Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 030_ཁྲི་བརྒྱད།_ཁ
Văn bản gốc(Tây Tạng)
Trang 8 / 19 (50.000 ký tự/trang)
ྱི་མིང་ཡོངས་སུ་རྗོད་པ་མི་མཛད་དེ། དེ་དག་ནི་བདག་གིས་མིང་དང་བདག་གང་དུ་སྐྱེས་པའི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ཡང་འདི་ལས་མ་སྨོས་སོ་སྙམ་ནས། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉན་པར་བྱའོ་སྙམ་དུ་མི་སེམས་ཤིང་དེ་འཁོར་དེ་ནས་ འགྲོ་བར་བྱ་བར་སེམས་སོ། །དེ་ཇི་ལྟ་ཇི་ལྟར་འགྲོ་བར་བྱ་བར་སེམས་ཤིང་། འགྲོ་བའི་སེམས་བསྐྱེད་པ་ཇི་སྙེད་བྱུང་བར་གྱུར་པ་དེ་སྙེད་ཀྱི་བསྐལ་པ་ཡོངས་སུ་འཛིན་པར་འགྱུར་རོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤངས་ནས། དེས་མདོ་སྡེ་གཞན་གང་དག་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཐོབ་པར་བྱེད་པ་མ་ཡིན་པ་དེ་ལ་རྣལ་འབྱོར་དུ་བྱ་བ་དང་། དེ་དག་ཀུན་ཆུབ་པར་བྱའོ་སྙམ་དུ་སེམས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་དང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤིང་གི་རྩ་བ་སྤངས་ཏེ། ཡལ་ག་དང་འདབ་ མ་དང་ལོ་མ་དག་ལ་དམིགས་པར་བྱ་བར་སེམས་པས། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བགྱིད་པ་མ་ལགས་ པ་དེ་དག་ཀུན་ཆུབ་པར་བགྱི་བར་སེམས་པའི་མདོ་སྡེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་དག་ཉན་ཐོས་ཀྱི་ཐེག་པ་པ་དང་ལྡན་པའི་མདོ་སྡེ་རྣམས་ཏེ། གང་ལ་གནས་ན་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་ཀྱིས་རྒྱུན་ཏུ་ཞུགས་པའི་འབྲས་ བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་འཐོབ་པར་འགྱུར་བ་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་ དང་། ལམ་རྣམས་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་སོ། །རབ་འབྱོར་དེ་དག་ནི་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་མདོ་སྡེ་རྣམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤངས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ ཡེ་ཤེས་འཐོབ་པར་མི་འགྱུར་བ་དེ་དག་ཀུན་ཆུབ་པར་བྱ་བར་སེམས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་བྱུང་བ་རྣམས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱིས་ངེས་པར་ འབྱུང་བར་འགྱུར་ལ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ན་ཡང་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་སློབ་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཁྱི་ཞིག་གིས་ཇོ་བོའི་དྲུང་ནས་ཟན་གོང་ བོར་ལ། ལས་མི་ལས་ཟན་ཁམ་ཅིག་བླང་བར་སེམས་པ་དེ་བཞིན་དུ་རབ་འབྱོར་མ་འོངས་པའི་དུས་ན། ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤངས་ནས། ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་དང་། རང་སངས་རྒྱས་ཀྱི་ ཐེག་པ་དང་ལྡན་པའི་མདོ་སྡེ་དག་ཀུན་ཆུབ་པར་བྱ་བར་སེམས་པ་དག་འབྱུང་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་མ་འོངས་པའི་དུས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་ རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤངས་ནས། རྙེད་པ་དང་བཀུར་སྟིའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་མདོ་སྡེ་དག་ཀུན་ཆུབ་པར་བྱ་བར་སེམས་པ་དག་འབྱུང་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག་གླང་པོ་ཆེ་འདོད་པར་གྱུར་ལ། དེས་གླང་པོ་ཆེ་རྙེད་ནས་ཡང་གླང་པོ་ཆེའི་རྗེས་བཙལ་བར་སེམས་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། མི་དེ་མཁས་པའི་རང་བཞིན་ ཅན་ཞིག་ཡིན་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ སྤངས་ནས། མདོ་སྡེ་གང་དག་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པ་དེ་དག་ཀུན་ཆུབ་པར་བྱ་བར་སེམས་པ་དེ་དག་ཀྱང་དེ་བཞིན་དུ་རིག་པར་བྱ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། ། རབ་འབྱོར་གཞན་ཡང་འདི་ལྟ་སྟེ་དཔེར་ན། མི་ཞིག་རྒྱ་མཚོ་ཆེན་པོ་ལྟ་འདོད་པར་གྱུར་ལ། དེས་རྒྱ་མཚོ་ཆེན་པོ་མཐོང་ནས། བ་ལང་གི་རྨིག་རྗེས་ཀྱི་ཆུ་བཙལ་བར་སེམས་ཤིང་། དེས་བ་ལང་གི་རྨིག་རྗེས་ཀྱི་ཆུ་མཐོང་ནས། འདི་སྙམ་དུ་རྒྱ་མཚོ་ཆེན་པོའི་ཚད་ཀྱང་འདི་ཙམ་ཞིག་ ཡིན་ནམ་སྙམ་དུ་སེམས་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། མི་དེ་མཁས་པའི་རང་བཞིན་ཅན་ཡིན་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་པའི་ རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་སམ་རྙེད་ནས་དེ་སྤངས་ཏེ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་མདོ་སྡེ་དག་གཟུང་བར་སེམས་པ་དེ་དག་ཀྱང་དེ་ལྟར་རིག་པར་བྱ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཤིང་མཁན་ནམ། ཤིང་མཁན་གྱི་སློབ་མ་མཁས་པ་ཞིག་ཁང་བཟངས་རྣམ་པར་རྒྱལ་བྱེད་ཀྱི་ཚད་ཙམ་གྱི་ཁང་བཟངས་ཤིག་རྩིག་འདོད་པར་གྱུར་ལ། དེས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་དག་ལས་ ཚད་བླང་བར་སེམས་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཁང་བཟངས་རྣམ་པར་རྒྱལ་བྱེད་ལ་དཔྱད་ནས། རྣམ་པར་རྒྱལ་བྱེད་དང་མཉམ་པའི་ཁང་བཟངས་རྩིག་པར་འདོད་ལ། ཉི་མ་དང་ཟླ་བའི་གཞལ་མེད་ཁང་གི་དཀྱིལ་འཁོར་དག་ལས་ཚད་ལེན་པའི་མི་དེ་མཁས་པའི་རང་ བཞིན་ཅན་ཞིག་ཡིན་སྙམའམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་མ་འོངས་པའི་དུས་ན་འབྱུང་བའི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ལ་ ལ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་སམ། རྙེད་ནས་དེ་སྤངས་ཤིང་བོར་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་མདོ་སྡེ་དག་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཙལ་བར་སེམས་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་ དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་མཁས་པའི་རང་བཞིན་ཅན་ཡིན་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་འདི་ལྟ་སྟེ་དཔེར་ན། མི་ལ་ལ་ཞིག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་འདོད་པར་གྱུར་ལ། དེས་མཁར་གྱི་རྒྱལ་པོ་མཐོང་ནས། འདི་སྙམ་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁ་དོག་དང་། དབྱིབས་ཀྱང་མཁར་གྱི་རྒྱལ་པོ་འདི་ཅི་འདྲ་ བ་དེ་ལྟ་བུ་ཞིག་ཡིན་ནོ་སྙམ་ནས་དེ་མཁར་གྱི་རྒྱལ་པོའི་ཁ་དོག་དང་། དབྱིབས་དང་། ཆ་ལུགས་དང་། མཚན་མ་དང་། རྟགས་དག་བཟུང་ནས་འདི་སྐད་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁ་དོག་དང་། དབྱིབས་དང་། ཆ་ལུགས་དང་། མཚན་མ་དང་། རྟགས་ཀྱི་ཁྱད་པར་དག་ཀྱང་ འདི་འདྲའོ་ཞེས་ཟེར་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། མི་དེ་མཁས་པའི་རང་བཞིན་ཅན་ཡིན་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་མ་འོངས་པའི་ དུས་ན་འབྱུང་བའི་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་དག་ཁ་ཅིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་སམ་རྙེད་ནས་དེ་བོར་ཞིང་སྤངས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་མདོ་སྡེ་དག་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ བཙལ་ཞིང་ཀུན་ཆུབ་པར་བྱའོ་སྙམ་དུ་སེམས་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་མཁས་པའི་རང་བཞིན་ཅན་ཡིན་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་ན། དེ་དག་རྣམ་ པར་གཡེངས་ཤིང་འདྲི་བར་འགྱུར་བ་སྤོབས་པ་མང་དུ་འབྱུང་སྟེ། འདི་ལྟ་སྟེ་གཟུགས་ལ་སྤོབས་པ་དང་། སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ལ་སྤོབས་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤོབས་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་ གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤོབས་པ་དང་། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལ་སྤོབས་པ་དང་། ལུང་ནོད་པ་དང་ཁ་ཏོན་བྱ་བ་ལ་སྤོབས་པ་དང་། ཞལ་ཏ་བྱ་བ་ལ་སྤོབས་པ་དང་། དྲན་པ་ཉེ་བར་གཞག་ པ་ལ་སྤོབས་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་ལ་སྤོབས་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་ལ་སྤོབས་པ་ དང་། ནང་སྟོང་པ་ཉིད་ལ་སྤོབས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤོབས་པ་དང་། སྟོབས་ལ་སྤོབས་པ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སྤོབས་པ་དང་། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཀྱི་བར་ལ་སྤོབས་པ་དག་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤོབས་པ་མེད་པ་ཡིན་ལ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གྱིས་མི་ཁྱབ་པ་དང་། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐྱེ་ བ་མེད་ཅིང་འགག་པ་མེད་པ་དང་། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་པ་དང་། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་གཡེང་བ་མེད་པ་དང་། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྗོད་དུ་མེད་པ་དང་། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྨྲར་མེད་པ་དང་། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རབ་ཏུ་བརྗོད་དུ་མེད་པ་དང་། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དམིགས་སུ་མེད་པ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཟབ་མོ་འདི་ལ་ནི་ཆོས་དེ་དག་ཐམས་ཅད་ཡོད་པ་མ་ཡིན་པའི་ཕྱིར་རོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་ན། ཆོས་དེ་དག་ལ་རྣམ་པར་གཡེང་བར་བྱེད་ན། རབ་འབྱོར་དེ་ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་བྲི་བར་རྔོ་ཐོགས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མི་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་མེད་པ་ཡིན་ལ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་མེད་པ་ཡིན་ཞིང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་བཅོ་བརྒྱད་ཀྱང་རང་བཞིན་མེད་པ་ཡིན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རང་བཞིན་མེད་པ་ཡིན་ཏེ། གང་ལ་རང་བཞིན་མེད་པ་དེ་ནི་དངོས་པོ་མེད་པ་ཡིན་ལ། གང་ལ་དངོས་པོ་མེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་ན། དངོས་པོ་མེད་པས་དངོས་པོ་མེད་ པ་བྲི་བར་མི་ནུས་པའི་ཕྱིར་རོ། །རབ་འབྱོར་གལ་ཏེ་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ལ་ལ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དངོས་པོ་མེད་ཅེས་བྱ་བར་འདུ་ཤེས་ན། རབ་འབྱོར་དེ་ཡང་དེ་དག་གིས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་ འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ལ་ལ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེ་འབྲུ་དག་གིས་ཡི་གེར་བྲིས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བདག་གིས་བྲིས་སོ་སྙམ་དུ་སེམས་ན། དེ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཡི་གེ་རྣམས་སུ་མངོན་པར་ཞེན་པ་ལགས་པས། བཅོམ་ལྡན་འདས་དེ་ཡང་དེ་དག་གིས་བདུད་ཀྱི་ལས་སུ་རིག་པར་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་མཆིས་པ་ལགས་ལ། བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡི་གེ་མ་མཆིས་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡི་གེ་མ་མཆིས་པ་དང་། བཅོམ་ལྡན་འདས་གཟུགས་ཀྱང་ཡི་གེ་མ་ མཆིས་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ཡི་གེ་མ་མཆིས་པ་དང་། བཅོམ་ལྡན་འདས་ཁམས་རྣམས་ཀྱང་ཡི་གེ་མ་མཆིས་པ་དང་། སྐྱེ་མཆེད་རྣམས་ཀྱང་ཡི་གེ་མ་མཆིས་པ་དང་། རྣམ་པར་ཐར་པ་རྣམས་ཀྱང་ཡི་གེ་མ་ མཆིས་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་ཡི་གེ་མ་མཆིས་པ་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་ཡི་གེ་མ་མཆིས་པ་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱང་ཡི་གེ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་གལ་ཏེ་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་མཆིས་པ་ལགས་སོ་སྙམ་དུ་མངོན་པར་ཞེན་པ་དང་། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མ་མཆིས་པ་ལགས་སོ་སྙམ་དུ་མངོན་པར་ཞེན་པ་དང་། དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ དང་། རྣམ་པར་ཐར་པའི་སྒོ་རྣམས་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་ཡི་གེ་མ་མཆིས་པ་ལགས་སོ་སྙམ་དུ་མངོན་པར་ཞེན་པ་དང་། བཅོམ་ལྡན་འདས་ གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡི་གེ་མ་མཆིས་པ་ལགས་སོ་སྙམ་དུ་མངོན་པར་ཞེན་ན། བཅོམ་ལྡན་འདས་དེ་ཡང་བདུད་ཀྱི་ལས་སུ་རིག་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་ བཞིན་ནོ། །དེ་དེ་བཞིན་ཏེ། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱ་བ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་དང་། ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་ན། ལྗོངས་ཀྱི་རྣམ་པར་རྟོག་པ་ ཀུན་ཏུ་འབྱུང་བར་འགྱུར་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་ན། གྲོང་ཡིད་ལ་བྱེད་ པ་དང་། གྲོང་ཁྱེར་ཡིད་ལ་བྱེད་པ་དང་། རྒྱལ་པོའི་ཕོ་བྲང་ཡིད་ལ་བྱེད་པ་དང་། ཡུལ་ཡིད་ལ་བྱེད་པ་དང་། བླ་མ་དང་མཁན་པོ་ཡིད་ལ་བྱེད་པ་དང་། ཕ་མ་དང་ཕུ་ནུ་དང་། སྲིང་མོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་དང་ལྡན་པའི་ཡིད་ལ་བྱེད་པ་དག་དང་། རྐུན་ པོ་ཡིད་ལ་བྱེད་པ་དང་། གདོལ་པ་དང་ལྡན་པ་ཡིད་ལ་བྱེད་པ་དག་དང་། འཇིག་རྟེན་དང་ལྡན་པ་དང་། སྨད་འཚོང་མ་དང་ལྡན་པའི་རྣམ་པར་རྟོག་པ་ཡིད་ལ་བྱེད་པ་འདི་དག་དང་། ཡིད་ལ་བྱེད་པ་གཞན་དག་འབྱུང་བར་འགྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལུང་ ནོད་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན། བདུད་སྡིག་ཅན་བར་ཆད་དང་རྣམ་པར་གཡེང་བ་དག་ཉེ་བར་སྒྲུབ་པར་འགྱུར་བས་ན། རབ་འབྱོར་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བའི་ཚེ། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་དག་དང་། གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་ཀྱི་གསོས་སྨན་དང་། ཡོ་བྱད་དག་འབྱུང་ བར་འགྱུར་ཞིང་། བྱང་ཆུབ་སེམས་དཔའ་དང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་དེའི་རོ་མྱོང་བར་བྱེད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བར་བྱེད། ལུང་ནོད་པར་བྱེད། ཁ་ཏོན་དུ་བྱེད། ཚུལ་བཞིན་དུ་ཡིད་ལ་བྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་དང་། ལུང་ནོད་པ་དང་ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཚེ། བདུད་ སྡིག་ཅན་མདོ་སྡེ་ཟབ་མོ་དག་ཉེ་བར་སྒྲུབ་པར་བྱེད་ན། དེ་ལ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དག་གིས་བདུད་ཀྱིས་ཉེ་བར་བསྒྲུབས་པའི་མདོ་སྡེ་ཟབ་མོ་དེ་དག་ལ་དགའ་བ་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མདོ་སྡེ་དེ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཐོབ་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ནས་སྤོང་བར་འགྱུར་ཏེ། དེ་ལ་ངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཐབས་ མཁས་པ་ཡང་རྒྱ་ཆེར་བསྟན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ལས་ཀྱང་ཐབས་ལ་མཁས་པ་དག་རྒྱ་ཆེར་བཙལ་བར་བྱའོ། །རབ་འབྱོར་ཐེག་པ་ཆེན་པོ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྤངས་ནས། ཉན་ཐོས་དང་ རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་མདོ་སྡེ་དག་ལས་ཐབས་ལ་མཁས་པ་བཙལ་བར་སེམས་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་བདུད་ཀྱི་ལེའུ་ཞེས་བྱ་སྟེ་ བཞི་བཅུ་པའོ།། །།རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་འདྲི་བ་དང་། གཟུང་བ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱ་བ་དང་། ཀླག་པར་འདུན་ལ་ཆོས་སྨྲ་བ་ནི་སྙོམ་ལས་བྱེད་པར་གྱུར་ན། རབ་འབྱོར་དེ་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། གཟུང་བ་དང་། ལུང་དབོག་པ་དང་། ཁ་ཏོན་དུ་བྱ་བ་ལ་སྙོམ་ལས་མེད་པར་གྱུར་ལ། ཆོས་ཉན་པ་ནི་ཡུལ་གཞན་ དུ་སོང་བར་གྱུར་ན་རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་བྲི་བར་འདོད། ལུང་ནོད་པར་འདོད་ཁ་ཏོན་དུ་བྱ་བར་འདོད་ལ། ཆོས་སྨྲ་བ་ནི་ཡུལ་གཞན་དུ་སོང་ བར་གྱུར་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་གདུ་ཞིང་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་ སྨན་དང་། ཡོ་བྱད་ལ་ཆགས་ལ། ཆོས་ཉན་པ་ནི་འདོད་པ་ཆུང་ཞིང་ཆོག་ཤེས་པ་དང་། བརྩོན་འགྲུས་བརྩམས་པ་དང་། དྲན་པ་ཉེ་བར་གནས་པ་དང་མཉམ་པར་གཞག་པ་དང་། སེམས་རྩེ་གཅིག་པ་དང་ཤེས་རབ་དང་ལྡན་པར་གྱུར་ན། རབ་འབྱོར་དེ་ཡང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། རབ་ཏུ་དབེན་པ་དང་། བརྩོན་འགྲུས་བརྩམས་ པ་དང་། དྲན་པ་ཉེ་བར་གནས་པ་དང་མཉམ་པར་གཞག་པ་དང་། སེམས་རྩེ་གཅིག་པ་དང་། ཤེས་རབ་དང་ལྡན་པར་གྱུར་ལ། ཆོས་ཉན་པ་ནི་འདོད་པ་མེད་པ་དང་། སྡིག་པ་འདོད་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་གདུ་ཞིང་། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་ལ་གདུ་བར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། ལུང་དབོག་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་དགོན་པ་པ་དང་། བསོད་སྙོམས་པ་དང་། ཕྱག་དར་ཁྲོད་པ་དང་། ཟས་ཕྱིས་མི་ལེན་པ་དང་། སྟན་གཅིག་པ་དང་། ཅི་རྙེད་པས་ཆོག་པའི་བསོད་སྙོམས་པ་དང་། དུར་ཁྲོད་པ་དང་། བླ་གབ་མེད་ པ་དང་། ཤིང་དྲུང་པ་དང་། ཅོག་བུ་པ་དང་། གཞི་ཇི་བཞིན་པ་དང་། ཆོས་གོས་གསུམ་པར་གྱུར་ལ། ཆོས་ཉན་པ་ནི་དགོན་པ་པ་དང་། ཆོས་གོས་གསུམ་པའི་བར་དག་ལ་མ་མོས་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། ལུང་དབོག་པ་དང་ཁ་ཏོན་དུ་བྱ་བའི་ཚོགས་པ་ དང་མི་ལྡན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་དགོན་པ་པ་དང་། ཆོས་གོས་གསུམ་པའི་བར་དག་ཏུ་གྱུར་ལ། ཆོས་སྨྲ་བ་ནི་དགོན་པ་པ་དང་། ཆོས་གོས་གསུམ་པའི་བར་དག་ ཏུ་མ་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་ པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་དད་ཅིང་དགེ་བའི་ཆོས་རྣམས་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བར་འདོད་པ་དང་། འཛིན་པར་འདོད་པ་དང་། ལུང་ནོད་པར་འདོད་པ་དང་། ཁ་ཏོན་བྱེད་པར་འདོད་པར་གྱུར་ལ་ཆོས་སྨྲ་བ་ནི་མ་དད་ཅིང་། མི་དགེ་བའི་ཆོས་རྣམས་འདོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་དང་། སྦྱིན་པར་མི་འདོད་ལ་དོན་གྱི་ཚོགས་འཛིན་པར་མི་འདོད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་ གཞན་ཡང་ཆོས་སྨྲ་བ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་སེམས་ལ་འཛིན་པ་མེད་པར་གྱུར་ལ། ཆོས་ཉན་པ་ནི་སེར་སྣ་ཅན་དུ་གྱུར་ཅིང་འདོད་པ་ཆེ་བ་དང་། སྡིག་པ་འདོད་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་གདུ་བ་དང་། གོས་དང་། ཟས་ དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་ལ་གདུ་བར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། ལུང་དབོག་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་ འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་། སེམས་ལ་འཛིན་པ་མེད་པར་གྱུར་ལ། ཆོས་སྨྲ་བ་ནི་སེར་སྣ་ཅན་དང་། འཇུངས་པར་གྱུར་ན། རབ་ འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་དག་གི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་ འབྱོར་གཞན་ཡང་ཆོས་ཉན་པ་ནི་ཆོས་སྨྲ་བ་ལ་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་དག་ཡོངས་སུ་གཏོང་བར་འདོད་ལ། ཆོས་སྨྲ་བ་ནི་ལེན་པར་མི་འདོད་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་དག་གིས་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ མགོ་སྨོས་པས་གོ་བ་ཡིན་ལ། ཆོས་ཉན་པ་ནི་བཀྲི་དགོས་པ་དང་། རྣམ་པར་སྤྲོས་པས་གོ་བ་དང་ཚིག་ལྷུར་ལེན་པ་ཡིན་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། ལུང་དབོག་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་ བའི་བར་དག་གི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་མགོ་སྨོས་པས་གོ་བ་ཡིན་ལ། ཆོས་སྨྲ་བ་ནི་བཀྲི་དགོས་པ་དང་། རྣམ་པར་སྤྲོས་ པས་གོ་བ་དང་། ཚིག་ལྷུར་ལེན་པ་ཡིན་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་བབ་པར་བསྟན་པའི་སྡེའི་ཆོས་རྣམས་ཀྱི་ཁྱད་པར་ཤེས་པ་ཡིན་ལ། ཆོས་ཉན་པ་ནི་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་ པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་། གླེང་གཞིའི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་ བབ་པར་བསྟན་པའི་སྡེའི་ཆོས་རྣམས་ཀྱི་ཁྱད་པར་མི་ཤེས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། ལུང་དབོག་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་གྱུར་ལ་ཆོས་ཉན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མི་ལྡན་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། ཀླག་ པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་གྱུར་ལ། ཆོས་སྨྲ་བ་ནི་མི་ལྡན་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་དག་གི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་ པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཐབས་ལ་མཁས་པ་ཡིན་ལ། ཆོས་ཉན་པ་ནི་ཐབས་ལ་མཁས་པ་མ་ཡིན་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། ཀླག་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་ བའི་བར་དག་གི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཐབས་ལ་མཁས་པ་ཡིན་ལ། ཆོས་སྨྲ་བ་ནི་ཐབས་ ལ་མཁས་པ་མ་ཡིན་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གཟུངས་ཐོབ་པར་གྱུར་ལ། ཆོས་ཉན་པ་ནི་གཟུངས་ཐོབ་པར་མ་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་ པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཡི་གེར་བྲི་བར་འདོད་ཅིང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་དུ་འདོད་ལ། ཆོས་ཉན་པ་ནི་ཡི་གེར་བྲི་བར་མི་འདོད། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་དུ་མི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། ཀླག་པ་དང་། བསྒོམ་པར་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཡི་གེར་བྲི་བར་འདོད་ཅིང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་དུ་འདོད་ལ། ཆོས་སྨྲ་བ་ནི་ཡི་གེར་འདྲི་བར་མི་འདོད། ཚུལ་བཞིན་དུ་ཡིད་ལ་བྱ་བའི་བར་དུ་མི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། བསྒོམ་པའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་དང་བྲལ་བར་གྱུར་ལ། ཆོས་ཉན་པ་ནི་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་དང་བྲལ་བར་མ་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། བསྒོམ་པར་འདོད་པའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་ པ་ནི་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་དང་བྲལ་བར་གྱུར་ལ། ཆོས་སྨྲ་བ་ནི་སྒྲིབ་པ་དང་བྲལ་བར་མ་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། བསྒོམ་པའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་དང་། བསྒོམ་པའི་བར་དུ་བྱེད་པ་ན། དེར་ལ་ལ་ཞིག་འོངས་ནས་སེམས་ཅན་དམྱལ་བ་རྣམས་ཀྱི་བསྔགས་པ་མ་ཡིན་པ་བརྗོད་པ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་རྣམས་ཀྱི་བསྔགས་པ་མ་ཡིན་པ་རྗོད་པར་བྱེད་ཅིང་སེམས་ཅན་དམྱལ་བ་རྣམས་ནི་འདི་ལྟར་སྡུག་བསྔལ་བའོ། ། དུད་འགྲོའི་སྐྱེ་གནས་རྣམས་ནི་འདི་ལྟར་སྡུག་བསྔལ་བའོ། །ཡི་དགས་ཀྱི་ཡུལ་ནི་འདི་ལྟར་སྡུག་བསྔལ་བ་ཡིན་པས། ཁྱོད་ཀྱིས་འདི་ཉིད་དུ་སྡུག་བསྔལ་མཐར་ཕྱིན་པར་གྱིས་ཤིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ཀྱང་ ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། བསྒོམ་པའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་ གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་དང་། བསྒོམ་པའི་བར་དུ་བྱེད་པ་ན། དེར་ལ་ལ་ཞིག་འོངས་ནས། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་བསྔགས་པ་རྗོད་པར་བྱེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་བར་གྱི་ལྷ་ རྣམས་ཀྱི་བསྔགས་པ་རྗོད་པར་བྱེད་ཅིང་། འདོད་པའི་ཁམས་ནི་འདོད་པའི་ལོངས་སྤྱོད་རྣམས་ཀྱིས་འདི་ལྟར་སྐྱེད་དོ། །གཟུགས་ཀྱི་ཁམས་ནི་བསམ་གཏན་དང་སྙོམས་པར་འཇུག་པ་རྣམས་ཀྱིས་འདི་ལྟར་བདེའོ། །གཟུགས་མེད་པའི་ཁམས་ནི་ཞི་བ་དང་། སྙོམས་ པར་འཇུག་པ་རྣམས་ཀྱིས་འདི་ལྟར་བདེ་སྟེ། དེ་དག་ཐམས་ཅད་ཀྱང་མི་རྟག་པ། སྡུག་བསྔལ་བ་བདག་གི་བ་མེད་པ། རྣམ་པར་འགྱུར་བའི་ཆོས་ཅན་ཟད་པའི་ཆོས་ཅན། འདོད་ཆགས་དང་བྲལ་བའི་ཆོས་ཅན། འགོག་པའི་ཆོས་ཅན་ཡིན་པས། ཁྱོད་ཀྱིས་འདི་ཉིད་དུ་རྒྱུན་དུ་ ཞུགས་པའི་འབྲས་བུ་ཐོབ་པར་གྱིས་ཤིག །ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་ཐོབ་པར་གྱིས་ཤིག །ཡུན་རིང་པོར་འཁོར་བ་ན་འཁོར་བར་གྱུར་ཏ་རེ་ཞེས་ཟེར་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གཅིག་པུ་གཉིས་སུ་མེད་པར་གྱུར་ཅིང་། རང་གིས་བྱེད་པ་ཡིན་ལ། ཆོས་ཉན་པ་ནི་འཁོར་དང་ལྷན་ཅིག་ཏུ་སྤྱོད་པ་ཡིན་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཟབ་མོ་འདི་ཡི་གེར་བྲི་བ་དང་། ཀླག་པ་དང་། ཁ་ཏོན་དུ་བྱ་བ་དང་། བསྒོམ་པའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་གཅིག་པུ་གཉིས་སུ་ མེད་པར་གྱུར་ཅིང་། རང་གིས་བྱེད་པ་ཡིན་ལ། ཆོས་སྨྲ་བ་ནི་འཁོར་དང་ལྷན་ཅིག་ཏུ་སྤྱོད་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཚོགས་པ་དང་མི་ ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་འདི་སྐད་དུ་གང་དག་ངའི་ཕྱི་བཞིན་དུ་འབྲང་བ་དེ་ལ་ངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲི་བ་དང་། ཚུལ་བཞིན་ དུ་ཡིད་ལ་བྱ་བའི་བར་དག་སྦྱིན་པར་བྱའོ་ཞེས་ཟེར་ལ། ཆོས་ཉན་པ་ནི་ཕྱི་བཞིན་འབྲང་བར་མི་འགྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། བསྒོམ་པར་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཆོས་སྨྲ་བའི་ཕྱི་བཞིན་འབྲང་བར་འདོད་ལ། ཆོས་སྨྲ་བ་ནི་ཕྱི་བཞིན་འབྲང་བའི་སྐབས་འབྱེད་པར་མི་བྱེད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་ བ་དང་། བཤད་པ་དང་། བསྒོམ་པའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཟབ་མོ་འདི་སྦྱིན་པ་དང་། ཡི་གེར་བྲི་བ་དང་། ལུང་དབོག་པ་དང་། ཁ་ཏོན་དུ་བྱ་བ་དང་། བསྒོམ་པའི་བར་དུ་བྱེད་པར་འདོད་པར་གྱུར་ལ། ཆོས་ཉན་པ་ནི་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་འགྲོ་འདོད་པར་མི་འགྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ ཡི་གེར་བྲི་བ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང་། བསྒོམ་པར་བྱ་བའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ ཡང་ཆོས་སྨྲ་བ་ནི་ཡུལ་གང་དུ་སྲོག་གི་བར་ཆད་འབྱུང་བར་འགྱུར་བའི་ཡུལ་དེར་འགྲོ་འདོད་པར་གྱུར་ལ། ཆོས་ཉན་པ་ནི་དེར་འགྲོ་བར་མི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། བསྒོམ་པར་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་ པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་གང་དུ་སྲོག་གི་བར་ཆད་འབྱུང་བར་འགྱུར་བའི་ཕྱོགས་དེར་འགྲོ་འདོད་པར་གྱུར་ལ། ཆོས་སྨྲ་བ་ནི་དེར་འགྲོ་བར་མི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། བསྒོམ་པར་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་ གཞན་ཡང་ཆོས་ཉན་པ་ནི་གང་ན་ཁ་ཟས་དཀོན་པ་དང་། ཆུ་དཀོན་པ་དེར་འགྲོ་བར་འདོད་ལ་ཆོས་སྨྲ་བ་ནི་དེར་འགྲོ་བར་མི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། བསྒོམ་པར་བྱ་བའི་བར་དག་གི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གང་ན་ཁ་ཟས་མོད་པ་དང་། ཆུ་མོད་པ་དེར་འགྲོ་བར་འདོད་ལ། ཆོས་ཉན་པ་ཡང་རྗེས་སུ་འབྲང་བར་གྱུར་ན། དེས་དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ ཁྱོད་ཟང་ཟིང་གི་དོན་དུ་སོང་སྟེ་ཅི་རུང་། རེ་ཤིག་བསམ་པ་ལེགས་པར་སོམས་ཤིག །ཟས་ཐོབ་པ་དང་མ་ཐོབ་པས་ཕྱིས་འགྱོད་པར་གྱུར་ཏ་རེ་ཞེས་ཟེར་ན། ཆོས་སྨྲ་བ་དེས་ཐབས་ཕྲ་མོས་ཆོས་སྤངས་པར་གྱུར་པས། དེ་ཡང་ཡི་ཆད་ནས་འདི་སྙམ་དུ་འདི་ནི་སྤང་བར་བྱ་བའི་མཚན་མ་ ཡིན་གྱི། སྦྱིན་པར་འདོད་པའི་མཚན་མ་ནི་མ་ཡིན་ནོ་སྙམ་དུ་ཤེས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། བསྒོམ་པར་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་དགེ་སློང་ཆོས་སྨྲ་བ་ནི། གང་ན་ཆོས་རྐུན་གྱིས་འཇིགས་པ་དང་། གདོལ་པས་འཇིགས་པ་དང་། རྔོན་པས་འཇིགས་པ་དང་། གཅན་གཟན་ཁྲོ་བོས་འཇིགས་པ་དང་། སྦྲུལ་གདུག་པས་འཇིགས་པ་དང་། དགོན་པ་དང་། འབྲོག་དགོན་པ་དང་། གཅོང་རོང་གིས་འཇིགས་པ་ཡོད་པ་དེར་འགྲོ་བར་འདོད་ལ། ཆོས་ཉན་པ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་འདོད་ནས་ཆོས་སྨྲ་བའི་རྗེས་སུ་འབྲང་བ་ན། དགེ་སློང་ཆོས་སྨྲ་བ་དེ་དག་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱེད་ཅག་གང་ན་ཆོམ་རྐུན་ གྱིས་འཇིགས་པ་དང་། འབྲོག་དགོན་པ་དང་། དགོན་པས་འཇིགས་པ་ཡོད་པ་དེར་སོང་སྟེ། ཅི་རུང་ཞེས་སྨྲ་ཞིང་དེ་ཡང་དགེ་སློང་ཆོས་སྨྲ་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཆང་བར་མི་འདོད་པ་དང་། ཡི་གེར་འདྲི་བར་མི་འདོད་པ་དང་། ལུང་དབོག་པ་མི་འདོད་པ་དང་། ཉན་དུ་གཞུག་པར་མི་འདོད་པ་དང་། སྒོམ་དུ་གཞུག་པར་མི་འདོད་པའི་ཕྱིར་ཏེ། དེ་དག་གིས་དགེ་སློང་ཆོས་སྨྲ་བ་ལས་དེ་སྐད་ཐོས་ནས། ཡི་ཆད་པའི་ཚུལ་གྱིས་གང་དུ་དགེ་སློང་ཆོས་སྨྲ་བ་དེ་འགྲོ་བར་འགྱུར་བ་དེར་དེ་དག་འགྲོ་བར་མི་འགྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། བསྒོམ་པར་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་དགེ་སློང་ཆོས་སྨྲ་བ་སློངས་མོ་སྟེར་བའི་ཁྱིམ་ལ་ གདུ་བར་གྱུར་ནས། དེ་སློངས་མོ་སྟེར་བའི་ཁྱིམ་ལ་གདུ་བ་དེས་ན། ཡང་དང་ཡང་དུ་དེ་དག་གིས་ཁྱིམ་བལྟ་བར་སེམས་ཤིང་། དེ་ཡང་དང་ཡང་དུ་བལྟ་བར་སེམས་པ་དེས་ཆོས་ཉན་པ་རྣམས་སྤོང་ཞིང་། ཚེ་དང་ལྡན་པ་དག་ཁོ་བོ་ནི་སློངས་མོ་སྟེར་བའི་ཁྱིམ་དག་ལྟ་ཞིང་དེར་འགྲོ་དགོས་ པ་ཞིག་ཡོད་དོ་ཞེས་ཟེར་ཞིང་ཆོས་ཉན་པ་དེ་དག་སྤོང་བར་བྱེད་ལ། དེ་དག་ཀྱང་སྤངས་པས་ཕྱིར་ལྡོག་པར་འགྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། བསྒོམ་པར་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དང་། དེ་བཞིན་གཤེགས་པའི་ཆ་བྱད་དུ་བསྒྱུར་ཅིང་ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སུ་ཡང་ཡི་གེར་མི་འདྲི་བ་དང་། མི་འཛིན་ པ་དང་། མི་འཆད་པ་དང་། ཁ་ཏོན་དུ་མི་བྱེད་པ་དང་། ཀུན་ཆུབ་པར་མི་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་མི་བྱེད་པ་དང་། མི་བསྒོམ་པར་འགྱུར་བ་དེ་ལྟ་དེ་ལྟར་ཐབས་སྦྱོར་བར་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་བསྒྱུར་ཅིང་། ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སུ་ཡང་ཡི་གེར་མི་འདྲི་བ་དང་། ལུང་མི་ནོད་པ་དང་། མི་ཀློག་པ་དང་། ཁ་ཏོན་དུ་མི་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་མི་བགྱིད་པ་དང་། སྒོམ་པར་མི་འགྱུར་བ་དེ་ལྟ་དེ་ལྟར་ཐབས་སྦྱོར་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་བསྒྱུར་ཅིང་། འདི་སྐད་དུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི་ མདོ་སྡེ་གང་ཁོ་བོ་ལ་འོས་ཤིང་ཀུན་ཆུབ་པར་བྱེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཞེས་འབྱེད་པར་བྱེད་ཅིང་འབྲལ་བར་བྱེད་དོ། །རབ་འབྱོར་དེ་ལ་བདུད་སྡིག་ཅན་གྱིས་དེ་ལྟར་འབྱེད་པར་བྱེད་པའི་ཚེ། བྱང་ཆུབ་སེམས་དཔའ་གང་དག་ལུང་བསྟན་པར་མ་གྱུར་པ་དེ་དག་ནི་ཐེ་ ཚོམ་སྐྱེ་བར་འགྱུར་ཏེ། དེ་དག་ཐེ་ཚོམ་སྐྱེས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བར་མི་འགྱུར། ལུང་ནོད་པར་མི་འགྱུར། ཀློག་པར་མི་འགྱུར། ཁ་ཏོན་དུ་བྱེད་པར་མི་འགྱུར། ཚུལ་བཞིན་དུ་ཡིད་ལ་བྱེད་པར་མི་འགྱུར། སྒོམ་པར་མི་འགྱུར་ན་རབ་ འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། ལུང་ནོད་པ་དང་། ཀུན་ཆུབ་པར་བགྱི་བ་དང་། ཁ་ཏོན་དུ་བྱ་བ་དང་། སྒོམ་པ་དང་ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་བསྒྱུར་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས་འདི་སྐད་དུ་བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་ནི། ཡང་དག་པའི་ མཐའ་མངོན་སུམ་དུ་བྱེད་ཅིང་། རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་འཐོབ་པ་དང་། རང་བྱང་ཆུབ་འཐོབ་པར་འགྱུར་རོ། །ཞེས་ཟེར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། བཤད་པ་དང་། བསྟན་པ་དང་། བསྒོམ་པར་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་དང་། འཆང་བ་དང་། སྒོམ་པའི་བར་དུ་བྱེད་པ་ན་གང་དག་བར་ཆད་བྱེད་པར་འགྱུར་བའི་བདུད་ཀྱི་ལས་མང་པོ་དག་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔས་བདུད་ཀྱི་ལས་དེ་དག་རིག་པར་བྱ་ཞིང་། རིག་ནས་ཀྱང་རྣམ་པར་སྤང་ བར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་གང་དག་རིག་པར་བགྱི་ཞིང་། རིག་ནས་ཀྱང་རྣམ་པར་སྤང་བར་བགྱི་བ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་དང་ལྡན་པའི་བདུད་ཀྱི་ལས་དག་འབྱུང་བར་འགྱུར་རོ། །དེ་བཞིན་དུ་བསམ་གཏན་དང་། བརྩོན་འགྲུས་དང་། བཟོད་པ་དང་། ཚུལ་ཁྲིམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་དང་ལྡན་པའི་བདུད་ཀྱི་ལས་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔས་རིག་ནས་རྣམ་པར་སྤང་བར་བྱ་བ་ཡིན་ནོ། །རབ་འབྱོར་གཞན་ཡང་ནང་སྟོང་པ་ཉིད་ལྟར་བཅོས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་ལྟར་བཅོས་པའི་བདུད་ཀྱི་ལས་དག་ཀྱང་འབྱུང་བར་འགྱུར་རོ། །ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་བདུད་ཀྱི་ལས་དག་ཀྱང་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔས་དེ་དག་ཀྱང་རིག་ནས་རྣམ་པར་སྤང་བར་བྱའོ། །འདི་སྐད་ཀྱང་སྨྲ་བར་འགྱུར་ཏེ། ཁྱོད་ཀྱིས་དྲན་པ་ཉེ་བར་གཞག་པ་བཞི་པོ་འདི་དག་སྒོམས་ཤིག །ཡང་དག་པའི་སྤོང་ བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་ཡང་སྒོམས་ཤིག །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡང་སྒོམས་ཤིག །དེ་དག་ཀུན་ཆུབ་པར་གྱིས་ ཤིག །དེ་དག་ཀུན་ཆུབ་པར་བྱས་ནས་ཀྱང་། འདི་ཉིད་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱིས་ཤིག །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་གྱིས་ཤིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ མངོན་པར་རྫོགས་པར་སངས་རྒྱས་པས་ཀྱང་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། གཟུང་བ་དང་། བསྟན་པ་དང་། ལུང་ནོད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང་། བསྒོམ་པར་བྱ་བའི་བར་གྱི་ཚོགས་པ་དང་མི་ལྡན་ པར་འགྱུར་ཏེ། བདུད་སྡིག་ཅན་བདུད་ཀྱི་ལས་འདི་ལྟ་བུ་འདི་དག་ཉེ་བར་སྒྲུབ་པར་འགྱུར་རོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་དང་། ལུས་གསེར་གྱི་མདོག་ལྟ་བུ་འོད་འདོམ་གང་དང་ལྡན་པར་བསྒྱུར་ཏེ་འོངས་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་མཐོང་ནས་ དགའ་བ་སྐྱེ་བར་འགྱུར་ཏེ་དེ་དག་དགའ་བ་སྐྱེས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམས་པར་འགྱུར་རོ། །རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་བྲི་བ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱ་བ་དང་། བཤད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་ བའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་གྱིས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གི་མདུན་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཉེ་ བར་སྟོན་པར་འགྱུར་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་འདོད་པ་སྐྱེ་བར་འགྱུར་ཞིང་། བདག་ཀྱང་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ལྟ་བུར་འགྱུར་བར་བྱའོ། །དེ་བཞིན་དུ་ཚོགས་ཡོངས་སུ་བསྡུ་བར་ཡང་བྱའོ། ། ཇི་ལྟར་དེ་བཞིན་གཤེགས་པས་ཆོས་བསྟན་པ་དེ་ལྟར་བདག་གིས་ཀྱང་བསྟན་པར་བྱའོ་སྙམ་དུ་དེ་དག་དེ་ལ་འདོད་པ་བསྐྱེད་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམས་པར་འགྱུར་རོ། །རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། ལུང་ ནོད་པ་དང་། ཀུན་ཆུབ་པར་བྱ་བ་དང་། བཤད་པར་བྱ་བ་དང་། ཡིད་ལ་བྱ་བ་དང་། བསྒོམ་པར་བྱ་བའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་ སྡིག་ཅན་གང་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་ སེམས་དཔའ་བརྒྱ་ཕྲག་དུ་མ་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ་མ་དག་ཉེ་བར་སྟོན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་བདུད་ཀྱིས་སྤྲུལ་པ་དེ་དག་ལ་འདོད་པ་སྐྱེས་པར་གྱུར་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམས་པར་འགྱུར་རོ། །རབ་འབྱོར་ དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱ་བ་དང་། བཤད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང་། བསྒོམ་པར་བྱ་བའི་ཚོགས་པ་དང་མི་ལྡན་པར་འགྱུར་ཏེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་ནི་གཟུགས་ཡོད་པ་མ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོད་པ་མ་ཡིན། ཁམས་རྣམས་དང་། སྐྱེ་མཆེད་རྣམས་ཡོད་ པ་མ་ཡིན། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པར་ཐར་པའི་སྒོ་རྣམས་དང་། བྱང་ཆུབ་ཡོད་ པ་མ་ཡིན་ཏེ། རབ་འབྱོར་གང་ལ་གཟུགས་ཡོད་པ་མ་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོད་པ་མ་ཡིན་པ་དང་། བྱང་ཆུབ་ཀྱི་བར་དུ་ཡང་ཡོད་པ་མ་ཡིན་པ་དང་། གང་ལ་བྱང་ཆུབ་ཡོད་པ་མ་ཡིན་པ་དེ་ལ་ནི་སངས་རྒྱས་ཀྱང་མེད། བྱང་ཆུབ་སེམས་དཔའ་རྣམས་ཀྱང་མེད། ཉན་ཐོས་རྣམས་ཀྱང་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་ འདྲི་བ་དང་། ཀློག་པ་དང་། ལུང་ནོད་པ་དང་། ཁ་ཏོན་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བར་ཆད་མང་དུ་འབྱུང་བར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཛམ་བུའི་གླིང་ན། རིན་པོ་ཆེ་དག་ཡོད་པ་འདི་ལྟ་སྟེ། གསེར་ དང་། ནོར་བུ་དང་། མུ་ཏིག་དང་། ཨ་ནད་རྙིལ་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱུ་རུ་དང་། དངུལ་གང་ཇི་སྙེད་ཡོད་པ་དེ་དག་ལ་ནི་བར་ཆད་མང་ཞིང་ཕྱིར་རྒོལ་བ་དག་མང་བར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་དང་། ཀློག་པ་དང་། ལུང་ནོད་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཆང་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དེ་དག་ལ་ཡང་བར་ཆད་མང་དུ་འབྱུང་ཞིང་། ཕྱིར་རྒོལ་བ་མང་དུ་འབྱུང་བར་འགྱུར་རོ། །རབ་འབྱོར་གྱིས་ གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །དེ་དེ་ལྟ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་མདོ་སྡེ་དག་ལ་ནི་སླར་རྒོལ་བ་དང་། བར་ཆད་བགྱིད་པ་མང་དུ་འབྱུང་ལགས་ཏེ། བདུད་ཀྱི་བྱིན་གྱིས་བརླབས་པའི་མི་བླུན་པོ་དེ་དག་ནི་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་དང་། ལུང་ནོད་པ་དང་། ཀློག་པ་དང་། ཁ་ཏོན་དུ་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དག་ལ་བར་ཆད་བགྱིད་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་མི་བླུན་པོ་བློ་ཆུང་ཞིང་བློ་ཞན་པ་དེ་དག་ནི་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཟབ་མོ་འདི་ཡི་གེར་འདྲི་བ་དང་། སྒོམ་པའི་བར་དུ་བགྱིད་པ་ལ་བར་ཆད་བགྱིད་པར་འགྱུར་ཏེ། གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བར་མི་འགྱུར་བ་འམ། ཡི་གེ་འདྲི་བའི་བར་ཆད་བགྱིད་པར་འགྱུར་བ་དེ་དག་ནི་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་དག་ལ་བློ་འཇུག་པར་ མི་འགྱུར་ལགས་སོ། །གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བར་མི་འགྱུར་བའམ། ཡི་གེར་འདྲི་བའི་བར་ཆད་བགྱིད་པ་དང་། སྒོམ་པར་མི་འགྱུར་བའམ། སྒོམ་པའི་བར་ཆད་བགྱིད་པ་དེ་དག་ནི་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་དག་ལ་བློ་འཇུག་པར་མི་འགྱུར་ལགས་ སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འབྲི་བར་མི་འགྱུར་བ་དང་། ཀློག་པར་མི་འགྱུར་བ་དང་། ལུང་ནོད་པར་མི་འགྱུར་བ་དང་། ཁ་ཏོན་ བྱེད་པར་མི་འགྱུར་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པར་མི་འགྱུར་བ་དང་། སྒོམ་པར་མི་འགྱུར་ཞིང་། བར་ཆད་བྱེད་པར་འགྱུར་བ་དེ་དག་ནི་ཐེག་པ་ལ་གསར་དུ་ཞུགས་པ་དང་། དགེ་བའི་རྩ་བ་མ་བསྐྱེད་པ་དང་། དགེ་བའི་རྩ་བ་ཆུང་བ་དང་། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་མ་བྱས་ པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པ་ཡིན་ནོ། །རབ་འབྱོར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བར་མི་བྱེད་ཅིང་། སྒོམ་པའི་བར་དུ་མི་བྱེད་ལ། གཞན་དག་ཡི་གེར་འདྲི་བ་དང་། སྒོམ་པའི་བར་དུ་བྱེད་ པ་ལ་བར་ཆད་བྱེད་པ་དེ་དག་ནི་བློ་ཆུང་བ་དང་། བློ་ཞན་པ་དང་། བློ་དམན་པ་ཡིན་པས་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་དག་ལ་བློ་འཇུག་པར་མི་འགྱུར་རོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་དང་། སྒོམ་པའི་བར་དུ་བྱེད་པ་ལ། བདུད་ཀྱི་ལས་དེ་ལྟ་བུ་ གཞན་དག་ཀྱང་འབྱུང་བར་འགྱུར་རོ། །རབ་འབྱོར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དག་ལ་གལ་ཏེ་བདུད་ཀྱི་ལས་དག་འབྱུང་བར་འགྱུར་ ཡང་། གོང་ནས་གོང་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཞིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པར་འགྱུར་བ་དང་། རྣམ་པར་ཐར་པའི་སྒོ་རྣམས་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་འགྱུར་བ་དེ་ནི། རབ་འབྱོར་སངས་རྒྱས་ཀྱི་མཐུ་ཡིན་པར་རིག་པར་བྱ་སྟེ། དེའི་ཕྱིར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་དང་། ཀློག་པ་དང་། ལུང་ནོད་པ་ དང་། སྒོམ་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ན་བར་ཆད་འབྱུང་བར་མི་འགྱུར་ལ། གོང་ནས་གོང་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཞིང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དང་། རྣམ་པར་ཐར་པའི་སྒོ་ཐམས་ཅད་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། །ཕྱོགས་བཅུ་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ། འཚོ་ཞིང་གཞེས་པ་དེ་དག་ཀྱང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་དང་། ཀློག་པ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་གི་ཆེད་དུ་བརྩོན་པར་མཛད་དོ། །ཕྱོགས་བཅུ་དག་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འཁོད་ པ་དེ་དག་ཀྱང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་དང་། ཀློག་པ་དང་། ལུང་ནོད་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པ་དེ་དག་ལ་ཕན་འདོགས་པར་བརྩོན་པར་བྱེད་པར་འགྱུར་རོ། །ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་བདུད་ཀྱི་ཚོགས་པ་དང་མི་ལྡན་པའི་ལེའུ་ཞེས་བྱ་སྟེ། བཞི་བཅུ་རྩ་གཅིག་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་སུམ་ཅུ་རྩ་གསུམ་པ། རབ་འབྱོར་འདི་ལྟ་སྟེ་དཔེར་ན་བུད་མེད་ལ་ལ་ཞིག་ལ་ བུ་ལྔའམ། བཅུ་འམ། ཉི་ཤུ་འམ། སུམ་ཅུའམ། ལྔ་བཅུའམ། བརྒྱའམ། སྟོང་ངམ། འབུམ་ཞིག་ཡོད་པར་གྱུར་ལ་དེ་དག་ཐམས་ཅད་དབེན་པའི་ཕྱིར་ཅི་ལྟར་བྱས་ན། བདག་ཅག་གིས་མ་ལ་བར་ཆད་འབྱུང་བར་མི་འགྱུར་ཞིག་གུ། ཇི་ལྟར་བྱས་ན་བདག་ཅག་གི་མ་ཡུན་རིང་དུ་འཚོ་བར་ འགྱུར་ཞིག་གུ། ཇི་ལྟར་བྱས་ན་བདག་ཅག་གི་མའི་ལུས་ལ་མི་བདེ་བ་འབྱུང་བར་མི་འགྱུར་ཞིག་གུ། འདི་ནི་བདག་ཅག་སྐྱེད་པ་དང་། ལུས་འཛིན་པ་དང་སྲོག་སྦྱིན་པ་ཡིན་ནོ། །ཞེས་འབད་པར་བྱེད་ཅིང་འདིའི་སྲོག་ལ་བར་ཆད་འབྱུང་བའམ་ལུས་ཉམ་ཆུང་བའམ། སྦྲང་བུ་མཆུ་རིང་ དང་། ཤ་སྦྲང་དང་། སྡིག་སྦྲུལ་གྱི་གནོད་པའམ། གྲང་བ་དང་ཚ་བ་དང་བཀྲེས་པ་དང་། སྐོམ་པའི་སྡུག་བསྔལ་མི་འབྱུང་བར་བྱའོ་ཞེས་བུ་དེ་དག་མ་དེ་ལ་རིམ་གྲོ་མཆོག་གིས་རིམ་གྲོར་བྱེད་ཅིང་། བསྲུང་བའི་མཆོག་གིས་སྲུང་བར་བྱེད་དེ། དེ་ལྟར་བུ་དེ་དག་མ་དེ་ལ་བདེ་བར་སྦྱར་བ་ ཐམས་ཅད་སྙེན་པར་བྱེད་ཅིང་འདི་ནི་བདག་ཅག་ལ་འཇིག་རྟེན་འདི་སྟོན་པ་ཡིན་ནོ། །ཞེས་དེ་ལྟར་དེ་དག་མ་དེ་ལ་རིམ་གྲོ་བྱེད་དོ། །རབ་འབྱོར་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ འདི་ལ་ཡང་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མི་ཆད་པར་དགོངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེད་པ་དང་། ཡེ་ཤེས་ཀྱི་སྣང་བ་བྱེད་པ་ཡིན་པའི་ཕྱིར་རོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་གང་དག་བཞུགས་པ་དེ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མི་ཆད་པར་དགོངས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་དེ་བཞིན་གཤེགས་པ་རྣམས་སྐྱེད་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ ཤེས་ཡང་དག་པར་སྟོན་པ་ཡིན་པའི་ཕྱིར་ཏེ། དེ་བས་ན་དེ་བཞིན་གཤེགས་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མི་ཆད་པར་དགོངས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ལས་བྱུང་ཞིང་དེ་བཞིན་གཤེགས་པ་རྣམས་ཀྱི་ནང་སྟོང་པ་ཉིད་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ ཉིད་ཀྱི་བར་དག་ཀྱང་འདི་ལས་བྱུང་བ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ཀྱང་འདི་ལས་བྱུང་བ་དང་། རྣམ་པར་ཐར་པའི་སྒོ་རྣམས་དང་། སྟོབས་ བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་འདི་ལས་བྱུང་བ་དང་། སངས་རྒྱས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་འདི་ལས་བྱུང་བ་དང་། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། སངས་རྒྱས་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་འདི་ལས་བྱུང་བའི་ཕྱིར་རོ། །རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་སུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པ་དང་། །མངོན་པར་རྫོགས་པར་འཚང་རྒྱ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ འདི་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རབ་འབྱོར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ ཞུགས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བ་དང་། ཀློག་པ་དང་། ལུང་ནོད་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་ལ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམས་ཀྱི་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མི་ཆད་པར་དགོངས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཀྱང་ཅི་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རྟག་ཏུ་རྒྱུན་མི་ཆད་པར་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་མཛད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སྐྱེད་པ་དང་། འཇིག་རྟེན་འདི་སྟོན་པའོ། །ཞེས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ན། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ སྐྱེད་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་འདི་སྟོན་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་དེ་བཞིན་གཤེགས་པ་འཁྲུངས་པ་ལགས། དེ་བཞིན་གཤེགས་པས་བཀའ་སྩལ་པའི་འཇིག་རྟེན་ནི་གང་ ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེད་ལ། རབ་འབྱོར་ཆོས་འདི་དག་གིས་ཀྱང་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བར་གྲག་པར་འགྱུར་ཏེ། རབ་འབྱོར་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིས་དེ་བཞིན་གཤེགས་པ་ སྐྱེད་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་འཇིག་རྟེན་དུ་གསུངས་པ་ཡང་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཕུང་པོ་ལྔ་ནི་དེ་བཞིན་གཤེགས་པས་འཇིག་རྟེན་དུ་གསུངས་སོ། །རབ་འབྱོར་གྱིས་གསོལ་ པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཕུང་པོ་ལྔ་ཇི་ལྟར་བསྟན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕུང་པོ་ལྔ་པོ་དེ་དག་འཇིག་པར་སྟོན་པ་མ་ཡིན་རབ་ཏུ་འཇིག་པར་སྟོན་པ་མ་ཡིན་ནོ། ། སྐྱེ་བར་སྟོན་པ་མ་ཡིན། ཀུན་ནས་ཉོན་མོངས་པར་སྟོན་པ་མ་ཡིན། རྣམ་པར་བྱང་བར་སྟོན་པ་མ་ཡིན། འཕེལ་བ་དང་། འགྲིབ་པར་སྟོན་པ་མ་ཡིན། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་སྟོན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ཀྱི་དོན་ནི་ འཇིག་པ་མ་ཡིན། རབ་ཏུ་འཇིག་པ་མ་ཡིན་མཚན་མ་མེད་པ་དང་། སྨོན་པ་མེད་པ་ནི་འཇིག་པ་མ་ཡིན་རབ་ཏུ་འཇིག་པ་མ་ཡིན། མངོན་པར་འདུ་བྱེད་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། དངོས་པོ་མེད་པ་དང་། རང་བཞིན་མེད་པ་ནི་འཇིག་པ་མ་ཡིན་ རབ་ཏུ་འཇིག་པ་མ་ཡིན་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཇིག་རྟེན་སྟོན་པར་བཤད་དོ། །རབ་འབྱོར་སེམས་ཅན་ཚད་མེད་པ་དག་གི་སེམས་ཀྱི་སྤྱོད་པ་དཔག་ཏུ་མེད་གྲངས་མེད་པ་གང་ཡིན་པ་དེ་དག་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་པ་ ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་བརྟེན་ནས་རབ་ཏུ་མཁྱེན་ཏེ། རབ་འབྱོར་འོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ནི་སེམས་ཅན་དང་སེམས་ཅན་དུ་གདགས་པ་མི་དམིགས་སོ། །གཟུགས་དང་གཟུགས་སུ་གདགས་པ་མི་དམིགས་སོ། །ཚོར་བ་དང་། འདུ་ཤེས་ དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པར་གདགས་པ་མི་དམིགས་སོ། །མིག་དང་། མིག་གི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་མི་དམིགས་ཤིང་། མིག་གི་འདུས་ཏེ་རེག་པར་གདགས་པ་མི་དམིགས་སོ། །རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་དང་། ཡིད་དང་། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་མི་དམིགས་ཤིང་། ཡིད་ཀྱི་འདུས་ཏེ་རེག་པར་གདགས་པ་མི་དམིགས་སོ། །ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ ཀྱི་ཆོས་རྣམས་དང་། རྣམ་པར་ཐར་པའི་སྒོ་རྣམས་དང་། སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གདགས་པའི་བར་དུ་མི་དམིགས་སོ། །རབ་འབྱོར་དེ་ལྟར་ ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་དེ་བཞིན་གཤེགས་པ་རྣམས་ལ་འཇིག་རྟེན་འདི་སྟོན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ལ་མེད་ཅིང་མི་དམིགས་ན་གཟུགས་དང་། ཚོར་ བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དམིགས་པར་ལྟ་ག་ལ་འགྱུར། རྣམ་པར་ཤེས་པ་དམིགས་པར་ལྟ་ག་ལ་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དམིགས་པར་ལྟ་ག་ལ་འགྱུར། རབ་འབྱོར་གཞན་ཡང་སེམས་ཅན་ཅི་སྙེད་སེམས་ཅན་དུ་གདགས་པས་ བཏགས་པ་གཟུགས་ཅན་ནམ། གཟུགས་མེད་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སེམས་ཅན་གང་དག་འཇིག་རྟེན་འདིའམ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་གཞན་དག་ན་གནས་པ་དེ་དག་གི་སེམས་ བསྡུས་པ་དང་། སེམས་རྣམ་པར་གཡེང་བ་གང་ཡིན་པ་དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། རབ་འབྱོར་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། རྣམ་པར་གཡེང་བ་རྣམས་ཡང་དག་པ་ཅི་ལྟར་རབ་ཏུ་ མཁྱེན་ཅེ་ན། རབ་འབྱོར་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། རྣམ་པར་གཡེང་བ་རྣམས་ཆོས་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་ཉིད་ གང་གིས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། རྣམ་པར་གཡེང་བ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཉིད་གང་ལ་ཆོས་ཉིད་ཁོ་ན་ཡང་མི་དམིགས་ན། སེམས་བསྡུས་པ་དང་། རྣམ་ པར་གཡེང་བ་རྣམས་ལྟ་ཅི་སྨོས་ཏེ། རབ་འབྱོར་དེ་བཞིན་གཤེགས་པས་ཆོས་ཉིད་འདིས་སེམས་བསྡུས་པ་དང་། རྣམ་པར་གཡེང་བ་རྣམས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པ