Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 030_ཁྲི་བརྒྱད།_ཁ

Văn bản gốc(Tây Tạng)

Trang 4 / 19 (50.000 ký tự/trang)
ེ་བའི་རྩ་བ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་གང་ཡིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་།
བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་དང་། སངས་རྒྱས་ཀྱི་ཆོས་ཚད་མེད་པ་དང་ལྡན་པའི་བར་དང་། དེ་མ་ཡིན་པ་གཞན་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་གང་ཡིན་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བར་འདོད་པ་དེས་ནི། འདི་ལྟར་རྗེས་
སུ་ཡི་རང་བར་བྱ་སྟེ། རྣམ་པར་གྲོལ་བ་ཇི་ལྟ་བ་བཞིན་དུ། སྦྱིན་པ་ཡང་དེ་བཞིན་ནོ། །རྣམ་པར་གྲོལ་བ་ཇི་ལྟ་བ་བཞིན་དུ། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་ཡང་དེ་བཞིན་ནོ། །རྣམ་པར་གྲོལ་བ་ཇི་ལྟ་བ་བཞིན་
དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན་ནོ། །རྣམ་པར་གྲོལ་བ་ཇི་ལྟ་བ་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ཀྱང་དེ་བཞིན་ནོ། །རྣམ་པར་ཤེས་པ་ཡང་དེ་བཞིན་ནོ། །རྣམ་པར་གྲོལ་བ་ཇི་ལྟ་བ་བཞིན་དུ་ནང་སྟོང་པ་ཉིད་དང་། དངོས་པོ་མེད་

པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡང་དེ་བཞིན་ནོ། །རྣམ་པར་གྲོལ་བ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་དེ་བཞིན་ནོ། །རྣམ་པར་གྲོལ་བ་ཇི་ལྟ་བ་བཞིན་དུ་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་
པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་དེ་བཞིན་ནོ། །རྣམ་པར་གྲོལ་བ་ཇི་ལྟ་བ་བཞིན་དུ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡང་དེ་བཞིན་ནོ། །རྣམ་པར་གྲོལ་བ་ཇི་ལྟ་བ་བཞིན་དུ་མོས་པ་ཡང་དེ་བཞིན་ནོ། །རྗེས་སུ་ཡི་རང་བ་ཡང་དེ་བཞིན་ནོ། །རྣམ་
པར་གྲོལ་བ་ཇི་ལྟ་བ་བཞིན་དུ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་དེ་དག་ཀྱང་དེ་བཞིན་ནོ། །རྣམ་པར་གྲོལ་བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་དེ་བཞིན་ནོ། །རྣམ་པར་གྲོལ་བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་
དེ་དག་གི་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་དེ་བཞིན་ནོ། །རྣམ་པར་གྲོལ་བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཡོངས་སུ་མྱ་ངན་ལས་འདས་པ་ཡང་དེ་བཞིན་ནོ། །རྣམ་པར་གྲོལ་བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཉན་ཐོས་རྣམས་ཀྱང་
དེ་བཞིན་ནོ། །རང་སངས་རྒྱས་རྣམས་ཀྱང་དེ་བཞིན་ནོ། །ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཡང་དེ་བཞིན་ནོ། །རྣམ་པར་གྲོལ་བ་ཇི་ལྟ་བ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཆོས་ཉིད་ཀྱང་དེ་བཞིན་ནོ། །རྣམ་པར་གྲོལ་བ་ཇི་ལྟ་བ་
བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཉིད་ཀྱང་དེ་བཞིན་ནོ། །རྣམ་པར་གྲོལ་བ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་དེ་བཞིན་ནོ་ཞེས་རྗེས་སུ་ཡི་རང་བར་བྱའོ། །དེ་བཞིན་དུ་བཅིངས་པ་མེད་པ་དང་། གྲོལ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་
མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཆོས་དེ་དག་གི་ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དང་། སྐྱེ་བ་མེད་པ་གང་ཡིན་པ་དང་། འབྱུང་བ་མེད་པ་དང་། འགག་པ་མེད་པའི་ཆོས་རྣམས་ཀྱི་ཆོས་ཉིད་ཀྱང་དེ་བཞིན་ཏེ། འཕོ་བ་མེད་པ་དང་། རྣམ་པར་འཇིག་པ་མེད་པའི་ཕྱིར་དེ་ལྟར་

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ན། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྗེས་སུ་ཡི་རང་བ་མཆོག་ཡིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྗེས་སུ་ཡི་རང་བ་དེ་དང་ལྡན་པ་ནི་མྱུར་དུ་བླ་
ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རབ་འབྱོར་གཞན་ཡང་ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་
བཞུགས་ཏེ། འཚོ་ཞིང་གཞེས་པ་གང་ཡིན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཞུགས་པ་ལ་ལ་ཞིག་གིས་ཇི་སྲིད་འཚོའི་བར་
དུ་བདེ་བའི་ཡོ་བྱད་ཐམས་ཅད་དང་། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་ཅིང་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་ལ་ཉིན་
མཚན་དུ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པ་བྱ་བར་སྤྲོ་བ་སྐྱེད་པ་དང་། ཚུལ་ཁྲིམས་
ལ་གནས་ཏེ། དེ་ཡང་དམིགས་པའི་ཚུལ་གྱིས་གནས་པ་དང་། བཟོད་པ་སྒོམ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་སྙོམས་པར་འཇུག་པ་དང་། ཤེས་རབ་སྒོམ་སྟེ། དེ་ཡང་དམིགས་པའི་ཚུལ་གྱིས་སྒོམ་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་ཞིག་དགེ་བའི་རྩ་བ་དེ་དག་མི་

དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ན། བསོད་ནམས་མངོན་པར་འདུ་བྱེད་པ་དེ་ལ་ནི། སྔ་མའི་བསོད་ནམས་མངོན་པར་འདུ་བྱེད་པས། བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་མི་
བཟོད་དོ། །ཡོངས་སུ་བསྔོ་བ་དེ་ནི་མཆོག་ཅེས་བྱ་བ་ནས། གོང་ན་མེད་པ་ཞེས་བྱ་བའི་བར་དུ་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པས་ནི་མི་དམིགས་པའི་ཚུལ་གྱིས་དགེ་བའི་རྩ་བ་དེ་དག་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བའི་ལེའུ་ཞེས་བྱ་སྟེ། སུམ་ཅུ་རྩ་གསུམ་
པའོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ཉི་ཤུ་རྩ་བདུན་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་རྣམ་པར་
དག་པའི་སླད་དུ་སྣང་བར་བགྱིད་ལགས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཕྱག་བགྱི་བར་འོས་པ་ལགས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བདག་ཕྱག་འཚལ་ལ་ལགས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཁམས་གསུམ་ཐམས་
ཅད་ཀྱིས་མ་གོས་པ་ལགས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉོན་མོངས་པ་དང་ལྟ་བའི་མུན་པ་ཐམས་ཅད་བསལ་བའི་སླད་དུ། རབ་རིབ་མ་མཆིས་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་
རྣམས་ཀྱི་མཆོག་ཏུ་བགྱིད་པ་ལགས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིགས་པ་དང་། ཁོན་དང་། གནོད་པ་ཐམས་ཅད་སྤངས་པའི་སླད་དུ་བདེ་བར་བགྱིད་པ་ལགས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་རྣམས་ཀྱི་མིག་ལྔ་ཡོངས་

སུ་འཛིན་པའི་སླད་དུ་གསལ་བར་བགྱིད་པ་ལགས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་ཤུལ་ངན་པར་ཞུགས་པ་རྣམས་ཀྱི་མཐའ་རྣམ་པར་སྤོང་བའི་སླད་དུ་ཤུལ་སྟོན་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བག་ཆགས་དང་།
མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་སྤོང་བའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བགྱིད་པ་ལགས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེད་པར་བགྱིད་པའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མ་
ལགས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སླད་དུ་མ་སྐྱེས་པ་དང་། མ་འགགས་པ་ལགས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐེར་ཟུག་ཏུ་གནས་པ་མ་མཆིས་པ་དང་། འཇིག་པ་མ་མཆིས་པའི་སླད་དུ་འཁོར་བའི་
གཉེན་པོ་ལགས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་རིན་པོ་ཆེ་ཐམས་ཅད་སྩལ་བའི་སླད་དུ་སེམས་ཅན་མགོན་མ་མཆིས་པ་རྣམས་ཀྱི་མགོན་བགྱིད་པ་ལགས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་ཐུལ་བའི་སླད་དུ་སྟོབས་བཅུ་བགྱིད་པ་ལགས། བཅོམ་
ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐོར་བ་མ་མཆིས་པ་དང་། ལྡོག་པ་མ་མཆིས་པའི་སླད་དུ་ལན་གསུམ་དུ་བཟླས་ཏེ། ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་སྐོར་བར་བགྱིད་པ་ལགས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་
ཀྱི་སླད་དུ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོན་པར་བགྱིད་པ་ལགས་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གནས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཇི་ལྟར་སྟོན་པ་ལ་གནས་པར་བྱ་བ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ། །
ཇི་ལྟར་སྟོན་པ་ལ་ཕྱག་བྱ་བ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱང་སྟོན་པ་ལས་གཞན་མ་ཡིན་ལ། སྟོན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོན་པ་ཡིན་ལ།

སྟོན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་རབ་ཏུ་ཕྱེ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་རྒྱས་རྣམས་དང་།
དགྲ་བཅོམ་པ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། རྒྱུན་དུ་ཞུགས་པ་རྣམས་ཀྱང་འདིས་རབ་ཏུ་ཕྱེ་བ་ཡིན། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱང་འདིས་རབ་ཏུ་ཕྱེ་བ་ཡིན། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་
པའི་སྙོམས་པར་འཇུག་པ་བཞི་ཡང་འདིས་རབ་ཏུ་ཕྱེ་བ་ཡིན། མངོན་པར་ཤེས་པ་ལྔ་དང་། ཕ་རོལ་ཏུ་ཕྱིན་པ་ལྔ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་
དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་འདིས་རབ་ཏུ་ཕྱེ་བ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་འདིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་
ཏེ། བཙུན་པ་ཤཱ་རིའི་བུའི་ཞུ་བ་འདི་ནི་ཅི་ལས་བྱུང་གླེང་གཞི་ནི་གང་ཡིན་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ལྷའི་དབང་པོ་བརྒྱ་བྱིན་གྱི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་གང་ཁྱོད་འདི་སྙམ་
དུ། བཙུན་པ་ཤཱ་རིའི་བུའི་ཞུ་བ་འདི་ནི་ཅི་ལས་བྱུང་། གླེང་གཞི་ནི་གང་ཡིན་དུ་རྣམ་པར་རྟོག་པ་ནི། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཐབས་ལ་མཁས་པས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་
བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐུགས་དང་པོ་བསྐྱེད་པ་ནས། དམ་པའི་ཆོས་ཇི་སྲིད་གནས་པའི་བར་དེར་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་བར་བྱེད་དོ་སྙམ་ནས། བདག་གི་ཞུ་བ་བྱུང་ངོ་། །ཀཽ་ཤི་ཀ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟིལ་གྱིས་གནོན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཟིལ་གྱིས་གནོན་པར་བྱེད་པ་
ཡིན་ནོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། དམུས་ལོང་རྣམས་ནི་བརྒྱའམ། སྟོང་ངམ། འབུམ་ཡང་རུང་སྟེ། དམིགས་བུ་མེད་ན་ལམ་དུ་འཇུག་པར་ཡང་མི་ནུས་ན། གྲོང་ཁྱེར་དུ་ཕྱིན་པར་ལྟ་ག་ལ་ནུས། ཀཽ་ཤི་ཀ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དམུས་ལོང་ལྟ་བུར་གྱུར་པ་འདི་
དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམིགས་བུ་མེད་ན། བྱང་ཆུབ་ཀྱི་ལམ་དུ་འཇུག་པར་ཡང་མི་ནུས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་ཆེན་པོར་ཕྱིན་པར་ལྟ་ག་ལ་ནུས། ཀཽ་ཤི་ཀ་གང་གི་ཚེ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པས་ཡོངས་སུ་བཟུང་ན། དེའི་ཚེ་མིག་དང་ལྡན་པས། ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་འཐོབ་བོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་གང་ཁྱོད་འདི་སྐད་དུ། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ན། ཕ་རོལ་
ཏུ་ཕྱིན་པའི་མིང་འཐོབ་བོ་ཞེས་ཟེར་ན། བཙུན་པ་ཤཱ་རིའི་བུ་འོ་ན། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་ན། ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་བ་བམ། དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་
ཏུ་ཕྱིན་པས་ཡོངས་སུ་བཟུང་ན་ཡང་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གིས་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་བམ། ཤཱ་རིའི་བུས་སྨྲས་པ། ཀཽ་ཤི་ཀ་དེ་ནི་དེ་ལྟ་མ་ཡིན་ནོ། །དེ་ནི་དེ་ལྟ་མ་ཡིན་ཏེ། ཀཽ་ཤི་ཀ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བས་ནི། ཕ་རོལ་
ཏུ་ཕྱིན་པའི་མིང་མི་འཐོབ་བོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བས་ཀྱང་། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གིས་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་བོ། །ཀཽ་ཤི་ཀ་དེ་ལྟ་བས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གི་མཆོག་ཅེས་བྱའོ། །ཕུལ་དང་། རབ་དང་། རབ་མཆོག་དང་། གྱ་ནོམ་པ་དང་། བླ་ན་མེད་པ་དང་། གོང་ན་མེད་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གཟུགས་མངོན་པར་བསྒྲུབ་ཏུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་
བྱེད་རྣམས་དང་། རྣམ་པར་ཤེས་པ་མངོན་པར་བསྒྲུབ་ཏུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་ཏུ་མེད་པའི་ཕྱིར། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་ཏུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ནང་སྟོང་པ་ཉིད་མངོན་པར་བསྒྲུབ་ཏུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་མངོན་པར་བསྒྲུབ་ཏུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མངོན་པར་བསྒྲུབ་ཏུ་མེད་པའི་ཕྱིར། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མངོན་པར་བསྒྲུབ་ཏུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་བསྒྲུབ་ཏུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱ་སྟེ། དེ་ལྟར་ཆོས་དེ་དག་ཐམས་ཅད་མངོན་པར་བསྒྲུབ་ཏུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཤཱ་རིའི་བུས་གསོལ་བ།

བཅོམ་ལྡན་འདས་ཇི་ལྟར་གཟུགས་མངོན་པར་བསྒྲུབ་ཏུ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་ཀྱི་བར་དག་མངོན་པར་བསྒྲུབ་ཏུ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་
པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གཟུགས་མངོན་པར་འདུ་བྱེད་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། འབྱུང་བ་མེད་པ་དང་། འཇིག་པ་མེད་པ་དང་། དམིགས་སུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །
ཆོས་ཐམས་ཅད་ཀྱི་བར་དག་མངོན་པར་འདུ་བྱེད་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། འབྱུང་བ་མེད་པ་དང་། འཇིག་པ་མེད་པ་དང་། དམིགས་སུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་བར་བྱའོ། ཤཱ་རིའི་བུས་གསོལ་བ། བཅོམ་
ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་ན། ཆོས་གང་ཞིག་ཐོབ་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་ན། ཆོས་གང་ཡང་ཐོབ་པར་མི་བྱེད་དེ།
གང་གི་ཕྱིར་ཆོས་གང་ཡང་ཐོབ་པར་མི་བྱེད་པ་དེའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཆོས་གང་དག་ཐོབ་པར་མི་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུས་དགེ་བའི་ཆོས་
རྣམས་ཐོབ་པར་མི་བྱེད་དོ། །མི་དགེ་བའི་ཆོས་རྣམས་ཐོབ་པར་མི་བྱེད་དོ། །དེ་བཞིན་དུ་ཁ་ན་མ་ཐོ་བ་དང་བཅས་པ་དང་ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མེད་པ་
དང་། །འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་རྣམས་ཐོབ་པར་མི་བྱེད་དོ། །འཁོར་བའི་ཆོས་རྣམས་ཐོབ་པར་མི་བྱེད་དོ། །མྱ་ངན་ལས་འདས་པའི་ཆོས་རྣམས་ཐོབ་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ལ་ཡང་དམིགས་པའི་ཚུལ་གྱིས་ཉེ་བར་གནས་པ་མ་ཡིན་པའི་ཕྱིར་ཏེ། དེས་ན་ཆོས་གང་ཡང་ཐོབ་པར་མི་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བགྱིད་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་གང་ཡང་ཁྱོད་འདི་སྐད་དུ། བཅོམ་ལྡན་འདས་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བགྱིད་པ་
ལགས་སམ་ཞེས་ཟེར་བ་ནི། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་ཐོབ་པར་མི་བྱེད། དམིགས་པར་མི་བྱེད་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བྱེད་དོ། །དམིགས་པར་མི་བྱེད་དོ། །བརྒྱ་བྱིན་གྱིས་
གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་མི་བགྱིད་ཅིང་དམིགས་པར་མི་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིང་ཇི་ལྟ་བ་དང་། མཚན་མ་ཇི་ལྟ་བ་
དང་། མངོན་པར་འདུ་བྱ་བ་ཇི་ལྟ་བ་དེ་ལྟར་ཐོབ་པར་མི་བྱེད་པ་ཡིན་ནོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་ཐོབ་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ཅི་ནས་ཀྱང་མི་དམིགས་པ་དང་། ཁས་མི་ལེན་པ་དང་། མི་
གནས་པ་དང་། མི་འདོར་བ་དང་། མངོན་པར་ཞེན་པ་མེད་པ་དང་། མི་འཛིན་པ་དང་། མི་གཏོང་བ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དེ། ཆོས་གང་ཡང་ཐོབ་པར་བྱེད་པ་མེད་དོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་
ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་ཐམས་ཅད་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། མངོན་པར་འདུ་བགྱིད་པ་མ་མཆིས་པ་དང་། དམིགས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པ་དང་། རྣམ་པར་འཇིག་པ་མ་མཆིས་པའི་སླད་དུ་ཉེ་བར་གནས་པ་ནི་ངོ་

མཚར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་ཐོབ་པར་བགྱིད་པའོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་ཐོབ་པར་མི་བགྱིད་པའོ་ཞེས་བགྱི་བ་དེ་ལྟ་བུའི་འདུ་ཤེས་སུ་འགྱུར་ན། བཅོམ་ལྡན་འདས་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤོང་བར་བགྱིད་པ་ལགས་སོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱང་རིང་དུ་བགྱིད་པ་ལགས་སོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤོང་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱང་རིང་དུ་བྱེད་པའི་རྣམ་གྲངས་ཡོད་དེ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གསོག་གོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གསོབ་དང་། སྙིང་པོ་མེད་པ་དང་། ཡ་མ་བརླའོ། །ཞེས་བྱ་བར་དེ་ལྟ་བུའི་འདུ་ཤེས་སུ་གྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤོང་བར་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱང་རིང་དུ་བྱེད་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གློ་བ་ཆེས་པས།
ཆོས་གང་དག་ལ་གློ་བ་ཆེས་པར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། གཟུགས་ལ་ཡིད་མི་ཆེས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡིད་མི་
ཆེས་སོ། །མིག་ལ་ཡིད་མི་ཆེས་སོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་ཡིད་མི་ཆེས་སོ། །གཟུགས་ལ་ཡིད་མི་ཆེས་སོ། །སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ལ་ཡིད་མི་ཆེས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་མི་ཆེས་སོ། །ཚུལ་

ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་མི་ཆེས་སོ། །ནང་སྟོང་པ་ཉིད་ལ་ཡིད་མི་ཆེས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཡིད་མི་ཆེས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་
སུམ་ཅུ་རྩ་བདུན་ལ་ཡིད་མི་ཆེས་སོ། །སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཡིད་མི་ཆེས་སོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཡིད་མི་ཆེས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་
དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཉིད་ལ་ཡིད་མི་ཆེས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡིད་མི་ཆེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་
ཡིད་མི་ཆེས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གློ་བ་ཆེས་པས། གཟུགས་ལ་གློ་བ་མི་ཆེས་པ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ལ་ཡང་གློ་བ་མི་ཆེས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རབ་འབྱོར་གཟུགས་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་སོ། །རབ་འབྱོར་དེ་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས།
གཟུགས་ལ་ཡིད་མི་ཆེས་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ལ་ཡང་ཡིད་མི་ཆེས་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་འདི་ཇི་སྙམ་དུ་སེམས། རྣམ་གྲངས་གང་གིས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ཆེ་བ་ཡིན་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། ཚོར་བ་

དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་མི་བགྱིད།
ཆུང་བར་མི་བགྱིད། དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། ནང་སྟོང་པ་ཉིད་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་
ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཆེ་བར་མི་
བགྱིད། ཆུང་བར་མི་བགྱིད། བྱང་ཆུབ་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད། སངས་རྒྱས་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད་པ་ལགས་སོ། །གཟུགས་སྡུད་པར་མི་བགྱིད། འཕྲོ་བར་མི་བགྱིད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་
ཤེས་པ་སྡུད་པར་མི་བགྱིད། འཕྲོ་བར་མི་བགྱིད། བྱང་ཆུབ་དང་སངས་རྒྱས་ཀྱི་བར་དུ་ཡང་སྡུད་པར་མི་བགྱིད། འཕྲོ་བར་མི་བགྱིད་པ་ལགས་སོ། །གཟུགས་ཚད་མཆིས་པར་མི་བགྱིད། ཚད་མ་མཆིས་པར་མི་བགྱིད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་
དང་། རྣམ་པར་ཤེས་པ་ཚད་མཆིས་པར་མི་བགྱིད། ཚད་མ་མཆིས་པར་མི་བགྱིད། བྱང་ཆུབ་དང་སངས་རྒྱས་ཀྱི་བར་དུ་ཡང་ཚད་མཆིས་པར་མི་བགྱིད། ཚད་མ་མཆིས་པར་མི་བགྱིད་པ་ལགས་སོ། །གཟུགས་ཡངས་པར་མི་བགྱིད། དོག་པར་མི་བགྱིད། ཚོར་བ་
དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡངས་པར་མི་བགྱིད། དོག་པར་མི་བགྱིད། བྱང་ཆུབ་དང་། སངས་རྒྱས་ཀྱི་བར་དུ་ཡང་ཡངས་པར་མི་བགྱིད། དོག་པར་མི་བགྱིད་པ་ལགས་སོ། །གཟུགས་སྟོབས་དང་ལྡན་པར་མི་བགྱིད། སྟོབས་ཆུང་

བར་མི་བགྱིད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོབས་དང་ལྡན་པར་མི་བགྱིད། སྟོབས་ཆུང་བར་མི་བགྱིད། བྱང་ཆུབ་དང་སངས་རྒྱས་ཀྱི་བར་དུ་ཡང་སྟོབས་དང་ལྡན་པར་མི་བགྱིད། སྟོབས་ཆུང་བར་མི་བགྱིད་པ་ལགས་ཏེ།
བཅོམ་ལྡན་འདས་རྣམ་གྲངས་དེས་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེ་བ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་འདི་སྙམ་དུ་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད་པའོ། །སངས་རྒྱས་ཀྱི་བར་དུ་ཆེ་བར་མི་བགྱིད། ཆུང་བར་མི་བགྱིད་པའོ། །གཟུགས་སྟོབས་དང་ལྡན་པར་མི་བགྱིད། སྟོབས་ཆུང་བར་མི་བགྱིད་པའོ་ཞེས་བགྱི་བའི་བར་དུ་འདུ་ཤེས་པར་གྱུར་ན། བཅོམ་ལྡན་འདས་དེ་ལྟར་འདུ་
ཤེས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གང་གཟུགས་ཆེ་བའམ། ཆུང་བར་བགྱིད་པ་དང་། སངས་རྒྱས་ཀྱི་བར་དུ་ཡང་ཆེ་བའམ། ཆུང་བར་བགྱིད་པ་དེ་ནི་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་འཐུན་པ་མ་ལགས་ལ་གང་གཟུགས་སྟོབས་དང་ལྡན་པར་བགྱིད་པའམ། སྟོབས་ཆུང་བར་བགྱིད་པ་དང་། སངས་རྒྱས་ཀྱི་བར་དུ་སྟོབས་དང་ལྡན་པར་བགྱིད་པའམ། སྟོབས་ཆུང་བར་བགྱིད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་འཐུན་པ་མ་ལགས་པའི་སླད་
དུའོ། །དེ་ཅིའི་སླད་དུ་ཞེ་ན། དམིགས་པའི་འདུ་ཤེས་ཅན་ལ་བྱང་ཆུབ་མ་མཆིས་པའི་སླད་དུའོ། །འདི་ལྟར་སེམས་ཅན་སྐྱེ་བ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་རིག་པར་བགྱིའོ། །དེ་བཞིན་དུ་གཟུགས་སྐྱེ་བ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་སྐྱེ་བ་མ་མཆིས་པར་རིག་པར་བགྱིའོ། །སངས་རྒྱས་ཀྱི་བར་དུ་སྐྱེ་བ་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མ་མཆིས་པར་རིག་པར་བགྱིའོ། །སེམས་ཅན་ངོ་བོ་ཉིད་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་མ་མཆིས་པར་རིག་པར་བགྱིའོ། །གཟུགས་
ངོ་བོ་ཉིད་མ་མཆིས་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་མ་མཆིས་པར་རིག་པར་བགྱིའོ། །སངས་རྒྱས་ཀྱི་བར་དུ་ངོ་བོ་ཉིད་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་མ་མཆིས་པར་རིག་པར་བགྱིའོ། །སེམས་ཅན་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་རིག་པར་བགྱིའོ། །གཟུགས་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་རིག་པར་བགྱིའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དངོས་པོ་མ་མཆིས་པའི་སླད་དུ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་རིག་པར་བགྱིའོ། །སངས་རྒྱས་ཀྱི་བར་དུ་དངོས་པོ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མ་མཆིས་པར་རིག་པར་བགྱིའོ། །སེམས་ཅན་སྟོང་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པར་རིག་པར་
བགྱིའོ། །གཟུགས་སྟོང་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པར་རིག་པར་བགྱིའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པར་རིག་པར་བགྱིའོ། །སངས་རྒྱས་ཀྱི་བར་དུ་སྟོང་
པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པར་རིག་པར་བགྱིའོ། །དེ་བཞིན་དུ་སེམས་ཅན་མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པར་རིག་པར་བགྱིའོ། །གཟུགས་
མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པར་རིག་པར་བགྱིའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མཚན་མ་མཆིས་པ་དང་། སྨོན་

པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པར་རིག་པར་བགྱིའོ། །སངས་རྒྱས་ཀྱི་བར་དུ་མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་
མ་མཆིས་པ་དང་། སྨོན་པ་མ་མཆིས་པར་རིག་པར་བགྱིའོ། །དེ་བཞིན་དུ་སེམས་ཅན་དབེན་པ་དང་། སེམས་ཅན་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པ་དང་མ་མཆིས་པར་རིག་པར་བགྱིའོ། །སེམས་ཅན་བསམ་གྱིས་མི་ཁྱབ་པའི་སླད་དུ། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་པར་རིག་པར་བགྱིའོ། །སེམས་ཅན་རྣམ་པར་བཤིག་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བཤིག་པ་མ་མཆིས་པར་རིག་པར་བགྱིའོ། །སེམས་ཅན་མངོན་པར་རྫོགས་པར་བྱང་ཆུབ་པ་མ་མཆིས་པའི་སླད་དུ། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་བྱང་ཆུབ་པ་མ་མཆིས་པར་རིག་པར་བགྱིའོ། །གཟུགས་མངོན་པར་རྫོགས་པར་བྱང་ཆུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་བྱང་ཆུབ་པ་མ་མཆིས་པར་རིག་པར་བགྱིའོ། །དེ་བཞིན་
དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མངོན་པར་རྫོགས་པར་བྱང་ཆུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་བྱང་ཆུབ་པ་མ་མཆིས་པར་རིག་པར་བགྱིའོ། །སངས་རྒྱས་ཀྱི་བར་དུ་མངོན་
པར་རྫོགས་པར་བྱང་ཆུབ་པ་མ་མཆིས་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་བྱང་ཆུབ་པ་མ་མཆིས་པར་རིག་པར་བགྱིའོ། །སེམས་ཅན་སྟོབས་དང་མི་ལྡན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོབས་དང་མི་ལྡན་པར་རིག་པར་བགྱིའོ། །གཟུགས་
སྟོབས་དང་མི་ལྡན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོབས་དང་མི་ལྡན་པར་རིག་པར་བགྱིའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོབས་དང་མི་ལྡན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོབས་དང་མི་ལྡན་པར་རིག་པར་བགྱིའོ། །

སངས་རྒྱས་ཀྱི་བར་དུ་སྟོབས་དང་མི་ལྡན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོབས་དང་མི་ལྡན་པར་རིག་པར་བགྱི་སྟེ། བཅོམ་ལྡན་འདས་རྣམ་གྲངས་དེས་ཀྱང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་
ཆེ་བ་ལགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་མངོན་པར་བསྒྲུབ་པའི་ཡོན་ཏན་ཡང་དག་པར་བསྔགས་པའི་ལེའུ་ཞེས་བྱ་སྟེ་སུམ་ཅུ་རྩ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མོས་པ་དེ་གང་ནས་ཤི་འཕོས་ཏེ་འདིར་མཆིས་པ་ལགས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དོན་དང་། ཚུལ་ལས་མོས་པ་དེ་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ལས་ཡང་དག་པར་ཞུགས་ནས་ནི་ཇི་སྲིད་ཅིག་ལགས། དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་ལ་ནི་བསྙེན་བཀུར་བགྱིས་པ་ལགས། དེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ནས་ནི་ཇི་སྲིད་ཅིག་ལགས། དེས་ཚུལ་
ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ནས་ནི་ཇི་སྲིད་ཅིག་ལགས། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ནས་ནི་ཇི་སྲིད་ཅིག་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་
ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བསྙེན་བཀུར་བྱས་ནས། འདིར་འོངས་ཤིང་འདིར་སྐྱེས་པ་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་གྲངས་མེད་ཚད་མེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ཡིན་ནོ། །དེ་ནི་སེམས་དང་པོ་བསྐྱེད་ཕྱིན་ཆད་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ཅིང་ཚུལ་ཁྲིམས་དང་།

བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ནས། འདིར་སྐྱེས་པ་ཡིན་ནོ། །དེ་ནི་དེ་ཚུན་ཆད་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲངས་མེད་ཚད་མེད་དཔག་ཏུ་མེད།
བསམ་གྱིས་མི་ཁྱབ་གཞལ་དུ་མེད་པ་དག་ལ་བསྙེན་བཀུར་བྱས་ཤིང་འདིར་འོངས་པ་ཡིན་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་ངམ། ཐོས་ན་ཡང་འདི་སྙམ་དུ་བདག་གིས་སྟོན་པ་མཐོང་ངོ་སྙམ་པའི་སེམས་སྐྱེ་བར་འགྱུར་ཞིང་།
བདག་གིས་སྟོན་པ་ཐོས་སོ་སྙམ་པའི་སེམས་སྐྱེ་བར་འགྱུར་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ནི་མཚན་མ་མེད་པ་དང་། གཉིས་སུ་མེད་པ་དང་དམིགས་སུ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ཚུལ་ཁོང་དུ་ཆུད་པར་འགྱུར་རོ། །དེ་ནས་
བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བལྟ་བའམ། མཉན་པར་ནུས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། རབ་འབྱོར་ཆོས་བེམས་པོ་ཉིད་ཀྱི་
ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྟ་བ་པོ་དང་། ཉན་པ་པོ་ནི་མེད་པས་ན། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་མཐོང་མི་ཐོས་སོ། །དེ་བཞིན་དུ་ཆོས་བེམ་པོ་ཉིད་ཀྱི་ཕྱིར། བསམ་གཏན་དང་། བརྩོན་འགྲུས་དང་། བཟོད་པ་དང་། ཚུལ་ཁྲིམས་དང་། སྦྱིན་པའི་ཕ་རོལ་
ཏུ་ཕྱིན་པ་མི་མཐོང་མི་ཐོས་སོ། །ཆོས་བེམས་པོ་ཉིད་ཀྱི་ཕྱིར་དེས་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་མི་མཐོང་མི་ཐོས་སོ། །དེ་བཞིན་དུ་ཆོས་བེམས་པོ་ཉིད་ཀྱི་ཕྱིར། དྲན་པ་ཉེ་བར་གཞག་པ་རྣམས་མི་མཐོང་མི་ཐོས་སོ། །ཆོས་བེམས་པོ་ཉིད་
ཀྱི་ཕྱིར། ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་མི་མཐོང་མི་ཐོས་སོ། །ཆོས་བེམས་པོ་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་

བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མི་མཐོང་མི་ཐོས་སོ། །ཆོས་བེམས་པོ་ཉིད་ཀྱི་ཕྱིར། བྱང་ཆུབ་མི་མཐོང་མི་ཐོས་སོ། །སངས་རྒྱས་མི་མཐོང་མི་ཐོས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་
འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྣལ་འབྱོར་དུ་བགྱིད་པ་དེས་ཡུན་ཇི་སྲིད་ཅིག་ནས་སྤྱད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་རྣམ་པར་དབྱེ་ཞིང་
བཤད་དགོས་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་དང་པོ་བསྐྱེད་ཕྱིན་ཆད་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྣལ་འབྱོར་དུ་བྱེད་ཅིང་། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་དེ། དེ་ཡང་ཐབས་ལ་མཁས་པས་རྣལ་འབྱོར་དུ་བྱེད་ཅིང་ཆོས་འགའ་ཡང་སྤོང་བར་མི་བྱེད་ལ། ཇི་ལྟར་འཕེལ་བ་དང་འགྲིབ་པ་མི་མཐོང་བས་ན་ནམ་དུ་ཡང་ཕ་རོལ་ཏུ་
ཕྱིན་པ་དྲུག་དང་བྲལ་བར་མི་འགྱུར་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཡང་འབྲལ་བར་མི་འགྱུར་ལ་མཆོད་པའི་ཁྱད་པར་གང་དག་གིས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པ་བྱ་བར་འདོད་པའི་མཆོད་
པའི་ཁྱད་པར་དེ་དག་དེས་སེམས་བསྐྱེད་མ་ཐག་ཏུ་འགྲུབ་པར་འགྱུར་ཞིང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་ཡང་འགྱུར་རོ། །ནམ་དུ་ཡང་མའི་མངལ་དུ་སྐྱེ་བར་མི་འགྱུར། ནམ་དུ་ཡང་མངོན་པར་ཤེས་པ་རྣམས་དང་འབྲལ་བར་མི་འགྱུར། ཉོན་མོངས་པ་གང་དང་
ཡང་འགྲོགས་པར་མི་འགྱུར། ཉན་ཐོས་ཀྱི་སེམས་དང་། རང་སངས་རྒྱས་ཀྱི་སེམས་དང་ཡང་འགྲོགས་པར་མི་འགྱུར་ཞིང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་ལ། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་

དུ་འགྲོ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྣལ་འབྱོར་དུ་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་གིས། སངས་རྒྱས་བརྒྱ་ཕྲག་
མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་མང་པོ་དག་མཐོང་བར་གྱུར་ལ། དེ་དག་གི་དྲུང་ན་སློབ་པའི་ཚེ། དམིགས་པའི་ཚུལ་གྱིས་སྦྱིན་པ་བྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་
དང་། ཤེས་རབ་བསྒོམས་པ་དག་ཡོད་དེ། དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པ་ན་འཁོར་དེ་ནས་འགྲོ་བར་འགྱུར་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པ་ན་གུས་པ་མེད་པས། སངས་རྒྱས་བཅོམ་ལྡན་
འདས་དེ་དག་གི་དྲུང་ནས་འགྲོ་བར་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་པ་དེ་དག་ནི་འདི་ཉིད་དུ་ཡང་འདུས་ཏེ། གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པ་ན་འགྲོ་བར་བྱེད་པ་དག་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་དག་ནི་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པ་ན་ཕྱིར་སོང་བར་གྱུར་ལ། ད་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པ་ན་ཡང་དེ་དག་ཕྱིར་འགྲོ་བར་བྱེད་ཅིང་། ལུས་དང་སེམས་ཀྱི་ཚོགས་པར་མི་བྱེད་པས། དེ་དག་ཤེས་རབ་
འཆལ་པར་འགྱུར་བའི་ལས་སོགས་པར་འགྱུར་ཏེ། དེ་དག་གིས་ཤེས་རབ་འཆལ་བར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པ་ན་སྤོང་བར་འགྱུར་རོ། །དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤངས་པས། འདས་
པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྤངས་པར་འགྱུར་ལ། དེ་དག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྤངས་པ་ལས་བྱུང་བའི་ལས་མངོན་པར་འདུ་བྱ་བ་བྱས་ཤིང་བསགས་པ་དེ་དང་། ཆོས་ཀྱིས་ཕོངས་

པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས་ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་འབུམ་ཕྲག་མང་པོ་དང་། ལོ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་མང་པོའི་བར་དུ་སེམས་ཅན་དམྱལ་བ་རྣམས་སུ་སྲེག་པར་འགྱུར་རོ། །དེ་དག་སེམས་ཅན་དམྱལ་བ་
ཆེན་པོ་རྣམས་ནས། སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་འགྲོ་བར་འགྱུར་ཞིང་། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་རྣམས་ནས། སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་འགྲོ་བ་ན། མེས་འཇིག་པའམ། ཆུས་འཇིག་པའམ། རླུང་གིས་འཇིག་པ་དག་ཀྱང་འབྱུང་བར་འགྱུར་
ཏེ། དེ་དག་དེར་འཇིག་པ་དག་བྱུང་བ་ན། འཇིག་རྟེན་གྱི་ཁམས་གཞན་དག་གི་སེམས་ཅན་དམྱལ་བ་ཆེན་པོ་རྣམས་གང་ཡིན་པ་དེ་དག་ཏུ་འཕེན་པར་འགྱུར་རོ། །དེ་དག་དེར་སྐྱེས་ནས་ཀྱང་། སེམས་ཅན་དམྱལ་བ་ཆེན་པོ་རྣམས་ནས། སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་འགྲོ་
བར་འགྱུར་ཞིང་། དེ་དག་སེམས་ཅན་དམྱལ་བ་ཆེན་པོ་རྣམས་ནས། སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་འགྲོ་སྟེ། ཡང་འཇིག་པ་བྱུང་བ་ན་དེ་དག་འཇིག་རྟེན་གྱི་ཁམས་དེ་དག་ནས་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་འཕེན་པར་འགྱུར་རོ། །དེ་དག་ཏུ་ཡང་གང་གི་ཚེ་འཇིག་
པ་བྱུང་བ་ན་དེ་དག་ཤར་ཕྱོགས་སུ་འཕེན་པར་འགྱུར། ལྷོ་དང་། ནུབ་དང་། བྱང་དང་། ཕྱོགས་མཚམས་རྣམས་དང་། འོག་དང་། སྟེང་གི་ཕྱོགས་རྣམས་ཀྱི་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་འཕེན་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་དག་ཏུ་ཡང་འཇིག་པ་བྱུང་ན། དེ་དག་འཇིག་
རྟེན་གྱི་ཁམས་གཞན་དག་གི་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་འཕེན་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་དག་ཏུ་ཡང་འཇིག་པ་བྱུང་བ་ན། ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་མ་ཟད་པས། འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ནས། ཡང་འདི་ཉིད་དུ་སྐྱེ་
བར་འགྱུར་ཞིང་། དེ་དག་ཡང་སེམས་ཅན་དམྱལ་བ་ཆེན་པོ་རྣམས་ནས། སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་འགྲོ་བར་འགྱུར་རོ། །དེ་དག་སེམས་ཅན་དམྱལ་བ་ཆེན་པོ་དེ་རྣམས་སུ་སྐྱེས་པ་ན་ཡང་། སེམས་ཅན་དམྱལ་བའི་སྡུག་བསྔལ་རྣམས་ཉམས་སུ་མྱོང་བར་འགྱུར་ཞིང་། ཇི་སྲིད་

དུ་འཇིག་པ་འབྱུང་བར་མི་འགྱུར་བ་དེ་སྲིད་དུ། སེམས་ཅན་དམྱལ་བའི་སྡུག་བསྔལ་རྣམས་ཉམས་སུ་མྱོང་བར་འགྱུར་རོ། །འཇིག་པ་བྱུང་བ་ན་ཡང་འདི་ནས་ཤི་འཕོས་ནས། འཇིག་རྟེན་གྱི་ཁམས་གཞན་དག་གི་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་སྐྱེ་བར་འགྱུར་རོ། །
དེ་བཞིན་དུ་ཡང་ནས་ཡང་དུ་ཕྱོགས་བཅུ་ཀུན་གྱི་དུད་འགྲོའི་སྐྱེ་གནས་རྣམས་སུ་ཡང་སྐྱེ་བར་འགྱུར་རོ། །ཡང་དང་ཡང་དུ་ཕྱོགས་བཅུ་ཀུན་གྱི་གཤིན་རྗེའི་འཇིག་རྟེན་རྣམས་སུ་ཡང་སྐྱེ་བར་འགྱུར་ཏེ། དེ་དག་ཏུ་སྐྱེས་ནས་སྡུག་བསྔལ་གྱི་ཚོར་བ་དག་མྱོང་བས། ལས་ཟད་པར་བྱེད་པར་འགྱུར་རོ། །
དེ་དག་གིས་སྡུག་བསྔལ་མང་པོ་དེ་དག་མྱོང་བས། ལས་ཟད་པར་བྱས་ནས། ཇི་སྟེ་བརྒྱ་ལ་མིར་སྐྱེ་བ་འཐོབ་པར་འགྱུར་ན་ཡང་ཆོས་ཀྱིས་ཕོངས་བར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེ་ཉིད་ཀྱིས་དེ་དག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་དམུས་ལོང་གི་ཁྱིམ་རྣམས་སུ་སྐྱེ་བར་འགྱུར་རོ། །
གདོལ་པའི་ཁྱིམ་རྣམས་སམ། གཡུང་པོའི་ཁྱིམ་རྣམས་སམ། མ་རབས་ཀྱི་ཁྱིམ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་དག་ཏུ་སྐྱེས་ན་ཡང་ལོང་བ་རྣམས་སུ་འགྱུར་བའམ། ཞར་བ་རྣམས་སམ། ལྕེ་མེད་པ་རྣམས་སམ། ལག་པ་མེད་པ་རྣམས་སམ། རྐང་པ་མེད་པ་རྣམས་སམ།
རྣ་བ་མེད་པ་རྣམས་སམ། སྣ་མེད་པ་རྣམས་སམ། གང་ན་སངས་རྒྱས་ཀྱི་སྒྲ་ཐོས་པར་མི་འགྱུར་བ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་ཐོས་པར་མི་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སྒྲ་དང་རང་སངས་རྒྱས་ཀྱི་སྒྲ་ཐོས་པར་མི་འགྱུར་བ་དེ་ལྟ་བུར་སྐྱེ་བར་འགྱུར་རོ། །དེ་ནས་
བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མཚམས་མ་མཆིས་པ་ལྔ་པོ་དག་ནི། ཆོས་ཀྱིས་ཕོངས་པར་འགྱུར་བའི་སུག་ལས་བགྱིས་ཤིང་བསགས་པ་དེའི་འོལ་དུ་ཡང་མི་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཤཱ་རིའི་བུ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ན་ཟློག་པར་སེམས་ཤིང་། དེ་དག་འདི་སྐད་དུ་འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པའི་བཀའ་མ་ཡིན། འདི་ནི་སངས་རྒྱས་ཀྱི་བསྟན་པ་མ་ཡིན། འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་

དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མ་གསུངས། མི་གསུང་གསུང་བར་མི་འགྱུར་བ་ཡིན་གྱིས། འདི་ལ་བསླབ་པར་མི་བྱའོ་ཞེས་ཟེར་ཞིང་། དེ་བདག་གིས་ཀྱང་བཟློག་པར་བྱའོ་སྙམ་དུ་སེམས་ལ། སེམས་ཅན་གཞན་དག་ཀྱང་འབྲལ་བར་འགྱུར་བར་བྱེད། དེ་རང་
གི་སེམས་ཀྱི་རྒྱུད་ལ་ཡང་གནོད་པ་བྱས་ནས། གཞན་གྱི་སེམས་ཀྱི་རྒྱུད་ལ་ཡང་གནོད་པ་བྱ་བར་སེམས། དེ་རང་གི་སེམས་ཀྱི་རྒྱུད་ཀྱང་དུག་དང་བཅས་པར་བྱས་ནས། གཞན་གྱི་སེམས་ཀྱི་རྒྱུད་ཀྱང་དུག་དང་བཅས་པར་བྱེད་པར་འགྱུར། དེ་བདག་ཀྱང་ཆུད་གཟོན་ཅིང་གཞན་
ཡང་ཆུད་གཟོན་པར་འདོད། དེ་བདག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མ་རྟོགས་ཤིང་མི་ཤེས་པས་ཟློག་པར་སེམས་ལ་གཞན་དག་ཀྱང་དེ་བཞིན་དུ་འཛིན་པར་འགྱུར་བར་བྱེད་པས་ན། ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེའི་འོལ་དུ་ཡང་མི་འོང་ངོ་ཞེས་
བརྗོད་པར་བྱ་སྟེ། ཤཱ་རིའི་བུ་ངས་ནི་གང་ཟག་དེ་ལྟ་བུ་དག་ཐོས་པར་བྱ་བར་ཡང་མ་གནང་ན། བལྟ་བ་ལྟ་ཅི་སྨོས་ཏེ་གནས་སུ་ལྟ་ག་ལ་རུང་། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་གང་ཟག་དེ་ལྟ་བུ་དག་ནི་ཆོས་སུན་འབྱིན་པ་ཡིན་པར་རིག་པར་བྱ་ཞིང་། ཤཱ་རིའི་བུ་གང་ཟག་དེ་ལྟ་བུ་དག་ནི་
ཤིང་རུལ་པ་ལྟ་བུ་དང་ནག་པོའི་རང་བཞིན་ཅན་ཡིན་པར་རིག་པར་བྱ་བའི་ཕྱིར་རོ། །ཤཱ་རིའི་བུ་གང་དག་གང་ཟག་དེ་ལྟ་བུ་དེ་དག་ལ་དད་ཅིང་མཉན་པར་བྱ་བར་སེམས་པ་དེ་དག་ཀྱང་ཚུལ་མ་ཡིན་པས་སྡུག་བསྔལ་བར་འགྱུར་རོ། །ཤཱ་རིའི་བུ་གང་ངའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སུན་འབྱིན་
པའི་གང་ཟག་དེ་ནི་ཆོས་སུན་འབྱིན་པར་བྱེད་པར་རིག་པར་བྱའོ། །ཤཱ་རིའི་བུ་བུས་གསོལ་པ། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཆོས་སུན་འབྱིན་པར་བགྱིད་པའི་གང་ཟག་དེར་སྐྱེས་པ་དེའི་ལུས་ཀྱི་ཚད་ནི་བཀའ་མ་སྩལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་
བུ་ཆོས་སུན་འབྱིན་པར་བྱེད་པའི་གང་ཟག་དེར་སྐྱེས་པ་དེའི་ལུས་ཀྱི་ཚད་ནི་ཞོག་ཤིག །དེ་ཅིའི་ཕྱིར་ཞེ་ན། ཆོས་སུན་འབྱིན་པར་བྱེད་པའི་གང་ཟག་དེའི་ལུས་ཀྱི་ཚད་ཐོས་ན། ཅི་ཙམ་དུ་ཆོས་སུན་འབྱིན་པར་བྱེད་པའི་གང་ཟག་དེའི་ལུས་ཐོབ་པའི་ཚད་དེ་ནི་དེ་འདྲ་སྟེ། དེ་ལ་དེ་འདྲ་བའི་སྐྱོན་དེ་

ཡོད་དོ་ཞེས་ཁ་ནས་ཁྲག་དྲོན་པོ་སྐྱུག་པར་འགྱུར་བའམ། འཆི་བར་འགྱུར་བའམ། ཤི་ལ་ཐུག་པའི་སྡུག་བསྔལ་དུ་འགྱུར་བའམ། ཐོས་ན་མྱ་ངན་གྱི་ཟུག་རྔུ་དང་ལྡན་པར་འགྱུར་བའམ། འདམ་བུ་སྔོན་པོ་བརྔས་པ་ལྟར་སྐམ་ཞིང་རྙིས་པར་འགྱུར་དུ་འོང་ངོ་ཞེས་
བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ། དེའི་ལུས་ཀྱི་ཚད་འདི་ཙམ་དུ་འགྱུར་རོ་ཞེས་སྐབས་དབྱེ་བ་མ་མཛད་དོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱིས་ཕོངས་པར་འགྱུར་བའི་སུག་ལས་བགྱིས་ཤིང་བསགས་པ་དེ། ཆོས་སུན་འབྱིན་པར་བགྱིད་པའི་གང་
ཟག་རྣམས་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པར་འགྱུར་རོ་ཞེས། སླད་མའི་སྐྱེ་བོ་རྣམས་ལ་སྣང་བ་བགྱིད་པར་འགྱུར་ལགས་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་ནི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་རྫོགས་པར་
བྱས་ཤིང་བསགས་པ་དེས། དེ་སྲིད་དུ་སེམས་ཅན་དམྱལ་བ་རྣམས་སུ་སྡུག་བསྔལ་མྱོང་བར་འགྱུར་ཞིང་། སྡུག་བསྔལ་དེའི་ཚད་མེད་དེ། མང་བ་དང་ཡུན་དེ་སྲིད་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །ཞེས་བྱ་བ་དེ་ཉིད་ཀྱིས་ཀྱང་ཕྱི་མའི་སྐྱེ་བོ་རྣམས་ལ་སྣང་བ་བྱས་པར་འགྱུར་བ་ཡིན་ནོ། །
ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་འདི་ཉིད་ཀྱིས་དཀར་པོའི་རང་བཞིན་ཅན་གྱི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཆོས་ཀྱིས་ཕོངས་པར་འགྱུར་བའི་སུག་ལས་དེ་དག་ལས་ལྡོག་པར་འགྱུར་ཏེ། བདག་ཅག་ཀྱང་སྡུག་བསྔལ་འདི་ལྟ་བུ་དག་དང་འཕྲད་དུ་འོང་ངོ་ཞེས་དེ་དག་སྲོག་གི་སླད་དུ་ཡང་
དམ་པའི་ཆོས་སྤོང་བར་མི་བགྱིད་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དམ་པའི་ཆོས་སྤོང་བའི་ངག་གི་ལས་བགྱིས་ཤིང་བསགས་པ་དེས་ནི། ཆོས་ཀྱིས་ཕོངས་པར་འགྱུར་བའི་སུག་ལས་བགྱིད་ཅིང་སོགས་
པར་འགྱུར་བས། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བདག་ཅག་སྡུག་བསྔལ་འདི་ལྟ་བུ་དག་དང་འཕྲད་དམ། དེ་བཞིན་གཤེགས་པ་མི་མཐོང་ངམ། ཆོས་མི་ཐོས་སམ། དགེ་འདུན་ལ་བསྙེན་བཀུར་མི་བྱེད་དམ། སངས་རྒྱས་འབྱུང་བ་མེད་པའི་སངས་རྒྱས་ཀྱི་ཞིང་

རྣམས་སུ་སྐྱེ་བ་འམ། མི་དབུལ་པོ་རྣམས་སུ་སྐྱེ་བ་འམ། ཚིག་གཟུང་བར་མི་འོས་པར་གྱུར་ན་མི་རུང་ངོ་ཞེས། ལུས་དང་ངག་དང་། ཡིད་ཀྱི་ལས་རྣམས་ལེགས་པར་བསྡམ་པར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་མི་བླུན་པོ་གང་དག་
ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ལ་རབ་ཏུ་བྱུང་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སུན་དབྱུང་བར་བྱའོ། །སྙམ་དུ་སེམས་པ་དེ་དག་ནི་དག་གིས་ལས་བྱས་ཤིང་བསགས་པ་དེས། ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱེད་ཅིང་སོགས་པར་འགྱུར་ཏེ། རབ་འབྱོར་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སུན་དབྱུང་བ་བྱས་ཤིང་། བཟློག་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ལ་སུན་དབྱུང་བར་བྱས་ཤིང་བཟློག་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ལ་སུན་དབྱུང་བར་བྱས་ཤིང་བཟློག་པས་ནི། འདས་པ་དང་།
མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སུན་འབྱུང་བར་བྱས་ཤིང་བཟློག་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སུན་དབྱུང་བ་བྱས་ཤིང་བཟློག་པས་ནི། ཆོས་བཟློག་པ་ཡིན་ནོ། །ཆོས་བཟློག་པས་
ནི་དགེ་འདུན་བཟློག་པ་ཡིན་ནོ། །དགེ་འདུན་བཟློག་པས་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་བཟློག་པ་ཡིན་ནོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་
དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་བཟློག་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཟློག་པས་བསོད་ནམས་མ་ཡིན་པའི་ཕུང་པོ་ཚད་མེད། གྲངས་
མེད་དཔག་ཏུ་མེད་པ་དག་ཡོངས་སུ་བཟུང་བ་ཡིན་ནོ། །བསོད་ནམས་མ་ཡིན་པའི་ཕུང་པོ་ཡོངས་སུ་བཟུང་བ་དེས། སྡུག་བསྔལ་དང་། ཡིད་མི་བདེ་བ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ཀྱང་ཡོངས་སུ་བཟུང་བ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མི་བླུན་པོ་གང་དག་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཟློག་པར་བགྱིད་པ་དེ་དག་རྣམ་པ་དུ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཟློག་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་མི་བླུན་པོ་དེ་དག་ནི་རྣམ་པ་བཞིས་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཟློག་པར་བྱེད་དེ། བཞི་གང་ཞེ་ན། འདི་ལྟ་སྟེ། མི་བླུན་པོ་དེ་དག་བདུད་ཀྱིས་བྱིན་གྱིས་བརླབས་པ་དང་། ཆོས་ཟབ་མོ་རྣམས་ལ་མོས་པ་མེད་ཅིང་། དད་པ་མ་རྙེད་པ་དང་། དེ་དག་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བས། ཕུང་པོ་ལྔ་ལ་མངོན་
པར་ཞེན་པར་འགྱུར་བ་དང་། མི་བླུན་པོ་དེ་དག་ཉེས་པ་སྤྱོད་ཅིང་། བདག་ལ་སྟོད་པ་དང་། གཞན་ལ་སྨོད་པ་ཡིན་ཏེ། རབ་འབྱོར་མི་བླུན་པོ་དེ་དག་ནི་རྣམ་པ་དེ་བཞི་དང་ལྡན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཟློག་པར་བྱེད་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་
པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་མི་བརྩོན་པ་དང་། དགེ་བའི་རྩ་བ་དང་བྲལ་བ་དང་། སྡིག་པའི་གྲོགས་པོའི་སུག་པར་མཆིས་པ་དག་གིས་མོས་པར་དཀའ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །
དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ནི་མངོན་པར་མི་བརྩོན་པ་རྣམས་དང་། དགེ་བའི་རྩ་བ་མེད་པ་རྣམས་དང་། སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་རྣམས་ཀྱིས་མོས་པར་དཀའ་བ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་དེ་
ལྟར་མོས་པར་དཀའ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཅི་ཙམ་དུ་ཟབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་དངོས་པོ་མེད་པའི་རང་བཞིན་ནི་གཟུགས་ཡིན་པའི་ཕྱིར་རོ། །
རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་དངོས་པོ་མེད་པའི་རང་བཞིན་ནི། རྣམ་པར་ཤེས་པ་ཡིན་པའི་ཕྱིར་རོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་

བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་པའི་རང་བཞིན་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་
ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་པའི་རང་བཞིན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པའི་ཕྱིར་རོ། །རབ་འབྱོར་ནང་སྟོང་པ་ཉིད་ནི་
མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ནང་སྟོང་པ་ཉིད་དངོས་པོ་མེད་པའི་རང་བཞིན་ནི། ནང་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་སྟོང་པ་ཉིད་ཀྱི་བར་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་
ཉིད་དངོས་པོ་མེད་པའི་རང་བཞིན་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། དྲན་པ་ཉེ་བར་གཞག་པ་རྣམས་དངོས་པོ་མེད་པའི་རང་བཞིན་ནི། དྲན་པ་ཉེ་བར་གཞག་པ་
རྣམས་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ལམ་དངོས་པོ་མེད་པའི་རང་བཞིན་ནི་ལམ་
ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་དངོས་པོ་མེད་པའི་རང་བཞིན་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་རོ། །རབ་འབྱོར་གཟུགས་ཀྱི་སྔོན་གྱི་མཐའ་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་གཟུགས་ཡིན་པའི་ཕྱིར་རོ། །རབ་

འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་སྔོན་གྱི་མཐའ་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་མཐའ་དངོས་པོ་མེད་པའི་རང་བཞིན་ནི། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་རོ། །རབ་འབྱོར་གཟུགས་ཀྱི་ཕྱི་མའི་མཐའ་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཕྱི་མའི་མཐའ་དངོས་པོ་མེད་པའི་རང་བཞིན་ནི། གཟུགས་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་
རྣམས་དང་། རྣམ་པར་ཤེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཕྱི་མའི་མཐའ་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཕྱི་མའི་མཐའ་དངོས་པོ་མེད་པའི་རང་བཞིན་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་རོ། །རབ་འབྱོར་གཟུགས་ད་ལྟར་
བྱུང་བ་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ད་ལྟར་བྱུང་བ་དངོས་པོ་མེད་པའི་རང་བཞིན་ནི་གཟུགས་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་
བར་ད་ལྟར་བྱུང་བ་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ད་ལྟར་བྱུང་བ་དངོས་པོ་མེད་པའི་རང་བཞིན་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་མི་བརྩོན་
པ་རྣམས་དང་། དགེ་བའི་རྩ་བ་མ་བསྐྲུན་པ་རྣམས་དང་། སྡིག་པའི་གྲོགས་པོའི་སུག་པར་མཆིས་པ་རྣམས་དང་། བདུད་ཀྱི་དབང་དུ་མཆིས་པ་རྣམས་དང་། ལེ་ལོ་ཅན་རྣམས་དང་། བརྩོན་འགྲུས་ཞན་པ་རྣམས་དང་། བསྐྱུང་ངས་པ་རྣམས་དང་། ཤེས་བཞིན་ཅན་མ་
ལགས་པ་རྣམས་ཀྱིས་མོས་པར་དཀའ་བ་ལགས་སོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་མི་བརྩོན་པ་རྣམས་དང་། ཤེས་བཞིན་ཅན་མ་ཡིན་པའི་བར་དག་གིས་མོས་

པར་དཀའ་བ་ཡིན་ནོ། །རབ་འབྱོར་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ། །རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ཉི་ཤུ་རྩ་བརྒྱད་པ། རབ་འབྱོར་གཞན་ཡང་གཟུགས་རྣམ་པར་དག་
པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པའོ། །རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཀྱི་བར་དུ་རྣམ་པར་དག་པ་སྟེ། དེ་ལྟར་ན་གཟུགས་རྣམ་པར་དག་པ་དང་། འབྲས་བུ་རྣམ་པར་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་འདི་དག་ནི་གཉིས་སུ་མེད་དེ། གཉིས་སུ་
དབྱེར་མེད་ཅིང་ཐ་མི་དད་དེ་གཅད་དུ་མེད་དོ། །རབ་འབྱོར་གཞན་ཡང་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པའོ། །རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་སྟེ། དེ་ལྟར་ན་གཟུགས་རྣམ་པར་དག་པ་

དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དེ། གཉིས་སུ་དབྱེར་མེད་ཅིང་ཐ་མི་དད་དེ་གཅད་དུ་མེད་དོ། །རབ་འབྱོར་གཞན་ཡང་བདག་རྣམ་པར་དག་པ་གང་ཡིན་
པ་དེ་ནི་གཟུགས་རྣམ་པར་དག་པའོ། །གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི། བདག་རྣམ་པར་དག་པ་སྟེ། དེ་ལྟར་ན་བདག་རྣམ་པར་དག་པ་དང་། གཟུགས་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་ཅིང་ཐ་མི་དད་དེ་གཅད་དུ་མེད་དོ། །སེམས་ཅན་དང་།
སྲོག་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་རྣམ་པར་དག་པ་དང་། གཟུགས་རྣམ་པར་དག་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་འདི་ནི་གཉིས་
སུ་མེད་དེ། གཉིས་སུ་དབྱེར་མེད་ཅིང་ཐ་མི་དད་དེ་གཅད་དུ་མེད་དོ། །རབ་འབྱོར་གཞན་ཡང་འདོད་ཆགས་རྣམ་པར་དག་པས་གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་སྟེ། དེ་ལྟར་ན་འདོད་ཆགས་རྣམ་པར་དག་པ་དང་། གཟུགས་རྣམ་པར་
དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དེ། གཉིས་སུ་དབྱེར་མེད་ཅིང་ཐ་མི་དད་དེ་གཅད་དུ་མེད་དོ། །དེ་བཞིན་དུ་ཞེ་སྡང་དང་། གཏི་མུག་རྣམ་པར་དག་པས། གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་
བར་དུ་རྣམ་པར་དག་པ་སྟེ། དེ་ལྟར་ན་ཞེ་སྡང་དང་། གཏི་མུག་རྣམ་པར་དག་པ་དང་། གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དེ། གཉིས་སུ་དབྱེར་མེད་ཅིང་ཐ་མི་དད་དེ་གཅད་དུ་མེད་དོ། །རབ་འབྱོར་གཞན་
ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམ་པར་དག་པས། གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་སྟེ། དེ་ལྟར་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམ་པར་དག་པ་དང་། གཟུགས་རྣམ་པར་དག་པ་དང་།

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་འདི་ནི། གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་ཅིང་། ཐ་མི་དད་དེ་གཅད་དུ་མེད་དོ། །རབ་འབྱོར་གཞན་ཡང་མ་རིག་པ་རྣམ་པར་དག་པས། འདུ་བྱེད་རྣམ་པར་དག་པའོ། །འདུ་བྱེད་རྣམ་པར་དག་པས། རྣམ་པར་ཤེས་པ་རྣམ་
པར་དག་པའོ། །དེ་བཞིན་དུ་མིང་དང་གཟུགས་རྣམ་པར་དག་པའོ། །སྐྱེ་མཆེད་དྲུག་རྣམ་པར་དག་པའོ། །རེག་པ་རྣམ་པར་དག་པའོ། །ཚོར་བ་རྣམ་པར་དག་པའོ། །སྲེད་པ་རྣམ་པར་དག་པའོ། །ལེན་པ་རྣམ་པར་དག་པའོ། །སྲིད་པ་རྣམ་པར་དག་པའོ། །སྐྱེ་བ་རྣམ་པར་དག་པའོ། །སྐྱེ་
བ་རྣམ་པར་དག་པས། རྒ་ཤི་རྣམ་པར་དག་པའོ། །རྒ་ཤི་རྣམ་པར་དག་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས།
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །བསམ་གཏན་
གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས། ནང་སྟོང་པ་ཉིད་རྣམ་པར་དག་པའོ། །ནང་སྟོང་པ་ཉིད་རྣམ་པར་དག་པས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རྣམ་པར་
དག་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པར་དག་པས། དྲན་པ་ཉེ་བར་གཞག་པ་རྣམ་པ་རྣམ་པར་དག་པའོ། །དེ་བཞིན་དུ་ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་
དང་། ལམ་རྣམ་པར་དག་པའོ། །ལམ་རྣམ་པར་དག་པས། ཐམས་ཅད་ཤེས་པ་ཉིད་རྣམ་པར་དག་པའོ། །ཐམས་ཅད་ཤེས་པ་ཉིད་རྣམ་པར་དག་པས། སྟོབས་བཅུ་རྣམ་པར་དག་པའོ། །སྟོབས་བཅུ་རྣམ་པར་དག་པས། མི་འཇིགས་པ་རྣམ་པར་དག་པའོ། །མི་འཇིགས་པ་རྣམ་

པར་དག་པས། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམ་པར་དག་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམ་པར་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
རྣམ་པར་དག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་ཅིང་ཐ་མི་དད་དེ་གཅད་དུ་མེད་དོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པའོ། །གཟུགས་
རྣམ་པར་དག་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་སྟེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དེ་
གཉིས་སུ་དབྱེར་མེད་ཅིང་ཐ་མི་དད་དེ་གཅད་དུ་མེད་དོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་
དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི། གཟུགས་རྣམ་པར་དག་པའོ། །གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་སྟེ། དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། གཟུགས་
རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་ཅིང་ཐ་མི་དད་དེ་གཅད་དུ་མེད་དོ། །ནང་སྟོང་པ་ཉིད་རྣམ་པར་དག་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རྣམ་པར་དག་པས། རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ཀྱི་བར་དུ་རྣམ་པར་དག་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པའོ། །སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམ་པར་

དག་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་སྟེ། དེ་ལྟར་ན་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་