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་སེམས་ལྷག་པར་གཡོ་བ་དང་། བྲལ་བར་གཡོ་བ་རྣམས་དང་། བསྡུས་པར་གཡོ་བ་དང་། རྒྱས་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་ལྟར་ན་ ལྷག་པར་གཡོ་བ་དང་། བྲལ་བར་གཡོ་བ་དང་། བསྡུས་པར་གཡོ་བ་དང་། རྒྱས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་ཀྱི་དེ་བཞིན་ཉིད་དོ། །ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་ཀྱི་དེ་བཞིན་ཉིད་གང་ ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱི་དེ་བཞིན་ཉིད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་དེ་བཞིན་ ཉིད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སྟོང་པ་ཉིད་རྣམས་ཀྱི་དེ་བཞིན་ཉིད་དོ། །སྟོང་པ་ཉིད་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རྣམ་པར་ཐར་པ་བརྒྱད་ཀྱི་དེ་བཞིན་ཉིད་དོ། །རྣམ་པར་ཐར་པ་བརྒྱད་ཀྱི་དེ་བཞིན་ཉིད་གང་ ཡིན་པ་དེ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་དེ་བཞིན་ཉིད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་དེ་བཞིན་ཉིད་གང་ ཡིན་པ་དེ་ནི་མི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་དོ། །མི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་བྱམས་པ་དང་། སྙིང་རྗེའི་དེ་བཞིན་ཉིད་དོ། ། བྱམས་པ་དང་། སྙིང་རྗེའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་དེ་བཞིན་ཉིད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དགེ་བ་དང་མི་དགེ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །དགེ་བ་དང་མི་དགེ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་རྣམས་དང་། ཟག་པ་དང་བཅས་པ་རྣམས་དང་། ཟག་པ་མེད་པ་རྣམས་དང་། ཁ་ན་ མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་རྣམས་དང་། ཉོན་མོངས་པ་དང་བཅས་པ་རྣམས་དང་། ཉོན་མོངས་པ་མེད་པ་རྣམས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམས་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། ། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་ཀྱི་དེ་བཞིན་ཉིད་དོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རྒྱུན་ཏུ་ཞུགས་པའི་དེ་བཞིན་ ཉིད་དོ། །རྒྱུན་དུ་ཞུགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། རྒྱུན་ཏུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་དོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱི་དེ་བཞིན་ཉིད་དོ། །རང་སངས་རྒྱས་ཀྱི་དེ་བཞིན་ཉིད་གང་ཡིན་ པ་དེ་ནི། རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་དོ། །རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་བཞིན་ཉིད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་དེ་བཞིན་ ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། ཐ་མི་དད་པའི་དེ་བཞིན་ཉིད་དོ། །ཐ་མི་དད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་མི་ཟད་པ་ཡིན་ནོ། །མི་ཟད་པས་ན་གཉིས་སུ་མེད་དེ། རབ་འབྱོར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་འདི་ནི། དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་མངོན་པར་རྫོགས་ པར་སངས་རྒྱས་སོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་དེ་བཞིན་གཤེགས་པ་རྣམས་སྐྱེད་པ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འཇིག་རྟེན་སྟོན་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ཀྱི་དེ་བཞིན་ཉིད་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བར་གྱུར་པའི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐུགས་སུ་ཆུད་ཅིང་མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ ཐུགས་སུ་ཆུད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ནི་ཟབ་པ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་ཉིད་འདིས་ནི་ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སྣང་བར་བགྱིས་སོ། །བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། གང་ཟག་ལྟ་བ་ཕུན་སུམ་ཚོགས་པར་གྱུར་པ་རྣམས་དང་། དགྲ་བཅོམ་པ་ཟག་པ་ཟད་པ་རྣམས་མ་གཏོགས་པར་སུ་ཞིག་འདི་ལ་མོས་ པར་འགྱུར། བཅོམ་ལྡན་འདས་ཆོས་འདི་དག་ནི་ཟབ་སྟེ། དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་བསྟན་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་དེ་བཞིན་ཉིད་ནི་མི་ཟད་པའོ། །ཅིའི་ཕྱིར་མི་ཟད་ཅེ་ན། ཆོས་ཐམས་ ཅད་མི་ཟད་པའི་ཕྱིར་དེ་བཞིན་ཉིད་མི་ཟད་པའོ། །རབ་འབྱོར་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་འདི་ནི་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་ བརྒྱད་སྟོང་པ་ལས། འཇིག་རྟེན་སྟོན་པའི་ལེའུ་ཞེས་བྱ་སྟེ། བཞི་བཅུ་རྩ་གཉིས་པའོ།། །།དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་ཇི་སྙེད་འཁོད་པ་དེ་དག་གིས་ལྷའི་ཙན་དན་གྱི་ཕྱེ་མ་དག་ཁྱེར་ ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས། བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་འདི་ནི་ཟབ་པ་ལགས་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅིའི་སླད་དུ་ཟབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་འདི་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཟབ་བོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་མ་མེད་པའི་མཚན་ཉིད་དང་། སྨོན་པ་མེད་པའི་མཚན་ཉིད་དང་། མངོན་པར་འདུ་བྱེད་པ་མེད་པའི་མཚན་ཉིད་དང་། སྐྱེ་བ་མེད་པའི་མཚན་ཉིད་དང་། འགག་པ་མེད་ པའི་མཚན་ཉིད་དང་། ཀུན་ནས་ཉོན་མོངས་པ་མེད་པའི་མཚན་ཉིད་དང་། རྣམ་པར་བྱང་བ་མེད་པའི་མཚན་ཉིད་དང་། དངོས་པོ་མེད་པའི་མཚན་ཉིད་དང་། ངོ་བོ་ཉིད་ཀྱི་མཚན་ཉིད་དང་། མི་གནས་པའི་མཚན་ཉིད་དང་། ཆད་པ་མེད་པའི་མཚན་ཉིད་དང་། རྟག་པ་མེད་པའི་མཚན་ ཉིད་དང་། དོན་གཅིག་པ་མ་ཡིན་པའི་མཚན་ཉིད་དང་། དོན་ཐ་དད་པ་མ་ཡིན་པའི་མཚན་ཉིད་དང་། འོང་བ་མེད་པའི་མཚན་ཉིད་དང་། འགྲོ་བ་མེད་པའི་མཚན་ཉིད་དང་། ནམ་མཁའི་མཚན་ཉིད་ཡིན་པའི་ཕྱིར་ཟབ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཚན་ ཉིད་དེ་ལྟ་བུ་ཡིན་པས་ན། དེ་བཞིན་གཤེགས་པས་འཇིག་རྟེན་གྱི་བརྡར་བཀའ་སྩལ་ཏེ། དོན་དམ་པར་ནི་མ་ཡིན་ནོ། །ལྷའི་བུ་དག་མཚན་ཉིད་དེ་དག་ནི་ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་རྣམ་པར་འཁྲུག་པར་བྱེད་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་ དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡང་དེའི་མཚན་ཉིད་ཁོ་ན་ཡིན་པའི་ཕྱིར་རོ། །ལྷའི་བུ་དག་མཚན་ཉིད་ཀྱིས་ནི། མཚན་ཉིད་རྣམ་པར་འཁྲུག་པར་མི་བྱེད་དོ། །མཚན་ཉིད་ཀྱིས་ནི་མཚན་ཉིད་མི་ཤེས་སོ། །མཚན་ཉིད་ཀྱིས་ནི་མཚན་ཉིད་མེད་པ་མི་ཤེས་སོ། ། མཚན་ཉིད་མེད་པས་ཀྱང་མཚན་ཉིད་མི་ཤེས་སོ། །མཚན་ཉིད་མེད་པས་ཀྱང་མཚན་ཉིད་མེད་པ་མི་ཤེས་སོ། །དེ་ལྟར་ན་མཚན་ཉིད་གང་ཡིན་པ་དང་། མཚན་ཉིད་མེད་པ་གང་ཡིན་པ་དེ་གཉིས་ཀ་ལ་ཡང་། གང་གིས་ཤེས་པར་བྱེད་པ་དང་། གང་ཤེས་པར་བྱེད་པ་དང་། གང་ལ་ ཤེས་པར་བྱེད་པ་དང་། གང་ལ་ཤེས་པར་བྱེད་པའི་ངོ་བོ་ཉིད་མེད་དོ། །ལྷའི་བུ་དག་མཚན་ཉིད་དེ་དག་ནི་གཟུགས་ཀྱིས་མངོན་པར་འདུས་བྱས་པ་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པས་མངོན་པར་འདུས་བྱས་པ་ མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་མངོན་པར་འདུས་བྱས་པ་མ་ཡིན་ནོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མངོན་པར་འདུས་བྱས་པ་མ་ཡིན་ནོ། །སྟོང་པ་ཉིད་ཐམས་ཅད་ཀྱིས་མངོན་པར་ འདུས་བྱས་པ་མ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་མངོན་པར་འདུས་བྱས་པ་མ་ཡིན་ནོ། །སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་མངོན་པར་འདུས་བྱས་པ་མ་ཡིན་ནོ། །རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱིས་མངོན་པར་འདུས་བྱས་པ་མ་ཡིན་ནོ། །ལྷའི་བུ་དག་མཚན་ཉིད་འདི་དག་ནི་མི་རྣམས་དང་། མི་མ་ཡིན་པ་རྣམས་སམ། ཟག་པ་དང་བཅས་པ་རྣམས་སམ། ཟག་པ་མེད་པ་རྣམས་སམ། འཇིག་རྟེན་པ་རྣམས་སམ། འཇིག་རྟེན་ལས་འདས་པ་རྣམས་སམ་ འདུས་བྱས་རྣམས་སམ། འདུས་མ་བྱས་རྣམས་མ་ཡིན་ཏེ། མཚན་ཉིད་ཐམས་ཅད་ནི་མཚན་ཉིད་མེད་པའི་ཕྱིར་རོ། །ལྷའི་བུ་དག་ལ་ལ་ཞིག་འདི་སྐད་དུ་ནམ་མཁའི་མཚན་ཉིད་ནི་འདི་ལྟ་བུ་ཡིན་ནོ། །ཞེས་ཟེར་ན། ཅི་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནམ། ལྷའི་བུ་རྣམས་ཀྱིས་གསོལ་ པ། བཅོམ་ལྡན་འདས་ཡང་དག་པར་སྨྲ་བས་སྨྲ་བ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ནམ་མཁའི་ཁམས་ནི་འདུས་བྱས་མ་ལགས་པའི་སླད་དུ་ནམ་མཁའ་ནི་མཚན་ཉིད་གང་གིས་ཀྱང་མཆིས་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ལྷའི་བུ་དག་ དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། མཚན་ཉིད་ཀྱི་དབྱིངས་ནི་མཚན་ཉིད་མེད་པའི་དབྱིངས་ཇི་ལྟར་གནས་པ་བཞིན་དུ་གནས་པ་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་ཡང་དག་པར་མངོན་པར་རྫོགས་པར་སངས་རྒྱས་པས་དེའི་ཕྱིར། དེ་བཞིན་གཤེགས་པས། དེ་བཞིན་གཤེགས་པ་ཞེས་བྱའོ། །ལྷའི་བུ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་མཚན་ཉིད་གང་དག་མངོན་པར་རྫོགས་པར་སངས་རྒྱས་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ཆགས་པ་མ་མཆིས་པ་དང་། མཚན་ཉིད་གང་དག་ལ་གནས་ནས། དེ་བཞིན་གཤེགས་པས་མཚན་ཉིད་ཐམས་ཅད་བསྟན་པའི་མཚན་ཉིད་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་པ་འདི་དག་ནི་ཟབ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རབ་ཏུ་བསྟན་པས། མཚན་ ཉིད་ཐམས་ཅད་ཡང་དག་པར་རབ་ཏུ་བསྟན་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པས་གང་ལ་སྤྱོད་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། མཚན་ཉིད་ཐམས་ཅད་རབ་ཏུ་དབྱེ་བ་མཛད་དེ། གཟུགས་ཀྱི་མཚན་ཉིད་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་མཚན་ཉིད་ཀྱི་བར་དུ་དབྱེ་བ་མཛད་པ་ནས། མཚན་ཉིད་ཐམས་ཅད་ ཀྱི་རབ་ཏུ་དབྱེ་བའི་བར་དུ་མཛད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་མཚན་ཉིད་ཀྱི་བར་དུ། རབ་ཏུ་དབྱེ་བ་མཛད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་འདི་ནི་ཟབ་སྟེ་ངོ་མཚར་ ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་དག་གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད་དེ། གཟུགས་ཉིད་ཀྱང་དེ་བཞིན་གཤེགས་པས། མཚན་ཉིད་མེད་པས་ མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་བཞིན་དུ་ཚོར་བ་ནི་མྱོང་བའི་མཚན་ཉིད། འདུ་ཤེས་ནི་འཛིན་པའི་མཚན་ཉིད། འདུ་བྱེད་རྣམས་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད། རྣམ་པར་ཤེས་པ་ནི་སོ་སོར་རྣམ་པར་རིག་པའི་མཚན་ཉིད་དེ། དེ་ཡང་དེ་བཞིན་གཤེགས་པས་ མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཕུང་པོ་རྣམས་ནི་སྡུག་བསྔལ་བའི་མཚན་ཉིད་དེ། དེ་དག་ཀྱང་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཁམས་རྣམས་ནི་སྦྲུལ་གདུག་པ་ལྟ་བུའི་མཚན་ ཉིད་དེ་དེ་དག་ཀྱང་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །སྐྱེ་མཆེད་རྣམས་ནི་སྐྱེ་བའི་སྒོའི་མཚན་ཉིད་དེ། དེ་དག་ཀྱང་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ ནི་ཚོགས་པའི་མཚན་ཉིད་དེ་དེ་ཡང་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་གཏོང་བའི་མཚན་ཉིད་དེ་དེ་ཡང་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གདུང་བ་མེད་པའི་མཚན་ཉིད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་འཁྲུག་པ་མེད་པའི་མཚན་ཉིད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐུབ་པ་མེད་པའི་མཚན་ཉིད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སྡུད་པའི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤོང་བའི་མཚན་ ཉིད་དེ། དེ་ཡང་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ནི་འཁྲུག་པ་མེད་པའི་མཚན་ཉིད་དེ། དེ་དག་ཀྱང་དེ་བཞིན་གཤེགས་པས་ མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་ངེས་པར་འབྱིན་པའི་མཚན་ཉིད་དེ། དེ་དག་ཀྱང་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །སྟོང་པ་ཉིད་ནི་དབེན་པའི་མཚན་ ཉིད། མཚན་མ་མེད་པ་ནི་ཞི་བའི་མཚན་ཉིད། སྨོན་པ་མེད་པ་ནི་སྡུག་བསྔལ་སེལ་བའི་མཚན་ཉིད་དེ། དེ་ཡང་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རྣམ་པར་ཐར་པ་རྣམས་ནི་རྣམ་པར་གྲོལ་བར་བྱེད་པའི་མཚན་ཉིད་ དེ། དེ་དག་ཀྱང་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་བཞིན་དུ་སྦྱར་ཏེ། སྟོབས་རྣམས་ནི་ཤིན་ཏུ་རྣམ་པར་ངེས་པའི་མཚན་ཉིད། མི་འཇིགས་པ་རྣམས་ནི་ཤིན་ཏུ་བརྟན་པའི་མཚན་ཉིད། སོ་སོ་ཡང་དག་པར་རིག་པ་ རྣམས་ནི་མི་ཆོད་པའི་མཚན་ཉིད། བྱམས་པ་ཆེན་པོ་ནི་ཕན་པ་སྒྲུབ་པའི་མཚན་ཉིད། སྙིང་རྗེ་ཆེན་པོ་ནི་སྐྱོབ་པའི་མཚན་ཉིད། དགའ་བ་ཆེན་པོ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མཆོག་ཏུ་དགའ་བའི་མཚན་ཉིད། བཏང་སྙོམས་ཆེན་པོ་ནི་སེམས་ཅན་གྱི་ཉེས་པ་དང་། བདེ་ བ་དང་། སྡུག་བསྔལ་བ་དང་། རྙེད་པ་དང་། མ་རྙེད་པ་དང་། གྲགས་པ་དང་། གྲགས་པ་མ་ཡིན་པ་དང་། བསྟོད་པ་དང་། སྨད་པ་ལ་བཏང་སྙོམས་སུ་འཇོག་པའི་མཚན་ཉིད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་མི་འཕྲོག་པའི་མཚན་ཉིད་དེ། དེ་དག་ཀྱང་དེ་ བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་མངོན་སུམ་གྱི་མཚན་ཉིད་དེ། དེ་ཡང་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ལྷའི་བུ་དག་དེ་ལྟར་ན་ དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེས་ན་དེ་བཞིན་གཤེགས་པ་ནི་ཆགས་པ་མེད་པའི་ཡེ་ཤེས་དང་ལྡན་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱེད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་སྟོན་པ་ཡང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་ཆོས་འདི་ལ་བརྟེན་ཅིང་ གནས་ནས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་འདི་ལ་བསྟི་སྟང་མཛད། བླ་མར་མཛད། རི་མོར་མཛད། མཆོད་པར་མཛད་དེ། རབ་འབྱོར་དེ་བས་ན། དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསྟི་སྟང་མཛད། བླ་མར་མཛད། རི་མོར་མཛད། མཆོད་པར་མཛད་པ་དེ་ནི་ཆོས་ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་བའི་ཕྱིར་རོ། །རབ་འབྱོར་དེ་བཞིན་གཤེགས་པས་ནི་བྱས་པ་གཟོ་བ་དང་། བྱས་པ་ཚོར་བ་ཡིན་ཏེ། རབ་འབྱོར་དེ་བཞིན་གཤེགས་པས་བྱས་པ་གཟོ་བ་དང་། བྱས་པ་ཚོར་བ་ཡིན་ནོ། །ཞེས་སྨྲས་པ་གང་ཡིན་པ་དེ་དག་ནི་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནོ། །རབ་འབྱོར་དེ་བཞིན་གཤེགས་པ་ཇི་ལྟར་བྱས་པ་གཟོ་བ་དང་། བྱས་པ་ཚོར་བ་ཡིན་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་ནི་ ཐེག་པ་དེས་གཤེགས་ཤིང་ལམ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་ཐེག་པ་དེ་ཉིད་དང་། ལམ་དེ་ཉིད་ལ་བསྟི་སྟང་མཛད། བླ་མར་མཛད། རི་མོ་མཛད། མཆོད་པ་མཛད་ཅིང་ཡོངས་སུ་ འཛིན་ལ། རྗེས་སུ་ཡོངས་སུ་སྐྱོང་བར་མཛད་དེ། རབ་འབྱོར་དེ་ནི་དེ་བཞིན་གཤེགས་པས་བྱས་པ་གཟོ་བ་དང་། བྱས་པ་ཚོར་བ་ཡིན་པར་བལྟ་བར་བྱའོ། །རབ་འབྱོར་གཞན་ཡང་བྱེད་པ་པོ་མེད་པའི་ཕྱིར། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མ་བྱས་པ་དང་། འགྱུར་བ་མེད་ པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ལུས་མེད་པའི་ཕྱིར་མ་བྱས་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རབ་འབྱོར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཆོས་ཐམས་ཅད་བྱས་པ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཡིན་ པ་དེ་ནི་དེ་བཞིན་གཤེགས་པས་མ་བྱས་པ་མཁྱེན་པ་དང་། མ་བྱས་པ་རིག་པའོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། དོན་དམ་པར་བྱུང་བ་མེད་པའི་ཕྱིར་ཡེ་ཤེས་བྱས་པ་མེད་པའི་ཆོས་ཐམས་ཅད་ལ་ཞུགས་སོ། །རབ་འབྱོར་ རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་སྐྱེད་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་གི་ཚེ་ཆོས་ཐམས་ཅད་སྐྱེད་པ་པོ་མ་ལགས་ཤིང་། སྟོན་པ་པོ་མ་ལགས་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་དེ་བཞིན་ གཤེགས་པ་སྐྱེད་པ་དང་། འཇིག་རྟེན་འདི་སྟོན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་སྐྱེད་པ་པོ་མ་ཡིན་ཞིང་སྟོན་པ་པོ་མ་ཡིན་ནོ། །རབ་འབྱོར་ཇི་ལྟར་ཆོས་ཐམས་ཅད་སྐྱེད་པ་པོ་མ་ཡིན་ཞིང་སྟོན་པ་པོ་མ་ཡིན་ ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་སྟོང་པ་དང་། གསོ་བ་དང་། གསོག་དང་། ཡ་མ་བརླ་དང་། སྙིང་པོ་མེད་པའི་ཕྱིར་ཏེ། རབ་འབྱོར་རྣམ་གྲངས་དེས་ན། ཆོས་ཐམས་ཅད་སྐྱེད་པ་པོ་མ་ཡིན་ཞིང་སྟོན་པ་པོ་མ་ཡིན་ནོ། །རབ་འབྱོར་ཇི་ལྟར་ཆོས་ཐམས་ཅད་སྐྱེད་པ་པོ་མ་ཡིན་ཞིང་སྟོན་ པ་པོ་མ་ཡིན་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་གནས་པ་མེད་པ། ཁོངས་སུ་གཏོགས་པ་མེད་པ་ཡིན་པའི་ཕྱིར་ཏེ། རབ་འབྱོར་རྣམ་གྲངས་དེས་ཀྱང་ཆོས་ཐམས་ཅད་སྐྱེད་པ་པོ་མ་ཡིན་ཞིང་། སྟོན་པ་པོ་མ་ཡིན་ནོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་ གཤེགས་པ་སྐྱེད་པ་དང་། འཇིག་རྟེན་སྟོན་པ་ཡིན་ཏེ། དེ་ཡང་གཟུགས་མ་མཐོང་བའི་ཕྱིར་སྟོན་པ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མ་མཐོང་བའི་ཕྱིར་སྟོན་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་ གཤེགས་པ་སྐྱེད་པ་དང་། འཇིག་རྟེན་སྟོན་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མ་མཐོང་བའི་སླད་དུ་ཇི་ལྟར་སྟོན་པ་ལགས། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་མཐོང་བའི་ སླད་དུ་ཇི་ལྟར་སྟོན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་གི་ཚེ་གཟུགས་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་ན་རབ་འབྱོར་དེ་ལྟར་གཟུགས་མ་མཐོང་བའི་ཕྱིར་སྟོན་པ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དམིགས་པའི་སེམས་མི་འབྱུང་ན། དེ་ལྟར་རྣམ་པར་ཤེས་པ་མ་མཐོང་བའི་ཕྱིར་སྟོན་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། གང་གི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པའི་རྣམ་པར་ཤེས་པའི་བར་དུ་མི་འབྱུང་ན། དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ མཐོང་བའི་ཕྱིར་སྟོན་པ་ཡིན་ནོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་དེ་བཞིན་གཤེགས་པ་སྐྱེད་པ་དང་འཇིག་རྟེན་སྟོན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་དེ་བཞིན་གཤེགས་པ་སྐྱེད་པ་དང་། འཇིག་རྟེན་སྟོན་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འཇིག་རྟེན་སྟོང་ངོ་ཞེས་རྗོད་པར་བྱེད་དོ། །འཇིག་རྟེན་སྟོང་ངོ་ཞེས་ཇི་ལྟར་རྗོད་ཅེ་ན། ཕུང་པོ་ལྔ་པོ་རྣམས་ཀྱི་འཇིག་རྟེན་སྟོང་ངོ་ཞེས་རྗོད་དོ། །ཁམས་བཅོ་བརྒྱད་ཀྱི་འཇིག་རྟེན་སྟོང་ངོ་ཞེས་རྗོད་དོ། །སྐྱེ་མཆེད་བཅུ་གཉིས་ཀྱི་འཇིག་རྟེན་སྟོང་ངོ་ཞེས་ རྗོད་དོ། །དགེ་བ་བཅུའི་ལས་ཀྱི་ལམ་གྱི་འཇིག་རྟེན་སྟོང་ངོ་། །ཞེས་རྗོད་དོ། །བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའི་འཇིག་རྟེན་སྟོང་ངོ་ཞེས་རྗོད་དོ། །མ་རིག་པའི་རྐྱེན་གྱིས་འབྱུང་བ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱི་ འཇིག་རྟེན་སྟོང་ངོ་ཞེས་རྗོད་དོ། །འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ཀྱི་འཇིག་རྟེན་སྟོང་ངོ་ཞེས་རྗོད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་འཇིག་རྟེན་སྟོང་ངོ་ཞེས་རྗོད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་འཇིག་རྟེན་སྟོང་ངོ་ཞེས་རྗོད་དོ། །དེ་བཞིན་དུ་ནང་སྟོང་པ་ཉིད་ དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་འཇིག་རྟེན་སྟོང་ངོ་ཞེས་རྗོད་དོ། །དེ་བཞིན་དུ་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་འཇིག་རྟེན་སྟོང་ངོ་ ཞེས་རྗོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇིག་རྟེན་གྱི་བར་དུ་སྟོང་ངོ་ཞེས་རྗོད་དོ། །རབ་འབྱོར་དེ་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་སྐྱེད་པ་དང་། འཇིག་རྟེན་སྟོན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ནི་འཇིག་རྟེན་སྟོང་པར་ རིག་གོ། འཇིག་རྟེན་སྟོང་པར་ཡང་དག་པར་མཁྱེན་ཏོ། །འཇིག་རྟེན་སྟོང་པར་རྟོགས་སོ། །འཇིག་རྟེན་སྟོང་པར་ཐུགས་སུ་ཆུད་དོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་སྐྱེད་པ་དང་། འཇིག་རྟེན་སྟོན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་སྟོང་ངོ་ཞེས་སྟོན་ཏེ། འཇིག་རྟེན་སྟོང་ངོ་ཞེས་ཇི་ལྟར་སྟོན་ཅེ་ན། འདི་ལྟར་ཕུང་པོ་རྣམས་དང་། ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་། བསམ་གཏན་བཞི་དང་། ཚད་ མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོང་པ་ཉིད་ ཐམས་ཅད་དང་། སྟོབས་དང་མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇིག་རྟེན་སྟོང་ངོ་ཞེས་སྟོན་ཏེ། རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་སྐྱེད་པ་དང་ འཇིག་རྟེན་སྟོན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་བསམ་གྱིས་མི་ཁྱབ་པར་སྟོན་ཏེ། འཇིག་རྟེན་བསམ་གྱིས་མི་ཁྱབ་པར་ཇི་ལྟར་སྟོན་ཅེ་ན། ཕུང་པོ་ལྔ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འཇིག་རྟེན་བསམ་ གྱིས་མི་ཁྱབ་པར་སྟོན་ཏོ། །དེ་བཞིན་དུ་ཤིན་ཏུ་དབེན་པ་དང་། ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་འཇིག་རྟེན་བསམ་གྱིས་མི་ཁྱབ་པར་སྟོན་ཏེ། རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་སྐྱེད་པ་དང་། འཇིག་རྟེན་སྟོན་པ་ཡིན་ ནོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་ཞི་བར་སྟོན་ཏེ་འཇིག་རྟེན་ཇི་ལྟར་ཞི་བར་སྟོན་ཅེ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཞི་བར་སྟོན་ཏེ། རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་སྐྱེད་པ་དང་། འཇིག་རྟེན་སྟོན་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་སྟོང་པ་ཉིད་ཁོ་ནར་སྟོན་ཏེ། འཇིག་རྟེན་སྟོང་པ་ཉིད་ཁོ་ནར་ཇི་ལྟར་སྟོན་ཅེ་ན། ཕུང་པོ་ ལྔའི་འཇིག་རྟེན་སྟོང་པ་ཉིད་ཁོ་ནར་སྟོན་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འཇིག་རྟེན་སྟོང་པ་ཉིད་ཁོ་ནར་སྟོན་ཏེ། རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་སྐྱེད་པ་དང་། འཇིག་རྟེན་སྟོན་པ་ཡིན་ནོ། །རབ་འབྱོར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཅི་ནས་འཇིག་རྟེན་འདིའི་འདུ་ཤེས་མེད་པ་དང་། འཇིག་རྟེན་ཕ་རོལ་གྱི་འདུ་ཤེས་མེད་པ་དེ་ལྟར་དེ་བཞིན་གཤེགས་པ་ལ་འཇིག་རྟེན་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་གིས་འཇིག་རྟེན་འདིའི་འདུ་ཤེས་སམ། འཇིག་རྟེན་ཕ་རོལ་གྱི་འདུ་ཤེས་སུ་བྱེད་ པའི་ཆོས་དེ་དག་མེད་པའི་ཕྱིར་རོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་སུམ་ཅུ་རྩ་བཞི་པ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བཅོམ་ལྡན་འདས་རྣམས་ཀྱི་མཛད་པ་ཆེན་པོས་ཉེ་བར་ གནས་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཛད་པ་བསམ་གྱིས་མི་ཁྱབ་པ་དང་། མཛད་པ་གཞལ་དུ་མ་མཆིས་པ་དང་། མཛད་པ་དཔག་ཏུ་མ་མཆིས་པ་དང་། མཛད་པ་མི་མཉམ་པ་དང་མཉམ་པས་ཉེ་བར་གནས་པ་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཛད་པ་ཆེན་པོས་ཉེ་བར་གནས་པ་ཡིན་ནོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་མཛད་པ་ཆེན་པོས་ཉེ་བར་ གནས་ཤེ་ན། རབ་འབྱོར་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་བསྐྱབ་པ་དང་གནས་བྱེད་པ་དང་། ཡོངས་སུ་མི་གཏོང་བ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཛད་པ་ཆེན་པོ་ཡིན་ཏེ། རབ་འབྱོར་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མཛད་པ་ཆེན་པོས་ཉེ་བར་གནས་པ་ཡིན་ནོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པས་ཉེ་བར་གནས་ཤེ་ན། རབ་འབྱོར་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་བསམ་གྱིས་མི་ཁྱབ་སྟེ། རབ་འབྱོར་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མཛད་པ་བསམ་གྱིས་ མི་ཁྱབ་པས་ཉེ་བར་གནས་པ་ཡིན་ནོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་མཛད་པ་གཞལ་དུ་མེད་པས་ཉེ་བར་གནས་ཤེ་ན། རབ་འབྱོར་སེམས་ཅན་གྱི་ཚོགས་ཀྱི་ནང་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་བསམ་པའམ་གཞལ་བར་ནུས་པའི་སེམས་ཅན་གང་ཡང་མེད་དེ། རབ་འབྱོར་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མཛད་པ་གཞལ་དུ་མེད་པས་ཉེ་བར་གནས་ པ་ཡིན་ནོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་མཛད་པ་དཔག་ཏུ་མེད་པས་ཉེ་བར་གནས་ཤེ་ན། རབ་འབྱོར་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ནི་དཔག་ཏུ་མེད་ལ་ སུས་ཀྱང་ཚད་གཟུང་བར་མི་ནུས་ཏེ། རབ་འབྱོར་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མཛད་པ་དཔག་ཏུ་མེད་པས་ཉེ་བར་གནས་པ་ཡིན་ནོ། །རབ་འབྱོར་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཇི་ལྟར་མཛད་པ་མི་མཉམ་པ་དང་མཉམ་པས་ཉེ་བར་གནས་ཤེ་ན། རབ་འབྱོར་དེ་བཞིན་གཤེགས་པ་རྣམས་དང་མཉམ་པ་ཡང་མེད་ན། ལྷག་པ་ལྟ་ག་ལ་ཡོད་དེ། རབ་འབྱོར་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མཛད་པ་མི་མཉམ་པ་དང་མཉམ་པས་ཉེ་བར་གནས་ཡིན་ནོ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མ་མཆིས་པ་དང་། དཔག་ཏུ་མ་མཆིས་པ་དང་། གྲངས་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་སངས་རྒྱས་ཉིད་ དང་དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་ཐམས་ཅད་མཁྱེན་པ་ཉིད་ནི་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་རང་བྱུང་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་གཞལ་དུ་མེད་པ་དང་། དཔག་ཏུ་མེད་པ་དང་ གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་ཡིན་ནོ། །རབ་འབྱོར་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མི་དམིགས་སོ། །རབ་འབྱོར་གཟུགས་ནི་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མེད་པ་དང་དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་སྟེ། ཤེས་པར་བྱར་མེད་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མེད་པ་དང་། དཔག་ཏུ་མེད་པ་དང་གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་སྟེ། ཤེས་པར་བྱར་མེད་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མེད་པ་དང་། དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་སྟེ། ཤེས་པར་བྱར་མེད་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ ལྡན་འདས་ཅིའི་སླད་དུ་གཟུགས་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མ་མཆིས་པ་དང་། དཔག་ཏུ་མ་མཆིས་པ་དང་། གྲངས་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་དང་། འཚལ་བར་བགྱིར་མ་མཆིས་པ་ལགས། ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་ པ་ཡང་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མ་མཆིས་པ་དང་། དཔག་ཏུ་མ་མཆིས་པ་དང་། གྲངས་མ་མཆིས་པ་དང་མི་མཉམ་པ་དང་མཉམ་པ་སྟེ། འཚལ་བར་བགྱིར་མ་མཆིས་པ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མ་ མཆིས་པ་དང་། དཔག་ཏུ་མ་མཆིས་པ་དང་། གྲངས་མ་མཆིས་པ་དང་། མི་མཉམ་པ་དང་མཉམ་པ་སྟེ། འཚལ་བར་བགྱིར་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་ངོ་བོ་ཉིད་ནི། ངོ་བོ་ཉིད་མེད་པའི་ཕྱིར། བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མེད་པ་དང་། དཔག་ཏུ་མེད་པ་དང་གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་སྟེ། ཤེས་པར་བྱར་མེད་པ་ཡིན་ནོ། །རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤིས་པའི་ངོ་བོ་ཉིད་ནི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མེད་པ་དང་། དཔག་ཏུ་མེད་པ་དང་གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་སྟེ། ཤེས་པར་བྱར་མེད་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ངོ་བོ་ཉིད་ནི་ངོ་བོ་ཉིད་མེད་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མེད་པ་དང་། དཔག་ཏུ་མེད་པ་ དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་སྟེ། ཤེས་པར་བྱར་མེད་པ་ཡིན་ནོ། །རབ་འབྱོར་འདི་ཅི་སྙམ་དུ་སེམས། ཅི་གཟུགས་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མེད་པ་དང་། དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་གང་ཡིན་ པ་དེ་ལ་གཟུགས་དམིགས་སམ། རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མེད་པ་དང་། དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་གང་ཡིན་པ་དེ་ལ་རྣམ་པར་ཤེས་པ་ དམིགས་སམ། རབ་འབྱོར་འདི་ཇི་སྙམ་དུ་སེམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མེད་པ་དང་། དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་གང་ཡིན་པ་དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་དེས་ན། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མེད་པ་དང་། དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་སྟེ། རབ་འབྱོར་འདི་དག་ནི་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མེད་པ་དང་། དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཆོས་རྣམས་བསམ་ གྱིས་མི་ཁྱབ་པ་དང་། གཞལ་དུ་མེད་པ་དང་། དཔག་ཏུ་མེད་པ་དང་གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་སྟེ། རབ་འབྱོར་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཆོས་དེ་དག་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར། བསམ་གྱིས་མི་ཁྱབ་པ་དང་། གཞལ་གྱིས་མི་ལང་ བའི་ཕྱིར་གཞལ་དུ་མེད་པ་དང་། དཔག་གིས་མི་ལང་བའི་ཕྱིར་དཔག་ཏུ་མེད་པ་དང་། བགྲང་གིས་མི་ལང་བའི་ཕྱིར་གྲངས་མེད་པ་དང་། མཉམ་པ་དང་མི་མཉམ་པ་མེད་པའི་ཕྱིར། མི་མཉམ་པ་དང་མཉམ་པ་ཡིན་ཏེ། རབ་འབྱོར་རྣམ་གྲངས་དེས་ན། ཆོས་ཐམས་ཅད་བསམ་གྱིས་མི་ ཁྱབ་པ་དང་། གཞལ་དུ་མེད་པ་དང་། དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་ཡིན་ནོ། །རབ་འབྱོར་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཆོས་དེ་དག་ནི་བསམ་པ་ལས་འདས་པའི་ཕྱིར། བསམ་གྱིས་མི་ཁྱབ་པ་དང་། གཞལ་བ་ལས་འདས་ པའི་ཕྱིར་གཞལ་དུ་མེད་པ་དང་། ཚད་ལས་འདས་པའི་ཕྱིར་དཔག་ཏུ་མེད་པ་དང་། བགྲང་པ་ལས་འདས་པའི་ཕྱིར་གྲངས་མེད་པ་དང་། མཉམ་པ་དང་མི་མཉམ་པ་ལས་འདས་པའི་ཕྱིར། མི་མཉམ་པ་དང་མཉམ་པ་ཡིན་ནོ། །རབ་འབྱོར་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་དེ་ནི་བསམ་གྱིས་ མི་ལང་བའི་ཚིག་བླ་དགས་སོ། །རབ་འབྱོར་གཞལ་དུ་མེད་པ་ཞེས་བྱ་བ་དེ་ནི་གཞལ་གྱིས་མི་ལང་བའི་ཚིག་བླ་དགས་སོ། །རབ་འབྱོར་དཔག་ཏུ་མེད་པ་ཞེས་བྱ་བ་དེ་ནི་ཚད་མེད་པའི་ཚིག་བླ་དགས་སོ། །རབ་འབྱོར་གྲངས་མེད་པ་ཞེས་བྱ་བ་དེ་ནི་གྲངས་ལས་འདས་པའི་ཚིག་བླ་དགས་སོ། ། རབ་འབྱོར་མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་དེ་ནི་མཉམ་པ་མེད་པ་དང་མི་མཉམ་པའི་ཚིག་བླ་དགས་སོ། །རབ་འབྱོར་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཆོས་དེ་དག་ནི་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མེད་པ་དང་དཔག་ཏུ་མེད་པ་དང་གྲངས་མེད་པ་དང་མི་ མཉམ་པ་དང་མཉམ་པ་ཡིན་ནོ། །རབ་འབྱོར་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་ནམ་མཁའ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེ་བཞིན་དུ་གཞལ་དུ་མེད་པ་དང་། དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་ཡང་ནམ་མཁའ་དང་མཚུངས་པའི་ཕྱིར་རོ། །རབ་ འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པའི་ཆོས་རྣམས་བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མེད་པ་དང་། དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་པ་ཡིན་ཏེ། དེ་དག་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཀྱང་བསམ་ པའམ། གཞལ་བའམ་དཔག་པའམ། བགྲང་བར་མི་ནུས་ཏེ། དེ་ལྟར་ན་སངས་རྒྱས་རྣམས་ཀྱང་དཔག་ཏུ་མེད་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་དཔག་ཏུ་མེད་དོ། །བསམ་གྱིས་མི་ཁྱབ་པ་དང་། གཞལ་དུ་མེད་པ་དང་། དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། མི་མཉམ་པ་དང་མཉམ་ པའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། དགེ་སློང་ལྔ་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་མ་ཉིས་སྟོང་ཡང་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་བསྙེན་དྲུག་ཁྲི་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་ མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །དགེ་བསྙེན་མ་སུམ་ཁྲི་ཡང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །བྱང་ཆུབ་སེམས་དཔའ་ཉི་ཁྲི་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏེ། དེ་དག་ཀྱང་བཅོམ་ལྡན་འདས་ཀྱིས་བསྐལ་པ་བཟང་པོ་འདི་ཉིད་ ལ་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་བསམ་གྱིས་མི་ཁྱབ་པའི་ལེའུ་ཞེས་བྱ་སྟེ་བཞི་བཅུ་རྩ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བགྱིད་པ་ཆེན་པོས་ཉེ་བར་གནས་པ་ལགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བགྱིད་པ་མཚུངས་པ་མ་མཆིས་པ་དང་། བགྱིད་པ་དཔག་ཏུ་མ་མཆིས་པ་དང་། བགྱིད་པ་གྲངས་ མ་མཆིས་པ་དང་། བགྱིད་པ་མི་མཉམ་པ་དང་མཉམ་པས་ཉེ་བར་གནས་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་འདི་ནི་བྱེད་པ་ཆེན་པོས་ཉེ་བར་གནས་པ་ཡིན་ནོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱེད་པ་མཚུངས་པ་མེད་པ་དང་། བྱེད་པ་དཔག་ཏུ་མེད་པ་དང་། བྱེད་པ་གྲངས་མེད་པ་དང་། བྱེད་པ་མི་མཉམ་པ་དང་མཉམ་པས་ཉེ་བར་གནས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་ཕ་རོལ་ཏུ་ཕྱིན་པ་དྲུག་འདུས་པ་དང་། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་ནང་སྟོང་པ་ཉིད་འདུས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་འདུས་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་ འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་འདུས་པ་དང་། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་དེ་བཞིན་གཤེགས་པའི་སྟོབས་བཅུ་འདུས་པ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་འདུས་པ་དང་། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་སངས་རྒྱས་ཀྱིས་འདུས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་འདུས་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། ཡུལ་གྱི་མི་རྣམས་ལ་མཐུ་ཆེ་ཞིང་དབང་ཐོབ་པའི་རྒྱལ་པོའི་བྱ་བ་དང་ཡུལ་གྱི་མི་རྣམས་ཀྱི་བྱ་བ་ཅི་ཡོད་པ་དེ་དག་ཐམས་ཅད་བློན་པོ་བྱེད་དུ་བཅུག་ན། རྒྱལ་པོའི་བྱ་བའམ་ཡུལ་གྱི་མིའི་བྱ་བ་དེ་དག་ལ་རྒྱལ་པོ་སྙིང་ལས་ཆུང་ཞིང་ཁུར་བོར་བ་ཡིན་ནོ། ། རབ་འབྱོར་དེ་བཞིན་དུ་ཉན་ཐོས་ཀྱི་ཆོས་རྣམས་སམ། རང་སངས་རྒྱས་ཀྱི་ཆོས་རྣམས་སམ། བྱང་ཆུབ་སེམས་དཔའི་ཆོས་རྣམས་སམ། སངས་རྒྱས་ཀྱི་ཆོས་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་དག་གི་བྱ་ བ་བྱེད་པ་ཡིན་ནོ། །རབ་འབྱོར་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱེད་པ་ཆེན་པོས་ཉེ་བར་གནས་པ་ཡིན་ནོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱེད་པ་མཚུངས་པ་མེད་པ་དང་། བྱེད་པ་དཔག་ཏུ་མེད་པ་དང་བྱེད་པ་གྲངས་མེད་པ་དང་། བྱེད་པ་མི་ མཉམ་པ་དང་མཉམ་པས་ཉེ་བར་གནས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་གཟུགས་ལ་ཡོངས་སུ་འཛིན་པ་མེད་ཅིང་མངོན་པར་ཞེན་པ་མེད་པར་ཉེ་བར་གནས་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ ཡོངས་སུ་འཛིན་པ་མེད་ཅིང་མངོན་པར་ཞེན་པ་མེད་པར་ཉེ་བར་གནས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ལ་ཡོངས་སུ་འཛིན་པ་མེད་ཅིང་མངོན་པར་ཞེན་པ་མེད་པར་ཉེ་བར་གནས་པ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཡོངས་སུ་འཛིན་པ་མེད་ཅིང་མངོན་པར་ཞེན་པ་མེད་པར་ཉེ་ བར་གནས་པ་དང་། དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དག་ལ་ཡོངས་སུ་འཛིན་པ་མེད་ཅིང་མངོན་པར་ཞེན་པ་མེད་པར་ཉེ་ བར་གནས་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་ལྟར་གཟུགས་ལ་ཡོངས་སུ་འཛིན་པ་མ་མཆིས་ཤིང་། མངོན་པར་ཞེན་པ་མ་མཆིས་པར་ཉེ་བར་གནས་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ དང་། རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་མ་མཆིས་ཤིང་། མངོན་པར་ཞེན་པ་མ་མཆིས་པར་ཉེ་བར་གནས་པ་ལགས། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དག་ལ་ཡོངས་སུ་འཛིན་པ་མ་མཆིས་ཤིང་། མངོན་པར་ཞེན་པ་མ་མཆིས་པར་ཉེ་བར་གནས་པ་ ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་གང་ལ་ཡོངས་སུ་འཛིན་པ་དང་། གང་ལ་མངོན་པར་ཞེན་པ་དང་། གང་ཡོངས་སུ་འཛིན་པ་དང་། གང་མངོན་པར་ཞེན་པའི་གཟུགས་དེ་ཡང་དག་པར་རྗེས་སུ་མཐོང་ངམ། རབ་འབྱོར་ཁྱོད་ཀྱིས་གང་ལ་ཡོངས་སུ་འཛིན་ པ་དང་། གང་ལ་མངོན་པར་ཞེན་པ་དང་། གང་ཡོངས་སུ་འཛིན་པ་དང་། གང་མངོན་པར་ཞེན་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དེ་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ་ རབ་འབྱོར་ཁྱོད་ཀྱིས་གང་ལ་ཡོངས་སུ་འཛིན་པ་དང་། གང་ལ་མངོན་པར་ཞེན་པ་དང་། གང་ཡོངས་སུ་འཛིན་པ་དང་། གང་མངོན་པར་ཞེན་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་ངས་ཀྱང་གང་ལ་ཡོངས་སུ་འཛིན་པའམ། མངོན་པར་ཞེན་པའམ། གང་ཡོངས་སུ་འཛིན་པའམ། མངོན་པར་ཞེན་པའི་གཟུགས་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །རབ་འབྱོར་ངས་ཀྱང་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མི་འཛིན་ཏོ། །ཡོངས་སུ་མི་འཛིན་པས་མངོན་པར་ཞེན་པ་མེད་དོ། །རབ་འབྱོར་ངས་ཀྱང་སངས་རྒྱས་ཀྱིས་དང་། ཐམས་ཅད་མཁྱེན་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དང་། དེ་བཞིན་གཤེགས་པ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་ངོ་། ཡང་དག་པར་རྗེས་སུ་མ་མཐོང་བས་ཡོངས་སུ་མི་འཛིན་ཏེ། ཡོངས་སུ་མི་འཛིན་པས་མངོན་པར་ཞེན་པ་མེད་དོ། །རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གཟུགས་ལ་ ཡོངས་སུ་གཟུང་བར་མི་བྱ་ཞིང་མངོན་པར་ཞེན་པར་མི་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡོངས་སུ་གཟུང་བར་མི་བྱ་ཞིང་མངོན་པར་ཞེན་པར་མི་བྱའོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དང་། དེ་བཞིན་གཤེགས་པ་ཉིད་ལ་ཡོངས་སུ་གཟུང་བར་མི་བྱ་ཞིང་མངོན་པར་ཞེན་པར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ ཟབ་ཅིང་མཐོང་བར་དཀའ་ལ་རྟོགས་པར་དཀའ་སྟེ། བརྟག་པར་མི་ནུས་ཤིང་རྟོག་གེའི་སྤྱོད་པ་མ་ལགས་ལ། ཞི་བ་ཞིབ་མོ་བརྟགས་པའི་མཁས་པ་དང་། མཛངས་པས་རིག་པར་བགྱི་བ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མོས་པ་དེ་ དག་ནི་སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བགྱི་བ་བགྱིས་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ། མོས་པ་དེ་དག་ནི་དགེ་བའི་རྩ་བ་སྐྱེད་སྐྱེད་པ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་གང་དག་གནས་པ་དེ་དག་ཐམས་ཅད་དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་ རྒྱས་སུ་གྱུར་ཀྱང་དེ་དག་ཐམས་ཅད་ཀྱི་ཤེས་པ་གང་ལགས་པ་དང་། སྤོང་བ་གང་ལགས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་གདུགས་གཅིག་བཟོད་པ་དང་། འདོད་པ་དང་། སེམས་པ་དང་། འཇལ་བ་དང་། དཔྱོད་པ་དང་། རྟོག་པ་གང་ལགས་པ་ལས་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་ལྟ་བུ་འདི་ལ་འདོད་ཅིང་། བཟོད་པ་གང་ལགས་པ་དེ་ཉིད་ཆེས་མཆོག་ཏུ་གྱུར་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་རྣམས་ཀྱི་ཤེས་པ་དང་། སྤོང་བ་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་ཀྱི་ཤེས་པ་དང་། སྤོང་བ་གང་ལགས་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པ་ལགས་པའི་སླད་དུའོ། །དེ་ ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་དག་ལེགས་སོ་ལེགས་སོ། །ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱི་ཤེས་པ་དང་། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པ་ཡིན་ནོ། །ལྷའི་ བུ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ལ། ཐོས་ནས་ཀྱང་ཡི་གེར་འདྲི་བ་དང་། བྲིས་ནས་ཀྱང་ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་མྱུར་དུ་ཡོངས་ སུ་མྱ་ངན་ལས་འདའ་བར་ཤེས་པར་བྱའི། ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་མདོ་སྡེ་གཞན་དག་ལ་སྤྱོད་པ་དེ་དག་ནི་དེ་ལྟར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དད་པས་རྗེས་སུ་འབྲང་བ་རྣམས་དང་། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱིས་གང་ལ་བསླབ་པར་བྱ་བ་དང་། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་དང་། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གང་ལ་བསླབ་པར་བྱ་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གང་ལ་བསླབས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཡང་དག་ཕུལ་གྱི་ཆོས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་རྒྱ་ཆེར་བསྟན་པའི་ཕྱིར་རོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེ་བ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཚུངས་པ་མ་མཆིས་པ་དང་། ཕ་རོལ་ཏུ་ ཕྱིན་པ་དཔག་ཏུ་མ་མཆིས་པ་དང་། ཕ་རོལ་ཏུ་ཕྱིན་པ་གྲངས་མ་མཆིས་པ་དང་། ཕ་རོལ་ཏུ་ཕྱིན་པ་མི་མཉམ་པ་དང་མཉམ་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ། དད་པའི་རྗེས་སུ་འབྲང་བ་རྣམས་དང་། ཆོས་ཀྱི་རྗེས་སུ་འབྲང་ བ་རྣམས་དང་། བརྒྱད་པ་རྣམས་དང་། རྒྱུན་ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་ཀྱིས་བསླབས་པས་ངེས་པར་བྱུང་བར་གྱུར་ལ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱིས་དེ་ལ་བསླབས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ནི་བྲི་བའམ། གང་བ་མ་མཆིས་སོ། །ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། ། དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཐད་ནས་དོང་སྟེ། དེ་དག་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་ཕྱིན་ནས་ མི་སྣང་བར་གྱུར་ཏེ། འདོད་པ་ན་སྤྱོད་པའི་ལྷའི་བུ་གང་ཡིན་པ་དེ་དག་ནི་འདོད་པའི་ཁམས་སུ་འཁོད་དོ། །གཟུགས་ན་སྤྱོད་པའི་ལྷའི་བུ་གང་ཡིན་པ་དེ་དག་ནི་གཟུགས་ཀྱི་ཁམས་སུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་པར་འགྱུར་བ་དེ་གང་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་པར་འགྱུར་ཏེ། ཞུམ་པར་མི་འགྱུར་ཞིང་། ཡོངས་སུ་ཞུམ་པར་མི་འགྱུར་ལ། དེ་ཡིད་རྟུལ་བར་མི་འགྱུར་ཞིང་། དེ་ཡིད་གཉིས་མི་བྱེད་ལ། ཐེ་ཚོམ་མི་ཟ་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཟབ་མོ་འདི་ཐོས་པས་མངོན་པར་དགའ་སྟེ། ཐོས་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡིད་ལ་བྱེད་པ་འདི་ཉིད་དང་མི་འབྲལ་ཞིང་། འགྲོའང་རུང་། འོང་ཡང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་སྟེ། རྟག་ཏུ་རྒྱུན་མི་ཆད་པར་ཡིད་ལ་བྱེད་པ་དེ་དག་མི་གཏོང་ལ། ཆོས་སྨྲ་བའི་གང་ཟག་དེ་དག་གི་ཕྱི་བཞིན་དུ་རྟག་ཏུ་རྒྱུན་མི་ཆད་པར་འབྲང་སྟེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། བ་དྲུས་མ་བེའུ་མི་གཏོང་བ་བཞིན་དུ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནམ་ལུས་ལ་གནས་པར་བྱས་པ་དང་། ཟིན་པ་དང་། བྱང་བ་དང་། ཆུབ་པར་བླགས་པ་ད