Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 030_ཁྲི་བརྒྱད།_ཁ

Văn bản gốc(Tây Tạng)

Trang 10 / 19 (50.000 ký tự/trang)
ང་། ཡིད་ཀྱིས་བརྟགས་པ་དང་། མཐོང་བས་ཤིན་ཏུ་རྟོགས་པར་མ་གྱུར་གྱི་བར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་
ཕྱིར། ཆོས་སྨྲ་བ་མི་གཏོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པའི་གང་ཟག་དེ་ནི། རབ་འབྱོར་མི་ལས་ཤི་འཕོས་ནས་མིར་སྐྱེ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་
དཔའ་དེས་སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲིས་ལ། བྲིས་ནས་ཀྱང་གླེགས་བམ་དུ་ཆུད་པར་བྱས་ཏེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་
མཚན་དང་། བ་དན་དག་གིས་བསྟི་སྟང་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་པའི་ཕྱིར་ཏེ། དེ་ནི་དགེ་བའི་རྩ་བ་དེས་མི་ལས་ཤི་འཕོས་ཏེ། མིར་སྐྱེས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་པར་
འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཡོན་ཏན་དེ་དག་དང་ལྡན་པ། སངས་རྒྱས་བཅོམ་ལྡན་འདས་གཞན་དག་ལ་བསྙེན་བཀུར་བགྱིས་ནས། དེ་ནས་ཤི་འཕོས་ཏེ། འདིར་སྐྱེས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་ལ། མོས་ནས་ཀྱང་ཡི་གེར་འདྲི་བ་དང་། བྲིས་ནས་ཀྱང་ལུང་འབོག་པ་དང་། ཁ་ཏོན་དུ་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པར་འགྱུར་བའི་རྣམ་གྲངས་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སངས་རྒྱས་ཀྱི་ཞིང་གཞན་དག་ཏུ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་བྱེད་པ་དང་། དེ་ནས་ཤི་འཕོས་ནས་
འདིར་སྐྱེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་ལ། མོས་ནས་ཀྱང་ཡི་གེར་འདྲི་བ་དང་། བྲིས་ནས་ཀྱང་ལུང་འབོག་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་
ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ལ་ཐོས་ནས་ཀྱང་བཟུང་ཞིང་བཅང་ལ། ཁ་ཏོན་དུ་བྱས་ཤིང་ཚུལ་བཞིན་དུ་ཡིད་ལ་བྱས་པའི་ཕྱིར་ཏེ། དགེ་བའི་རྩ་བ་
དེ་དག་དང་། ཡིད་ལ་བྱེད་པ་དེ་དག་གིས་འདིར་སྐྱེས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་ལྡན་གྱི་ལྷ་རྣམས་ཀྱི་ནང་ནས་ཤི་འཕོས་ནས། མི་རྣམས་དང་སྐལ་བ་མཉམ་པར་འདིར་སྐྱེས་པ་དེ་ཉིད་ཀྱང་ཡོན་ཏན་དེ་དག་དང་ལྡན་པར་
རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་དྲི་བ་བྱས་པས་ན། དེ་ནི་དགེ་བའི་རྩ་བ་དེས་འདིར་
སྐྱེས་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སྔོན་གྱི་མཐའ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མ་ཐོས་ལ་ཡོངས་སུ་དྲི་བ་མ་བྱས་པ་དེ་ནི་མིའི་འཇིག་རྟེན་དུ་སྐྱེས་ན། ཐེ་ཚོམ་ཅན་དང་ཡིད་རྟུལ་བར་འགྱུར་ཏེ། དེའི་སེམས་ཞུམ་

པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སྔོན་གྱི་མཐའ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ལ་ཡོངས་སུ་དྲི་བ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ཐོས་ནས། ཐེ་ཚོམ་ཅན་དུ་མི་འགྱུར་ཞིང་ཡིད་རྟུལ་
བར་མི་འགྱུར་ཏེ། སེམས་ཞུམ་པར་མི་འགྱུར་རོ། །རབ་འབྱོར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དེ་བཞིན་དུ་སྦྱར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་གང་གི་སྔོན་གྱི་མཐའ་ནས་ཀྱང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་མ་ཐོས་ལ་ཡོངས་སུ་དྲི་བ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ཐོས་ནས་ཐེ་ཚོམ་ཅན་དུ་འགྱུར་ཞིང་ཡིད་རྟུལ་བར་འགྱུར་ཏེ། སེམས་ཞུམ་པར་འགྱུར་རོ། །རབ་
འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སྔོན་གྱི་མཐའ་ནས་ཀྱང་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མ་ཐོས་ཤིང་། ཡོངས་སུ་དྲི་བ་མ་བྱས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ཐོས་ནས་
ཐེ་ཚོམ་ཅན་དུ་འགྱུར་ཞིང་ཡིད་རྟུལ་བར་འགྱུར་ཏེ། སེམས་ཞུམ་པར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སྔོན་གྱི་མཐའ་ནས་ཀྱང་། དྲན་པ་ཉེ་བར་གཞག་པ་བཞི་མ་ཐོས་ལ་ཡོངས་སུ་དྲི་བ་མ་བྱས་པ་དེ་ནི་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ཐོས་ན་ཐེ་ཚོམ་ཅན་དུ་འགྱུར་ཞིང་། ཡིད་རྟུལ་བར་འགྱུར་ཏེ་སེམས་ཞུམ་པར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སྔོན་གྱི་མཐའ་ནས་ཀྱང་ཡང་དག་པའི་སྤོང་བ་བཞི་དང་། རྫུ་འཕྲུལ་
གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཐོས་སམ། ཐོས་ནས་ཀྱང་ཡོངས་སུ་དྲི་བ་མ་བྱས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ཐོས་ན་ཐེ་ཚོམ་

ཅན་དུ་འགྱུར་ཞིང་ཡིད་རྟུལ་བར་འགྱུར་ཏེ། སེམས་ཀྱང་ཞུམ་པར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སྔོན་གྱི་མཐའ་ནས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ཤིང་ཡོངས་
སུ་དྲིས་ལ། ཐོས་ཤིང་ཡོངས་སུ་དྲིས་ནས། ཉི་མ་གཅིག་གམ། ཉི་མ་གཉིས་སམ། ཉི་མ་གསུམའམ། བཞིའམ། ལྔའམ། དྲུག་གམ། ཉི་མ་བཅུར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉམས་སུ་མི་ལེན་ཅིང་
མི་སྒོམ་པ་དེ་ནི་འཕྲོག་པར་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དང་ཡང་འབྲལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཟབ་མོ་འདི་ལ་རེས་འགའ་ནི་འདུན་པར་འགྱུར། རེས་འགའ་ནི་འདུན་པར་མི་འགྱུར་བ་དེ་ནི་འཕྲོག་པར་འགྱུར་ཏེ། ཤིང་བལ་གྱི་འདའ་བ་བཞིན་དུ་བློ་ཤིན་དུ་མི་བརྟན་པར་འགྱུར་བའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཐེག་པ་ལ་ཡང་
དག་པར་ཞུགས་ནས། རིང་པོར་མ་ལོན་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བསྙེན་བཀུར་མ་བྱས་པར་རིག་པར་བྱའོ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལུང་མ་མནོས་ཁ་ཏོན་དུ་མ་བྱས། ཚུལ་བཞིན་དུ་ཡིད་ལ་མ་བྱས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསླབས་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་
ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསླབས་པ་དང་། ནང་སྟོང་པ་ཉིད་ལ་མ་བསླབས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་མ་བསླབས་པ་

དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་མ་བསླབས་པ་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་ལ་མ་བསླབས་པ་དང་། མངོན་པར་ཤེས་པ་
ལྔ་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མ་བསླབས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་
ནི། རབ་འབྱོར་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པ་ཡིན་པར་རིག་པར་བྱ་སྟེ། རབ་འབྱོར་དེ་དག་ནི་དད་པ་ཙམ་དང་། དགའ་བ་ཙམ་དང་ལྡན་པ་ཡིན་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་དང་། བཀླག་པ་དང་། ལུང་ནོད་པ་དང་། ཁ་ཏོན་
དུ་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བར་མི་ནུས་སོ། །རབ་འབྱོར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་འདྲི་བར་མི་བྱེད། ལུང་ནོད་པར་མི་བྱེད། ཁ་ཏོན་དུ་མི་བྱེད། ཚུལ་བཞིན་དུ་ཡིད་ལ་མི་
བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡང་འཛིན་པར་མི་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཛིན་པར་མི་བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡང་ཉམས་སུ་མི་ལེན་པ་དང་། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་བར་དུ་ཉམས་སུ་མི་ལེན་པ་དེ་དག་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། ས་རྣམ་པ་འདི་གཉིས་ལས་གཅིག་ཏུ་འགྱུར་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་ནི་
སྔོན་གྱི་མཐའ་ནས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་མ་བྲིས་ཤིང་ལུང་མ་མནོས་ཏེ། ཁ་ཏོན་དུ་མ་བྱས་ལ། ཚུལ་བཞིན་དུ་ཡིད་ལ་མ་བྱས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཀྱང་ཡོངས་སུ་མ་ཟིན་པ་དང་། བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་དེ་དག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉམས་སུ་མ་བླངས་པའི་ཕྱིར་ཏེ། དེའི་ཕྱིར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ས་རྣམ་པ་གཉིས་སུ་འགྱུར་བར་ཤེས་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། འདུས་པའི་
ལེའུ་ཞེས་བྱ་སྟེ་བཞི་བཅུ་རྩ་བཞི་པའོ།། །།རབ་འབྱོར་འདི་ལྟ་སྟེ་དཔེར་ན། གང་གི་ཚེ་རྒྱ་མཚོའི་གྲུ་ཞིག་པར་གྱུར་པ་ན། དེའི་ནང་ན་མི་འཁོད་པ་དག་གིས་ཤིང་ངམ། རྐྱལ་པའམ། མི་རོ་ལ་མ་འཇུས་ཤིང་མ་བཟུང་ན། རབ་འབྱོར་མི་དེ་དག་ནི་རྒྱ་
མཚོའི་འགྲམ་དུ་མ་ཕྱིན་པར་འཆི་བའི་དུས་བྱེད་པར་རིག་པར་བྱའོ། །རབ་འབྱོར་རྒྱ་མཚོའི་གྲུ་ཞིག་པ་ན་མི་གང་དག་ཤིང་ངམ། རྐྱལ་པའམ། མི་རོ་ལ་འཇུ་ཞིང་འཛིན་པར་སེམས་ན། རབ་འབྱོར་མི་དེ་དག་ནི། རྒྱ་མཚོའི་ནང་དུ་འཆི་བར་མི་འགྱུར་ཏེ། བདེ་བར་
རྒྱ་མཚོ་ལས་བརྒལ་བར་འགྱུར་ཞིང་། ཉེ་ཞོ་མེད་པར་ཐང་ལ་གནས་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་དད་པ་ཙམ་དང་། དགའ་བ་ཙམ་དང་ལྡན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡི་གེར་
འདྲི་བར་མི་བྱེད། ལུང་ནོད་པར་མི་བྱེད། ཁ་ཏོན་དུ་མི་བྱེད། ཚུལ་བཞིན་དུ་ཡིད་ལ་མི་བྱེད་པ་དང་། དེ་བཞིན་དུ་སྦྱར་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་འདྲི་བར་མི་བྱེད། ལུང་ནོད་པར་མི་བྱེད། ཁ་ཏོན་དུ་མི་བྱེད། ལྷག་པར་དམིགས་པར་མི་བྱེད་པ་དང་། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དང་ལྡན་པའི་མདོ་སྡེ་ཡི་གེར་འདྲི་བར་མི་བྱེད། ལུང་ནོད་པར་མི་བྱེད། ཁ་
ཏོན་དུ་མི་བྱེད། ཚུལ་བཞིན་དུ་ཡིད་ལ་མི་བྱེད་པ་དང་། ལྷག་པར་དམིགས་པར་མི་བྱེད་པའི་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཞུགས་པ་གང་ཡིན་པ་དེ་དག་ནི། བར་མ་དོར་ལམ་དུ་ཉོན་མོངས་པར་འགྱུར་བར་རིག་པར་བྱ་སྟེ། དེ་དག་

ནི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་མངོན་སུམ་དུ་བྱེད་པར་འགྱུར་རོ། །རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར། དད་པ་
ཡོད་པ་དང་། བཟོད་པ་ཡོད་པ་དང་། དང་བ་ཡོད་པ་དང་། ལྷག་པའི་བསམ་པ་ཡོད་པ་དང་། འདོད་པ་ཡོད་པ་དང་། མོས་པ་ཡོད་པ་དང་། གཏོང་བ་ཡོད་པ་དང་། བརྩོན་པ་མི་གཏོང་བ་ཡོད་པ་དེ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་འདི་ཡི་གེར་འདྲི་བར་བྱེད། ལུང་ནོད་པར་བྱེད། ཁ་ཏོན་དུ་བྱེད། ཚུལ་བཞིན་དུ་ཡིད་ལ་བྱེད་པར་འགྱུར་རོ། །རབ་འབྱོར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར། དད་པ་དང་། བཟོད་པ་དང་། དང་བ་དང་།
ལྷག་པའི་བསམ་པ་དང་། འདོད་པ་དང་། མོས་པ་དང་། གཏོང་བ་དང་། བརྩོན་པ་མི་གཏོང་བ་དེ་དག་དང་། གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཅིང་། རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་ཡོངས་སུ་འཛིན་པ་དེ་དག་བར་མ་དོར་ཉོན་མོངས་པར་
མི་འགྱུར་ཞིང་། དེ་དག་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ཏེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ཤིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་
བ་ལ་ལྟོས། རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་པའམ། བུད་མེད་གཅིག་གིས་བུམ་པ་སོ་མ་བཏང་། མ་བསྲེགས་པས་ཆུ་བཅུ་བར་སེམས་ན། རབ་འབྱོར་བུམ་པ་དེ་ནི་རིང་པོར་མི་ཐུབ་སྟེ། མྱུར་བ་ཉིད་དུ་འཇིག་ཅིང་ཞུ་བར་འགྱུར་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་
ཞེ་ན། འདི་ལྟར་བུམ་པ་དེ་སོ་མ་བཏང་བའི་ཕྱིར་ཏེ། དེ་ནི་ཕྱིར་ས་ཐ་མལ་པ་ཉིད་དུ་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར། དད་པ་ཡང་ཡོད་

བཟོད་པ་ཡང་ཡོད། དགའ་བ་ཡང་ཡོད། དང་བ་ཡང་ཡོད། ལྷག་པའི་བསམ་པ་ཡང་ཡོད། འདོད་པ་ཡང་ཡོད། མོས་པ་ཡང་ཡོད། གཏོང་བ་ཡང་ཡོད། བརྩོན་པ་མི་གཏོང་བ་ཡང་ཡོད་དུ་ཟིན་ཀྱང་། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་
ཟིན་ལ། ཐབས་ལ་མཁས་པས་ཡོངས་སུ་མ་ཟིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་པ་
དང་། ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་མ་ཟིན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་ཡོངས་སུ་མ་ཟིན། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ཡོངས་སུ་མ་ཟིན་པ་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་
རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་གྱིས་ཡོངས་སུ་མ་ཟིན། མངོན་པར་ཤེས་པ་ལྔས་ཡོངས་སུ་མ་ཟིན། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་
པ་བཅོ་བརྒྱད་ཀྱིས་ཡོངས་སུ་མ་ཟིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་མ་ཟིན་ན། རབ་འབྱོར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་དག་ནི་བར་མ་དོར་ཉོན་མོངས་པར་འགྱུར་རོ། །རབ་འབྱོར་རིགས་ཀྱི་བུའམ།
རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་བར་མ་དོར་ཉོན་མོངས་པར་འགྱུར་བ་གང་ཡིན་ཞེ་ན། འདི་ལྟ་སྟེ་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་པའམ། བུད་མེད་གཅིག་གིས་བུམ་པ་སོ་བཏང་བས་ཆུ་ཀླུང་ངམ། ཁྲོན་པའམ།
མཚོའམ། མཚེའུའམ། ལྡིང་ཀ་ནས་ཆུ་བཅུས་ན། རབ་འབྱོར་བུམ་པ་དེ་ནི་བདེ་བར་ཁྱིམ་དུ་ཕྱིན་པར་འགྱུར་བར་རིག་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་དད་པ་ཡང་ཡོད། བཟོད་

པ་ཡང་ཡོད། དགའ་བ་ཡང་ཡོད། དང་བ་ཡང་ཡོད། ལྷག་པའི་བསམ་པ་ཡང་ཡོད། འདོད་པ་ཡང་ཡོད། མོས་པ་ཡང་ཡོད། གཏོང་བ་ཡང་ཡོད། བརྩོན་པ་མི་གཏོང་བ་ཡང་ཡོད་ལ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ཅིང་།
ཐབས་ལ་མཁས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་ཟིན་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བར་མ་དོར་ལམ་དུ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པར་ཉོན་མོངས་པར་མི་འགྱུར་
ཞིང་། ཉེ་ཞོ་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། རྒྱ་མཚོའི་གྲུ་ལེགས་པར་མ་བཅོམས་ཤིང་ཟག་ལྷན་མ་བྱས་པར་རྫས་ཀྱིས་ལྕི་བར་བྱས་ཏེ། ཆུ་
ལ་བཏང་ན། རབ་འབྱོར་གྲུ་དེ་ནི་བར་མ་དོར་ནུབ་པར་འགྱུར་ཏེ། རྫས་ཀྱང་ལོགས་ཤིག །གྲུ་ཡང་ལོགས་ཤིག་ཏུ་འགྲོ་བར་འགྱུར་ཏེ། དེ་ལྟ་བུའི་ཚོང་པ་དེ་ནི་ཐབས་ལ་མི་མཁས་ཤིང་གནོད་པ་ཆེན་པོ་དང་ཕྲད་པར་འགྱུར་བ་དང་། རིན་པོ་ཆེ་ཆེན་པོ་དག་དང་བྲལ་བར་འགྱུར་བར་
རིག་པར་བྱའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར། དད་པ་ཡང་ཡོད། བཟོད་པ་ཡང་ཡོད། དགའ་བ་ཡང་ཡོད། དང་བ་ཡང་ཡོད། ལྷག་པའི་བསམ་པ་ཡང་ཡོད། འདོད་པ་ཡང་ཡོད།
མོས་པ་ཡང་ཡོད། གཏོང་བ་ཡང་ཡོད། བརྩོན་པ་མི་གཏོང་བ་ཡང་ཡོད་དུ་ཟིན་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་ལ། ཐབས་ལ་མཁས་པས་ཡོངས་སུ་མ་ཟིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་མ་ཟིན་ན།
རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བར་མ་དོར་ཉོན་མོངས་པར་འགྱུར་ཏེ། དོན་ཆེན་པོ་ལས་ཡོངས་སུ་ཉམས་ཤིང་འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིན་པོ་ཆེའི་ཕུང་པོ་ཆེན་པོ་ལས་ཡོངས་སུ་ཉམས་པར་འགྱུར་རོ། །རབ་འབྱོར་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བར་མ་དོར་ཉོན་མོངས་པར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་མཁས་པའི་རང་བཞིན་ཅན་གྱིས་རྒྱ་མཚོའི་གྲུ་ལེགས་པར་བཅོམས་
ཤིང་ཟག་ལྷན་བྱས་ལ་ཤིན་ཏུ་སྤྱད་ན། རབ་འབྱོར་རྒྱ་མཚོའི་གྲུ་དེ་ནི་བར་མ་དོར་ཞིག་པར་མི་འགྱུར་ཞིང་། དེས་གང་དུ་བགྲོད་པར་བྱ་བ་དེར་ཕྱིན་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཀྱི་ཕྱིར་དད་པ་ཡང་ཡོད། བཟོད་པ་ཡང་ཡོད། དགའ་བ་ཡང་ཡོད། དང་བ་ཡང་ཡོད། ལྷག་པའི་བསམ་པ་ཡང་ཡོད། འདོད་པ་ཡང་ཡོད། མོས་པ་ཡང་ཡོད། གཏོང་བ་ཡང་ཡོད། བརྩོན་པ་མི་གཏོང་བ་ཡང་ཡོད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པས་ཀྱང་། ཡོངས་སུ་ཟིན་ཅིང་ཐབས་ལ་མཁས་པས་ཀྱང་ཡོངས་སུ་ཟིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཀྱང་ཡོངས་སུ་ཟིན་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བར་མ་དོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་
ལྡོག་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར། དད་པ་ཡང་ཡོད། བཟོད་པ་ཡང་ཡོད། དགའ་བ་ཡང་ཡོད། དང་བ་ཡང་ཡོད། ལྷག་པའི་བསམ་པ་ཡང་ཡོད།
འདོད་པ་ཡང་ཡོད། མོས་པ་ཡང་ཡོད། གཏོང་བ་ཡང་ཡོད། བརྩོན་པ་མི་གཏོང་བ་ཡང་ཡོད་ལ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཀྱང་ཡོངས་སུ་ཟིན་ཅིང་། ཐབས་ལ་མཁས་པས་ཀྱང་ཡོངས་སུ་ཟིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཀྱང་
ཡོངས་སུ་ཟིན་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་ཀྱིས་དང་། རང་སངས་རྒྱས་ཀྱི་སར་ལྟུང་བར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། མི་སྐྱེས་ནས་ལོ་བརྒྱ་ཉི་ཤུ་ལོན་པ། རྒས་ཤིང་འཁོགས་ལ་གཏུགས་

པ་ཞིག་ཡོད་དེ། དེའི་ལུས་ལ་རླུང་ལས་གྱུར་པའམ། མཁྲིས་པ་ལས་གྱུར་པའམ། བད་ཀན་ལས་གྱུར་པའམ། འདུས་པ་ལས་གྱུར་པའི་ནད་འགའ་ཞིག་བྱུང་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཅི་མི་དེ་རང་དགར་ལྡང་བའི་མཐུ་དང་
ལྡན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཅི་མི་དེ་ལྡང་བར་འགྱུར་རམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མི་དེ་ནི་ཁྲི་ལས་ལྡང་བའི་རྔོ་ཐོགས་སུ་ལགས་ཀྱང་། དེ་ནི་རྒས་པ་
དེ་དང་། བྲོ་ནད་དེ་དག་གིས་ཉམས་དམས་པས། དཔག་ཚད་གཅིག་གི་བར་རམ། དཔག་ཚད་གཉིས་ཀྱི་བར་དུ་མཆི་བའི་མཐུ་ཡང་མ་མཆིས་ཏེ། ཁྲི་དེ་ལས་ལྡང་བའི་རྔོ་ཐོགས་སུ་ལགས་ཀྱང་། མཆི་བའི་རྔོ་ནི་མི་ཐོགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར། དད་པ་ཡང་ཡོད། བཟོད་པ་ཡང་ཡོད། དགའ་བ་ཡང་ཡོད། དང་བ་ཡང་ཡོད། ལྷག་པའི་བསམ་པ་ཡང་ཡོད།
འདོད་པ་ཡང་ཡོད། མོས་པ་ཡང་ཡོད། གཏོང་བ་ཡང་ཡོད། བརྩོན་པ་མི་གཏོང་བ་ཡང་ཡོད་དུ་ཟིན་ཀྱང་། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་མ་ཟིན་ལ། རབ་འབྱོར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་པ་དང་། ཐབས་ལམ་མཁས་པས་ཡོངས་སུ་མ་ཟིན་པའི་ཕྱིར། བར་མ་དོར་ལམ་དུ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ། དཔེར་
ན། མི་སྐྱེས་ནས་ལོ་བརྒྱ་ཉི་ཤུ་ལོན་པ། རྒས་ཤིང་འཁོགས་ལ། གཏུགས་པར་གྱུར་པ། དེ་ལ་རླུང་ལས་གྱུར་པའམ། མཁྲིས་པ་ལས་གྱུར་པའམ། བད་ཀན་ལས་གྱུར་པའམ། འདུས་པ་ལས་གྱུར་པའི་ནད་ཀྱིས་ཉམས་དམས་པ་དེ་ཉིད་མི་

སྟོབས་དང་ལྡན་པ་གཉིས་ཀྱིས་མཆན་གཡས་གཡོན་ནས་བརྟེན་ཏེ། བཏེག་ནས་ཁྲི་དེ་ལས་བསླང་སྟེ། འདི་སྐད་དུ་ཀྱེ་མི་ཁྱོད་ཁོ་བོ་ཅག་གཉིས་ཀྱིས་བརྟེན་ཏེ་བཟུང་གིས། གང་དུ་འདོད་པ་དང་། གར་དགའ་བར་སོང་ཤིག་དང་། གནས་དེར་མ་ཕྱིན་གྱི་བར་
དུ་བར་མ་དོར་འགྱེལ་བར་མི་འགྱུར་རོ། །ཞེས་ཟེར་བ་དེ་བཞིན་དུ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར། དད་པ་ཡང་ཡོད། བཟོད་པ་ཡང་ཡོད། དགའ་བ་ཡང་ཡོད། དང་
བ་ཡང་ཡོད། ལྷག་པའི་བསམ་པ་ཡང་ཡོད། འདོད་པ་ཡང་ཡོད། མོས་པ་ཡང་ཡོད། གཏོང་བ་ཡང་ཡོད། བརྩོན་པ་མི་གཏོང་བ་ཡང་ཡོད་ལ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཀྱང་ཡོངས་སུ་ཟིན་ཅིང་། ཐབས་ལ་མཁས་པས་ཀྱང་ཡོངས་སུ་
ཟིན་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བར་མ་དོར་ལྡོག་པར་མི་འགྱུར་བར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གནས་དེ་འཐོབ་པའི་མཐུ་དང་ལྡན་པ་ཡིན་ནོ། །
རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་དག །ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་ཅིང་། ཐབས་ལ་མཁས་པས་ཡོངས་སུ་མ་ཟིན་ལ། ཉན་ཐོས་
ཀྱི་ས་དང་། རང་སངས་རྒྱས་ཀྱི་སར་ཡང་ལྟུང་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་འདི་འདྲི་བར་སེམས་པ་ལེགས་སོ། །ལེགས་སོ། །
རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་ཐོག་མ་ཁོ་ནར་སྦྱིན་པ་སྦྱིན་པར་བྱེད་པ་ན། ངར་འཛིན་པ་དང་། ང་ཡིར་འཛིན་པར་ལྟུང་བའི་སེམས་ཀྱི་རྒྱུད་ཀྱིས་སྦྱིན་པ་སྦྱིན་པར་བྱེད་ཅིང་། ཚུལ་ཁྲིམས་གང་སྲུང་བ་དང་། བཟོད་པ་གང་སྒོམ་པ་དང་། བརྩོན་འགྲུས་གང་

རྩོམ་པ་དང་། བསམ་གཏན་གང་ལ་སྙོམས་པར་འཇུག་པ་དང་། ཤེས་རབ་གང་སྒོམ་པ་དེ་ཡང་ངར་འཛིན་པ་དང་། ང་ཡིར་འཛིན་པར་ལྟུང་བའི་སེམས་ཀྱིས་ཤེས་རབ་སྒོམ་པར་བྱེད་དོ། །དེ་སྦྱིན་པ་སྦྱིན་པར་བྱེད་པ་ན། འདི་སྙམ་དུ་སེམས་ཏེ། བདག་
གིས་སྦྱིན་པ་སྦྱིན་ནོ། །སྦྱིན་པ་འདི་སྦྱིན་པར་བྱའོ། །བདག་ནི་སྦྱིན་པ་དང་ལྡན་ནོ། །བདག་གིས་ཚུལ་ཁྲིམས་བསྲུང་ངོ་། །བདག་གིས་ཚུལ་ཁྲིམས་བསྒོམ་པར་བྱའོ། །བདག་ནི་ཚུལ་ཁྲིམས་དང་ལྡན་ནོ། །བདག་གིས་བཟོད་པར་བྱའོ། །བདག་གིས་བཟོད་པ་བསྒོམ་པར་བྱའོ། །བདག་ནི་
བཟོད་པ་དང་ལྡན་ནོ། །བདག་གིས་བརྩོན་འགྲུས་བརྩམ་མོ། །བདག་གིས་བརྩོན་འགྲུས་བརྩམ་པར་བྱའོ། །བདག་ནི་བརྩོན་འགྲུས་དང་ལྡན་ནོ། །བདག་བསམ་གཏན་ལ་སྙོམས་པར་འཇུག་གོ། བདག་གིས་བསམ་གཏན་བསྒོམ་པར་བྱའོ། །བདག་ནི་བསམ་གཏན་
དང་ལྡན་ནོ། །བདག་གིས་ཤེས་རབ་བསྒོམ་མོ། །བདག་གིས་ཤེས་རབ་འདི་བསྒོམ་པར་བྱའོ། །བདག་ནི་ཤེས་རབ་དང་ལྡན་ནོ། །སྙམ་སྟེ། དེ་སྦྱིན་པ་དེས་རློམ་སེམས་སུ་བྱེད་དོ། །སྦྱིན་པ་དེ་རློམ་སེམས་སུ་བྱེད་དོ། །བདག་གི་སྦྱིན་པའོ་སྙམ་དུ་རློམ་སེམས་
སུ་བྱེད་དོ། །དེ་བཞིན་དུ། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་རློམ་སེམས་སུ་བྱེད་དོ། །ཤེས་རབ་ཀྱིས་རློམ་སེམས་སུ་བྱེད་དོ། །བདག་གི་ཤེས་རབ་བོ་སྙམ་དུ་རློམ་སེམས་སུ་བྱེད་དོ། །དེ་ཅིའི་ཕྱིར་
ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ནི་རྣམ་པར་རྟོག་པ་དེ་དག་མེད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་མཐར་ཕྱིན་པ་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་རྣམ་པར་རྟོག་པ་དེ་དག་མེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་
ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དེ་བཞིན་དུ་རྣམ་པར་རྟོག་པ་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་མཐར་ཕྱིན་པ་ཡིན་ན། བྱང་ཆུབ་སེམས་དཔའི་ཐེག་པ་པ་དེས་ནི་ཕ་

རོལ་ཏུ་ཕྱིན་པའི་ཕ་མཐའ་ཡང་མི་ཤེས། ཕ་རོལ་ཡང་མི་ཤེས་པའི་ཕྱིར་ཏེ། དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་ཅིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་
གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་མ་ཟིན་པས། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་
པར་འབྱུང་བར་མི་འགྱུར་རོ། །རབ་འབྱོར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཇི་ལྟར་ཐབས་ལ་མི་མཁས་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཐབས་ལ་མི་མཁས་པས་ཐོག་མ་
ཁོ་ནར་སྦྱིན་པ་སྦྱིན་པར་བྱེད་ཅིང་། ཐབས་ལ་མི་མཁས་པས་ཚུལ་ཁྲིམས་སྲུང་བར་བྱེད། ཐབས་ལ་མི་མཁས་པས་བཟོད་པ་སྒོམ་པར་བྱེད། ཐབས་ལ་མི་མཁས་པས་བརྩོན་འགྲུས་རྩོམ་པར་བྱེད། ཐབས་ལ་མི་མཁས་པས་བསམ་གཏན་ལ་སྙོམས་པར་འཇུག་པར་བྱེད།
ཐབས་ལ་མི་མཁས་པས་ཤེས་རབ་སྒོམ་པར་བྱེད་ཅིང་། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སྦྱིན་པ་སྦྱིན་ནོ། །འདི་ལ་སྦྱིན་པར་བྱའོ། །སྦྱིན་པ་འདི་སྦྱིན་པར་བྱའོ། །བདག་གིས་ཚུལ་ཁྲིམས་བསྲུང་ངོ་། བདག་གིས་བཟོད་པ་བསྒོམ་མོ། །བདག་གིས་བརྩོན་
འགྲུས་བརྩམ་མོ། །བདག་གིས་བསམ་གཏན་ལ་སྙོམས་པར་འཇུག་པར་བྱའོ། །བདག་གིས་ཤེས་རབ་བསྒོམ་པར་བྱའོ། །ཤེས་རབ་འདི་བསྒོམ་པར་བྱའོ་སྙམ་སྟེ། དེ་སྦྱིན་པ་དེ་རློམ་སེམས་སུ་བྱེད། སྦྱིན་པས་རློམ་སེམས་སུ་བྱེད། བདག་ནི་སྦྱིན་པ་དང་ལྡན་པའོ་
སྙམ་དུ་རློམ་སེམས་སུ་བྱེད་དོ། །དེ་ཚུལ་ཁྲིམས་རློམ་སེམས་སུ་བྱེད། ཚུལ་ཁྲིམས་ཀྱིས་རློམ་སེམས་སུ་བྱེད། བདག་ནི་ཚུལ་ཁྲིམས་དང་ལྡན་པའོ་སྙམ་དུ་རློམ་སེམས་སུ་བྱེད་དོ། །བཟོད་པ་རློམ་སེམས་སུ་བྱེད། བཟོད་པས་རློམ་སེམས་སུ་བྱེད། བདག་ནི་བཟོད་པ་

དང་ལྡན་པའོ་སྙམ་དུ་རློམ་སེམས་སུ་བྱེད་དོ། །བརྩོན་འགྲུས་རློམ་སེམས་སུ་བྱེད། བརྩོན་འགྲུས་ཀྱིས་རློམ་སེམས་སུ་བྱེད། བདག་ནི་བརྩོན་འགྲུས་དང་ལྡན་པའོ་སྙམ་དུ་རློམ་སེམས་སུ་བྱེད་དོ། །བསམ་གཏན་རློམ་སེམས་སུ་བྱེད། བསམ་གཏན་གྱིས་
རློམ་སེམས་སུ་བྱེད། བདག་ནི་བསམ་གཏན་དང་ལྡན་པའོ་སྙམ་དུ་རློམ་སེམས་སུ་བྱེད་དོ། །ཤེས་རབ་རློམ་སེམས་སུ་བྱེད། ཤེས་རབ་ཀྱིས་རློམ་སེམས་སུ་བྱེད། བདག་ནི་ཤེས་རབ་དང་ལྡན་པའོ་སྙམ་དུ་རློམ་སེམས་སུ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཅི་ལྟར་རྣམ་
པར་རྟོག་པ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་དེ་དག་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕ་མཐར་ཕྱིན་པ་ཡིན་ལ། དེ་བཞིན་དུ་སྦྱར་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཕ་མཐར་ཕྱིན་པ་ཡིན་
པའི་ཕྱིར་རོ། །དེ་ཇི་ལྟར་རྣམ་པར་རྟོག་པ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་རྟོག་པ་དེ་དག་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཕ་མཐར་ཕྱིན་པ་ཡིན་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེས་ནི་ཕ་མཐའ་ཡང་
མི་ཤེས། ཕ་རོལ་ཡང་མི་ཤེས་པའི་ཕྱིར་རོ། །དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་པ་ནས། སྔ་མ་བཞིན་དུ་སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་གྱིས་ཡོངས་སུ་མ་ཟིན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་མ་ཟིན་པས། ཉན་ཐོས་
ཀྱིས་དང་། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་མི་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པས་ཡོངས་སུ་མ་ཟིན་པས།
ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པས་ཡོངས་སུ་ཟིན་ལ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་ལྟུང་ཞིང་། བླ་

ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོག་མ་ཁོ་ནར་སྦྱིན་པ་སྦྱིན་པ་ན། ངར་འཛིན་པ་དང་། ང་ཡིར་འཛིན་པའི་སེམས་ཀྱིས་སྦྱིན་པ་སྦྱིན་པར་བྱེད་ཅིང་། ཤེས་རབ་ཀྱི་བར་ཏུ་སྒོམ་
པར་བྱེད་དེ། དེ་འདི་སྙམ་དུ། བདག་གིས་སྦྱིན་པ་སྦྱིན་ནོ། །སྦྱིན་པ་འདི་སྦྱིན་པར་བྱའོ། །འདི་ལ་སྦྱིན་པ་སྦྱིན་པར་བྱའོ་སྙམ་དུ་རློམ་སེམས་སུ་མི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དེ་བཞིན་དུ་སྦྱར་ཏེ། །དེ་སྦྱིན་པ་ལ་རློམ་སེམས་སུ་མི་བྱེད།
སྦྱིན་པས་རློམ་སེམས་སུ་མི་བྱེད། བདག་གི་སྦྱིན་པའོ་སྙམ་དུ་རློམ་སེམས་སུ་མི་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་རློམ་སེམས་སུ་མི་བྱེད། ཤེས་རབ་ཀྱིས་རློམ་སེམས་སུ་མི་བྱེད། བདག་གི་ཤེས་རབ་བོ་སྙམ་དུ་རློམ་སེམས་སུ་མི་
བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ནི་གང་གིས་རློམ་སེམས་སུ་བྱེད་པའི་རྣམ་པར་རྟོག་པ་མེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་གང་གིས་རློམ་སེམས་སུ་བྱེད་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །འདི་ལྟ་སྟེ། སྦྱིན་པའི་ཕ་
རོལ་ཏུ་ཕྱིན་པ་དེ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཕ་མཐར་ཕྱིན་པ་ཡིན་ལ། བྱང་ཆུབ་སེམས་དཔའ་དེ་ཡང་ཕ་མཐའ་ཡང་ཤེས། ཕ་རོལ་ཡང་ཤེས་ཏེ། རློམ་སེམས་སུ་མི་བྱེད་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ་ཡིན་ནོ། །ཚུལ་ཁྲིམས་
ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་ཡོངས་སུ་ཟིན་ཏེ། ཉན་
ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་སར་ལྟུང་བར་མི་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ཅིང་། དེ་བཞིན་དུ་ཐབས་ལ་མཁས་

པས་ཡོངས་སུ་ཟིན་ཏེ། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་སར་ལྟུང་བར་མི་འགྱུར་རོ། །ནག་པོའི་ཕྱོགས་ལ་ཇི་ལྟ་བ་བཞིན་དུ་དཀར་པོའི་ཕྱོགས་ཐམས་ཅད་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་
ལས་གྲུའི་ལེའུ་ཞེས་བྱ་སྟེ་བཞི་བཅུ་རྩ་ལྔ་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་སུམ་ཅུ་རྩ་ལྔ་པ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསླབ་པར་བགྱི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་
པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསླབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འདོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་
དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པ་གང་ཡིན་པའི་དགེ་བའི་བཤེས་གཉེན་དག་ལ་བསྙེན་
བཀུར་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་དུ་སློབ་པར་འདོད་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་དགེ་བའི་བཤེས་གཉེན་དག་ལ་བརྟེན་པར་བྱ། བསྙེན་པར་བྱ། བསྙེན་བཀུར་བྱའོ། །དེ་དག་ཀྱང་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་ཏེ། རིགས་ཀྱི་བུ་ཚུར་ཤོག །
ཁྱོད་ཀྱིས་སྦྱིན་པ་གང་དང་། གང་སྦྱིན་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོས་ཤིག། །རིགས་ཀྱི་བུ་ཚུར་ཤོག །ཁྱོད་ཚུལ་ཁྲིམས་གང་དང་། གང་སྲུང་བ་དང་། བཟོད་པ་སྒོམ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་

ལ་སྙོམས་པར་འཇུག་པ་དང་། ཤེས་རབ་སྒོམ་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ལ། རིགས་ཀྱི་བུ་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཟུགས་ལས་རྟོག་པར་མ་བྱེད་ཅིག །ཚོར་བ་དང་། འདུ་
ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལས་རྟོག་པར་མ་བྱེད་ཅིག་རིགས་ཀྱི་བུ་ཁྱོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་རྟོག་པར་མ་བྱེད་ཅིག །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་
གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རྟོག་པར་མ་བྱེད་ཅིག་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལས་རྟོག་པར་མ་བྱེད་ཅིག །ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་།
སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ལས་རྟོག་པར་མ་བྱེད་ཅིག །མངོན་པར་ཤེས་པ་ལྔ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་
བརྒྱད་ལས་རྟོག་པར་མ་བྱེད་ཅིག །རིགས་ཀྱི་བུ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་རྟོག་པར་མ་བྱེད་ཅིག །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡང་རྟོག་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་མི་རྟོག་ན། རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ཀྱི་བར་དུ་ཐོབ་པར་འགྱུར་ཞིང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་རྟོག་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་
ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་རྟོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་རྟོག །ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་མི་རྟོག །དྲན་པ་ཉེ་བར་གཞག་པ་རྣམས་ལ་མི་རྟོག །

ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་ལ་མི་རྟོག་མངོན་པར་ཤེས་པ་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་མི་རྟོག་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐོབ་པར་འགྱུར་བའི་ཕྱིར་རོ། །རིགས་ཀྱི་བུ་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། གཟུགས་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་འདོད་པ་མེད་པ་ཡིན་པའི་
ཕྱིར་རོ། །རིགས་ཀྱི་བུ་ཁྱོད་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་བར་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་རྣམ་པར་ཤེས་པ་ནི་འདོད་པ་མེད་པའི་ཕྱིར་རོ། །རིགས་ཀྱི་བུ་ཁྱོད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འདོད་པ་མ་སྐྱེད་ཅིག་
ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་འདོད་པ་མ་སྐྱེད་ཅིག །རིགས་ཀྱི་བུ་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདོད་པ་མ་སྐྱེད་ཅིག །ནང་སྟོང་པ་ཉིད་ལ་འདོད་པ་མ་སྐྱེད་ཅིག །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་
ལ་འདོད་པ་མ་སྐྱེད་ཅིག །དྲན་པ་ཉེ་བར་གཞག་པ་རྣམས་ལ་འདོད་པ་མ་སྐྱེད་ཅིག །ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ཀྱི་བར་ལ་འདོད་པ་མ་སྐྱེད་ཅིག །མངོན་པར་ཤེས་པ་ལྔ་དང་། སྟོབས་
བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ལ་འདོད་པ་མ་སྐྱེད་ཅིག །རིགས་ཀྱི་བུ་ཁྱོད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ནི་འདོད་པ་མེད་ཅིང་འདོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །རིགས་ཀྱི་བུ་ཁྱོད་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འདོད་པ་མ་སྐྱེད་ཅིག །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་འདོད་པ་མ་སྐྱེད་ཅིག །བྱང་ཆུབ་

སེམས་དཔའི་སྐྱོན་མེད་པ་ལ་འདོད་པ་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ནི་འདོད་པ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་ཆོས་སྟོན་ཏོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དག་ནི་དཀའ་བ་བགྱིད་
པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་ཞིང་། བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དག་ནི་དཀའ་བ་བྱེད་པ་ཡིན་ནོ། །རབ་འབྱོར་འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུར་ཤེས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ལ་ཡང་དག་པར་ཞུགས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འཇིག་རྟེན་ལ་ཕན་པ་དང་། བདེ་བའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ཏེ། བདག་འཇིག་རྟེན་གྱིས་སྐྱོབ་པར་གྱུར་ཅིག་ཅེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་
ཡིན་ནོ། །འཇིག་རྟེན་གྱི་སྐྱབས་སུ་གྱུར་ཅིག །འཇིག་རྟེན་གྱི་གནས་དང་། འཇིག་རྟེན་གྱི་དཔུང་གཉེན་དང་། འཇིག་རྟེན་གྱི་གླིང་དང་། འཇིག་རྟེན་གྱི་ཡོངས་སུ་འདྲེན་པ་དང་། འཇིག་རྟེན་གྱི་རྟེན་དུ་གྱུར་ཅིག་ཅེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་
པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟར་འཇིག་རྟེན་ལ་ཕན་པའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཅན་རྣམས་འགྲོ་བ་ལྔ་ལས་ཡོངས་སུ་གྲོལ་བར་བྱས་ནས།

མྱ་ངན་ལས་འདས་པ་འཇིགས་པ་མེད་པ་བདེ་བའི་ཐང་ལ་འགོད་པར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་རྣམས་འཇིག་རྟེན་ལ་ཕན་པའི་ཕྱིར་ཡང་
དག་པར་ཞུགས་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟར་འཇིག་རྟེན་ལ་བདེ་བའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་
པར་འཚང་རྒྱ་བར་འདོད་པ་རྣམས་ཀྱིས་སེམས་ཅན་རྣམས་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ཐམས་ཅད་ལས་གྲོལ་བར་བྱས་ནས། མྱ་ངན་ལས་འདས་པ་འཇིགས་པ་མེད་པ་བདེ་བའི་ཐང་ལ་འགོད་པར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྣམས་འཇིག་རྟེན་ལ་བདེ་བའི་ཕྱིར་ཡང་དག་པར་ཞུགས་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་རྣམས་ཇི་ལྟར་འཇིག་རྟེན་གྱི་སྐྱོབ་པ་ཡིན་ཞེ་ན། རབ་འབྱོར་འདི་
ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་རྣམས་ཀྱིས་འཁོར་བ་ན་ཡོད་པའི་སྡུག་བསྔལ་གང་ཡིན་པ་དེ་དག་ལས་སེམས་ཅན་རྣམས་ལ་སྐྱོབ་ཅིང་དེ་དག་སྤོང་བའི་ཕྱིར་ཆོས་སྟོན་ཏེ། དེ་དག་གིས་ཆོས་དེ་ཐོས་
ནས་རིམ་གྱིས་ཐེག་པ་གསུམ་པོ་དག་གིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་རྣམས་འཇིག་རྟེན་གྱི་སྐྱོབ་པ་ཡིན་ནོ། །རབ་འབྱོར་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་རྣམས་ཇི་ལྟར་འཇིག་རྟེན་གྱི་སྐྱབས་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་

པར་འཚང་རྒྱ་བར་འདོད་པ་རྣམས་ཀྱིས་སེམས་ཅན་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་ཆོས་ཅན་རྣམས་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་
འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངས་སུ་གྲོལ་བར་བྱེད་ལ། ཡོངས་སུ་བཀྲོལ་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་གྱི་སྐྱབས་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟར་འཇིག་རྟེན་གྱི་གནས་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་འདྲེ་བ་མེད་པར་བྱ་བའི་ཕྱིར་ཆོས་
སྟོན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་རྣམས་འཇིག་རྟེན་གྱི་གནས་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་འདྲེ་
བ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་འདྲེ་བ་མེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་འདྲེ་བ་མེད་པ་ཡིན་ཏེ། དེ་ནི་གཟུགས་ཀྱི་སྐྱེ་བ་མེད་པ་ཡིན་ནོ། །གཟུགས་ཀྱི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་འགག་པ་མེད་པ་ཡིན་ཏེ།
དེ་ནི་གཟུགས་ཀྱི་འདྲེ་བ་མེད་པ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་འདྲེ་བ་མེད་པ་ཡིན་ཏེ། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་སྦྱར་བར་བྱའོ། །རབ་
འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་རྣམས་ཆོས་ཐམས་ཅད་འདྲེ་བ་མེད་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་རྣམས་ཇི་ལྟར་འཇིག་རྟེན་གྱི་དཔུང་གཉེན་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་རྣམས་ལ་འདི་སྐད་དུ་ཆོས་སྟོན་ཏེ། གཟུགས་ཀྱི་ཕ་རོལ་གང་
ཡིན་པ་དེ་ནི་གཟུགས་མ་ཡིན་ནོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་ཕ་རོལ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཕ་རོལ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ་ཞེས་ཆོས་
སྟོན་ཏེ། རབ་འབྱོར་གཟུགས་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་གཟུགས་ཇི་ལྟ་བ་བཞིན་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་
པར་སངས་རྒྱས་པ་ཉིད་དུ་མི་འགྱུར་ལགས་སམ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གཟུགས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་ཅི་ཡང་མ་མཆིས་ལ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་ཕ་རོལ་ན་རྣམ་པར་རྟོག་པ་ཅི་ཡང་མ་མཆིས་ཏེ། དེ་བཞིན་དུ་འདི་ནི་གཟུགས་སོ། །
འདི་ནི་ཚོར་བའོ། །འདི་ནི་འདུ་ཤེས་སོ། །འདི་ནི་འདུ་བྱེད་རྣམས་སོ། །འདི་ནི་རྣམ་པར་ཤེས་པའོ་ཞེས་བགྱི་བ་དང་། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བགྱི་བའི་བར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཕ་རོལ་ན་རྣམ་པར་རྟོག་པ་ཅི་ཡང་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་གཟུགས་ཀྱི་ཕ་རོལ་ནི་རྣམ་པར་རྟོག་པ་ཅི་ཡང་མེད་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཕ་རོལ་ན་རྣམ་པར་རྟོག་པ་ཅི་ཡང་མེད་དེ། རབ་འབྱོར་འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་རྣམས་ཆོས་དེ་ལྟ་བུ་དག་ལ་ངེས་པར་སེམས་ཤིང་ཞུམ་པར་ཡང་མི་འགྱུར་ལ་དེ་ལྟར་ཆོས་དེ་དག་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་སྟེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་དེ་དག་ནི་འདི་ལྟར་ཞི་བའོ། །འདི་

ལྟར་གྱ་ནོམ་པའོ། །ཞེས་སྟོན་པར་བྱེད་པ་ནི་དཀའ་བ་བྱེད་པ་ཡིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་རྣམས་འཇིག་རྟེན་གྱི་དཔུང་གཉེན་ཡིན་ནོ། །རབ་འབྱོར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཇི་ལྟར་འཇིག་རྟེན་གྱི་གླིང་དུ་འགྱུར་ཞེ་ན། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆུ་ཀླུང་ཆེན་པོ་རྣམས་སམ། རྒྱ་མཚོ་ཆེན་པོ་དག་ནས་ཕྱོགས་གང་དག་ཆུས་ཡོངས་སུ་
ཆོད་པ་དེ་དག་ནི་གླིང་ཞེས་བྱའོ། །རབ་འབྱོར་དེ་བཞིན་དུ་གཟུགས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་བར་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ། །རབ་འབྱོར་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་ཡོངས་སུ་ཆད་པ་དེ་དག་གིས་ཆོས་ཐམས་ཅད་ཡོངས་སུ་ཆད་དོ། །རབ་འབྱོར་ཆོས་ཐམས་ཅད་ཀྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པ་གང་ཡིན་པ་དེ་
ནི་འདི་ལྟ་སྟེ་སྟོང་པ་ཉིད་དང་། དམིགས་སུ་མེད་པ་དང་། ལམ་ཆད་པ་དང་། སྲེད་པ་ཟད་པ་དང་། ལྷག་མ་མེད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་མྱ་ངན་ལས་འདས་པ་ཡིན་ཏེ། དེ་ནི་ཞི་བའོ། །དེ་ནི་གྱ་ནོམ་པའོ། །དེ་ནི་ཇི་ལྟ་བའི་བདག་ཉིད་ཡིན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཐམས་ཅད་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པར་སྟོན་པ་ནི་འཇིག་རྟེན་གྱི་གླིང་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཇི་ལྟར་འཇིག་རྟེན་གྱི་ཡོངས་སུ་འདྲེན་པར་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་

རྣམས་སེམས་ཅན་གྱི་རིགས་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས་གཟུགས་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་རྣམ་པར་བྱང་བ་མེད་པར་ཆོས་སྟོན་ཅིང་འཆད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་
པར་ཤེས་པ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པར་ཆོས་སྟོན་ཏེ། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་
དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པར་ཆོས་སྟོན་ཅིང་འཆད་དོ། །རང་བྱང་ཆུབ་སྐྱེ་བ་
མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པར་ཆོས་སྟོན་ཅིང་འཆད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པར་ཆོས་སྟོན་ཅིང་འཆད་དོ། །
དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པར་ཆོས་སྟོན་ཅིང་འཆད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་ཡོངས་སུ་འདྲེན་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་
པར་སངས་རྒྱས་ནས་ཇི་ལྟར་སེམས་ཅན་རྣམས་ཀྱི་རྟེན་དུ་འགྱུར་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། གཟུགས་ནི་ནམ་མཁའི་ཚུལ་ཅན་ནོ་ཞེས་ཆོས་སྟོན་ཅིང་

འཆད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ནམ་མཁའི་ཚུལ་ཅན་ནོ་ཞེས་སེམས་ཅན་རྣམས་ལ་ཆོས་སྟོན་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ནམ་མཁའི་ཚུལ་ཅན་ནོ་ཞེས་ཆོས་སྟོན་ཏོ། །གཟུགས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་དང་
འོང་བ་མེད་པ་སྟེ། དེ་ལ་འགྲོ་བ་མེད་ཅིང་འོང་བ་མེད་དོ་ཞེས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་དང་འོང་བ་མེད་པའོ། །རྣམ་པར་ཤེས་པའི་སྟོང་པ་ཉིད་ནི་འགྲོ་བ་དང་འོང་བ་མེད་པ་སྟེ་དེ་ལ་འགྲོ་བ་དང་འོང་བ་མེད་དོ་
ཞེས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་སྟོང་པ་ཉིད་ནི་འགྲོ་བ་དང་འོང་བ་མེད་པ་སྟེ་དེ་ལ་འགྲོ་བ་དང་འོང་བ་མེད་དོ་ཞེས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ཀྱི་རྟེན་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་ཚུལ་ཅན་ཏེ་དེ་དག་ཚུལ་དེ་ལས་མི་འདའ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འགྲོ་བའམ་འོང་བ་མི་
དམིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་མཚན་མ་མེད་པའི་ཚུལ་ཅན་ཏེ་དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། མཚན་མ་མེད་པ་ལ་འགྲོ་བའམ་འོང་བ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་ཚུལ་ཅན་ཏེ་དེ་དག་ནི་ཚུལ་དེ་ལས་མི་འདའོ། །
དེ་ཅིའི་ཕྱིར་ཞེ་ན། སྨོན་པ་མེད་པ་ལ་འགྲོ་བའམ་འོང་བ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་མངོན་པར་འདུ་བྱེད་པ་མེད་པ་སྟེ་དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། མངོན་པར་འདུ་བྱེད་པ་མེད་པ་ལ་འགྲོ་བ་དང་འོང་བ་མི་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ་རབ་
འབྱོར་ཆོས་ཐམས་ཅད་ནི་སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་ཀུན་ནས་ཉོན་མོངས་པ་མེད་པ་དང་རྣམ་པར་བྱང་བ་མེད་པའི་ཚུལ་ཅན་ཏེ་དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་མེད་པ་དང་འགག་པ་མེད་པ་དང་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་འགྲོ་བའམ་འོང་བ་མི་

དམིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུའི་ཚུལ་ཅན་ཏེ་དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་ལ་འགྲོ་བའམ་འོང་བ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུའི་ཚུལ་ཅན་དང་མིག་ཡོར་ལྟ་བུའི་ཚུལ་ཅན་
དང་། སྤྲུལ་པ་ལྟ་བུའི་ཚུལ་ཅན་ཏེ་དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། སྤྲུལ་པ་ལ་འགྲོ་བའམ་འོང་བ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་སྐྱེ་བ་མེད་པ་དང་དངོས་པོ་མེད་པའི་ཚུལ་ཅན་ཏེ་དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་མེད་པ་དང་དངོས་
པོ་མེད་པ་ལ་འགྲོ་བའམ་འོང་བ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་མཐའ་ཡས་མུ་མེད་པའི་ཚུལ་ཅན་ཏེ་དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། མཐའ་ཡས་མུ་མེད་པ་ལ་འགྲོ་བའམ་འོང་བ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་དབྲི་
བ་མེད་པ་དང་བསྣན་པ་མེད་པའི་ཚུལ་ཅན་ཏེ་དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། དབྲི་བ་མེད་པ་དང་བསྣན་པ་མེད་པ་ལ་འགྲོ་བའམ་འོང་བ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་འགྲོ་བ་དང་འོང་བ་མེད་པའི་ཚུལ་ཅན་ནོ། །རབ་འབྱོར་ཆོས་ཐམས་ཅད་ནི་བླང་བ་མེད་པ་
དང་དོར་བ་མེད་པའི་ཚུལ་ཅན་ནོ། །རབ་འབྱོར་ཆོས་ཐམས་ཅད་ནི་ཕྲད་པ་མེད་པ་དང་བྲལ་བ་མེད་པ་དང་འདྲེ་བ་མེད་པ་དང་མི་འདྲེ་བ་མེད་པའི་ཚུལ་ཅན་ནོ། །རབ་འབྱོར་ཆོས་ཐམས་ཅད་ནི་བདག་གི་ཚུལ་ཅན་ཏེ་དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བ་དག་ལ་འགྲོ་བའམ་འོང་བ་མི་
དམིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་སེམས་ཅན་གྱི་ཚུལ་ཅན་ནོ། །རབ་འབྱོར་ཆོས་ཐམས་ཅད་ནི་སྲོག་དང་སྐྱེ་བ་པོ་དང་གསོ་བ་དང་སྐྱེས་བུ་དང་གང་ཟག་དང་ཤེད་ལས་སྐྱེས་དང་ཤེད་བུ་དང་བྱེད་པ་པོ་དང་ཚོར་བ་པོ་དང་སློང་བ་པོ་དང་། ཤེས་པ་པོ་དང་མཐོང་བ་པོའི་ཚུལ་ཅན་ཏེ་དེ་
དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བ་དག་གཏན་མེད་ཅིང་སེམས་ཅན་དང་སྲོག་དང་སྐྱེ་བ་པོ་དང་གསོ་བ་དང་སྐྱེས་བུ་དང་གང་ཟག་དང་ཤེད་ལས་སྐྱེས་དང་ཤེད་བུ་དང་བྱེད་པ་པོ་དང་ཚོར་བ་པོ་དང་སློང་བ་པོ་དང་ཤེས་པ་པོ་དང་མཐོང་བ་པོ་ཡང་གཏན་མེད་ན་རབ་འབྱོར་འགྲོ་བའམ་འོད་

བ་ལྟ་དམིགས་པར་ག་ལ་འགྱུར། རབ་འབྱོར་ཆོས་ཐམས་ཅད་ནི་རྟག་པའི་ཚུལ་ཅན་ཏེ་དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྟག་པ་ཅི་ཡང་གཏན་མེད་ན་འགྲོ་བའམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་བདེ་བའི་ཚུལ་ཅན་ཏེ་དེ་དག་ནི་ཚུལ་དེ་ལས་མི་
འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་བདག་གི་ཚུལ་ཅན་དང་སྡུག་པའི་ཚུལ་ཅན་ཏེ་དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྟག་པ་དང་བདེ་བ་དང་། བདག་དང་སྡུག་པ་གཏན་མེད་ན་དེ་དག་གི་འགྲོ་བའམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་མི་རྟག་པའི་
ཚུལ་ཅན་ནོ། །རབ་འབྱོར་ཆོས་ཐམས་ཅད་ནི་སྡུག་བསྔལ་བ་དང་བདག་མེད་པ་དང་མི་སྡུག་པའི་ཚུལ་ཅན་ཏེ་དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མི་རྟག་པ་གཏན་མེད་ཅིང་སྡུག་བསྔལ་བའམ། བདག་མེད་པའམ། མི་སྡུག་པ་གཏན་མེད་ན་དེའི་འགྲོ་བའམ་འོང་བ་ལྟ་ག་
ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་འདོད་ཆགས་ཀྱི་ཚུལ་ཅན་ཏེ། དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདོད་ཆགས་ཀྱི་དངོས་པོ་གཏན་མེད་ན་འདོད་ཆགས་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་ཞེ་སྡང་གི་ཚུལ་ཅན་ཏེ། དེ་དག་ནི་ཚུལ་དེ་ལས་མི་
འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཞེ་སྡང་གི་དངོས་པོ་གཏན་མེད་ན་ཞེ་སྡང་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་གཏི་མུག་གི་ཚུལ་ཅན་ཏེ། དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཏི་མུག་གི་དངོས་པོ་གཏན་མེད་ན་གཏི་མུག་ལྟ་ག་ལ་ཡོད། རབ་འབྱོར་ཆོས་
ཐམས་ཅད་ནི་ལྟ་བར་གྱུར་པའི་ཚུལ་ཅན་ཏེ་དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལྟ་བར་གྱུར་པའི་དངོས་པོ་གཏན་མེད་ན་ལྟ་བར་གྱུར་པ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་དེ་བཞིན་ཉིད་ཀྱི་ཚུལ་ཅན་ཏེ་དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན།
རབ་འབྱོར་དེ་བཞིན་ཉིད་ལ་འགྲོ་བའམ་འོང་བ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་ཚུལ་ཅན་ནོ། །རབ་འབྱོར་ཆོས་ཐམས་ཅད་ནི་ཡང་དག་པའི་མཐའི་ཚུལ་ཅན་དང་། མཉམ་པ་ཉིད་ཀྱི་ཚུལ་ཅན་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་ཚུལ་

ཅན་ཏེ། དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་འགྲོ་བའམ་འོང་བ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་མི་གཡོ་བའི་ཚུལ་ཅན་ཏེ། དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་
འབྱོར་ཆོས་འགའ་ལ་ཡང་གཡོ་བ་མེད་པས་འགྲོ་བའམ་འོང་བ་མེད་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་གཟུགས་ཀྱི་ཚུལ་ཅན་ཏེ། དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་གཏན་མེད་ན་དེའི་འགྲོ་བའམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་དེ་བཞིན་
དུ་ཆོས་ཐམས་ཅད་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཚུལ་ཅན་ཏེ་དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཤེས་པ་གཏན་མི་དམིགས་ན་དེའི་འགྲོ་བའམ་འོང་བ་ལྟ་དམིགས་པར་ག་ལ་འགྱུར། རབ་འབྱོར་ཆོས་ཐམས་ཅད་ནི་
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཅན་ཏེ་དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྦྱིན་པ་གཏན་མེད་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འགྲོ་བའམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཅན་ནོ། །རབ་
འབྱོར་ཆོས་ཐམས་ཅད་ནི་བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཅན་ཏེ། དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏན་མེད་ན་དེའི་འགྲོ་བའམ་འོང་བ་ལྟ་ག་ལ་ཡོད།
རབ་འབྱོར་ཆོས་ཐམས་ཅད་ནི་ནང་སྟོང་པ་ཉིད་ཀྱི་ཚུལ་ཅན་ནོ། །རབ་འབྱོར་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཚུལ་ཅན་ཏེ། དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གཏན་མེད་ན་དེའི་འགྲོ་བའམ།
འོང་བ་ལྟ་ག་ལ་ཡོད། རབ་འབྱོར་ཆོས་ཐམས་ཅད་ནི་དྲན་པ་ཉེ་བར་གཞག་པའི་ཚུལ་ཅན་ཏེ། དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། དྲན་པ་ཉེ་བར་གཞག་པ་རྣམས་གཏན་མེད་ན་དེ་དག་གི་འགྲོ་བའམ་འོང་བ་ལྟ་ག་ལ་ཡོད། རབ་འབྱོར་དེ་བཞིན་དུ་ཆོས་

ཐམས་ཅད་ནི་ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་
ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་ཚུལ་ཅན་ཏེ། དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་འགྲོ་བའམ། འོང་བ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་རྒྱུན་དུ་ཞུགས་པའི་ཚུལ་ཅན་ཏེ། དེ་
དག་ནི་ཚུལ་དེ་ལས་མི་འདའོ། །རབ་འབྱོར་ཆོས་ཐམས་ཅད་ནི་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཀྱི་ཚུལ་ཅན་ཏེ། དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རང་སངས་རྒྱས་རྣམས་ལ་འགྲོ་བའམ་
འོང་བ་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚུལ་ཅན་ཏེ། དེ་དག་ནི་ཚུལ་དེ་ལས་མི་འདའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ནི་འགྲོ་བའམ་འོང་བ་མི་དམིགས་
པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སུ་དག་མོས་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཀྱི་ཕྱིར་སྤྱོད་སྤྱོད་པ་དང་། སྔོན་གྱི་རྒྱལ་བ་དག་ལ་ལྷག་པར་བྱ་བ་བྱས་པ་དང་། སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཡོངས་སུ་སྨིན་པར་བྱས་ཤིང་དགེ་བའི་རྩ་བ་བསགས་པ་དང་། སངས་རྒྱས་མང་པོ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་ལ་བསྙེན་བཀུར་བྱེད་བྱེད་པ་དང་། དགེ་བའི་བཤེས་གཉེན་
གྱིས་ཡོངས་སུ་ཟིན་པ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་བསྟན་པའི་ལེའུ་ཞེས་བྱ་སྟེ་བཞི་བཅུ་རྩ་དྲུག་པའོ།། །།

རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པར་འགྱུར་བ་དེ་དག་གི་རྟགས་རྣམས་དང་། རྣམ་པ་དང་། མཚན་མ་རྣམས་དང་། རང་བཞིན་དུ་འགྱུར་བ་
གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ། མོས་པ་དེ་དག་ནི་འདོད་ཆགས་བསལ་
བས། དབེན་པའི་རང་བཞིན་ཅན་དང་། ཞེ་སྡང་དང་། གཏི་མུག་བསལ་བས། དབེན་པའི་རང་བཞིན་ཅན་དུ་འགྱུར་རོ། །རབ་འབྱོར་དེ་དག་ནི་འདོད་ཆགས་ཀྱི་རྟགས་ཀྱིས་དབེན་པའི་རང་བཞིན་ཅན་དུ་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་
ནི་ཞེ་སྡང་དང་། གཏི་མུག་གི་རྟགས་ཀྱིས་དབེན་པའི་རང་བཞིན་ཅན་དུ་འགྱུར་རོ། །རབ་འབྱོར་དེ་དག་ནི་འདོད་ཆགས་ཀྱི་མཚན་མས་དབེན་པའི་རང་བཞིན་ཅན་དུ་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཞེ་སྡང་དང་། གཏི་མུག་གི་མཚན་མས་དབེན་
པའི་རང་བཞིན་ཅན་དུ་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྟོགས་པར་འགྱུར་བ་དེ་དག་ཇི་ལྟ་བུའི་ཚུལ་ཅན་དུ་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྟོགས་པ་དེ་དག་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚུལ་ཅན་དུ་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚུལ་ཅན་དེ་དག་ནི་སེམས་ཅན་ཐམས་ཅད་ཀྱི་རྟེན་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པ་དེ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚུལ་ཅན་ཡིན་པས་སེམས་ཅན་ཐམས་ཅད་ཀྱི་རྟེན་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གིས་འདི་ལྟར་བདག་ཅག་གིས་སེམས་ཅན་
ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །ཞེས་གོ་ཆ་དེ་དག་འཚལ་ལ་དེ་ལ་སེམས་ཅན་དང་སེམས་ཅན་དུ་གདགས་པ་ཡང་མི་དམིགས་པ་ནི་དཀའ་བ་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །ཞེས་གོ་ཆ་དེ་བགོས་པ་དེ་དག་ནི་དཀའ་བ་བྱེད་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་གཟུགས་དང་འབྲེལ་པ་མ་ཡིན་ནོ། །དེ་ཅིའི་
ཕྱིར་ཞེ་ན། རབ་འབྱོར་གཟུགས་དང་། བྱང་ཆུབ་སེམས་དཔའི་གོ་ཆ་གཏན་མེད་པའི་ཕྱིར་ཏེ། རབ་འབྱོར་དེ་བས་ན་གོ་ཆ་དེ་ནི་གཟུགས་དང་འབྲེལ་པ་མ་ཡིན་ནོ་ཞེས་བྱའོ། །རབ་འབྱོར་གོ་ཆ་དེ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་འབྲེལ་པ་མ་
ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཤེས་པ་དང་། བྱང་ཆུབ་སེམས་དཔའི་གོ་ཆ་གཏན་མེད་པའི་ཕྱིར་ཏེ། རབ་འབྱོར་དེ་བས་ན་གོ་ཆ་དེ་ནི་རྣམ་པར་ཤེས་པ་དང་འབྲེལ་པ་མ་ཡིན་ནོ། །རབ་འབྱོར་གོ་ཆ་དེ་ནི་བདག་གི་བ་དང་འབྲེལ་བ་མ་ཡིན་ཞིང་། སེམས་ཅན་དང་། སྲོག་
དང་། སྐྱེ་བ་པོ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། སློང་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་དང་འབྲེལ་པ་མ་ཡིན་ནོ། །རབ་འབྱོར་གོ་ཆ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཀྱི་བར་དང་འབྲེལ་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཏན་མེད་ལ། བྱང་ཆུབ་སེམས་དཔའི་གོ་ཆ་གཏན་མེད་ཅིང་མི་དམིགས་པའི་ཕྱིར་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་

དང་འབྲེལ་བ་མ་ཡིན་ནོ། །རབ་འབྱོར་ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་གང་དག་གིས་འདི་ལྟར་བདག་ཅག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །ཞེས་གོ་ཆ་བགོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གོ་ཆ་དེ་ནི་ཆོས་ཐམས་
ཅད་དང་འབྲེལ་པ་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །ཞེས་གོ་ཆ་འཚལ་བ་དེ་ནི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སའི་གནས་གཉིས་སུ་
མི་མཆི་བར་འཚལ་བར་བགྱི་བ་ལགས་སོ། །བཅོམ་ལྡན་འདས་འདི་ནི་གནས་མ་མཆིས་ཤིང་གོ་སྐབས་མ་ལགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །ཞེས་དེ་ལྟར་གོ་ཆ་འཚལ་བ་དེ་ཉན་ཐོས་ཀྱི་སའམ། རང་
སངས་རྒྱས་ཀྱི་སར་ལྟུང་བ་དེ་ནི་གནས་མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས