Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 030_ཁྲི་བརྒྱད།_ཁ

Văn bản gốc(Tây Tạng)

Trang 11 / 19 (50.000 ký tự/trang)
་དཔའ་ཆེན་པོ་རྣམས་ནི་ས་མཚམས་བཀུམ་སྟེ། སེམས་ཅན་རྣམས་ཀྱི་ཆེད་དུ་གོ་ཆ་འཚལ་བ་མ་ལགས་པའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་
འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཁྱོད་ཀྱིས་དོན་གྱི་དབང་ཅི་ཞིག་མཐོང་ན་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གོ་ཆ་བགོས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་ནི་ཉན་ཐོས་ཀྱི་སའམ། རང་
སངས་རྒྱས་ཀྱི་སའི་གནས་གཉིས་ལས་གནས་གཅིག་ཏུ་མི་འགྲོ་བར་ཤེས་པར་བྱའོ་ཞེས་ཟེར། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱོགས་གཅིག་གི་སེམས་ཅན་རྣམས་ཀྱི་སླད་དུ་གོ་ཆ་འཚལ་བ་མ་ལགས་ཀྱི། བཅོམ་ལྡན་
འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་སླད་དུ་གོ་ཆ་འཚལ་བ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་སླད་དུ་གོ་ཆ་འཚལ་བ་ལགས་སོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱོགས་གཅིག་གི་སེམས་ཅན་རྣམས་ཀྱི་ཕྱིར་གོ་ཆ་བགོས་པ་མ་ཡིན་གྱི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་
ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱིར་གོ་ཆ་བགོས་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་ལགས་ཏེ། དེ་ནི་སུས་ཀྱང་བསྒོམ་པར་བགྱི་བ་མ་ལགས།
གང་དུ་ཡང་བསྒོམ་པར་བགྱི་བ་མ་ལགས། ཇི་ལྟར་ཡང་བསྒོམ་པར་བགྱི་བ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ནི་གང་བསྒོམ་པ་དང་། གང་ལ་བསྒོམ་པ་དང་། གང་གིས་བསྒོམ་པའི་ཆོས་འགའ་ཡོངས་
སུ་གྲུབ་པ་ཡང་མི་དམིགས་ཏེ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་ནམ་མཁའ་བསྒོམ་པ་ལགས་སོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་ཆོས་ཐམས་ཅད་མ་མཆིས་པ་བསྒོམ་པ་ལགས་སོ། །འདི་ལྟ་སྟེ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་མ་མཆིས་པ་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་ཡོངས་སུ་འཛིན་པ་མ་མཆིས་པ་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་
པ་དེ་ནི་བསྒོམ་པ་རྣམ་པར་འཇིག་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་གང་བསྒོམ་པ་རྣམ་པར་འཇིག་པ་ཡིན། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
བསྒོམ་པ་དེ་ནི་གཟུགས་བསྒོམ་པ་རྣམ་པར་འཇིག་པ་ལགས་སོ། །དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསྒོམ་པ་རྣམ་པར་འཇིག་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་བདག་བསྒོམ་པ་རྣམ་པར་འཇིག་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་བསྒོམ་པ་རྣམ་པར་འཇིག་པ་ལགས་སོ། །བཅོམ་ལྡན་
འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམ་པར་འཇིག་པ་ལགས་སོ། །དེ་བཞིན་དུ་བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་གྱི་བསྒོམ་པ་རྣམ་པར་འཇིག་
པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་ནང་སྟོང་པ་ཉིད་བསྒོམ་པ་རྣམ་པར་འཇིག་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་བསྒོམ་པ་རྣམ་པར་འཇིག་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་དྲན་པ་ཉེ་བར་གཞག་པ་བསྒོམ་པ་རྣམ་པར་འཇིག་པ་ལགས་སོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་།
ལམ་བསྒོམ་པ་རྣམ་པར་འཇིག་པ་ལགས་སོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་སྟོབས་བཅུ་བསྒོམ་པ་རྣམ་པར་འཇིག་པ་ལགས་སོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་སངས་རྒྱས་
ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་བསྒོམ་པ་རྣམ་པར་འཇིག་པ་ལགས་སོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་བསྒོམ་པ་རྣམ་པར་འཇིག་པ་ལགས་སོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་ལན་ཅིག་ཕྱིར་འོང་བའི་
འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བྱང་ཆུབ་སེམས་དཔའི་ས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསྒོམ་པ་རྣམ་པར་འཇིག་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་

བཞིན་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་གཟུགས་བསྒོམ་པ་རྣམ་པར་འཇིག་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསྒོམ་པ་རྣམ་པར་འཇིག་པ་ཡིན་ནོ། །རབ་
འབྱོར་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མངོན་པར་ཞེན་པར་མ་གྱུར་ཏམ་ཞེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །དེ་བཞིན་དུ་
སྦྱར་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་
པར་བྱའོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ལས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱ་སྟེ། ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་ཞེན་པར་མ་གྱུར་ཏམ། ཅི་
ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་ནི་གཞན་གྱིས་སྨྲས་པ་དང་གཞན་གྱིས་བསྟན་པ་ལ་སྙིང་པོར་མི་ལྟའམ། ཅི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཟབ་མོ་འདི་ལ་སྤྱོད་པ་དེ་གཞན་གྱི་དད་པས་མི་འགྲོའམ། ཅི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་འདོད་ཆགས་དང་ལྡན་པའི་སེམས་བསྐྱེད་པ་དག་གིས་མི་འཕྲོགས་སམ། ཞེ་སྡང་དང་། གཏི་མུག་དང་
ལྡན་པའི་སེམས་བསྐྱེད་པ་དག་གིས་མི་འཕྲོགས་སམ། ཅི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་།

བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏམ། ཅི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པ་ན། མི་སྐྲག་གམ། མི་དངང་ངམ། དངང་བར་མི་འགྱུར་རམ། ཞུམ་པར་མི་འགྱུར་རམ། འགོང་བར་མི་འགྱུར་རམ། དེའི་ཡིད་ཕྱིར་ཕྱོགས་པར་མི་འགྱུར་རམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་འབྲལ་ལམ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པ་ལ་མངོན་པར་དགའམ། ཐོས་ནས་ཀྱང་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། ཚུལ་བཞིན་དུ་ཡིད་ལ་བྱེད་དམ། དེ་བཞིན་ཉིད་དུ་ནན་ཏན་བྱེད་དམ་ཞེས་བརྟག་པར་བྱའོ། །རབ་འབྱོར་
ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྡོན་གྱི་དུས་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡོངས་སུ་དྲི་བ་བྱས་པ་དང་། བཟུང་བ་དང་། བཅངས་པ་དང་། བླགས་པ་དང་། ཀུན་ཆུབ་པར་བྱས་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱས་པར་རིག་
པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པ་ན། མི་སྐྲག །མི་དངང་། དངང་བར་མི་འགྱུར་ཞིང་། ཞུམ་པར་མི་འགྱུར། འགོང་བར་མི་འགྱུར་ཏེ། ཡིད་ཕྱིར་
ལྡོག་པར་མི་འགྱུར་བའི་སྟེང་དུ་ཐོས་ནས་ཀྱང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཟབ་མོ་འདི་སྟོན་པ་ན། མི་སྐྲག །མི་དངང་། དངང་བར་མི་འགྱུར་ཞིང་། ཞུམ་པར་མི་འགྱུར། འགོང་བར་མི་འགྱུར་ཏེ། དེའི་ཡིད་ཕྱིར་ཕྱོགས་པར་ཡང་མི་འགྱུར་བ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཇི་ལྟར་

རྣམ་པར་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཀྱི་རྒྱུད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྣམ་པར་སྤྱད་པར་བྱའོ། །རབ་འབྱོར་གྱིས་གསོལ་
པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཀྱི་རྒྱུད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཇི་ལྟར་རྣམ་པར་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོའི་སེམས་ཀྱི་རྒྱུད་སྟོང་པ་ཉིད་ལ་གཞོལ་བ་དང་། སྟོང་པ་ཉིད་ལ་འབབ་པ་དང་། སྟོང་པ་ཉིད་ལ་བབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྣམ་པར་སྤྱོད་པ་ཡིན་ནོ། །རབ་འབྱོར་སེམས་ཀྱི་རྒྱུད་མཚན་མ་མེད་པ་ལ་གཞོལ་བ་དང་།
སྨོན་པ་མེད་པ་ལ་གཞོལ་བ་དང་། སེམས་ཀྱི་རྒྱུད་ནམ་མཁའ་ལ་གཞོལ་བ་དང་། དེ་བཞིན་དུ་སྦྱར་ཏེ། རབ་འབྱོར་སེམས་ཀྱི་རྒྱུད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གཞོལ་བ་དང་། སེམས་ཀྱི་
རྒྱུད་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་མཉམ་པ་ཉིད་དང་། བསམ་གྱིས་མི་ཁྱབ་པ་དང་། མངོན་པར་འདུ་བྱེད་པ་མེད་པ་ལ་གཞོལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྣམ་པར་སྤྱོད་པ་ཡིན་ནོ། །རབ་འབྱོར་སེམས་ཀྱི་རྒྱུད་རྨི་
ལམ་ལྟ་བུ་ལ་གཞོལ་བ་དང་། སྤྲུལ་པ་ལྟ་བུ་ལ་གཞོལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྣམ་པར་སྤྱོད་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་ཀྱི་རྒྱུད་སྟོང་པ་ཉིད་ལ་
གཞོལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྣམ་པར་སྤྱོད་པ་ཡིན་ནོ། །ཞེས་བགྱི་བ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་ཀྱི་རྒྱུད་རྨི་ལམ་ལྟ་བུའི་བར་ལ་གཞོལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྣམ་པར་

སྤྱོད་པ་ཡིན་ནོ། །ཞེས་བཀའ་སྩལ་ན། བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། གཟུགས་ལ་ཡང་རྣམ་པར་དཔྱོད་པ་བགྱིད་པ་ལགས་སམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་
པ་ལ་ཡང་རྣམ་པར་དཔྱོད་པར་བགྱིད་ལགས་སམ། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡང་རྣམ་པར་དཔྱོད་པ་བགྱིད་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུགས་ལ་རྣམ་
པར་དཔྱོད་པར་མི་བྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་རྣམ་པར་དཔྱོད་པར་མི་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་
རྣམ་པར་དཔྱོད་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སུས་ཀྱང་མ་བྱས། འགྱུར་བར་མ་བྱས། གང་ནས་ཀྱང་མ་འོངས། གང་དུ་ཡང་མ་སོང་། གང་ན་ཡང་མི་འདུག་ལ། ཡུལ་ན་ཡང་མི་གནས། ཕྱོགས་
ན་ཡང་མི་གནས་ཏེ། དེ་ལ་ནི་གྲངས་དང་། འགྲོ་བ་དང་། འོང་བ་མི་དམིགས་ལ། གང་ལ་གྲངས་དང་། འོང་བ་དང་། འགྲོ་བ་མི་དམིགས་པ་དེ་ནི་སུས་ཀྱང་མངོན་པར་རྫོགས་པར་བྱང་ཆུབ་པར་མི་ནུས་ཏེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་།
འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་གྱིས་མངོན་པར་རྫོགས་པར་བྱང་ཆུབ་པར་མི་
འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པ་དང་། ཚོར་བ་ཉིད་དང་། འདུ་ཤེས་ཉིད་དང་། འདུ་བྱེད་ཉིད་དང་། རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན།

རབ་འབྱོར་འདི་ལྟར་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་འདི་ནི་དེ་བཞིན་ཉིད་གཅིག་གོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་འདི་ནི་དེ་བཞིན་ཉིད་གཅིག་གོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་
དག་པར་རིག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཡིན་ནོ། །དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་དེ་བཞིན་ཉིད་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཁྲི་བརྒྱད་སྟོང་པ་ལས་འདོད་ཆགས་འདུལ་བའི་ལེའུ་ཞེས་བྱ་སྟེ་བཞི་ཅུ་རྩ་བདུན་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་སུམ་ཅུ་རྩ་དྲུག་པ། དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ལྷའི་ཙན་
དན་གྱི་ཕྱེ་མ་བླངས་ཤིང་། ལྷའི་མེ་ཏོག་ཨུད་པ་ལ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དག་བླངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་གཏོར་ཏོ། །གཏོར་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་
ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་འདི་སྐད་དུ་གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཟུགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་

ཡིན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པའི་དེ་བཞིན་ཉིད་དེ་ནི་གཅིག་སྟེ། གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །
དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་རྣམས་ཀྱི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་གཅིག་སྟེ། གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །ཞེས་སྟོན་པ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་
ཆུབ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་ཅིང་མཐོང་བར་དཀའ་ལ་རྟོགས་པར་དཀའ་སྟེ། བརྟག་མི་ནུས་ཤིང་རྟོག་གེའི་སྤྱོད་ཡུལ་མ་ལགས་ལ། ཞིབ་ཞིབ་མོ་བརྟགས་པའི་མཁས་པ་དང་མཛངས་པས་རིག་པ་ལགས་ཏེ། འཇིག་རྟེན་ཐམས་ཅད་དང་མི་འཐུན་པ་ལགས་སོ། །དེ་སྐད་
ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ལྷའི་བུ་དག་གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱང་གཟུགས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་བར་ཉིད་ཀྱང་རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སངས་རྒྱས་སོ། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པའི་དེ་བཞིན་ཉིད་དེ་ནི་གཅིག་སྟེ། གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །དེ་
བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པའི་དེ་བཞིན་ཉིད་དེ་ནི་གཅིག་སྟེ། གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །དོན་གྱི་དབང་དེ་གཟིགས་པས། དེ་བཞིན་

གཤེགས་པ་ཕྲིན་ལས་ཆུང་ངུ་ལ་ཐུགས་གཞོལ་ཏེ། ཆོས་བསྟན་པ་ལ་གཞོལ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་མ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་འདི་ནི་ཟབ་ཅིང་མཐོང་བར་དཀའ་ལ་རྟོགས་པར་དཀའ་སྟེ། བརྟག་མི་ནུས་ཤིང་རྟོག་གེའི་སྤྱོད་ཡུལ་མ་ཡིན་ལ།
ཞིབ་ཞིབ་མོ་བརྟགས་པའི་མཁས་པ་དང་མཛངས་པས་རིག་པ་འཇིག་རྟེན་ཐམས་ཅད་དང་མི་འཐུན་པ་ཡིན་ཏེ། དེ་ནི་སུས་ཀྱང་མངོན་པར་རྫོགས་པར་སངས་མ་རྒྱས་ཤིང་གང་དུ་ཡང་མངོན་པར་རྫོགས་པར་སངས་མ་རྒྱས་ཏེ། གང་ལ་གཉིས་ཀུན་ཏུ་རྒྱུ་བ་མེད་པ་དེ་ནི་ཆོས་རྣམས་ཀྱི་ཟབ་པ་ཉིད་དོ། །
ལྷའི་བུ་དག་ནམ་མཁའ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ་ལྷའི་བུ་དག་དེ་བཞིན་ཉིད་ཟབ་པ་དང་ཆོས་ཀྱི་དབྱིངས་ཟབ་པ་དང་། ཡང་དག་པའི་མཐའ་ཟབ་པ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་མཐའ་ཡས་མུ་མེད་པ་དང་། འོང་བ་དང་།
འགྲོ་བ་མེད་པ་མཉམ་པ་ཉིད་དང་། སྐྱེ་བ་དང་། འགག་པ་མེད་པ་མཉམ་པ་ཉིད་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་པ་མཉམ་པ་ཉིད་དང་། མངོན་པར་འདུ་བྱེད་པ་མེད་པ་མཉམ་པ་ཉིད་དང་། བདག་ཟབ་པ་ཉིད་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་
དུ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་གཟུགས་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟབ་པ་དང་། ཚུལ་ཁྲིམས་དང་།
བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ནང་སྟོང་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །དྲན་
པ་ཉེ་བར་གཞག་པ་ཟབ་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །སྟོབས་བཅུ་དང་། མི་འཇིགས་པ་དང་།

སོ་སོ་ཡང་དག་པར་རིག་པ་ཟབ་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ཟབ་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཟབ་པའི་ཕྱིར། ལྷའི་བུ་དག་ཀྱེ་མ་ཆོས་འདི་ཟབ་བོ། །ལྷའི་བུ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཀྱེ་མ་
འཇིག་རྟེན་ཐམས་ཅད་དང་མི་འཐུན་པའི་ཆོས་འདི་བསྟན་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་འདི་ནི་གཟུགས་གཟུང་བའི་སླད་དུ་བསྟན་པ་མ་ལགས། མི་གཟུང་བའི་སླད་དུ་ཡང་མ་ལགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་
ཤེས་པ་གཟུང་བའི་སླད་དུ་བསྟན་པ་མ་ལགས། མི་གཟུང་བའི་སླད་དུ་ཡང་མ་ལགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་གཟུང་བའི་སླད་དུ་བསྟན་པ་མ་ལགས། མི་གཟུང་བའི་སླད་དུ་ཡང་མ་ལགས། སངས་རྒྱས་ཀྱི་ཆོས་རྣམས་གཟུང་བའི་སླད་དུ་བསྟན་པ་མ་ལགས། མི་
གཟུང་བའི་སླད་དུ་ཡང་མ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་ཆོས་བསྟན་པ་ཟབ་མོ་འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་གཟུང་བའི་སླད་དུ་བསྟན་པ་མ་ལགས། མི་གཟུང་བའི་སླད་དུ་ཡང་མ་ལགས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་
བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཟུང་བའི་སླད་དུ་བསྟན་པ་མ་ལགས། མི་གཟུང་བའི་སླད་དུ་ཡང་མ་ལགས་སོ། །བཅོམ་ལྡན་འདས་འཇིག་རྟེན་ནི་བདག་གི་གཟུགས་སོ། །བདག་ནི་གཟུགས་སོ། །བདག་གི་ཚོར་བའོ། །འདུ་ཤེས་སོ། །འདུ་
བྱེད་རྣམས་སོ། །རྣམ་པར་ཤེས་པའོ། །བདག་ནི་རྣམ་པར་ཤེས་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་དེ་བཞིན་དུ་སྦྱར་ཏེ། བདག་གི་རྒྱུན་དུ་ཞུགས་པའི་འབྲས་བུའོ། །བདག་ནི་རྒྱུན་དུ་ཞུགས་པའི་འབྲས་བུའོ། །བདག་གི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །བདག་
ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །བདག་གི་ཕྱིར་མི་འོང་བའི་འབྲས་བུའོ། །བདག་ནི་ཕྱིར་མི་འོང་བའི་འབྲས་བུའོ། །བདག་གི་དགྲ་བཅོམ་པ་ཉིད་དོ། །བདག་ནི་དགྲ་བཅོམ་པ་ཉིད་དོ། །བདག་གི་རང་བྱང་ཆུབ་ཉིད་དོ། །བདག་ནི་རང་བྱང་ཆུབ་བོ། །བདག་གི་རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་དོ། །བདག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཞེས་བགྱི་བར་འཛིན་པ་ལ་སྤྱོད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ལྷའི་བུ་དག་ཆོས་འདི་ནི་གཟུགས་གཟུང་བའི་ཕྱིར་བསྟན་པ་ཡང་མ་ཡིན། མི་
གཟུང་བའི་ཕྱིར་བསྟན་པ་ཡང་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གཟུང་བའི་ཕྱིར་བསྟན་པ་ཡང་མ་ཡིན། མི་གཟུང་བའི་ཕྱིར་བསྟན་པ་ཡང་མ་ཡིན་ནོ། །ལྷའི་བུ་དག་གང་དག་གཟུགས་གཟུང་བའི་ཕྱིར་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ཀྱི་བར་དུ་གཟུང་བའི་ཕྱིར་སྤྱོད་པ་དེ་དག་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་སྐལ་བ་མེད་དེ། བསམ་གཏན་དང་། བརྩོན་འགྲུས་དང་། བཟོད་པ་དང་། ཚུལ་ཁྲིམས་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམ་པར་མི་ནུས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་
བར་དུ་བསྒོམ་པར་མི་ནུས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་འདི་ནི་ཆོས་ཐམས་ཅད་དང་འཐུན་པ་ལགས་ཏེ། ཆོས་འདི་ནི་ཆོས་གང་དག་དང་འཐུན་པ་ལགས་ཤེ་ན། ཆོས་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འཐུན་པ་ལགས་སོ། །བཅོམ་ལྡན་འདས་ཆོས་འདི་
ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་དང་འཐུན་པ་ལགས་སོ། །བཅོམ་ལྡན་འདས་ཆོས་འདི་ནི་ནང་སྟོང་པ་ཉིད་དང་འཐུན་
པ་ལགས་སོ། །བཅོམ་ལྡན་འདས་ཆོས་འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་འཐུན་པ་ལགས་སོ། །བཅོམ་ལྡན་འདས་ཆོས་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དང་འཐུན་པ་ལགས་སོ། །ཆོས་འདི་ནི་གང་ལ་ཡང་ཐོགས་པ་མ་མཆིས་པ་ལགས་ཏེ།
ཅི་ལ་ཐོགས་པ་མ་མཆིས་པ་ལགས་ཤེ་ན། གཟུགས་ལ་ཐོགས་པ་མ་མཆིས་པ་ལགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཐོགས་པ་མ་མཆིས་པ་ལགས་སོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཐོགས་པ་

མ་མཆིས་པ་ལགས་སོ། །ཆོས་འདི་ནི་ནམ་མཁའ་མཉམ་པ་ཉིད་དང་། དེ་བཞིན་ཉིད་མཉམ་པ་ཉིད་དང་། ཆོས་ཀྱི་དབྱིངས་མཉམ་པ་ཉིད་དང་། ཡང་དག་པའི་མཐའ་མཉམ་པ་ཉིད་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་མཉམ་པ་ཉིད་དང་། སྟོང་པ་ཉིད་དང་
མཚན་མ་མེད་པ་དང་། སྨོན་པ་མེད་པ་མཉམ་པ་ཉིད་དང་། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་མཉམ་པ་ཉིད་དང་། ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པ་མཉམ་པ་ཉིད་ཀྱི་སླད་དུ་ཐོགས་པ་མ་མཆིས་པའི་མཚན་ཉིད་ལགས་
སོ། །ཆོས་འདི་ནི་གཟུགས་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྐྱེ་བ་
མ་མཆིས་པ་དང་། འགག་པ་མ་མཆིས་པའི་སླད་དུ་སྐྱེ་བ་མ་མཆིས་པ་ལགས་སོ། །ཆོས་འདི་ནི་གཟུགས་ཀྱི་གཞི་དམིགས་སུ་མ་མཆིས་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་གཞི་དམིགས་སུ་མ་མཆིས་པ་དང་། དེ་
བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་གཞི་དམིགས་སུ་མ་མཆིས་པའི་སླད་དུ་གཞི་མ་མཆིས་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་
གནས་བརྟན་རབ་འབྱོར་ནི་བཅོམ་ལྡན་འདས་ཀྱི་རྗེས་སུ་སྐྱེས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་གནས་བརྟན་རབ་འབྱོར་ཅི་དང་ཅི་སྟོན་པ་དེ་ཐམས་ཅད་སྟོང་པ་ཉིད་ཁོ་ན་ལས་བརྩམས་ཏེ། སྟོན་པའི་སླད་དུའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདོད་པ་ན་
སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་གང་འདི་སྐད་དུ་བཅོམ་ལྡན་འདས་གནས་བརྟན་རབ་འབྱོར་འདི་ནི་བཅོམ་ལྡན་འདས་ཀྱི་རྗེས་སུ་སྐྱེས་པ་ལགས་སོ། །ཞེས་སྨྲས་པ་ནི་ཇི་ལྟར་རྗེས་སུ་སྐྱེས་པས།

གནས་བརྟན་རབ་འབྱོར་བཅོམ་ལྡན་འདས་ཀྱི་རྗེས་སུ་སྐྱེས་བ་ཡིན་ཞེ་ན། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་མ་འོངས་མ་སོང་བ་སྟེ། དེ་བཞིན་དུ་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་མ་འོངས་མ་སོང་བ་སྟེ། དེ་ལྟར་ན་གནས་བརྟན་རབ་འབྱོར་
ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། རབ་འབྱོར་གྱི་དེ་བཞིན་ཉིད་དེ་དེ་ལྟར་ན། གནས་བརྟན་
རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཇི་ལྟར་གནས་པ་དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་གནས་པས་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཡིན་ནོ། །ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་
ཉིད་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་འགྱུར་བ་མེད་ཅིང་། རྣམ་པར་རྟོག་པ་མེད་ལ་ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ལ་ཡང་ཐོགས་པ་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་གང་ལ་
ཡང་ཐོགས་པ་མེད་དེ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དོ། །དེ་བཞིན་ཉིད་ནི་མ་བྱས་པ་སྟེ། དེ་བཞིན་ཉིད་དེ་ནི་གང་གི་དེ་བཞིན་ཉིད་དུ་མ་གྱུར་པ་ཡང་
མེད་དེ། གང་གི་ཕྱིར་དེ་བཞིན་ཉིད་དེ་གང་གི་དེ་བཞིན་ཉིད་དུ་མ་གྱུར་པ་ཡང་མེད་ཅིང་། ནམ་ཡང་དེ་བཞིན་ཉིད་དུ་མ་གྱུར་པ་མ་ཡིན་པ་དེའི་ཕྱིར། དེ་བཞིན་ཉིད་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། དེ་ལྟར་ན་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་
པ་ཡིན་ནོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་དུ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་སྟེ། དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་ཐམས་ཅད་དུ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཐ་མི་དད་པ་དབྱེར་མེད་

པ། དམིགས་སུ་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་ཐ་མི་དད་པ་དབྱེར་མེད་པ་དམིགས་སུ་མེད་པའོ། །དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་ཐ་མི་དད་པ་དབྱེར་མེད་པ་དམིགས་སུ་མེད་པ་སྟེ། དེ་ལྟར་ན་གནས་བརྟན་རབ་
འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡོད་པ་མ་ཡིན་པ་གང་ཡིན་པ་དེ་ནི་ནམ་ཡང་དེ་བཞིན་ཉིད་
མ་ཡིན་པ་མ་ཡིན་ཞིང་དེ་ནི་རྟག་ཏུ་དེ་བཞིན་ཉིད་དོ། །གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་དེ་ལྟ་བུ་སྟེ་དེའི་ཕྱིར་རྣམ་པ་གཞན་མ་ཡིན་པས། དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་ཀྱང་གང་དུ་ཡང་སྐྱེས་པ་མེད་དོ། །ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་འདས་
པ་མ་ཡིན་མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་འདས་པ་མ་ཡིན་མ་འོངས་པ་མ་ཡིན་ད་ལྟར་བྱུང་བ་མ་ཡིན་ནོ། །དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་འདས་པ་མ་ཡིན། མ་འོངས་པ་མ་ཡིན་
ད་ལྟར་བྱུང་བ་མ་ཡིན་ཏེ། དེ་ལྟར་ན་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཞེས་བྱའོ། །ལྷའི་བུ་དག་འདི་ལ་འདས་པའི་དེ་བཞིན་ཉིད་མཉམ་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དུ་རིག་པར་བྱའོ། །དེ་བཞིན་གཤེགས་པའི་དེ་བཞིན་
ཉིད་མཉམ་པ་ཉིད་ཀྱིས་འདས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དོ། །མ་འོངས་པའི་དེ་བཞིན་ཉིད་མཉམ་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མཉམ་པ་ཉིད་ཀྱིས་མ་འོངས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དོ། །ད་ལྟར་
བྱུང་བའི་དེ་བཞིན་ཉིད་མཉམ་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མཉམ་པ་ཉིད་ཀྱིས། ད་ལྟར་བྱུང་བའི་དེ་བཞིན་ཉིད་མཉམ་པ་ཉིད་དོ། །དེ་ལྟར་ན་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་ཉིད་དང་།

དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དོ། །གཟུགས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་གཟུགས་ཀྱི་དེ་བཞིན་ཉིད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་།
འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་དོ། །དེ་ལྟར་ན་གཟུགས་ཀྱི་དེ་བཞིན་ཉིད་དང་།
ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དོ། །དེ་བཞིན་དུ་སྦྱར་ཏེ། བདག་གི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །
དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་བདག་གི་དེ་བཞིན་ཉིད་དོ། །དེ་བཞིན་དུ་ཤེས་པ་པོ་དང་། མཐོང་བ་པོའི་བར་གྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཤེས་པ་པོ་དང་། མཐོང་བ་པོའི་
བར་གྱི་དེ་བཞིན་ཉིད་དོ། །དེ་ལྟར་ན་བདག་གི་དེ་བཞིན་ཉིད་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་གྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དོ། །དེ་བཞིན་དུ་སྦྱར་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་
དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དོ། །ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དངོས་
པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དོ། །དྲན་པ་ཉེ་བར་གཞག་པའི་དེ་བཞིན་ཉིད་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་

དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་
རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་དོ། །དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དོ། །ལྷའི་བུ་དག་དེ་བཞིན་གཤེགས་པས་ཡང་དག་པའི་དེ་བཞིན་ཉིད་འདི་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་
ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བའི་མཚན་བརྙེས་སོ། །དེ་བཞིན་ཉིད་ཀྱི་ལེའུ་འདི་བཤད་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ཏོ། །གཡོས་རབ་ཏུ་གཡོས་ཀུན་ཏུ་
རབ་ཏུ་གཡོས་སོ། །ལྡེག་རབ་ཏུ་ལྡེག་ཀུན་ཏུ་རབ་ཏུ་ལྡེག་གོ། ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །འུར་འུར་རབ་ཏུ་འུར་འུར་ཀུན་ཏུ་རབ་ཏུ་འུར་འུར་རོ། །འཁྲུགས་རབ་ཏུ་འཁྲུགས་ཀུན་ཏུ་རབ་ཏུ་འཁྲུགས་སོ། །ཤར་ཕྱོགས་མཐོ་ན། ནུབ་ཕྱོགས་
དམའོ། །ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའོ། །བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའོ། །ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའོ། །མཐའ་མཐོ་ན་དབུས་དམའོ། །དབུས་མཐོ་ན་མཐའ་དམའོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་
བཅོམ་ལྡན་འདས་དང་གནས་བརྟན་རབ་འབྱོར་ལ་ལྷའི་ཙན་དན་གྱི་ཕྱེ་མ་དག་གིས་གཏོར་མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ནས། འདི་སྐད་ཅེས་བཅོམ་ལྡན་འདས་འདི་ལྟར་གནས་བརྟན་རབ་འབྱོར་འདི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་

པའི་རྗེས་སུ་སྐྱེས་པ་ནི་ངོ་མཚར་ལགས་སོ། །ཞེས་ཚིག་ཏུ་བརྗོད་དོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས། ལྷའི་བུ་དེ་དག་གི་གཏམ་དེ་ཉིད་ཀྱི་རྒྱུད་ནས་བཟུང་སྟེ། ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་འདི་ལྟར་གནས་བརྟན་རབ་འབྱོར་ནི་གཟུགས་ཀྱི་རྗེས་
སུ་མ་སྐྱེས། གཟུགས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །གཟུགས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་རྗེས་སུ་མ་སྐྱེས་སོ། །རྣམ་
པར་ཤེས་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་རྗེས་སུ་མ་སྐྱེས། རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུས་བྱས་ཀྱི་རྗེས་སུ་མ་སྐྱེས། འདུས་བྱས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །
འདུས་བྱས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུས་བྱས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུས་མ་བྱས་ཀྱི་རྗེས་སུ་མ་སྐྱེས། འདུས་མ་བྱས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུས་མ་བྱས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུས་མ་བྱས་
ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་གི་རྗེས་སུ་སྐྱེས་པ་དང་། གང་རྗེས་སུ་སྐྱེ་བའི་ཆོས་དེ་མེད་ཅིང་མི་དམིགས་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་ཟབ་པ་

སྟེ། དེ་ལ་ནི་གཟུགས་མི་དམིགས་གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། གཟུགས་ཉིད་ཀྱང་མི་དམིགས་ན་གཟུགས་ཀྱི་དེ་བཞིན་ཉིད་དམིགས་པར་ལྟ་ག་ལ་འགྱུར། དེ་ལ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་
མི་དམིགས་རྣམ་པར་ཤེས་པའི་དེ་བཞིན་ཉིད་མི་དམིགས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་མི་དམིགས་ན། རྣམ་པར་ཤེས་པའི་དེ་བཞིན་ཉིད་དམིགས་པར་ལྟ་ག་ལ་འགྱུར། དེ་བཞིན་དུ་སྦྱར་ཏེ། དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས། རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མི་དམིགས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་དམིགས་པར་ལྟ་ག་ལ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་དེ་བཞིན་ནོ། །དེ་དེ་
བཞིན་ཏེ། ཤཱ་རིའི་བུ་དེ་བཞིན་ཉིད་ནི་ཟབ་པ་སྟེ། དེ་ལ་གཟུགས་མི་དམིགས་གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། གཟུགས་ཉིད་ཀྱང་མི་དམིགས་ན། གཟུགས་ཀྱི་དེ་བཞིན་ཉིད་དམིགས་པར་ལྟ་ག་ལ་འགྱུར། དེ་ལ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་།
རྣམ་པར་ཤེས་པ་མི་དམིགས། རྣམ་པར་ཤེས་པའི་དེ་བཞིན་ཉིད་མི་དམིགས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་མི་དམིགས་ན། རྣམ་པར་ཤེས་པའི་དེ་བཞིན་ཉིད་དམིགས་པར་ལྟ་ག་ལ་འགྱུར། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་
དམིགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མི་དམིགས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་དམིགས་པར་ལྟ་ག་ལ་འགྱུར་ཏེ། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་
དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ལེའུ་འདི་བཤད་པ་ན། དགེ་སློང་ཉིས་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་མ་ལྔ་བརྒྱ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། བྱང་ཆུབ་

སེམས་དཔའ་ལྔ་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །བྱང་ཆུབ་སེམས་དཔའ་ཡོངས་སུ་ཉམས་པའི་ཆོས་ཅན་དྲུག་ཅུ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་དག་གིས་ནི་སངས་རྒྱས་ལྔ་བརྒྱ་ལ་བསྙེན་བཀུར་
བྱས་ཏེ། ཐམས་ཅད་དུ་སྦྱིན་པ་བྱིན་ཚུལ་ཁྲིམས་བསྲུངས། བཟོད་པ་བསྒོམས། བརྩོན་འགྲུས་བརྩམས། བསམ་གཏན་བསྐྱེད། ཤེས་རབ་བསྒོམས་ཀྱང་། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་ཟིན་ཅིང་། ཐབས་ལ་མཁས་པས་ཡོངས་སུ་མ་ཟིན་པས་
འདི་ལྟར་སྤྱད་དེ། འདི་ནི་སྦྱིན་པའོ། །འདི་ལ་སྦྱིན་པར་བྱའོ། །བདག་གིས་ཚུལ་ཁྲིམས་འདི་བསྲུང་ངོ་། །བཟོད་པ་འདི་བསྒོམ་མོ། །བརྩོན་འགྲུས་འདི་བརྩམ་མོ། །བསམ་གཏན་འདི་ལ་སྙོམས་པར་འཇུག་པར་བྱའོ། །ཤེས་རབ་འདི་བསྒོམ་པར་བྱའོ་སྙམ་དུ་དེ་ལྟར་སྤྱོད་པས་དེ་
དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་ཐབས་ལ་མཁས་པས་ཡོངས་སུ་མ་ཟིན་པས། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་བསྒོམ་ཞིང་དེ་དག་འདུ་ཤེས་སྣ་ཚོགས་ལ་སྤྱོད་པས་ཐ་དད་པ་མེད་པ་མི་
དམིགས་པའི་ཕྱིར། དེ་དག་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་མ་ཞུགས་སོ། །དེ་དག་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་མ་ཞུགས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཐོབ་བོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོའི་ལམ་སྟོང་པ་ཉིད་དམ། མཚན་མ་མེད་པའམ། སྨོན་པ་མེད་པ་ཡོད་མོད་ཀྱི་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་། ཐབས་ལ་མཁས་པས་ཡོངས་སུ་མ་ཟིན་ན། ཡང་དག་པའི་མཐའ་མངོན་སུམ་དུ་བྱས་ནས། ཉན་ཐོས་སམ་རང་སངས་རྒྱས་སུ་འགྱུར་རོ། །
ཤཱ་རིའི་བུས་གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་སྟོང་པ་ཉིད་དང་། མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པའི་ཆོས་དེ་དག་ཉིད་ལ་བསྒོམས་སུ་འདྲ་ཡང་ཐབས་ལ་མཁས་པ་དང་བྲལ་བ་དག་ཡང་དག་པའི་མཐའ་མངོན་སུམ་དུ་བགྱིས་ནས་ཉན་ཐོས་དང་། རང་སངས་

རྒྱས་སུ་འགྱུར་ལ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་སྟོང་པ་ཉིད་དང་། མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པའི་ཆོས་དེ་དག་ཉིད་སྒོམ་དུ་བས་ཀྱང་ཐབས་ལ་མཁས་པ་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་
རྫོགས་པར་འཚང་རྒྱ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལ་ཁ་ཅིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་བྲལ་བར་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་སྒོམ་ཞིང་། ཐབས་ལ་མཁས་པ་ལ་མ་བརྟེན་པས་ཉན་ཐོས་
དང་རང་སངས་རྒྱས་སུ་འགྱུར་རོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་རྣམས་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་སྒོམ་ཞིང་། ཐབས་ལ་མཁས་པ་ལ་བརྟེན་ན་ནས། བྱང་ཆུབ་
སེམས་དཔའི་སྐྱོན་མེད་པ་ལ་འཇུག་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། འདབ་ཆགས་བྱ་ཞིག་ལུས་དཔག་ཚད་བརྒྱའམ། ལུས་དཔག་ཚད་ཉིས་བརྒྱའམ། དཔག་ཚད་སུམ་བརྒྱའམ།
དཔག་ཚད་བཞི་བརྒྱའམ། དཔག་ཚད་ལྔ་བརྒྱ་པ་ཞིག་ཡོད་ལ། དེ་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་ནས། འཛམ་བུའི་གླིང་དུ་འོང་བར་སེམས་ལ་བྱ་དེ་ཡང་འདབ་མ་མེད་པ་ཞིག་ཡིན་ཞིང་། དེ་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་ནས་བདག་ཉིད་མཆོངས་ཏེ། འཛམ་བུའི་གླིང་དུ་འགྲོ་
བར་བྱ་བར་སེམས་ལ་གལ་ཏེ་བྱ་དེ་ས་ལ་མ་ལྷུང་བར་འདི་སྙམ་དུ་སེམས་ཏེ། མ་ལ་བདག་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་སུ་གནས་པར་བྱའོ་སྙམ་དུ་སེམས་ན་ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། བྱ་དེ་ཕྱིར་སུམ་ཅུ་རྩ་གསུམ་གྱི་ལྷའི་ནང་དུ་གནས་པར་ནུས་སྙམའམ། ཤཱ་རིའི་བུས་
གསོལ་པ། བཅོམ་ལྡན་འདས་དེ་ནི་རྔོ་མི་ཐོགས་ལགས་སོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དེ་བར་སྣང་དེ་ནས་འདི་སྙམ་དུ་མ་ལ་བདག་མ་སྨས་མ་སྣད་པར་འཛམ་བུའི་གླིང་དུ་གནས་པར་བྱའོ། །སྙམ་དུ་བསམ་ན་ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། བྱ་དེ་མ་སྨས་མ་

སྣད་པར་འཛམ་བུའི་གླིང་དུ་གནས་པར་འགྱུར་སྙམའམ། ཤཱ་རིའི་བུས་གསོལ་པ་བཅོམ་ལྡན་འདས་དེ་ནི་རྔོ་མི་ཐོགས་ལགས་ཏེ། བཅོམ་ལྡན་འདས་བྱ་དེ་ནི་སྨས་པའམ་སྣད་པར་ཡང་འགྱུར་ལ་འཛམ་བུའི་གླིང་དུ་མ་མཆིས་པར་འགུམ་པའམ། འགུམ་ལ་ཐུག་པར་སྡུག་བསྔལ་བར་ཡང་
འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་དེ་ནི་ལུས་ཆེ་ལ་འདབ་མ་མ་མཆིས་ཤིང་། མཐོན་པོ་ཞིག་ནས་མཆོངས་པས། དེ་ལྟར་འགྱུར་དུ་གདོན་མི་འཚལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་
དཔའ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སྦྱིན་པ་སྦྱིན་པར་བྱེད། ཚུལ་ཁྲིམས་སྲུང་། བཟོད་པ་སྒོམ། བརྩོན་འགྲུས་རྩོམ། བསམ་གཏན་ལ་སྙོམས་པར་འཇུག་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་
ཕྱིར། དེའི་འཇུག་པ་ཡང་ཆེ། སེམས་བསྐྱེད་པ་ཡང་ཆེ། ཕན་གདགས་པར་བསམ་པ་ཡང་ཚད་མེད་དུ་ཟིན་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་ཐབས་ལ་མཁས་པས་ཡོངས་སུ་མ་ཟིན་ན། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་ངོ་། །
དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་བྲལ་བར་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒོམས། བརྩོན་འགྲུས་བརྩམས། བསམ་གཏན་བསྐྱེད་ཀྱང་བྱང་ཆུབ་སེམས་
དཔའ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་དང་བྲལ་བར་འགྱུར་ཏེ། དེས་ན་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་ངོ་། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་འདས་པ་དང་། མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་
ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ལ་སེམས་ཤིང་། ཀུན་ཏུ་འཛིན་ལ་མཚན་མར་བྱེད་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱི་ཚུལ་ཁྲིམས་མི་ཤེས། རྣམ་པར་གྲོལ་བའི་ཡེ་ཤེས་

གཟིགས་པའི་བར་དུ་མི་ཤེས་ན། དེ་མི་ཤེས་ཤིང་ཁོང་དུ་མ་ཆུད་པས། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་སྒྲ་ཐོས་ན། ཞི་བར་མཚན་མར་འཛིན་ཏེ། མཚན་མར་བཟུང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་
སྔོ་བར་བྱེད་དོ། །དེ་ལྟར་ཡོངས་སུ་བསྔོ་བའི་བྱང་ཆུབ་སེམས་དཔའ་ནི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་དང་བྲལ་བས། དགེ་བའི་རྩ་བ་རྣམས་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་ནི་དེ་ལྟར་འགྱུར་ཏེ། དེ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་ངོ་། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་སྦྱིན་པ་སྦྱིན་པར་བྱེད། ཚུལ་ཁྲིམས་སྲུང་། བཟོད་པ་སྒྲུབ། བརྩོན་འགྲུས་རྩོམ། བསམ་གཏན་ལ་སྙོམས་པར་འཇུག་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་དང་མ་བྲལ་བ་སྟེ། འདས་པ་དང་། མ་བྱོན་
པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་གང་ཡིན་པ་དེ་ཐམས་ཅད་མཚན་མར་མི་འཛིན་ཏེ། དེ་སྟོང་པ་ཉིད་ཀྱི་ཏིང་ངེ་
འཛིན་ལ་མཚན་མར་མི་འཛིན། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་མཚན་མར་མི་འཛིན་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་མི་འགྱུར་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན།
འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པ་བྱིན་ཡང་མཚན་མར་མ་བཟུང་། ཚུལ་ཁྲིམས་བསྲུངས་བཟོད་པ་བསྒྲུབས། བརྩོན་འགྲུས་བརྩམས། བསམ་གཏན་ལ་སྙོམས་པར་ཞུགས་ཤེས་རབ་བསྒོམས་ཀྱང་མཚན་མར་

མ་བཟུང་། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་མཚན་མར་མ་བཟུང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་
འཛིན་བསྒོམས་ཀྱང་མཚན་མར་མ་བཟུང་བའི་ཕྱིར་རོ། །ཤཱ་རིའི་བུ་འདི་ལྟར་མཚན་མ་དང་བྲལ་བའི་སེམས་ཀྱིས་སྦྱིན་པ་སྦྱིན་པ་དང་། ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་སྙོམས་པར་འཇུག་པ་དང་། ཤེས་རབ་སྒོམ་པ་དང་། དེ་བཞིན་དུ་
སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་ཀྱང་མཚན་མར་མ་བཟུང་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐབས་ལ་མཁས་པ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་དང་མ་བྲལ་བ་དེའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐེ་ཚོམ་མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བ་དང་། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་མངོན་པར་རྫོགས་པར་འཚང་རྒྱ་བའི་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་
པར་ཤེས་པའམ། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་གང་ཡང་མ་དམིགས་པའི་སླད་དུའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་། ཐབས་ལ་མཁས་པ་དང་བྲལ་བ་དེ་དག་
གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐེ་ཚོམ་མཆིས་པར་རིག་པར་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པ་དང་བྲལ་བདག་གིས་སྦྱིན་པ་

ཅི་དང་ཅི་སྩལ་བ་དེ་ཐམས་ཅད་ནི་མཚན་མར་བཟུང་ནས་སྩལ་བ་དང་། ཚུལ་ཁྲིམས་ཅི་དང་ཅི་བསྲུངས་པ་དང་། བཟོད་པ་བསྒྲུབས་པ་དང་། བརྩོན་འགྲུས་བརྩམས་པ་དང་། བསམ་གཏན་གང་དང་གང་ལ་མཉམ་པར་བཞག་པ་དེ་ཐམས་ཅད་ཀྱང་མཚན་མར་བཟུང་ནས་མཉམ་པར་
བཞག་པའི་སླད་དུ་སྟེ། དེའི་སླད་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐེ་ཚོམ་མཆིས་པར་རིག་པར་བགྱི་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་ལགས་པས། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་དང་མ་བྲལ་བར་རིག་པར་བགྱིའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་ལ་གནས་ཏེ། མི་
དམིགས་པའི་ཚུལ་གྱིས་མཚན་མ་མ་མཆིས་པ་དང་ལྡན་པའི་སེམས་ཀྱིས་སྦྱིན་པ་སྩལ་བར་བགྱི། ཚུལ་ཁྲིམས་བསྲུང་བར་བགྱི། བཟོད་པ་བསྒྲུབ་པར་བགྱི། བརྩོན་འགྲུས་བརྩམ་པར་བགྱི། བསམ་གཏན་ལ་སྙོམས་པར་འཇུག་པར་བགྱི། ཤེས་རབ་བསྒོམ་པར་བགྱིའོ། །དེ་
བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱད་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ལ་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་མངོན་
པར་རྫོགས་པར་འཚང་རྒྱ་བར་ཡང་བགྱི་འཚལ་ལ་ཆོས་དེ་དག་ཀྱང་མ་མཆིས་ཤིང་མི་དམིགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མངོན་པར་འབྱུང་བར་དཀའ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དེ་དེ་བཞིན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ནི་མངོན་པར་འབྱུང་བར་དཀའ་བ་ཡིན་ནོ། །ལྷའི་བུ་དག་ངས་ཀྱང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ངས་ནི་གང་མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་མངོན་པར་རྫོགས་པར་འཚང་

རྒྱ་བར་བྱ་བའི་ཆོས་གང་ཡང་མ་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དག་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ནི་མངོན་པར་འབྱུང་བར་དཀའོ་ཞེས་བཀའ་སྩལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་དང་བདག་སེམས་པ་ལྟར་ན། བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་སླ་ལགས་སོ། །
དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གང་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིད་པ་སུ་ཡང་མ་མཆིས་ཤིང་། མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བ་ཅི་ཡང་མ་མཆིས་པས། ཆོས་ཐམས་ཅད་ནི་སྟོང་པ་ལགས་ཏེ། ཆོས་ཐམས་ཅད་སྟོང་པ་ལ་ནི་གང་མངོན་པར་
རྫོགས་པར་འཚང་རྒྱ་བར་བགྱིད་པ་དང་། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བའི་ཆོས་དེ་མ་མཆིས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཆོས་ཐམས་ཅད་ནི་སྟོང་པ་ལགས་ཏེ། ཆོས་
གང་རྣམ་པར་འཕེལ་བར་བགྱི་བའམ། ཡོངས་སུ་འགྲིབ་པར་བགྱི་བའི་སླད་དུ་སྦྱིན་པ་སྩོལ་བར་བགྱིད་པ་དང་། བསམ་གཏན་གྱི་བར་ལ་སྙོམས་པར་འཇུག་པར་བགྱིད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སློབ་པའི་ཆོས་དེ་དག་ཀྱང་མ་མཆིས་ཤིང་། གང་མངོན་པར་
རྫོགས་པར་འཚང་རྒྱ་བར་བགྱིད་པ་དང་། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བའི་ཆོས་དེ་དག་ཐམས་ཅད་ཀྱང་སྟོང་པ་ལགས་ཏེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་སླ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱིས་སྟོང་ཞིང་། དེ་བཞིན་དུ་རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་སླད་དུའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་རྣམ་གྲངས་དེས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་དཀའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་རབ་འབྱོར་འདི་ལྟར་ནམ་མཁའ་ནི་འདི་སྙམ་དུ། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །སྙམ་དུ་མི་སེམས་སོ། །ཚེ་དང་ལྡན་པ་
རབ་འབྱོར་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདི་སྙམ་དུ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་ནམ་མཁའ་དང་མཉམ་པའི་ཕྱིར་ཏེ།
འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་མོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་མོས་པར་མི་
བྱེད་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་སླ་སྟེ། མངོན་པར་རྫོགས་པར་འཚང་རྒྱ་བར་དཀའ་བ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཡང་མི་འགྱུར་
རོ། །ཚེ་དང་ལྡན་པ་རབ་འབྱོར་རྣམ་གྲངས་དེས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་དཀའ་སྟེ། མངོན་པར་རྫོགས་པར་འཚང་རྒྱ་བར་སླ་བ་མ་ཡིན་པར་མངོན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་
སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། གཟུགས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་སྙམའམ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ལས་ལྡོག་སྙམའམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། དེ་བཞིན་དུ་སྦྱར་ཏེ། དེ་བཞིན་ཉིད་ཀྱི་བར་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་སྙམའམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །
སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་གཟུགས་ལས་གུད་ན་ཡོད་སྙམའམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ལས་ལྡོག་པའི་ཆོས་དེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལས་གུད་ན་ཡོད་སྙམའམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་བར་ལས་གུད་ན་ཡོད་སྙམའམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་སྙམའམ། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་སྙམ་འམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་
པའི་ཆོས་དེ་གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡོད་སྙམ་འམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། དེ་བཞིན་དུ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་ལས་གུད་ན་ཡོད་སྙམ་
འམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། དེ་བཞིན་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་སྙམ་འམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ཇི་

སྙམ་དུ་སེམས། ཆོས་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་སྙམའམ། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ལས་ལྡོག་སྙམའམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་དེ་བཞིན་ཉིད་ལས་གུད་ན་ཡོད་སྙམའམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་
དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་བར་ལས་གུད་ན་ཡོད་སྙམའམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། དེ་ལྟར་བདེན་
པའི་ཚུལ་བཞིན་དུ་ཆོས་དེ་དག་མི་དམིགས་ན། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པར་འགྱུར་བའི་ཆོས་དེ་གང་ཡིན། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་རབ་འབྱོར་གྱིས་ཆོས་ཀྱི་ཚུལ་གྱི་རྣམ་པ་དེས་
བསྟན་པ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པ་གང་ཡང་མེད་དེ། དེའི་ཕྱིར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གསུམ་པོ་གང་དག་དེ་བཞིན་གཤེགས་པའི་བསྟན་པའི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གསུམ་པོ་དེ་
དག་རྣམ་པར་གཞག་པར་ཡང་མི་འགྱུར་ཏེ། ཚེ་དང་ལྡན་པ་རབ་འབྱོར་གྱིས་བསྟན་པ་ལྟར་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་ཐེག་པ་གཅིག་པུར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་བོས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་
སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གནས་བརྟན་རབ་འབྱོར་བྱང་ཆུབ་གཅིག་ཀྱང་འདོད་དམ་ཞེས་གནས་བརྟན་རབ་འབྱོར་འདི་ལ་དྲི་དགོས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཅི་སངས་རྒྱས་ཀྱི་ཐེག་པ་པའི་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་འདོད་དམ། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཅི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་གསུམ་འདོད་དམ། ཉན་ཐོས་ཀྱི་ཐེག་པ་པའི་བྱང་ཆུབ་སེམས་དཔའམ། རང་སངས་རྒྱས་ཀྱི་ཐེག་པ་
པའི་བྱང་ཆུབ་སེམས་དཔའམ། སངས་རྒྱས་ཀྱི་ཐེག་པ་པའི་བྱང་ཆུབ་སེམས་དཔའ་འདོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཅི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་གསུམ་དུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་
འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་ཉིད་ལ་རྣམ་པ་གཅིག་གམ། གཉིས་སམ། གསུམ་དུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་གཅིག་ཀྱང་དམིགས་སམ།
སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། དེ་ལྟར་དབེན་པའི་ཚུལ་བཞིན་དུ་ཆོས་དེ་དག་མི་དམིགས་ན། ཅི་ལས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ། བྱང་ཆུབ་སེམས་དཔའ་འདི་ནི་ཉན་ཐོས་ཀྱི་ཐེག་པ་པའོ། །བྱང་ཆུབ་སེམས་དཔའ་འདི་ནི་རང་སངས་རྒྱས་ཀྱི་ཐེག་པ་པ་པའོ། །བྱང་
ཆུབ་སེམས་དཔའ་འདི་ནི་སངས་རྒྱས་ཀྱི་ཐེག་པ་པའོ་ཞེས་བྱ་བར་སེམས་པར་གྱུར། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱིས་བྱེ་བྲག་མེད་པར་རབ་ཏུ་ཕྱེ་བ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་
མི་ཞུམ་མི་འགོང་ཞིང་ཡིད་འགྱོད་པ་མེད་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། འདི་ལྟར་སངས་རྒྱས་ཀྱི་མཐུས་རབ་འབྱོར་ཁྱོད། སྤོབས་པ་ལེགས་སོ་ལེགས་སོ། །
རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱིས་བྱེ་བྲག་མེད་པར་རབ་ཏུ་ཕྱེ་བ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་མི་ཞུམ་མི་འགོང་ཞིང་། ཡིད་འགྱོད་པ་མེད་ལ་མི་སྐྲག་མི་དངང་ཞིང་། དངང་བར་མི་འགྱུར་བའི་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟ་བུའི་ཆོས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
བྱང་ཆུབ་གང་ལ་ངེས་པར་འབྱུང་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་
འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་གནས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ལ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བྱ་སྟེ། མི་མཉམ་པའི་སེམས་བསྐྱེད་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་དམིགས་པར་བྱ་སྟེ། མི་མཉམ་པའི་སེམས་ཀྱིས་
དམིགས་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་དམིགས་པར་བྱ་སྟེ། བརླང་བའི་སེམས་ཀྱིས་དམིགས་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་ང་རྒྱལ་མེད་པར་བྱའོ། །སེམས་ཅན་
ཐམས་ཅད་ལ་གཡོ་མེད་པར་དམིགས་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་སེམས་བསྐྱེད་པར་བྱ་སྟེ། གནོད་པའི་སེམས་བསྐྱེད་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་ཀྱིས་དམིགས་པར་བྱ་སྟེ། གནོད་པའི་སེམས་ཀྱིས་དམིགས་པར་མི་བྱའོ། །སེམས་
ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་བསྐྱེད་པར་བྱ་སྟེ། ཞེ་འགྲས་པའི་སེམས་བསྐྱེད་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་རྣམ་པར་ཐོ་འཚམ་པ་མེད་པའི་སེམས་བསྐྱེད་པར་བྱ་སྟེ། རྣམ་པར་ཐོ་འཚམ་པའི་སེམས་བསྐྱེད་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་རྣམ་པར་ཐོ་འཚམ་པ་མེད་

པའི་སེམས་ཀྱིས་དམིགས་པར་བྱ་སྟེ། རྣམ་པར་ཐོ་འཚམ་པའི་སེམས་ཀྱིས་དམིགས་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་མའི་སེམས་བསྐྱེད་པར་བྱའོ། །སྤུན་དང་། སྲིང་མོ་དང་། མཛའ་བཤེས་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་ཀྱིས་སེམས་བསྐྱེད་པར་བྱའོ། །སེམས་
ཅན་ཐམས་ཅད་ལ་མའི་སེམས་ཀྱིས་དམིགས་པར་བྱ་ཞིང་། མཛའ་བཤེས་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་ཀྱི་བར་གྱི་སེམས་ཀྱིས་དམིགས་པར་བྱའོ། །བདག་གིས་ཀྱང་སྲོག་གཅོད་པ་སྤང་བར་བྱའོ། །གཞན་ཡང་སྲོག་གཅོད་པ་སྤང་བ་ཡང་དག་པར་འཛིན་དུ་འཇུག་པར་བྱ།
སྲོག་གཅོད་པ་སྤང་བའི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་སྲོག་གཅོད་པ་སྤངས་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་མ་བྱིན་པར་ལེན་པ་སྤང་བར་བྱ། གཞན་ཡང་མ་བྱིན་པར་ལེན་པ་སྤང་བ་ཡང་དག་པར་འཛིན་དུ་གཞུག་པར་བྱ། མ་བྱིན་
པར་ལེན་པ་སྤོང་བའི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་མ་བྱིན་པར་ལེན་པ་སྤངས་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་ཀྱང་འདོད་པ་ལ་ལོག་པར་གཡེམ་པ་སྤང་བར་བྱ། གཞན་ཡང་འདོད་པ་ལ་ལོག་པར་གཡེམ་པ་སྤང་བ་འཛིན་དུ་
གཞུག་པར་བྱ། འདོད་པས་ལོག་པར་གཡེམ་པ་སྤོང་བའི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་འདོད་པ་ལ་ལོག་པར་གཡེམ་པ་སྤངས་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས་དེ་ལྟར་གནས་པར་བྱའོ། །དེ་བཞིན་དུ་བདག་གིས་ཀྱང་ལོག་པར་ལྟ་བའི་བར་དུ་སྤང་བར་བྱ། གཞན་ཡང་ལོག་པར་ལྟ་བ་སྤང་བ་ཡང་དག་པར་འཛིན་དུ་གཞུག་པར་བྱ། ལོག་པར་ལྟ་བ་སྤོང་བའི་བསྔགས་པ་བརྗོད་པར་བྱ། གཞན་ཡང་གང་དག་ལོག་པར་
ལྟ་བ་སྤངས་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པར་བྱ། གཞན་ཡང་བསམ་གཏན་དང་པོ་ཡང་དག་པར་འཛིན་དུ་གཞུག་པར་བྱ། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་བསྔགས་པ་བརྗོད་

པར་བྱ། གཞན་གང་དག་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །དེ་བཞིན་དུ་བདག་གིས་ཀྱང་བསམ་གཏན་བཞི་པའི་བར་ལ་སྙོམས་པར་འཇུག་པར་བྱ། གཞན་ཡང་བསམ་གཏན་བཞི་པའི་བར་ལ་སྙོམས་
པར་འཇུག་པ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱ་བའི་བར་དུ་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས་དེ་ལྟར་གནས་པར་