Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 030_ཁྲི་བརྒྱད།_ཁ
Văn bản gốc(Tây Tạng)
Trang 12 / 19 (50.000 ký tự/trang)
བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས། བདག་གིས་ཀྱང་བྱམས་པ་ལ་སྙོམས་པར་འཇུག་པར་བྱ། གཞན་གང་དག་བྱམས་པ་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱ་བའི་བར་དུ་བྱའོ། ། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་ཡང་དེ་བཞིན་དུ་བྱའོ། །བདག་གིས་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པར་བྱ། དེ་བཞིན་དུ་གཞན་གང་དག་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་ འཇུག་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱ་བའི་བར་དུ་བྱའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་ཡང་དེ་བཞིན་དུ་བྱའོ། །བདག་གིས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་གཞུག་ པར་བྱ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས་སུ་རྫོགས་པར་བྱ། གཞན་ ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་གཞུག་པར་བྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས་དེ་ལྟར་གནས་པར་བྱའོ། །བདག་གིས་ཀྱང་ནང་སྟོང་པ་ཉིད་ལ་སྙོམས་པར་འཇུག་པར་བྱ། གཞན་ཡང་ནང་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་ཡང་དག་པར་འཛིན་དུ་གཞུག་པར་བྱ། ནང་ སྟོང་པ་ཉིད་ཀྱི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་ནང་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །དེ་བཞིན་དུ་བདག་གིས་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྙོམས་པར་འཇུག་པར་བྱ། གཞན་ཡང་དངོས་པོ་ མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་ཡང་དག་པར་འཛིན་དུ་གཞུག་པར་བྱ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་ བར་བྱའོ། །བདག་གིས་ཀྱང་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པར་བྱ། གཞན་ཡང་དྲན་པ་ཉེ་བར་གཞག་པ་རྣམས་ཡང་དག་པར་འཛིན་དུ་གཞུག་པར་བྱ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་པ་དེ་དག་གི་ བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་བྱའོ། །དེ་བཞིན་དུ་བདག་གིས་ཀྱང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱ། གཞན་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ཡང་དག་པར་འཛིན་དུ་གཞུག་པར་བྱ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་ འཛིན་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་རྣམ་པར་ཐར་པ་བརྒྱད་ལ་སྙོམས་པར་འཇུག་པར་བྱ། གཞན་ཡང་རྣམ་པར་ཐར་པ་བརྒྱད་ལ་ཡང་དག་པར་འཛིན་དུ་གཞུག་པར་བྱ། རྣམ་པར་ཐར་པ་བརྒྱད་ཀྱི་བསྔགས་པ་ བརྗོད་པར་བྱ། གཞན་གང་དག་རྣམ་པར་ཐར་པ་བརྒྱད་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་དེ་བཞིན་གཤེགས་པའི་ སྟོབས་བཅུ་ཡང་དག་པར་འཛིན་དུ་གཞུག་པར་བྱ། དེ་བཞིན་གཤེགས་པའི་སྟོབས་བཅུའི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །དེ་བཞིན་དུ་བདག་ གིས་ཀྱང་མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་བར་དུ་ཡང་དག་པར་ འཛིན་དུ་གཞུག་པར་བྱ། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་སུ་ འབྱུང་བ་དང་། ལུགས་སུ་མི་འབྱུང་བ་ལ་སྙོམས་པར་འཇུག་པར་བྱ། གཞན་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་སུ་འབྱུང་བ་དང་། ལུགས་སུ་མི་འབྱུང་བ་ཡང་དག་པར་འཛིན་དུ་གཞུག་པར་བྱ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྙོམས་པར་འཇུག་པའི་བསྔགས་པ་བརྗོད་པར་ བྱ། གཞན་གང་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས་དེ་ལྟར་གནས་པར་བྱའོ། ། བདག་གིས་ཀྱང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ། ཀུན་འབྱུང་བ་སྤང་བར་བྱ། འགོག་པ་མངོན་སུམ་དུ་བྱ། ལམ་བསྒོམ་པར་བྱ། གཞན་ཡང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་དང་། ཀུན་འབྱུང་བ་སྤང་བར་བྱ་བ་དང་། འགོག་པ་མངོན་སུམ་དུ་བྱ་བ་དང་། ལམ་བསྒོམ་པར་བྱ་བ་ ཡང་དག་པར་འཛིན་དུ་གཞུག་པར་བྱ། སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ལམ་བསྒོམ་པའི་བར་གྱི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་བ་སྤང་བ་དང་། འགོག་པ་མངོན་སུམ་དུ་བྱེད་པ་དང་། ལམ་སྒོམ་པ་དེ་དག་གི་བསྔགས་ པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པ་མངོན་སུམ་དུ་བྱ་བའི་ཤེས་པ་བསྐྱེད་པར་བྱ་ཞིང་། ཡང་དག་པའི་མཐའ་མངོན་སུམ་དུ་ཡང་མི་བྱ། གཞན་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པ་མངོན་སུམ་དུ་བྱ་བ་ཡང་དག་པར་ འཛིན་དུ་གཞུག་པར་བྱ། བདག་གིས་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་པ་མངོན་སུམ་དུ་བྱ་བའི་ཤེས་པ་བསྐྱེད་པར་བྱ་ཞིང་། ཡང་དག་པའི་མཐའ་མངོན་སུམ་དུ་ཡང་མི་བྱ། གཞན་ཡང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་པ་མངོན་སུམ་དུ་བྱ་བ་ཡང་དག་པར་འཛིན་དུ་གཞུག་པར་བྱ། བདག་གིས་ཀྱང་ཕྱིར་མི་འོང་བའི་འབྲས་བུ་ཤེས་པ་མངོན་སུམ་དུ་བྱ་བའི་ཤེས་པ་བསྐྱེད་པར་བྱ་ཞིང་། ཡང་དག་པའི་མཐའ་མངོན་སུམ་དུ་ཡང་མི་བྱ། གཞན་ཡང་ཕྱིར་མི་འོང་བའི་འབྲས་བུ་ཤེས་པ་མངོན་སུམ་དུ་བྱ་བ་ཡང་དག་པར་འཛིན་དུ་གཞུག་པར་བྱ། བདག་གིས་ཀྱང་དགྲ་བཅོམ་པ་ཉིད་ ཀྱི་འབྲས་བུ་ཤེས་པ་མངོན་སུམ་དུ་བྱ་བའི་ཤེས་པ་བསྐྱེད་པར་བྱ་ཞིང་། ཡང་དག་པའི་མཐའ་མངོན་སུམ་དུ་ཡང་མི་བྱ། གཞན་ཡང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཤེས་པ་མངོན་སུམ་དུ་བྱ་བ་ཡང་དག་པར་འཛིན་དུ་གཞུག་པར་བྱ། བདག་གིས་ཀྱང་རང་སངས་རྒྱས་ཀྱི་ཤེས་པ་མངོན་སུམ་དུ་བྱ་བའི་ ཤེས་པ་བསྐྱེད་པར་བྱ་ཞིང་། ཡང་དག་པའི་མཐའ་མངོན་སུམ་དུ་ཡང་མི་བྱ། གཞན་ཡང་རང་སངས་རྒྱས་ཀྱི་ཤེས་པ་མངོན་སུམ་དུ་བྱ་བ་ལ་འཛིན་དུ་གཞུག་པར་བྱ། བདག་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་བྱ། གཞན་ཡང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་ ཡང་དག་པར་འཛིན་དུ་གཞུག་པར་བྱ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པའི་བསྔགས་པ་བརྗོད་པར་བྱ། བྱང་ཆུབ་སེམས་དཔའ་གཞན་གང་དག་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱས་ཏེ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས་དེ་ལྟར་གནས་པར་བྱའོ། །བདག་གིས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ། གཞན་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཡང་དག་པར་འཛིན་དུ་གཞུག་པར་བྱ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ། གཞན་ཡང་སངས་རྒྱས་ཀྱི་ཞིང་ཡོངས་ སུ་དག་པར་བྱ་བ་ཡང་དག་པར་འཛིན་དུ་གཞུག་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་བྱང་ཆུབ་ སེམས་དཔའི་མངོན་པར་ཤེས་པ་བསྐྱེད་པར་བྱ། གཞན་ཡང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་བསྐྱེད་པ་ཡང་དག་པར་འཛིན་དུ་གཞུག་པར་བྱ། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་བསྐྱེད་པའི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་བྱང་ཆུབ་སེམས་དཔའི་མངོན་པར་ ཤེས་པ་བསྐྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱ། བདག་གིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྐྱེད་པར་བྱ། གཞན་ཡང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་འཛིན་དུ་གཞུག་པར་བྱ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ བསྔགས་པ་བརྗོད་པར་བྱ། གཞན་གང་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་སྐྱེད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་བག་ཆགས་དང་། མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་སྤང་བར་བྱ། གཞན་ཡང་བག་ཆགས་དང་། མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་སྤོང་བ་ཡང་དག་པར་འཛིན་དུ་གཞུག་པར་བྱ། བག་ཆགས་དང་། མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་སྤོང་བའི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་བག་ཆགས་དང་། མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་ སྤོང་བ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས་དེ་ལྟར་གནས་པར་བྱའོ། །བདག་གིས་ཀྱང་ཚེ་ཕུན་སུམ་ཚོགས་པ་ཡོངས་སུ་གཟུང་བར་ བྱ། གཞན་ཡང་ཚེ་ཕུན་སུམ་ཚོགས་པ་ཡང་དག་པར་འཛིན་དུ་གཞུག་པར་བྱ། ཚེ་ཕུན་སུམ་ཚོགས་པའི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་ཚེ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱའོ། །བདག་གིས་ཀྱང་དམ་པའི་ ཆོས་གནས་པ་ཡོངས་སུ་གཟུང་བར་བྱ། གཞན་ཡང་དམ་པའི་ཆོས་གནས་པ་ཡོངས་སུ་གཟུང་བ་ཡང་དག་པར་འཛིན་དུ་གཞུག་པར་བྱ། དམ་པའི་ཆོས་གནས་པ་ཡོངས་སུ་གཟུང་བའི་བསྔགས་པ་བརྗོད་པར་བྱ། གཞན་གང་དག་དམ་པའི་ཆོས་གནས་པ་ཡོངས་སུ་འཛིན་པ་དེ་དག་གི་ བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འདོད་པས་དེ་ལྟར་གནས་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་དང་ཐབས་ལ་མཁས་པ་ལ་དེ་ལྟར་བསླབ་པར་བྱའོ། །དེ་ལྟར་སློབ་ཅིང་དེ་ལྟར་གནས་པ་དེའི་གཟུགས་སྒྲིབ་པ་མེད་པར་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྒྲིབ་པ་མེད་པར་འགྱུར་རོ། །དེ་བཞིན་དུ་སྦྱར་ཏེ། དམ་པའི་ཆོས་གནས་པའི་བར་ དུ་སྒྲིབ་པ་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སྔོན་གྱི་མཐའ་ནས་ཀྱང་གཟུགས་ཡོངས་སུ་མ་བཟུང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་། དེ་བཞིན་དུ་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་མ་བཟུང་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ལ། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་མ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་བསླབ་པའི་གནས་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་བྱང་ཆུབ་སེམས་དཔའི་བསླབ་པ་རྣམ་ པར་གཞག་པའི་ལེའུ་ཞེས་བྱ་སྟེ་བཞི་བཅུ་རྩ་བརྒྱད་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་སུམ་ཅུ་རྩ་བདུན་པ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་ནི་གང་ལགས། རྟགས་ནི་གང་ལགས། མཚན་མ་ནི་གང་ལགས། བདག་གིས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཕྱིར་མི་ལྡོག་པའོ་ཞེས་བགྱི་བར་འཚལ་བར་བགྱི། དེ་སྐད་ ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་སོ་སོའི་སྐྱེ་བོའི་ས་གང་ཡིན་པ་དང་། ཉན་ཐོས་ཀྱི་ས་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་ས་གང་ཡིན་པ་དང་། དེ་ བཞིན་གཤེགས་པའི་ས་གང་ཡིན་པ་བཤད་པ་དེ་དག་ཐམས་ཅད་ནི་དེ་བཞིན་ཉིད་དེ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །དེ་བཞིན་ཉིད་དེ་ནི་ཇི་ལྟ་བ་དེ་བཞིན་དུ་འཇུག་ཅིང་། དེ་ལྟར་རྣམ་པར་མི་རྟོག་ལ་རྣམ་པར་མི་རྟོག་པས་དེ་ལྟར་འཇུག་ཅིང་དེ་ལྟར་ཞུགས་ པ་ནི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཐོས་ནས་དེ་ལས་འདས་ཏེ། དེ་བཞིན་ཉིད་ལས་དེ་དག་རེ་རེ་མ་ཡིན་པ་དང་གཉིས་ཀ་མ་ཡིན་པར་ཐེ་ཚོམ་ཟ་བ་གང་ཡང་མེད་དོ། །དེ་ནི་བྱུང་རྒྱལ་དུ་སྨྲ་བ་ཅི་ཡང་མེད་དེ། དོན་དང་ལྡན་པར་སྨྲའི། དོན་དང་མི་ལྡན་པར་སྨྲ་བ་མ་ཡིན། གཞན་གྱིས་བྱས་པ་དང་མ་བྱས་ པ་ལ་མི་ལྟ་ཞིང་ལེགས་པར་བརྗོད་པ་ཚོལ་བ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་རིག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ནི་རྣམ་པ་མེད་པ་དང་རྟགས་མེད་པ་མཚན་མ་མེད་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་ དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རྣམ་པ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། མཚན་མ་མ་མཆིས་པ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་ དག་ལས་སླར་མི་ལྡོག་པའི་སླད་དུ་ཕྱིར་མི་ལྡོག་པ་ཞེས་བསྟན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཟུགས་ལས་ཕྱིར་ལྡོག་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་ པ་ལས་ཕྱིར་ལྡོག་པ་དེ་ནི། རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་རིག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དང་། ནང་སྟོང་པ་ཉིད་དང་། དངོས་ པོ་མེད་པ་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལས་ཕྱིར་ལྡོག་པ་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལས་ཕྱིར་ལྡོག་པ་དང་། བྱང་ཆུབ་ཀྱི་བར་ལས་ཕྱིར་ལྡོག་པ་དེ་ནི། རབ་འབྱོར་ཕྱིར་ མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གང་ལ་བྱང་ཆུབ་སེམས་དཔའ་གནས་པར་འགྱུར་བའི་གཟུགས་ཀྱི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ། གང་ལ་བྱང་ཆུབ་སེམས་དཔའ་གནས་པར་འགྱུར་བའི་བྱང་ཆུབ་ཀྱི་ བར་གྱི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་སྦྱོང་དང་། བྲམ་ཟེ་འདི་དག་ནི་ཤེས་པར་བྱ་བ་ཤེས་པའོ། །བལྟ་བར་བྱ་བ་མཐོང་བའོ། །ཡང་དག་པའི་ལྟ་བ་གདགས་པ་འདོགས་པའོ། །ཞེས་འདི་ལས་ཕྱི་རོལ་པའི་དགེ་སྦྱོང་དང་། བྲམ་ ཟེ་གཞན་དག་གི་ངོར་མི་ལྟ་སྟེ། དེ་ནི་གནས་པ་མེད་ཅིང་ཐེ་ཚོམ་མི་ཟའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་ཏུ་མི་འཛིན་ཏོ། །ལྟ་བ་ངན་པར་མི་ལྟུང་ངོ་། །དགེ་མཚན་དང་བཀྲ་ཤིས་ཀྱིས་དགའ་བར་མི་འཛིན་ཏོ། །ལྷ་གཞན་དག་ལ་ཕྱག་མི་འཚལ་ཞིང་མེ་ཏོག་གམ། མེ་ཏོག་ཕྲེང་ངམ། སྤོས་སམ། བྱུག་པའམ། ཕྱེ་མའམ། གོས་སམ། གདུགས་སམ། རྒྱལ་མཚན་ནམ། བ་དན་དག་དེ་ལ་སྦྱིན་པར་བྱ་བར་མི་སེམས་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་དམྱལ་བར་མི་སྐྱེ། མི་ཁོམ་པ་བརྒྱད་ཀྱི་བར་རྣམས་སུ་མི་སྐྱེ། བུད་མེད་ཀྱི་དངོས་པོ་ཡོངས་སུ་མི་འཛིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ནས་གནས་ཏེ། དེ་བདག་གིས་ ཀྱང་སྲོག་གཅོད་པ་སྤངས་ཤིང་། གཞན་ཡང་སྲོག་གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ་འཇུག་པ་ཡིན། སྲོག་གཅོད་པ་སྤོང་བའི་བསྔགས་པ་བརྗོད་པ་ཡིན། གཞན་གང་དག་སྲོག་གཅོད་པ་སྤངས་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བ་ཡིན་ནོ། །ལོག་པར་ལྟ་བའི་བར་དུ་ཡང་ དེ་བཞིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྨི་ལམ་ན་ཡང་མི་དགེ་བ་བཅུའི་ ལས་ཀྱི་ལམ་མི་སྤྱོད་ན། སད་པ་ན་ལྟ་ཅི་སྨོས་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གང་ གི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ན། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྦྱིན་པ་སྦྱིན་པར་བྱེད་དོ། །ཤེས་རབ་སྒོམ་པའི་བར་དུ་ཡང་དེ་བཞིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་ པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གང་གི་ཚེ། མདོའི་སྡེའམ། དབྱངས་ཀྱིས་བསྙད་པའི་སྡེའམ། ལུང་བསྟན་པའི་སྡེའམ། རྟོགས་པ་བརྗོད་པའི་སྡེའམ། གཏན་ལ་དབབ་པར་བསྟན་པའི་སྡེའི་བར་དུ་ཆོས་གང་ཀུན་ཆུབ་ པར་བྱེད་པའི་ཆོས་དེ་སྦྱིན་པ་སྦྱིན་པ་ན། འདི་སྙམ་དུ་ཆོས་ཀྱི་སྦྱིན་པ་འདིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག །སྙམ་དུ་བསམས་ནས། དེ་ཆོས་ཀྱི་སྦྱིན་པ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་ཡོངས་སུ་སྔོ་བར་བྱེད་དེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ ཟབ་མོ་རྣམས་ལ་སོམ་ཉི་མི་ཟ་ཞིང་ཡིད་གཉིས་མེད་ལ་ཐེ་ཚོམ་མི་ཟའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཟབ་མོ་རྣམས་ལ་སོམ་ཉི་མི་འཚལ་ཞིང་ཡིད་གཉིས་མ་མཆིས་ལ་ཐེ་ཚོམ་མི་འཚལ་བ་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གང་ལ་དེ་སོམ་ཉིའམ་ཡིད་གཉིས་སམ་ཐེ་ཚོམ་ཟ་བར་འགྱུར་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་བྱང་ཆུབ་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་ རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལུས་ཀྱི་ལས་འཇམ་པ་དང་ལྡན་པ་ཡིན། ངག་གི་ལས་དང་། ཡིད་ཀྱི་ལས་འཇམ་པ་དང་ལྡན་པ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་ མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྟག་ཏུ་རྒྱུན་མི་ཆད་པར་བྱམས་པའི་ལུས་ཀྱི་ལས་དང་། བྱམས་པའི་ངག་གི་ལས་དང་། བྱམས་ པའི་ཡིད་ཀྱི་ལས་དང་ལྡན་པ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྒྲིབ་པ་ལྔ་ པོ་འདི་ལྟ་སྟེ། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། དགོད་པ་དང་། འགྱོད་པ་དང་། ཐེ་ཚོམ་དང་། ལྷན་ཅིག་མི་གནས་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི་བག་ལ་ཉལ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འགྲོ་བའམ་ལྡོག་ཀྱང་རུང་སྟེ། འཁྲུལ་པའི་སེམས་ཀྱིས་མི་འགྲོ། འཁྲུལ་པའི་སེམས་ཀྱིས་མི་ལྡོག་གི། འགྲོའམ་ལྡོག་ན་ཡང་དྲན་པ་ཉེ་བར་གཞག་ ཅིང་འགྲོ། དྲན་པ་ཉེ་བར་གཞག་ཅིང་ལྡོག་སྟེ། དྲན་བཞིན་དུ་འགྲོ། དྲན་བཞིན་དུ་ལྡོག །དྲན་བཞིན་དུ་འཆག། དྲན་བཞིན་དུ་སྡོད། དྲན་བཞིན་དུ་འདུག། དྲན་བཞིན་དུ་ཉལ་ཏེ། གྱ་ཚོམ་དུ་རྐང་པ་ས་ལས་མི་འདེག། གྱ་ཚོམ་དུ་རྐང་པ་ས་ལ་མི་འཇོག་གི། དྲན་བཞིན་དུ་རྐང་པ་འདེག། དྲན་བཞིན་ དུ་རྐང་པ་འཇོག་ཅིང་། དེ་སའི་ཕྱོགས་མཐོང་བཞིན་དུ་འགྲོ་སྟེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་གོས་སྤྱོད་པ་ནི་སྨད་དུ་མེད་པ་ཡིན། རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཙང་སྦྲ་སྤྱོད་པ་དང་ལྡན་ཏེ། གཙང་ཞིང་དྲི་ང་བ་མེད་ལ་རྡུལ་དང་དྲི་མ་དང་བྲལ་ཞིང་ནད་ཉུང་བ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་མིར་གྱུར་པ་རྣམས་ཀྱི་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་གང་དག་ཡོད་ཅིང་ལུས་དེ་ཉིད་ལ་ཟ་བ་དེ་དག་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ ལ་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་ནི་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་པོ་དེ་དག་མེད་དེ། རབ་འབྱོར་ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་རབ་ཏུ་འཕེལ་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཡོངས་སུ་དག་པ་ཡོངས་སུ་འཛིན། ངག་དང་། སེམས་ཡོངས་ སུ་དག་པ་ཡོངས་སུ་འཛིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་ གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་རབ་ཏུ་འཕེལ་བ་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་དེ་དག་གིས་ལུས་དང་། ངག་དང་། སེམས་ཀྱི་མི་དྲང་བ་དང་། ལུས་དང་། ངག་དང་། སེམས་ཀྱི་གྱ་གྱུ་ཡོངས་སུ་བྱང་བར་བྱེད་དེ། དེ་ལྟ་དེ་ལྟར་ལུས་ཀྱིས་ལེགས་པར་སྤྱད་ པ་རྣམ་པ་གསུམ་སྤྱོད། ངག་གིས་ལེགས་པར་སྤྱད་པ་རྣམ་པ་བཞི་སྤྱོད། ཡིད་ཀྱིས་ལེགས་པར་སྤྱད་པ་རྣམ་པ་གསུམ་སྤྱོད་དེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལུས་ཡོངས་སུ་དག་པ་དང་། ངག་དང་། སེམས་ཡོངས་སུ་དག་པ་ཡིན་ནོ། །དེ་ལུས་ཡོངས་སུ་ དག་པ་དང་། ངག་དང་། སེམས་ཡོངས་སུ་དག་པ་དེས་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱིས་ལས་ཤིན་ཏུ་འདའ་ཡང་། ཡང་དག་པའི་མཐའ་མངོན་སུམ་དུ་ཡང་མི་བྱེད་དེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཡོངས་སུ་དག་པ་དང་། ངག་ཡོངས་ སུ་དག་པ་དང་། སེམས་ཡོངས་སུ་དག་པ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི་རྙེད་པ་དང་། བཀུར་སྟི་ལ་གདུ་བ་མ་ཡིན། ཟས་ལ་གདུ་བ་མ་ཡིན། ཆོས་གོས་གསུམ་པའི་བར་དུ་ལྷུར་ལེན་པ་ཡང་མ་ཡིན་ཞིང་། དེ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱང་ཡང་དག་པར་བླངས་ནས་གནས་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་ མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེར་སྣའི་སེམས་མི་སྐྱེད། འཆལ་པའི་ཚུལ་ཁྲིམས་ཀྱི་སེམས་མི་སྐྱེད། འཁྲུག་པའི་སེམས་མི་ སྐྱེད། ལེ་ལོའི་སེམས་མི་སྐྱེད། མཉམ་པར་མ་བཞག་པའི་སེམས་མི་སྐྱེད། འཆལ་བའི་ཤེས་རབ་ཀྱི་སེམས་མི་སྐྱེད། ཕྲག་དོག་གི་སེམས་མི་སྐྱེད་དེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་ མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བློ་བརྟན་པ་ཡིན། བློ་ཟབ་པ་ཡིན། གུས་པར་གཞན་ལ་ཆོས་ཉན་པ་ཡིན། གཞན་ལས་ཆོས་གང་ཅི་ཐོས་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱོར་བར་ བྱེད་པ་ཡིན། འཇིག་རྟེན་པའི་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཆོས་ཉིད་དང་སྦྱོར་བ་བྱེད་ཅིང་། ཆོས་གང་ཡང་ཆོས་ཀྱི་དབྱིངས་དང་མི་འབྱོར་བའི་ཆོས་དེ་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་གི། དེ་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ དང་འབྱོར་པར་ཡང་དག་པར་རྗེས་སུ་མཐོང་སྟེ། རབ་འབྱོར་དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་མདུན་དུ་བདུད་སྡིག་ཅན་གྱིས་སེམས་ཅན་དམྱལ་ བ་ཆེན་པོ་བརྒྱད་མངོན་པར་སྤྲུལ་ནས། སེམས་ཅན་དམྱལ་བ་ཆེན་པོ་དེ་རེ་རེར་ཡང་བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དང་། བྱང་ཆུབ་སེམས་དཔའ་འབུམ་ཕྲག་མང་པོ་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་མང་པོ་བསྲེག་ཅིང་བཙོ་བ་དང་། སྡུག་བསྔལ་ མི་བཟད་པ། དྲག་པ་རྩུབ་པ་དག་མྱོང་བར་མངོན་པར་སྤྲུལ་ནས། དེ་ལ་འདི་སྐད་ཅེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་ཕྱིར་མི་ལྡོག་པར་དེ་བཞིན་གཤེགས་པས་ལུང་བསྟན་པ་ཤ་སྟག་སྟེ། འདི་དག་སེམས་ཅན་དམྱལ་བ་འདིར་སྐྱེས་སོ། །ཁྱོད་ཀྱང་དེ་བཞིན་ གཤེགས་པས་ཕྱིར་མི་ལྡོག་པར་ལུང་བསྟན་པ་ནི་སེམས་ཅན་དམྱལ་བར་ལུང་བསྟན་པ་ཡིན་གྱིས་ཁྱོད་ཀྱིས་ད་དུང་ཡང་བྱང་ཆུབ་ཀྱི་སེམས་འདི་ཐོང་ཤིག །དེ་ལྟར་ན་ཁྱོད་སེམས་ཅན་དམྱལ་བར་སྐྱེ་བར་མི་འགྱུར་ཏེ། དེས་ན་ཁྱོད་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་ཟེར་ན་གལ་ཏེ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སེམས་མ་འཁྲུགས་ཤིང་ཐེ་ཚོམ་མི་ཟ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ལུང་བསྟན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ ཕྱིར་མི་ལྡོག་པའི་ཁམས་ལ་ངེས་པར་གནས་པ་ཡིན་ནོ། །རབ་འབྱོར་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་པ་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་དམྱལ་བ་པའམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་དེ་ནི་གནས་མེད་ དོ། །རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདུན་དུ་བདུད་སྡིག་ཅན་དགེ་སྦྱོང་གི་ཆ་བྱད་ ཀྱིས་འོངས་ཏེ། འདི་སྐད་དུ་གང་ཁྱོད་ཀྱིས་སྔོན་འདི་ལྟར་བདག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་སྦྱང་བར་ བྱའོ། །འདི་ལྟར་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །ཞེས་བྱ་བ་ཐོས་པར་གྱུར་པ་དེ་དག་སླར་བཤགས་པར་གྱིས་ཤིག །ཁྱོད་ཀྱིས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ཀྱི་ཐུགས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དམ་པའི་ཆོས་གནས་པའི་བར་དེའི་དགེ་བའི་རྩ་བ་གང་ཡིན་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བྱས་པ་དེ་དག་ཀྱང་སོ་སོར་ཤོགས་ཤིག་ཐོང་ཤིག །གལ་ཏེ་ཁྱོད་དགེ་ བའི་རྩ་བ་དེ་དག་སོ་སོར་འཆགས་ཤིང་གཏོང་བ་ལྟ་ན། ཁྱོད་ཀྱིས་གང་ཐོས་པ་དེ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་གྱི་དེ་ནི་སྙན་དངགས་མཁན་གྱིས་རང་བཟོར་སྦྱར་བ་སྟེ། ངས་ཁྱོད་ལ་སངས་རྒྱས་ཀྱི་བཀའ་དེ་དང་། དེ་བཞིན་གཤེགས་པས་གསུངས་པ་དེ་བརྗོད་པར་བྱའོ། །ཞེས་ཟེར་ལ་གལ་ཏེ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་འཁྲུག་ཅིང་ནེམ་ནུར་བྱེད་དམ་ཐེ་ཚོམ་ཟ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ལུང་མ་བསྟན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ནི་ཕྱིར་མི་ལྡོག་ པའི་ཁམས་ལ་ངེས་པར་གནས་པ་མ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུག་ཅིང་ནེམ་ནུར་མི་བྱེད་ཐེ་ཚོམ་མི་ཟ་ལ། ཆོས་ཉིད་ལ་རྟོན་ཅིང་མངོན་པར་འདུ་བྱེད་པ་མེད་པ་དང་། སྐྱེ་བ་མེད་པ་ལ་རྟོན་ཏེ། གཞན་ལ་ཡིད་ཆེས་པས་མི་འགྲོ་ཞིང་། སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་གཞན་གྱི་དྲིང་མི་འཇོག །བྱང་ཆུབ་ཀྱི་བར་ལ་གཞན་གྱི་དྲིང་མི་འཇོག་ཅིང་། འདི་ལྟ་སྟེ་དཔེར་ན། དགྲ་བཅོམ་པ་ཟག་པ་ཟད་པ། གཞན་ལ་ཡིད་མི་ཆེས་པས་མི་འགྲོ་ཞིང་ཆོས་ཉིད་མངོན་སུམ་དུ་གྱུར་པས་བདུད་སྡིག་ཅན་གྱིས་མི་ འཕྲོགས་པ་དེ་བཞིན་དུ་རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་བ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་མི་རྫི་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་ནི་ཕྱིར་མི་ལྡོག་པའི་ཁམས་ལ་ངེས་པར་གནས་ཤིང་གཞན་གྱི་དྲིང་མི་འཇོག་པ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡིད་ཆེས་པས་ཀྱང་མི་འགྲོ་ན། ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའམ། བདུད་ སྡིག་ཅན་ལྟ་ལ་ཅི་སྨོས། གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་གཞན་དག་ལ་ཡིད་ཆེས་པས་འགྲོ་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་ཡིད་ཆེས་པས་འགྲོ་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། གཟུགས་སམ། ཚོར་བ་ འམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པའམ། གཟུགས་ཀྱི་དེ་བཞིན་ཉིད་དམ། རྣམ་པར་ཤེས་པའི་བར་གྱི་དེ་བཞིན་ཉིད་དམ། དེ་བཞིན་དུ་བྱང་ཆུབ་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་བྱང་ཆུབ་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་བའི་ ཕྱིར་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཅན་དགེ་སློང་ གི་ཆ་བྱད་ཀྱིས་འོངས་ཏེ་འདི་སྐད་དུ་འདི་ནི་འཁོར་བའི་སྤྱོད་པ་ཡིན་ཏེ། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྤྱོད་པ་མ་ཡིན་གྱིས་འདི་ཉིད་དུ་ཁྱོད་ཀྱིས་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་ཅེས་སྟོན་ཅིང་། བདུད་སྡིག་ཅན་དེ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་ལ་ལམ་ལྟར་བཅོས་པ་གང་འཁོར་བ་ན་སྤྱོད་པའི་འཇིག་རྟེན་པའི་རྣམ་པ་དག་གིས་ལམ་ལྟར་བཅོས་པ་སྟོན་ཏེ། ཡང་ན་རུས་གོང་དུ་འདུ་ཤེས་པར་སྟོན། ཡང་ན་བསམ་གཏན་དང་པོ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་ཉེ་བར་སྟོན་ཅིང་། ཚེ་དང་ལྡན་པ་ལམ་གང་དང་། ནན་ཏན་གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པ་དང་། དགྲ་བཅོམ་པ་ཉིད་ཀྱི་བར་དུ་འཐོབ་པར་འགྱུར་བའི་ལམ་ནི་འདི་ཡིན། ནན་ཏན་ནི་འདི་ཡིན་གྱིས། ཚེ་དང་ལྡན་པ་ཁྱོད་ཀྱིས་ལམ་འདི་དང་། ནན་ཏན་འདིས་འདི་ཉིད་དུ་སྡུག་བསྔལ་གྱི་མཐར་ ཕྱིན་པར་གྱིས་ཤིག་དང་། ཕྱིན་ཆད་འཁོར་བ་ན་སྤྱོད་པའི་སྡུག་བསྔལ་དེ་དག་མྱོང་བར་མི་འགྱུར་རོ། །ཀྱེ་མ་འདི་ཉིད་དུ་ཁྱོད་ཀྱི་ལུས་འདི་མངོན་པར་གྲུབ་པར་མ་གྱུར་ན་ཁྱོད་ཀྱིས་ལུས་གཞན་ཡང་ཇི་ལྟར་ཡོངས་སུ་གཟུང་བར་སེམས་ཞེས་ཟེར་ཡང་། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སེམས་མི་འཁྲུག་མི་གཡོ་ཞིང་གོང་དུ་ཡང་འདི་སྙམ་དུ་སེམས་ཏེ། བདག་ལ་ལམ་ལྟར་བཅོས་པ་སྟོན་པ་ནི་དགེ་སློང་འདི་བདག་ལ་གཅེས་སྤྲས་བྱེད་པ་ཡིན་ཏེ། ལམ་ལྟར་བཅོས་པ་གང་ཡིན་པ་དེས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བར་ཡང་མི་ འགྱུར། དགྲ་བཅོམ་པ་ཉིད་ཀྱི་བར་དང་། རང་བྱང་ཆུབ་མངོན་སུམ་དུ་བྱ་བར་ཡང་མི་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་སུམ་དུ་བྱ་བར་ཡང་མི་འགྱུར་རོ་སྙམ་སྟེ། དེ་ལས་ཀྱང་གོང་དུ་གང་བདག་ལ་ཆགས་པ་རྣམས་སྟོན་པ་འདི་ནི་བདག་ལ་གཅེས་སྤྲས་བྱེད་པ་ ཡིན་གྱིས་བདག་གིས་ཆགས་པ་དེ་དག་མངོན་དུ་རྫོགས་པར་ཁོང་དུ་ཆུད་པར་བྱས་ལ་ཐེག་པ་གསུམ་པོ་ཀུན་ལ་བསླབ་པར་བྱའོ། །ཞེས་དགའ་བ་སྐྱེས་ཏེ། བདུད་སྡིག་ཅན་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དགའ་བར་གྱུར་པར་ཤེས་ནས། དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གིས། སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱས་པ་ དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་དྲུང་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང་། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བསྒོམས་པ་དང་། སངས་རྒྱས་བཅོམ་ ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལ་བསྙེན་བཀུར་བྱས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པའི་ སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། དེ་བཞིན་དུ་སྙིང་རྗེ་ཆེན་པོའི་བར་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པ་དག་གིས། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཇི་ལྟར་གནས་པར་ བགྱི་ཞེས་བྱང་ཆུབ་སེམས་དཔའི་ཐེག་པ་འདི་ཉིད་ཀྱི་དོན་དུ་ཡོངས་སུ་ཞུས་ཤིང་ཡོངས་སུ་དྲིས་པ་རྣམས་ལྟ་བར་འདོད་དམ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གང་བཤད་པ་ལ་དེ་བཞིན་དུ་གནས་ཏེ། དེ་བཞིན་དུ་སྤྱད། དེ་བཞིན་དུ་བརྩོན་པར་བྱས་ཀྱང་། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཏེ། དེ་ལྟར་གདམས་པ་དང་། དེ་ལྟར་རྗེས་སུ་བསྟན་པ་དང་། དེ་ལྟར་གནས་པ་དང་། དེ་ལྟར་སློབ་སློབ་པ་རྣམས་ཀྱིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་མ་ཐོབ་ན། ཁྱོད་ལྟས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་ག་ལ་འགྱུར་ཞེས་བརྗོད་དེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་དཔྲལ་བ་བྱས་ཀྱང་། གལ་ཏེ་དེའི་སེམས་གཞན་དུ་མ་གྱུར་ལ་མི་སྐྲག་མི་དངང་ཞིང་དངང་བར་མ་གྱུར་ལ། གོང་དུ་ཡང་གང་ཆགས་པ་གང་དག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་འཐོབ་པར་མི་འགྱུར། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་འཐོབ་པར་མི་འགྱུར་བའི་ཆགས་པ་རྣམས་བདག་ལ་སྟོན་པའི་དགེ་སློང་འདི་ནི་བདག་ལ་གཅེས་སྤྲས་བྱེད་པ་ ཡིན་ནོ། །ཞེས་དགའ་བ་བསྐྱེད་པས། བདུད་སྡིག་ཅན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་སེམས་ཞུམ་པ་མེད་པར་རིག་ནས་ས་ཕྱོགས་དེ་ཉིད་དུ་དགེ་སློང་རབ་ཏུ་མང་པོ་མངོན་པར་སྤྲུལ་ནས། འདི་དག་ཐམས་ཅད་ནི་དགྲ་བཅོམ་པ་ཟག་པ་ཟད་པ་སྟེ། འདི་དག་ ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ལས་དགྲ་བཅོམ་པ་ཉིད་ལ་གནས་པར་གྱུར་ན། ཁྱོད་ལྟས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ག་ལ་འགྱུར་ཞེས་ཟེར་ཡང་གལ་ཏེ། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་འདི་སྙམ་དུ་ཀྱེ་མ་འདི་ནི་བདུད་སྡིག་ཅན་ཡིན་ཏེ། ལམ་ལྟར་བཅོས་པ་སྟོན་ཏོ་སྙམ་དུ་སེམས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་། ཉན་ཐོས་ཀྱི་ སའམ། རང་སངས་རྒྱས་ཀྱི་སར་མི་ལྟུང་ལ། གོང་དུ་ཡང་དེ་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་དུ་བསྒོམ་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བའི་གནས་མེད་དེ། གོ་སྐབས་མ་ཡིན་ཞིང་། དེ་ནི་གནས་མེད་དོ་སྙམ་དུ་སེམས་ན། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་ པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ་འདི་སྙམ་དུ་གལ་ཏེ་དེ་བཞིན་གཤེགས་པས་ཇི་སྐད་བསྟན་པ་དེ་བཞིན་དུ་བསླབ་ལ་སྤྱོད་པ་དེ་དག་དང་མ་བྲལ་ཞིང་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པ་ འདི་དག་གིས་གནས་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མི་ཉམས། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལས་ཡོངས་སུ་མི་ཉམས་སོ་སྙམ་དུ་སེམས་ན། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་འདི་སྙམ་དུ་གང་བདུད་ཀྱི་ལས་རྣམས་ཁོང་དུ་ཆུད་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ་སྙམ་དུ་སེམས་ན། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རིག་པར་ བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལས་སླར་ལྡོག་པའི་སླད་དུ་དེས་ན་ཕྱིར་མི་ལྡོག་པ་ཞེས་བགྱི་བར་འཚལ་བར་ བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་གཟུགས་ཀྱི་འདུ་ཤེས་ལས་ལོག་གོ། །ཚོར་བའི་འདུ་ཤེས་ལས་ལོག་གོ། །འདུ་ཤེས་ཀྱི་འདུ་ཤེས་ལས་ལོག་གོ། །འདུ་བྱེད་ཀྱི་འདུ་ཤེས་ལས་ལོག་གོ། །རྣམ་པར་ཤེས་པའི་འདུ་ཤེས་ལས་ལོག་གོ། །ཁམས་ ཀྱི་འདུ་ཤེས་དང་། སྐྱེ་མཆེད་ཀྱི་འདུ་ཤེས་དང་། འདོད་ཆགས་ཀྱི་འདུ་ཤེས་དང་། ཞེ་སྡང་གི་འདུ་ཤེས་དང་། གཏི་མུག་གི་འདུ་ཤེས་དང་། ལྟ་བའི་འདུ་ཤེས་དང་། ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་དང་། སྟོང་པ་ཉིད་ཀྱི་འདུ་ཤེས་དང་། དྲན་པ་ཉེ་བར་གཞག་པའི་འདུ་ཤེས་དང་། དེ་བཞིན་ དུ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་བར་གྱི་འདུ་ཤེས་ལས་ལོག་གོ། །སངས་རྒྱས་ཀྱི་བར་གྱི་འདུ་ཤེས་ལས་ལོག་གོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པས། བྱང་ཆུབ་སེམས་དཔའི་སྐྱོན་ མེད་པ་ལ་འཇུག་སྟེ། དེས་ཆོས་ཕྲ་རབ་ཙམ་ཡང་མི་དམིགས་པས་མངོན་པར་འདུ་མི་བྱེད་དོ། །མངོན་པར་འདུ་མི་བྱེད་པས་མི་སྐྱེད་དེ། དེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱ་སྟེ། རབ་འབྱོར་རྣམ་པ་ དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་ཕྱིར་མི་ལྡོག་པའི་ལེའུ་ཞེས་བྱ་སྟེ་བཞི་བཅུ་རྩ་དགུ་པའོ།། །། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཅན་འོངས་ནས་མོས་པ་ཟློག་ཅིང་། འདི་སྐད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདི་ནི་ནམ་མཁའ་དང་མཚུངས་ཤིང་དངོས་པོ་མེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པའོ། །ཆོས་འདི་དག་ཀྱང་ནམ་ མཁའ་དང་མཚུངས་ཤིང་། དངོས་པོ་མེད་པའི་ངོ་བོ་ཉིད་དེ་རང་གི་མཚན་ཉིད་ཀྱིས་སྟོང་པའོ། །ནམ་མཁའ་དང་མཚུངས་ཤིང་དངོས་པོ་མེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ནི་གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་གིས་མངོན་པར་རྫོགས་པར་ འཚང་རྒྱ་བ་དང་། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཆོས་དེ་གང་ཡང་མི་དམིགས་ཏེ། ཆོས་འདི་དག་ཐམས་ཅད་ནི་ནམ་མཁའ་དང་མཚུངས་ཤིང་དངོས་པོ་མེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པས། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །ཞེས་བྱ་བ་འདི་ནི་ཁྱོད་ཉོན་མོངས་ཤིང་དོན་མེད་པར་འགྱུར་བ་སྟེ། དེ་སྐད་བསྟན་པ་འདི་ནི་བདུད་ཀྱི་ལས་སོ། །འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ་མ་ཡིན་ནོ། །རིགས་ཀྱི་བུ་ཡིད་ལ་བྱེད་པ་དེ་དག་ཐོང་ཤིག །ཁྱོད་ལ་ཡུན་ རིང་པོར་གནོད་པ་དང་། སྡུག་བསྔལ་བ་དང་། ལོག་པར་ལྟུང་བར་གྱུར་ཏ་རེ་ཞེས་ཟེར་ན། དེ་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་ཚིག་དེ་དག་ཐོས་ནས། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་འབྲལ་བར་ བྱེད་པ་འདི་དག་ནི་བདུད་ཀྱི་ལས་ཏེ། འདི་ལྟར་ཆོས་ཐམས་ཅད་ནི་ནམ་མཁའ་དང་མཚུངས་ཤིང་། དངོས་པོ་མེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་མོད་ཀྱི། དེ་དག་སེམས་རྣམས་ཀྱིས་མ་ཤེས་མ་མཐོང་ཞིང་ཁོང་དུ་མ་ཆུད་ཀྱིས། དེའི་ཕྱིར་བདག་གིས་ནམ་མཁའ་དང་མཚུངས་ ཤིང་དངོས་པོ་མེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པའི་གོ་ཆ་བགོས་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ཏེ། སེམས་ཅན་རྣམས་ལ་ངེས་པར་འབྱུང་བའི་ཆོས་བསྟན་པར་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་དགོད་པར་བྱའོ། །རང་བྱང་ཆུབ་ལ་དགོད་པར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་དུ་སེམས་ཤིང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱིས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཆོས་དེ་དག་ཐོས་ན་སེམས་བརྟན་པར་བྱའོ། །སེམས་མི་གཡོ་བར་བྱའོ། །སེམས་མི་འཕྲོགས་པར་བྱའོ། །དེ་སེམས་བརྟན་པ་དང་། སེམས་མི་གཡོ་བ་དང་། སེམས་མི་འཕྲོགས་པ་དེ་དང་ལྡན་པས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་ སྤྱོད་ན། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕྱིར་མི་ལྡོག་པ་ཞེས་བགྱིའམ། འོན་ཏེ་ཕྱིར་ལྡོག་ པའི་བྱང་ཆུབ་སེམས་དཔའ་ལ་ཕྱིར་མི་ལྡོག་པ་ཞེས་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་ལྡོག་པ་ཞེས་བྱའོ། །ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་ ཕྱིར་མི་ལྡོག་པ་ཞེས་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་མི་ལྡོག་པ་ཞེས་བགྱི། ཇི་ལྟར་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་ལྡོག་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ ཆུབ་སེམས་དཔའ་གང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལས་ལོག་པ་དེ་ནི། རབ་འབྱོར་ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ་ཕྱིར་མི་ལྡོག་པ་ཞེས་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་གང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་ལྡོག་པ་དེ་ནི། རབ་ འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ་ཕྱིར་ལྡོག་པ་ཞེས་བྱའོ། །རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱ་སྟེ། རྣམ་པ་དེ་དག་དང་། རྟགས་དེ་དག་ དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདུད་སྡིག་ཅན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བཟློག་པར་མི་ནུས་སོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདོད་ན་བསམ་གཏན་དང་པོ་ ལ་སྙོམས་པར་འཇུག་གོ། །བསམ་གཏན་བཞི་པའི་བར་ལ་སྙོམས་པར་འཇུག་གོ། །འགོག་པའི་སྙོམས་པར་འཇུག་པའི་བར་ལ་སྙོམས་པར་འཇུག་གོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདོད་ན་དྲན་པ་ཉེ་བར་གཞག་པ་བཞི་ལ་ སྙོམས་པར་འཇུག་གོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་སྙོམས་པར་འཇུག་གོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་བར་ལ་སྙོམས་པར་འཇུག་གོ། །མངོན་པར་ཤེས་པ་ལྔ་མངོན་པར་སྒྲུབ་བོ། །དེ་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པས་འདྲིས་བར་བྱེད་དེ། དྲན་པ་ཉེ་བར་གཞག་པ་བཞི་པོ་དག་སྒོམ་པར་བྱེད་ཅིང་། དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། སྟོང་པ་ཉིད་དང་། མཚན་ མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ལ་མངོན་པར་ཤེས་པ་ལྔ་མངོན་པར་སྒྲུབ་ཀྱང་བསམ་གཏན་གྱི་འབྲས་བུ་ཡོངས་སུ་མི་འཛིན་ཏོ། །དེ་བཞིན་དུ་འགོག་པའི་སྙོམས་པར་འཇུག་པའི་བར་གྱི་འབྲས་བུ་ཡོངས་སུ་མི་འཛིན་ཏོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ ཐོབ་པར་མི་བྱེད་དོ། །དེ་བཞིན་དུ་རང་བྱང་ཆུབ་ཀྱི་བར་དུ་ཐོབ་པར་མི་བྱེད་དོ། །དེ་འདོད་ན་བསམས་བཞིན་དུ་ལུས་ཡོངས་སུ་འཛིན་ཏེ་ལུས་གང་གིས་སེམས་ཅན་རྣམས་ཀྱི་དོན་བྱེད་པའི་ལུས་དེ་ཡོངས་སུ་འཛིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་ལྡན་ཏེ། བྱང་ཆུབ་ཀྱི་སེམས་དང་མ་བྲལ་བས་གཟུགས་ལྷུར་ལེན་པ་མ་ཡིན། མཚན་མ་ལྷུར་ལེན་པ་མ་ཡིན། ལུས་ལྷུར་ལེན་པ་མ་ཡིན། སྦྱིན་པ་ལྷུར་ལེན་པ་མ་ཡིན། དེ་བཞིན་དུ་ཤེས་རབ་ཀྱི་བར་དུ་ལྷུར་ལེན་པ་མ་ཡིན། བསམ་གཏན་ལྷུར་ལེན་པ་མ་ཡིན། ཚད་མེད་པ་ལྷུར་ལེན་པ་མ་ཡིན། གཟུགས་མེད་པའི་སྙོམས་པར་འཇུག་པ་ལྷུར་ལེན་པ་མ་ཡིན། མངོན་པར་ཤེས་པ་ལྷུར་ལེན་པ་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་ལྷུར་ལེན་པ་མ་ཡིན། མི་འཇིགས་པ་ལྷུར་ལེན་པ་མ་ཡིན། བྱང་ཆུབ་ཀྱི་བར་དུ་ལྷུར་ལེན་པ་མ་ཡིན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལྷུར་ལེན་པ་མ་ཡིན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལྷུར་ ལེན་པ་མ་ཡིན། སངས་རྒྱས་བལྟ་བ་ལྷུར་ལེན་པ་མ་ཡིན། དགེ་བའི་རྩ་བ་བསྐྱེད་པ་ལྷུར་ལེན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་དག་ནི་ནམ་མཁའ་དང་མཉམ་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ། རབ་འབྱོར་ཕྱིར་མི་ལྡོག་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྤྱོད་ལམ་རྣམ་བཞིར་ཡང་བྱང་ཆུབ་སེམས་དཔའི་ཡིད་ལ་བྱེད་པ་འདི་དང་ལྡན་པས་འགྲོ་ཡང་རུང་ལྡོག་ཀྱང་རུང་སྟེ། སེམས་འཁྲུལ་བཞིན་དུ་མི་འོང་། སེམས་འཁྲུལ་བཞིན་དུ་མི་འགྲོ། སེམས་འཁྲུལ་བཞིན་དུ་མི་འགྲེང་། སེམས་འཁྲུལ་བཞིན་ དུ་མི་འཆག། སེམས་འཁྲུལ་བཞིན་དུ་མི་འདུག། སེམས་འཁྲུལ་བཞིན་དུ་མི་ཉལ་གྱི། དེ་ནི་དྲན་བཞིན་དུ་འོང་བ་དང་། འགྲོ་བ་དང་། འཆག་པ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བར་བྱེད་དེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཁྱིམ་གྱི་ནང་ན་གནས་ཤིང་ཐབས་ལ་མཁས་པས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ ཕྱིར་འདོད་པའི་ཡོན་ཏན་ལྔ་སྟོན་ཏེ། སེམས་ཅན་རྣམས་ལ་སྦྱིན་པ་སྦྱིན་ཞིང་། ཟས་འདོད་པ་རྣམས་ལ་ནི་ཟས་སྦྱིན་པ་ནས། མིའི་ཡོ་བྱད་གང་ཡང་རུང་བའི་བར་དུ་སྦྱིན་པར་བྱེད་དེ། དེ་བདག་ཉིད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལ་གཞན་དག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་ པར་འཛིན་དུ་འཇུག་ཅིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་བསྔགས་པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། གཞན་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སྤྱོད་པ་དེ་དག་གི་བསྔགས་ པ་ཡང་བརྗོད་ཅིང་རྗེས་སུ་དགའ་བར་བྱེད་དོ། །རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེན་པོ་དེ་ནི་ཁྱིམ་གྱི་ནང་ན་གནས་ཤིང་། འཛམ་བུའི་གླིང་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་སྦྱིན་པ་སྦྱིན་པར་བྱེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་ རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་སྦྱིན་པ་སྦྱིན་པར་བྱེད་ལ། འདོད་པ་དག་ལ་ཡང་ཡོངས་སུ་མི་སྤྱོད་དེ། རྟག་ཏུ་རྒྱུན་མི་ཆད་པར་ཚངས་པར་སྤྱོད་ཅིང་། དེ་སུ་ལ་ཡང་གནོད་པ་གང་གིས་ཕ་རོལ་གྱི་ཡིད་མི་དགའ་བར་འགྱུར་བའི་གནོད་པ་མི་སྐྱེད་དེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་ དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་ རྒྱ་བར་འགྱུར་རོ་སྙམ་ནས་བསྲུང་བ་དང་ཡོངས་སུ་བསྐྱང་བའི་ཕྱིར། གནོད་སྦྱིན་ལག་ན་རྡོ་རྗེ་རྟག་ཏུ་རྒྱུན་མི་འཆད་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་ཕྱི་བཞིན་འབྲང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པའི་ཕྱི་བཞིན་འབྲང་བ་བཞིན་ནོ། ། རྡོ་རྗེའི་རིགས་ལྔའི་བར་དུ་རྟག་ཏུ་རྒྱུན་མི་ཆད་པར་ཕྱི་བཞིན་འབྲང་སྟེ། དེ་ལ་མི་རྣམས་སམ། མི་མ་ཡིན་པ་རྣམས་ཀྱིས་གནོད་པར་བྱེད་མི་ནུས་ཏེ། དེ་ལ་འཇིག་རྟེན་ན་ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་འཐུན་པར་ཐུབ་པ་མེད་དོ། །བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་བྱང་ཆུབ་ཡིད་ལ་བྱེད་པ་ལས། དེའི་སེམས་རྣམ་པར་གཡེང་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེའི་དབང་པོ་མ་ཚང་བར་མི་འགྱུར་ཏེ། འདི་ལྟ་སྟེ། མིག་གི་དབང་པོ་དང་། ཡིད་ཀྱི་དབང་པོའི་བར་དང་། དད་པའི་ དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་མ་ཚང་བར་མི་འགྱུར་རོ། །སྐྱེས་བུ་དམ་པ་ཡིན་གྱི། སྐྱེས་བུ་དམ་པ་མ་ཡིན་པར་མི་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ཙམ་གྱིས་ན་སྐྱེས་བུ་དམ་པ་ལགས་ཀྱི། སྐྱེས་བུ་དམ་པ་མ་ལགས་པར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་སེམས་རྣམ་པར་གཡེང་བར་མི་ འགྱུར་བ་དེ་ཙམ་གྱིས་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་བུ་དམ་པ་ཡིན་གྱི། སྐྱེས་བུ་དམ་པ་མ་ཡིན་པར་མི་འགྱུར་རོ། །རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་ཡིད་ལ་བྱེད་པ་དག་དང་ལྡན་པ་ནི་བུད་མེད་འགུགས་པར་བྱེད་པའི་གསང་སྔགས་དང་། རིག་སྔགས་དང་། སྨན་དང་། སྦྱར་སྨན་གང་ ཡིན་པ་དེ་དག་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྦྱོར་ཞིང་སྦྱོར་དུ་འཇུག་པར་མི་བྱེད་ལ། བུད་མེད་རྣམས་འགུགས་པ་གང་ཡང་མི་བྱེད་དོ། །སྐྱེས་པའམ། བུད་མེད་ལ་བུ་ཕོར་འགྱུར་རོ་ཞེའམ། བུ་མོར་འགྱུར་རོ་ཞེའམ། རིགས་འཕན་པར་འགྱུར་རོ་ཞེའམ། ཚེ་རིང་བར་འགྱུར་རོ་ཞེས་ཀུན་བརྗོད་པའི་ཆོ་འཕྲུལ་སྟོན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་མཚན་མ་ཡང་དག་པར་རྗེས་སུ་མ་མཐོང་བའི་ཕྱིར་ཏེ། དེས་མཚན་མ་ ཡང་དག་པར་རྗེས་སུ་མ་མཐོང་བས། འཚོ་བ་ཡོངས་སུ་དག་པར་གནས་སོ། །རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་དང་། རྟགས་དང་། མཚན་མ་གང་དག་དང་ལྡན་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་རིག་པར་བྱ་བ་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་བསྟན་གྱི་དེ་དག་ལེགས་པར་རབ་ཏུ་ཉོན་ལ་ ཡིད་ལ་ཟུང་ཤིག་དང་བཤད་དོ། །ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་ཡིད་ལ་བྱེད་པ་དག་དང་མ་བྲལ་བས་ཕུང་པོའི་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །ཁམས་དང་སྐྱེ་མཆེད་ཀྱི་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་སྟོང་པ་ཉིད་ལ་གནས་པས་ཆོས་གང་ལ་ཡང་ངན་པའམ། མཆོག་ ཏུ་གྱུར་པར་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །དེ་ཆོམ་རྐུན་གྱི་གཏམ་གྱི་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ཆོས་གང་ལ་ཡང་བསྡུ་བའམ། དབྲོག་པ་ཡང་དག་པར་རྗེས་སུ་མ་མཐོང་བའི་ཕྱིར་རོ། ། དེ་དམག་གི་གཏམ་གྱི་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རང་བཞིན་སྟོང་པ་ཉིད་ལ་གནས་པས་ཆོས་གང་ལ་ཡང་ཉུང་ངུའམ། མང་པོར་ཡང་དག་པར་རྗེས་སུ་མ་མཐོང་བའི་ཕྱིར་རོ། །དེ་གཡུལ་འགྱེད་པའི་གཏམ་གྱི་སྦྱོར་བ་ལ་བརྩོན་པར་མི་གནས་སོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ན་ཆོས་ཐམས་ཅད་ནི་དེ་བཞིན་ཉིད་ལ་གནས་པས་ཆོས་གང་ལ་ཡང་རྗེས་སུ་འཆག་པའམ། ཁོང་ཁྲོ་བ་ཡང་དག་པར་རྗེས་སུ་མ་མཐོང་བའི་ཕྱིར་རོ། །དེ་གྲོང་གི་གཏམ་གྱི་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཆོས་ཐམས་ ཅད་སྟོང་པ་ཉིད་ལ་གནས་པའི་ཆོས་གང་ལ་ཡང་ཚོགས་སམ་ཚོགས་མ་ཡིན་པར་ཡང་དག་པར་རྗེས་སུ་མ་མཐོང་བའི་ཕྱིར་རོ། །དེ་གྲོང་ཁྱེར་གྱི་གཏམ་གྱི་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནམ་མཁའ་སྟོང་པ་ཉིད་ལ་གནས་པས། ཆོས་གང་ ལ་ཡང་བསྡུ་བའམ་མི་བསྡུ་བ་ཡང་དག་པར་རྗེས་སུ་མ་མཐོང་བའི་ཕྱིར་རོ། །དེ་གྲོང་རྡལ་གྱི་གཏམ་གྱི་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཡང་དག་པའི་མཐའ་ལ་གནས་པས་ཆོས་གང་ལ་ཡང་འཕེལ་བའམ། འབྲི་བར་ཡང་དག་པར་རྗེས་སུ་མ་མཐོང་ བའི་ཕྱིར་རོ། །དེ་བདག་གི་གཏམ་གྱི་སྦྱོར་བ་ལ་བརྩོན་པར་མི་གནས་ཏེ། དེ་བཞིན་དུ་ཤེས་པ་པོ་དང་། མཐོང་བ་པོའི་བར་གྱི་གཏམ་གྱི་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། གཞན་དུ་ན་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པའི་གཏམ་གྱི་སྦྱོར་བ་ལ་བརྩོན་པར་གནས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དང་ལྡན་པའི་ཡིད་ལ་བྱ་བ་དག་དང་མ་བྲལ་བར་གནས་སོ། །དེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གིས་གནས་ཤིང་། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། སེར་སྣའི་སྦྱོར་བ་ལ་བརྩོན་ པར་མི་གནས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། འཆལ་པའི་ཚུལ་ཁྲིམས་ཀྱི་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། འཁྲུག་པའི་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། ལེ་ལོའི་ སྦྱོར་བ་ལ་བརྩོན་པར་མི་གནས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། རྣམ་པར་གཡེང་བའི་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། འཆལ་པའི་ཤེས་རབ་ཀྱི་སྦྱོར་བ་ལ་བརྩོན་པར་མི་གནས་སོ། །དེ་ཆོས་ཐམས་ཅད་སྟོང་པ་ ཉིད་ལ་གནས་ཤིང་། ཆོས་འདོད་པ་ཉིད་ཡིན་གྱི། ཆོས་མི་འདོད་པ་ཉིད་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ལ་སྤྱོད་ཅིང་ཆོས་ཐ་དད་པའི་བསྔགས་པ་བརྗོད་པ་མ་ཡིན་ནོ། །དེ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དགེ་ བའི་བཤེས་གཉེན་དུ་འདོད་པ་ཡིན་ནོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་གང་ཡིན་པ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་གོ། །འཛུད་དོ། །འདུལ་ལོ། །འགོད་དོ། །དེ་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉེས་པར་བྱེད་ཅིང་། ལྟ་བའི་ཕྱིར། འཇིག་རྟེན་གྱི་ཁམས་གང་ན་བཞུགས་ཤིང་གཞེས་པ་དེར་སྐྱེ་བ་སྟེ། དེ་འདོད་ན་དེར་སྐྱེ་ཞིང་། འདི་ལྟ་སྟེ། སངས་རྒྱས་ཡིད་ལ་བྱེད་པའི་ཡིད་ལ་བྱེད་པ་དེ་དག་གིས་ཉིན་ མཚན་དུ་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཕལ་ཆེར་འདོད་པའི་ཁམས་དང་ལྡན་པའི་ཡིད་ལ་བྱ་བ་དག་སྐྱེད་ནས། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་གནས་ཏེ། གང་ན་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མངོན་དུ་གྱུར་པར་བཞུགས་ཏེ། འཚོ་ཞིང་གཞེས་པའི་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བ་དང་། བསམ་གཏན་དང་པོ་སྐྱེད་ཅིང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་བར་དུ་སྐྱེད་ནས། གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མངོན་དུ་གྱུར་པར་བཞུགས་ཏེ། འཚོ་ཞིང་གཞེས་པ་དེར་སྐྱེ་བའི་ཕྱིར་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནང་སྟོང་པ་ཉིད་ལ་གནས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་གནས་པ་དང་། དྲན་པ་ཉེ་བར་གཞག་ པ་ལ་གནས་པ་དང་། དེ་བཞིན་དུ་སྦྱར་ཏེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་བར་ལ་གནས་པ་དེ་འདི་སྙམ་དུ་བདག་ནི་ཕྱིར་མི་ལྡོག་པའམ། ཕྱིར་མི་ལྡོག་པ་མ་ཡིན་ནོ་སྙམ་དུ་དེ་ཐེ་ཙོམ་མི་སྐྱེ་ཞིང་། རང་གི་ས་ལ་སོམ་ཉི་མེད་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཕྱིར་མི་ལྡོག་པའམ། ཕྱིར་མི་ལྡོག་པ་མ་ཡིན་པའི་ཆོས་ཕྲ་རབ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱུན་དུ་ཞུགས་པའི་མི་རྒྱུན་དུ་ཞུགས་པའི་འབྲས་བུའི་ས་ལ་གནས་པ་ནི་རང་གི་ས་ལ་སོམ་ཉི་མེད་ཅིང་ ཐེ་ཙོམ་མི་ཟའོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་སའི་བར་ལ་གནས་པ་ཡང་སོམ་ཉི་མེད་ཅིང་ཐེ་ཙོམ་མི་ཟའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ས་ལ་གནས་པ་ཡང་སོམ་ཉི་མེད་ཅིང་ཐེ་ཙོམ་མི་ཟའོ། །དེ་ཕྱིར་མི་ལྡོག་པའི་ས་དེ་ལ་གནས་ཏེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་དག་ཀྱང་ཤེས་ཏེ། བདུད་ཀྱི་ལས་ཀྱི་དབང་དུ་ཡང་མི་འགྲོའོ། །བདུད་ཀྱི་ལས་ཐམས་ཅད་ཤེས་ནས་ཀྱང་རྣམ་པར་འཇོམས་ཤིང་སྲབ་མོར་བྱེད་དོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། མཚམས་མེད་པ་བྱེད་བྱེད་པའི་མི་ནི་འཆི་ཀའི་བར་དུ་ཡང་མཚམས་མེད་པའི་སེམས་དང་མི་འབྲལ་ཞིང་། དེའི་མཚམས་མེད་པའི་སེམས་དེ་རྗེས་སུ་འབྲང་ཞིང་། མཚམས་མེད་པའི་སེམས་དེ་ནི་ཐབས་ཐམས་ཅད་ཀྱིས་ཀྱང་གཞིལ་བར་མི་ནུས་ཏེ། དེ་ནི་ ཀུན་ནས་ལྡང་བས་སེམས་དེ་ནི་འཆི་ཀའི་བར་དུ་ཡང་རྗེས་སུ་འབྲང་ངོ་། །རབ་འབྱོར་དེ་བཞིན་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་སེམས་དེ་ཡང་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ནས་སེམས་དེ་རྣམ་པར་བརྟག་ཏུ་མེད་ཅིང་མི་གཡོ་སྟེ། དེ་ནི་ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བཟློག་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཕྱིར་མི་ལྡོག་པའི་སེམས་དེ་ནི། ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལས་འདས་ནས། ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་ཏེ། དེ་རང་ གི་ས་ལ་གནས་ནས་མངོན་པར་ཤེས་པ་རྣམས་ཀྱི་དམ་པའི་ཕ་རོལ་དུ་སོན་པས། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། ཆོས་མཉན་པའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགེ་བའི་རྩ་བ་རྣམས་ཀྱང་སྐྱེད་ཅིང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡོངས་སུ་འདྲི་བར་བྱེད། ཡོངས་སུ་ཞུ་བར་བྱེད། བསྙེན་བཀུར་བྱེད་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དེ་ལྟར་གནས་པའི་བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་རྣམས་ཁོང་དུ་ཆུད་དེ། བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་རྣམས་ཀྱི་དབང་དུ་ཡང་མི་འགྲོའོ། །བདུད་ཀྱི་ལས་དེ་དག་ཀྱང་ཐབས་ལ་མཁས་པས་ཡང་ དག་པའི་མཐའ་ལ་སྦྱོར་བར་བྱེད་ཅིང་། དེ་རང་གི་ས་ལ་ནེམ་ནུར་མེད་དེ་ཐེ་ཚོམ་མི་ཟའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཡང་དག་པའི་མཐའ་ལ་སོམ་ཉི་མེད་པས། ཡང་དག་པའི་མཐའ་ལ་གཅིག་གམ། གཉིས་སུ་རྣམ་པར་མི་རྟོག་སྟེ། དེ་ལྟར་ཤེས་པས་དེ་ཚེ་རྗེས་ནས་ཀྱང་ཉན་ཐོས་ དང་རང་སངས་རྒྱས་ཀྱི་སར་སེམས་མི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་ཡང་དག་ པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཚེ་རྗེས་ནས་ཀྱང་འདི་སྙམ་དུ། བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ་སྙམ་དུ་མི་སེམས་ཀྱི་བདག་གདོན་མི་ཟ་བར་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །སྙམ་དུ་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རང་གི་ས་ལ་དེ་ལྟར་གནས་པ་དེ་ནི་རང་གི་ས་ལ་གཞན་གྱི་དྲིང་མི་འཇོག་པ་ཡིན། རང་གི་ས་ལ་ཐུབ་པ་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གནས་པ་ནི་མི་འཕྲོགས་པའི་ཡེ་ཤེས་དང་ལྡན་པ་ཡིན་པའི་ཕྱིར་ཏེ། རབ་འབྱོར་གལ་ཏེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་ཀྱིས་འོངས་ནས། འདི་སྐད་དུ་ཁྱོད་ཀྱིས་འདི་ཉིད་དུ་དགྲ་བཅོམ་པ་ཉིད་ཐོབ་པར་གྱིས་ཤིག །ཁྱོད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང