Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 030_ཁྲི་བརྒྱད།_ཁ

Văn bản gốc(Tây Tạng)

Trang 13 / 19 (50.000 ký tự/trang)
་མ་བསྟན་ཏོ། །
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་གང་གི་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡང་ཁྱོད་ཀྱིས་མ་ཐོབ་བོ། །རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་
གང་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་ཀྱང་ཁྱོད་ལ་མེད་དོ་ཞེས་ཟེར་ཡང་། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་སྒྲ་དེ་ཐོས་ནས། མི་ཞུམ། མི་འགོང་ཞིང་། དེའི་སེམས་གཞན་དུ་མི་འགྱུར་ལ་ཡིད་སྐྲག་པར་མི་འགྱུར་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་
གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་སྙམ་དུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཆོས་གང་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་ཆོས་དེ་
དག་བདག་ལ་ཡོད་དོ་སྙམ་པའི་ཕྱིར་རོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་ཀྱིས་འོངས་ནས། འདི་སྐད་ཅེས་ཁྱོད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏེ། ཁྱོད་ཉན་ཐོས་ཀྱི་ས་

འམ། རང་སངས་རྒྱས་ཀྱི་སར་ངེས་སོ་ཞེས་ཟེར་ཡང་། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ། ཀྱེ་མ་འདི་ནི་བདུད་དམ། བདུད་ཀྱིས་བྱིན་གྱིས་བརླབས་པའི་མི་ཞིག་སངས་རྒྱས་ཀྱི་ཆ་བྱད་ཀྱིས་འོངས་ཀྱི། དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ཡང་དག་པར་འཛིན་དུ་འཇུག་པར་མི་མཛད་དོ་སྙམ་དུ་སེམས་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལུང་བསྟན་
པ་ཡིན་པར་རིག་པར་བྱའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་དག་ཀློག་ཅིང་། ཁ་ཏོན་བྱེད་པའི་དྲུང་དུ་བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་ཀྱིས་འོངས་ནས། འདི་སྐད་ཅེས་གང་ལ་ཁྱོད་སྤྱོད་པའི་མདོ་སྡེ་འདི་དག་ནི་སངས་རྒྱས་རྣམས་དང་
ཉན་ཐོས་རྣམས་ཀྱིས་བཤད་པ་མ་ཡིན་གྱི་མདོ་སྡེ་འདི་དག་ནི་བདུད་ཀྱིས་བཤད་པའོ་ཞེས་ཟེར་ན། རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀྱེ་མ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་བྲལ་བར་བྱེད་པ་འདི་ནི་བདུད་སྡིག་ཅན་ནམ། བདུད་ཀྱིས་བྱིན་གྱིས་
བརླབས་པའི་མི་ཞིག་ཡིན་ནོ་སྙམ་དུ་རིག་པར་བྱེད་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཅིང་། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དེ་ལ་ཡོད་པའི་ཕྱིར་རོ། །
རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི།

དམ་པའི་ཆོས་ཡོངས་སུ་གཟུང་བའི་ཆེད་དུ་བདག་ཀྱང་ཡོངས་སུ་གཏོང་བར་བྱེད་ལ། སྲོག་ཀྱང་ཡོངས་སུ་གཏོང་བར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཆེད་དུ་ཇི་ལྟར་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་
བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་འཛིན་པར་བྱེད་པ་དེ་ལྟར་བརྩོན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འདི་སྙམ་དུ་སེམས་ཏེ། དམ་པའི་ཆོས་ཡོངས་སུ་བཟུང་ན། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་
ལྡན་འདས་རྣམས་ལ་མཆོད་པར་འགྱུར། དེ་དག་གི་དམ་པའི་ཆོས་ཀྱང་ཡོངས་སུ་གཟུང་བར་འགྱུར་རོ་སྙམ་པའི་ཕྱིར་རོ་དེ་ལ་ཆོས་གང་གི་ཆེད་དུ་བདག་ཀྱང་ཡོངས་སུ་གཏོང་བར་བྱེད་པའི་ཆོས་གང་ཞེ་ན། འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་
ཐམས་ཅད་སྟོང་ངོ་ཞེས་ཆོས་སྟོན་པ་སྟེ། དེ་ལ་མི་བླུན་པོ་ཁ་ཅིག་འདི་ནི་ཆོས་མ་ཡིན་འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ། །ཞེས་ཕྱིར་ཟློག་ཅིང་ཕྱིར་རྒོལ་ཏེ། རབ་འབྱོར་ཆོས་དེའི་ཆེད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཀྱང་ཡོངས་སུ་
གཏོང་བར་བྱེད་དོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་བསླབ་པར་བྱ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་མ་འོངས་པ་ན། འབྱུང་བ་དེ་དག་གི་ནང་དུ་བདག་ཀྱང་གྲངས་སུ་ཆུད་པར་བྱའོ། །བདག་
ཀྱང་དེར་ལུང་བསྟན་ཏོ། །ཆོས་གང་གི་ཆེད་དུ་བདག་གིས་བདག་ཀྱང་ཡོངས་སུ་གཏང་བར་བྱ་བ་དང་། སྲོག་ཀྱང་ཡོངས་སུ་གཏང་བར་བྱ་བ་དེ་ཡང་བདག་གི་ཆོས་སོ་ཞེས་བསླབ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་གྱི་དབང་འདི་མཐོང་བས། དམ་པའི་
ཆོས་ཀྱི་ཆེད་དུ་བདག་ཀྱང་ཡོངས་སུ་གཏོང་བར་བྱེད་དོ། །རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་སྟོན་པ་ལ་སོམ་ཉི་མེད་ཅིང་ཐེ་ཙོམ་མི་ཟ་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གང་གསུངས་པ་དེ་ཐམས་ཅད་ཡོངས་སུ་འཛིན་ཏོ། །
དེ་ལྟར་བཟུང་ནས་ཀྱང་ཆུད་ཟ་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུངས་ཐོབ་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་གང་ཐོབ་པས་དེ་བཞིན་གཤེགས་པས་གསུངས་
པའི་མདོ་སྡེ་རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཆབ་མི་འཚལ་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འཛིན་པའི་གཟུངས་ཐོབ་པས་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་རྣམས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ལ་ཆུད་ཟ་བར་མི་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ཁོ་ན་ལ་ཐེ་ཚོམ་མི་འཚལ་དུ་བས་ཀྱང་ཉན་ཐོས་ཀྱིས་བཤད་པ་རྣམས་ལ་མ་ལགས་
སམ། ལྷས་བཤད་པ་རྣམས་ལ་མ་ལགས་སམ། ཀླུས་བཤད་པ་རྣམས་ལ་མ་ལགས་སམ། གནོད་སྦྱིན་གྱིས་བཤད་པ་རྣམས་ལ་མ་ལགས་སམ། དྲི་ཟས་བཤད་པ་རྣམས་ལ་མ་ལགས་སམ། ལྷ་མ་ཡིན་གྱིས་བཤད་པ་རྣམས་ལ་མ་ལགས་སམ། ནམ་མཁའ་
ལྡིང་གིས་བཤད་པ་རྣམས་ལ་མ་ལགས་སམ། མི་འམ་ཅིས་བཤད་པ་རྣམས་ལ་མ་ལགས་སམ། ལྟོ་འཕྱེ་ཆེན་པོས་བཤད་པ་རྣམས་ལ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྐད་དང་།
བརྡ་དང་། སྒྲ་གང་དག་ཅི་ཡང་རུང་སྟེ། ཐམས་ཅད་ལ་སོམ་ཉི་མེད་ཅིང་ཐེ་ཙོམ་མི་ཟའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འཛིན་པའི་གཟུངས་ཐོབ་པའི་ཕྱིར་རོ། །རབ་འབྱོར་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་ཕྱིར་མི་ལྡོག་པའི་རྟགས་བསྟན་པའི་ལེའུ་ཞེས་བྱ་སྟེ་ལྔ་བཅུ་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་སུམ་
ཅུ་རྩ་བརྒྱད་པ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡོན་ཏན་ཆེན་པོ་དང་ལྡན་པ་ལགས་སོ། །བཅོམ་ལྡན་
འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡོན་ཏན་དཔག་ཏུ་མ་མཆིས་པ་དང་ལྡན་པ་ལགས་སོ། །བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡོན་ཏན་ཚད་མ་མཆིས་པ་དང་ལྡན་པ་ལགས་སོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡོན་ཏན་ཆེན་པོ་དང་ལྡན་པ་ཡིན་ནོ། །རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡོན་ཏན་དཔག་ཏུ་
མེད་པ་དང་ལྡན་པ་ཡིན་ནོ། །རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡོན་ཏན་ཚད་མེད་པ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཡེ་ཤེས་མཐའ་ཡས་
མུ་མེད་པ་ཐོབ་པའི་ཕྱིར་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡེ་ཤེས་དེ་ལ་གནས་ཤིང་སོ་སོ་ཡང་དག་པར་རིག་པ་གང་དག་མངོན་པར་བསྒྲུབས་པས། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་དྲིས་ཀྱང་ཚིག་གི་ལན་མཐར་ཐུག་པར་
མི་ནུས་པའི་སོ་སོ་ཡང་དག་པར་རིག་པ་དག་མངོན་པར་སྒྲུབ་བོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྣམ་པ་གང་དག་དང་།

རྟགས་གང་དག་དང་། མཚན་མ་གང་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལེགས་པར་རབ་ཏུ་དབྱེ་བར་བགྱི་བ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་རྣམས་དང་། རྟགས་རྣམས་དང་། མཚན་མ་
རྣམས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྟོན་པར་སྤྱོད་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གང་ལ་གནས་ཤིང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ན། དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བགྱིད་པ་དང་། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བགྱིད་པའི་གནས་ཟབ་མོ་རྣམས་ལེགས་པར་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་ཁྱོད་
ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དོན་དུ་གནས་ཟབ་མོ་ཟབ་མོ་རྣམས་ཡོངས་སུ་འདྲི་བར་སེམས་པ་ནི་ཡང་ཁྱོད་ལེགས་སོ། །རབ་འབྱོར་གནས་ཟབ་མོ་ཞེས་བྱ་བ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་
འདུ་བྱ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། མྱ་ངན་ལས་འདས་པ་དང་། ཞི་བ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དགས་ཡིན་ཏེ། རབ་འབྱོར་ཟབ་མོའི་གནས་དེ་དག་ནི་
གང་དག་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཚིག་བླ་དགས་སུ་གྱུར་པ་རྣམས་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་དེ་མྱ་ངན་ལས་འདས་པའི་ཚིག་བླ་དགས་སུ་བས་ཀྱི་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་ཚིག་བླ་དགས་མ་ལགས་སམ། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ་ཟབ་མོ་ཟབ་མོ་ཞེས་བྱ་བ་དེ་ནི་ཆོས་ཐམས་ཅད་ཀྱི་ཚིག་བླ་དགས་ཀྱང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཟབ་པ་དང་། རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ཟབ་པ་དང་།

རབ་འབྱོར་མིག་ཀྱང་ཟབ་པ་དང་། རབ་འབྱོར་དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་བར་དུ་ཡང་ཟབ་པ་དང་། རབ་འབྱོར་བྱང་ཆུབ་ཀྱི་བར་དུ་ཡང་ཟབ་པའི་ཕྱིར་རོ། །རབ་འབྱོར་ཇི་ལྟར་ན་གཟུགས་ཟབ་པ་ཡིན་ཞེ་ན། གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་ལྟར་གཟུགས་ཟབ་བོ། །ཚོར་བ་དང་། འདུ་
ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་ལྟར་རྣམ་པར་ཤེས་པ་ཟབ་བོ། །རབ་འབྱོར་དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་བར་གྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་ལྟར་བྱང་ཆུབ་ཟབ་བོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གཟུགས་ཀྱི་དེ་བཞིན་
ཉིད་ཇི་ལྟ་བུ་ལགས། བྱང་ཆུབ་ཀྱི་བར་གྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་དེ་བཞིན་ཉིད་དེ་ལ་ནི་གཟུགས་མེད་ལ་གཟུགས་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། གཟུགས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་དེ་བཞིན་
ཉིད་ལ་ནི་རྣམ་པར་ཤེས་པའི་བར་དུ་མེད་ལ། རྣམ་པར་ཤེས་པ་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །དེ་བཞིན་ཉིད་ལ་ནི་བྱང་ཆུབ་ཀྱི་བར་དུ་མེད་ལ། བྱང་ཆུབ་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ་བྱང་ཆུབ་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །
དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་ཐབས་སླ་བས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གཟུགས་ལས་ཀྱང་བཟློག་མྱ་ངན་ལས་འདས་པ་ཡང་སྟོན། ཚོར་
བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ལས་ཀྱང་བཟློག། མྱ་ངན་ལས་འདས་པ་ཡང་བསྟན། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང་། ཐུན་མོང་དང་ཐུན་མོང་མ་ལགས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མ་མཆིས་པ་ལ་འཛིན་པ་ཐམས་ཅད་
ལས་ཀྱང་བཟློག། མྱ་ངན་ལས་འདས་པ་ཡང་བསྟན་པ་ནི་ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་སྐད་བསྟན་པའི་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བདག་གིས་འདི་ལྟར་གནས་པར་བྱའོ། །ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བདག་གིས་འདི་ལྟར་བསླབ་པར་བྱའོ་སྙམ་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་གནས་ཟབ་མོ་ཟབ་མོ་འདི་དག་ལ་སེམས་པར་བྱེད་འཇལ་
བར་བྱེད་ངེས་པར་སེམས་པར་བྱེད་ན་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྒྲུབ་པ་དང་། ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་ངེས་པར་སེམས་པ་དང་དེ་ལྟར་ཉེ་བར་རྟོག་པ་དང་དེ་ལྟར་སྦྱོར་བ་དང་དེ་ལྟར་
འབད་པ་དང་དེ་ལྟར་རྩོལ་བ་དེ་ནི་སེམས་བསྐྱེད་པ་གཅིག་གིས་ཀྱང་དགེ་བའི་རྩ་བ་གྲངས་མེད་དཔག་ཏུ་མེད་ཚད་མེད་པ་དག་ཡོངས་སུ་འཛིན་པར་འགྱུར་ཞིང་། བསྐལ་པ་དཔག་ཏུ་མེད་པར་འཁོར་བ་སྤོང་བར་འགྱུར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་འདྲེས་པར་སྤྱོད་ཅིང་། བྱང་ཆུབ་དང་ལྡན་པའི་ཡིད་
ལ་བྱེད་པ་དག་གིས་གནས་པ་ལྟ་སྨོས་ཀྱང་ཅི་དགོས། རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་འདོད་ཆགས་ལ་སྤྱོད་ཅིང་རྣམ་པར་རྟོག་པ་ལ་སྤྱོད་པ་ཞིག་ཡོད་ལ། དེ་བུད་མེད་གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ་ཞིག་བཏུས་པར་གྱུར་ལ། བུད་མེད་དེ་ཡང་གཞན་གྱིས་ཡོངས་སུ་
བཟུང་བ་ཞིག་སྟེ། ཁྱིམ་ནས་ཕྱིར་འབྱུང་བར་མ་ནུས་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྐྱེས་བུ་དེ་རྣམ་པར་རྟོག་པ་ཇི་ལྟ་བུ་དང་ལྡན་པ་དག་འབྱུང་བར་འགྱུར་སྙམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་སྐྱེས་བུ་དེ་ནི་མཆི་ལགས་གྲང་དེ་མཆིས་ནས་ཀྱང་དེ་དང་ལྷན་
ཅིག་ཏུ་མཆིས་ཉལ་བར་བགྱི་བ་དང་། སླར་ལྡོག་པར་བགྱི་བ་དང་། དགའ་མགུར་སྤྱད་པར་བགྱིའོ་སྙམ་སྟེ། བུད་མེད་དང་ལྡན་པའི་རྣམ་པར་རྟོག་པ་རྣམས་འབྱུང་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཉིན་པར་
རམ་མཚན་མོ་འདས་ནས། སྐྱེས་བུ་དེའི་རྣམ་པར་རྟོག་པ་ཇི་སྙེད་ཅིག་འབྱུང་བར་འགྱུར་སྙམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གདུགས་སམ། མཚན་མོ་འདས་ནས་སྐྱེས་བུ་དེའི་རྣམ་པར་རྟོག་པ་འབྱུང་བ་ནི་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་

སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཉིན་མཚན་འདས་ན། སྐྱེས་བུ་དེའི་རྣམ་པར་རྟོག་པ་ཇི་སྙེད་འབྱུང་བར་འགྱུར་བ་དེ་སྙེད་དུ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སློབ་པ་
དང་ཉེ་བར་རྟོག་པ་དང་། སྐྱོན་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་འགྱུར་བའི་སྐྱོན་དེ་དག་ཇི་ལྟར་སྤོང་བར་འགྱུར་བ་དེ་ལྟ་དེ་ལྟར་བརྩོན་པར་བྱེད་པ་དེ་ནི། དེ་སྙེད་ཀྱི་བསྐལ་པར་འཁོར་བ་སྤོང་བར་འགྱུར་བ་
བསྙིལ་བར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱ་བ་ལ་བརྩོན་ཞིང་གནས་པ་འདིས་གནས་པས་ཉིན་གཅིག་ལ་དགེ་བའི་རྩ་བ་གང་ཡོངས་སུ་བཟུང་བ་དེས་འཇིག་རྟེན་གྱི་ཁམས་གང་གཱའི་
ཀླུང་གི་བྱེ་མ་སྙེད་དག་ཡོངས་སུ་གང་བར་གྱུར་ཀྱང་། དེ་ནི་དགེ་བའི་རྩ་བ་དེའི་ལྷག་མའི་བརྒྱའི་ཆའམ། སྟོང་གི་ཆ་འམ། འབུམ་གྱི་ཆའམ། གྲངས་སམ། ཆའམ། བགྲང་བའམ། དཔེའམ་རྒྱུར་ཡང་ཉེ་བར་མི་འགྲོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་དཀོན་མཆོག་གསུམ་པོ་སངས་རྒྱས་དཀོན་མཆོག་དང་ཆོས་དཀོན་མཆོག་དང་དགེ་འདུན་དཀོན་མཆོག་ལ་སྦྱིན་པ་སྦྱིན་པར་བྱེད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་
གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་པར་འགྱུར་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་ཏེ། གྲངས་མ་མཆིས། དཔག་ཏུ་མ་མཆིས། ཚད་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། རབ་འབྱོར་དེ་བས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྩོན་པར་བྱེད་པ་དེ་ནི་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་

ཡིན་ཏེ། ཐེག་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་
སྙེད་དུ་གནས་ཤིང་རྒྱུན་དུ་ཞུགས་པ་རྣམས་ལ་སྦྱིན་པ་སྦྱིན་པ་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་ལ་སྦྱིན་པ་སྦྱིན་པ་དང་། རང་སངས་རྒྱས་རྣམས་ལ་སྦྱིན་པ་སྦྱིན་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་རྣམས་ལ་སྦྱིན་པ་སྦྱིན་པར་བྱེད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་པར་འགྱུར་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །
བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྩོན་པར་བྱེད་ན། དེ་ཉིད་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །དེ་ཅིའི་
ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱད་ནས། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་ཤིན་ཏུ་འདས་ཤིང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ཀྱི་བར་དུ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཕྱིར་རོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཞིག་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཤིང་སྦྱིན་པ་སྦྱིན་པ་དང་། ཚུལ་ཁྲིམས་
སྲུང་བ་དང་། བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་མཉམ་པར་འཇོག་པ་དང་། ཤེས་རབ་སྒོམ་པར་བྱེད་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་པར་འགྱུར་སྙམ་འམ། རབ་འབྱོར་

གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཉིན་གཅིག་ཅིག་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་
གནས་ཏེ་སྦྱིན་པ་སྦྱིན་པ་དང་། ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་མཉམ་པར་འཇོག་པ་དང་། ཤེས་རབ་སྒོམ་པ་དེ་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མ་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྐྱེད་པ་ཡིན་པ་དང་། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་འདི་ལ་གནས་ནས་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཞིག་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདས་ཤིང་། ཆོས་ཀྱི་སྦྱིན་
པ་སྦྱིན་པར་བྱེད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་པར་འགྱུར་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཇི་སྐད་བསྟན་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཉིན་གཅིག་ཅིག་གནས་ཏེ། ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱེད་ན། དེ་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་
འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་བྲལ་བ་ཡིན་ལ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་

ཉིད་དང་མ་བྲལ་བ་ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་འབྲལ་བར་བྱའོ། །རབ་འབྱོར་འདི་
ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་དྲན་པ་ཉེ་བར་གཞག་པ་བཞི་ལ་བརྩོན་པར་བྱས་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་
གྱི་བར་དག་ལ་བརྩོན་པར་བྱས་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་པར་འགྱུར་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་ཉིན་གཅིག་
ཅིག་བརྩོན་པར་བྱས་ན། དེ་ཉིད་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་མི་ལྡོག་པ་དེ་ནི་གནས་མ་
ཡིན། སྐབས་མ་ཡིན་ཏེ། དེ་ནི་གནས་མེད་ལ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་ལྡོག་པ་ནི་གནས་ཡིན། སྐབས་ཡིན་ཏེ། དེ་ནི་གནས་ཡོད་པའི་ཕྱིར་རོ། །རབ་འབྱོར་
དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་བྲལ་བར་བྱའོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཞིག་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་

ཤིང་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་དང་། ནང་དུ་ཡང་དག་པར་འཇོག་པ་དང་ལྡན་པའི་ཡིད་ལ་བྱེད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་
མང་དུ་སྐྱེད་པར་འགྱུར་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཉིན་གཅིག་ཅིག་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ཟབ་མོ་འདི་ལ་གནས་ཏེ། ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་དུ་ཡང་དག་འཇོག་དང་ལྡན་པའི་ཡིད་ལ་བྱེད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ན། དེ་ནི་ཆེས་བསོད་ནམས་
མང་དུ་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྔོ་བ་འདི་ནི་ཡོངས་སུ་བསྔོ་བའི་དམ་པ་ཡིན་ལ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་ཡོངས་སུ་བསྔོ་བ་དེ་ནི་ཡོངས་སུ་བསྔོ་བ་མ་ཡིན་པའི་ཕྱིར་རོ། །རབ་
འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྔོ་བ་ལ་མཁས་པར་བྱའོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུ་
འམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ལ་ལ་ཞིག་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ཀྱི་དགེ་བའི་རྩ་བ་གང་
ཇི་སྙེད་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམ་འམ། རབ་འབྱོར་གྱིས་གསོལ་པ།

བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཉིན་གཅིག་ཅིག་གནས་ཏེ།
དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ན། དེ་ཉིད་ཆེས་བསོད་ནམས་མང་དུ་སྐྱེད་དོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་
པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བསྔོ་བ་ལ་མཁས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་མངོན་པར་འདུ་བགྱིད་པ་ཐམས་ཅད་ནི་ཀུན་བརྟགས་པའོ། །
ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བསོད་ནམས་ཆེས་མང་དུ་སྐྱེད་པར་འགྱུར་བ་ལགས། བཅོམ་ལྡན་འདས་མངོན་པར་འདུ་བགྱིད་པ་མ་མཆིས་པས་ནི་ཡང་དག་པའི་ལྟ་བ་དང་། སྐྱོན་མ་མཆིས་པར་འཇུག་པ་དང་། རྒྱུན་
དུ་ཞུགས་པའི་འབྲས་བུ་ཐོབ་པ་དང་། དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་རྔོ་མི་ཐོགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། མངོན་པར་འདུ་
བྱེད་པ་མེད་པས་ནི་ཡང་དག་པའི་ལྟ་བ་དང་། སྐྱོན་མེད་པར་འཇུག་པ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་མངོན་པར་འདུ་བྱེད་པ་དེ་ཡང་སྟོང་པ་ཉིད་དུ་སྣང་ངོ་། །གསོག་ཉིད་དུ་སྣང་ངོ་། །གསོབ་ཉིད་དུ་སྣང་ངོ་། །སྙིང་པོ་མེད་པ་ཉིད་དུ་སྣང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནང་སྟོང་པ་ཉིད་ལ་

ཤིན་ཏུ་བསླབས་ཤིང་དེ་བཞིན་དུ་སྦྱར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཤིན་ཏུ་བསླབས་པའི་ཕྱིར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སྟོང་པ་ཉིད་འདི་ལ་གནས་ནས། ཇི་ལྟ་ཇི་ལྟར་མངོན་པར་འདུ་བྱེད་པ་དེ་དག་ལ་སོ་སོར་རྟོག་པ་དེ་ལྟ་དེ་ལྟར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཡིན་ནོ། །ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་ལྟ་དེ་ལྟར་བསོད་ནམས་གྲངས་མེད་པ་དང་། དཔག་ཏུ་མེད་པ་དང་ཚད་མེད་པ་སྐྱེད་པ་ཡིན་ནོ། །
རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གྲངས་མ་མཆིས་པ་དང་། དཔག་ཏུ་མ་མཆིས་པ་དང་། ཚད་མ་མཆིས་པ་ལ་བྱེ་བྲག་ནི་ཅི་མཆིས། ཐ་དད་དུ་བགྱི་བ་ནི་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གྲངས་མེད་པ་ཞེས་བྱ་བ་ནི་གང་ལ་བགྲང་དུ་མེད་པ་སྟེ།
གང་གྲངས་ཀྱི་ཁམས་དང་། གྲངས་མེད་པའི་ཁམས་ཀྱི་གྲངས་སུ་མི་འགྲོ་བ་ཡིན་ནོ། །རབ་འབྱོར་དཔག་ཏུ་མེད་པ་ཞེས་བྱ་བ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ལ་གང་གི་ཚད་དམིགས་སུ་མེད་པ་ཡིན་ནོ། །རབ་འབྱོར་ཚད་མེད་པ་ཞེས་བྱ་བ་ནི་ཚད་གཟུང་བར་མི་ནུས་
པ་གང་ཡིན་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་རྣམ་གྲངས་གང་གིས་གཟུགས་ཀྱང་གྲངས་མ་མཆིས་པ་དང་། དཔག་ཏུ་མ་མཆིས་པ་དང་། ཚད་མ་མཆིས་པར་འགྱུར་བ་དེ་ལྟ་བུ་མཆིས་ལགས་སམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་
པར་ཤེས་པ་ཡང་གྲངས་མ་མཆིས་པ་དང་། དཔག་ཏུ་མ་མཆིས་པ་དང་། ཚད་མ་མཆིས་པར་འགྱུར་བ་དེ་ལྟ་བུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་གང་གིས་གཟུགས་ཀྱང་གྲངས་མེད་པ་དང་། དཔག་ཏུ་མེད་པ་དང་། ཚད་མེད་པར་འགྱུར་
བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་གྲངས་མེད་པ་དང་། དཔག་ཏུ་མེད་པ་དང་། ཚད་མེད་པར་འགྱུར་བའི་རྣམ་གྲངས་ཡོད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་རྣམ་གྲངས་གང་གིས་ན། གཟུགས་གྲངས་མ་མཆིས་པ་དང་།

དཔག་ཏུ་མ་མཆིས་པ་དང་། ཚད་མ་མཆིས་པར་འགྱུར་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་གྲངས་མ་མཆིས་པ་དང་། དཔག་ཏུ་མ་མཆིས་པ་དང་། ཚད་མ་མཆིས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རབ་འབྱོར་གཟུགས་ནི་སྟོང་པས་ན་གྲངས་མེད་པ་དང་། དཔག་ཏུ་མེད་པ་དང་། ཚད་མེད་པ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་སྟོང་པས་ན། གྲངས་མེད་པ་དང་། དཔག་ཏུ་མེད་པ་དང་། ཚད་མེད་པ་ཡིན་ནོ། །རབ་འབྱོར་གྱིས་
གསོལ་པ། བཅོམ་ལྡན་འདས་ཅི་གཟུགས་ཁོ་ན་སྟོང་པར་བས་ཀྱི། ཆོས་ཐམས་ཅད་ཀྱང་དེ་ལྟར་སྟོང་པ་མ་ལགས་སམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཁོ་ན་སྟོང་པར་བས་ཀྱི་ཆོས་ཐམས་ཅད་ཀྱང་དེ་ལྟར་སྟོང་པ་མ་ལགས་སམ། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། ངས་ཆོས་ཐམས་ཅད་སྟོང་ངོ་ཞེས་མ་བཤད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྟོང་ངོ་། །ཞེས་བཀའ་སྩལ་ལགས་ཏེ། བཅོམ་ལྡན་འདས་སྟོང་པ་གང་ལགས་པ་དེ་ནི་
བས་མ་འཚལ་བ་ལགས་ཏེ། གྲངས་མ་མཆིས་པ་ཡང་དེ་ལགས། དཔག་ཏུ་མ་མཆིས་པ་ཡང་དེ་ལགས། ཚད་མ་མཆིས་པ་ཡང་དེ་ལགས་སོ། །བཅོམ་ལྡན་འདས་སྟོང་པ་ཉིད་ལ་ནི་གྲངས་ཀྱང་དམིགས་སུ་མ་མཆིས། དཔག་པ་ཡང་དམིགས་སུ་མ་མཆིས། ཚད་ཀྱང་དམིགས་སུ་མ་
མཆིས་ལགས་ཏེ། བཅོམ་ལྡན་འདས་དེ་ལྟར་ལགས་པས། ཆོས་དེ་དག་ལ་ནི་དོན་ནམ། ཚིག་འབྲུས་ཐ་དད་དུ་བགྱི་བ་མི་དམིགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་དེ་དག་ལ་ནི་དོན་ནམ། ཚིག་འབྲུས་ཐ་དད་དུ་
བྱ་བ་དམིགས་སུ་མེད་དོ། །རབ་འབྱོར་དེ་ནི་བརྗོད་དུ་མེད་པ་ལས་དེ་བཞིན་གཤེགས་པས་མི་ཟད་པ་ཞེས་བྱ་བའམ། གྲངས་མེད་པ་ཞེས་བྱ་བའམ། དཔག་ཏུ་མེད་པ་ཞེས་བྱ་བའམ། ཚད་མེད་པ་ཞེས་བྱ་བའམ། སྟོང་པ་ཞེས་བྱ་བའམ། མཚན་མ་མེད་པ་ཞེས་བྱ་བའམ། སྨོན་པ་མེད་པ་ཞེས་

བྱ་བའམ། མངོན་པར་འདུ་བྱེད་པ་མེད་པ་ཞེས་བྱ་བའམ། སྐྱེ་བ་མེད་པ་ཞེས་བྱ་བའམ། འདོད་ཆགས་དང་བྲལ་བ་ཞེས་བྱ་བའམ། འགོག་པ་ཞེས་བྱ་བའམ། མྱ་ངན་ལས་འདས་པ་ཞེས་བྱ་བར་བརྗོད་ཅིང་ཟད་པ་ཞེས་བྱ་བ་དང་། མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དེ་ནི་དེ་བཞིན་གཤེགས་
པས་བཤད་པའི་རྒྱུ་འཐུན་པར་བསྟན་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་དེ་བཞིན་གཤེགས་པས་ཆོས་རྣམས་ཀྱི་ཆོས་ཉིད་འདི་བཀའ་སྩལ་ལ། ཆོས་ཉིད་དེ་ཡང་བརྗོད་དུ་མ་
མཆིས་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། ཆོས་ཐམས་ཅད་ནི་བརྗོད་དུ་མ་མཆིས་པ་ཉིད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་
ཐམས་ཅད་ནི་བརྗོད་དུ་མེད་པ་ཡིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པ་ཉིད་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཡིན་ལ་སྟོང་པ་ཉིད་ཀྱང་བརྗོད་པར་མི་ནུས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་བརྗོད་དུ་མ་མཆིས་པའི་དོན་ལ་འཕེལ་བའམ་ཡོངས་སུ་འགྲིབ་པ་མ་མཆིས་ལགས་སམ།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བརྗོད་དུ་མེད་པའི་དོན་ལ་ནི་འཕེལ་བའམ་ཡོངས་སུ་འགྲིབ་པ་མེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་བརྗོད་དུ་མ་མཆིས་པའི་དོན་ལ་འཕེལ་བ་མ་མཆིས་ཤིང་ཡོངས་སུ་འགྲིབ་པ་མ་མཆིས་སུ་ལགས་ན་ནི། བཅོམ་ལྡན་འདས་
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འཕེལ་བ་མ་མཆིས་པ་དང་། ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་ཡང་འཕེལ་བ་མ་མཆིས་ཤིང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་ལགས་སོ། །དྲན་པ་ཉེ་བར་གཞག་
པ་བཞི་ལ་ཡང་འཕེལ་བ་མ་མཆིས་ཤིང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་ལགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་ཡང་འཕེལ་བ་མ་མཆིས་ཤིང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་ལགས་སོ། །རྣམ་པར་ཐར་པའི་སྒོ་རྣམས་ལ་ཡང་འཕེལ་བ་མ་མཆིས་ཤིང་ཡོངས་སུ་

འགྲིབ་པ་མ་མཆིས་པར་འགྱུར་ལགས་སོ། །རྣམ་པར་ཐར་པ་བརྒྱད་ལ་ཡང་འཕེལ་བ་མ་མཆིས་ཤིང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་ལགས་སོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་
པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡང་འཕེལ་བ་མ་མཆིས་ཤིང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་ལགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་ཡང་འཕེལ་བ་མ་མཆིས་ཤིང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་ལགས་སོ། །བཅོམ་ལྡན་
འདས་གལ་ཏེ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་ཡང་འཕེལ་བ་མ་མཆིས་ཤིང་ཡོངས་སུ་འགྲིབ་པ་མ་མཆིས་ལགས་ན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་ཅན་དུ་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བརྗོད་དུ་མེད་པའི་དོན་ལ་ནི་འཕེལ་བའམ་ཡོངས་སུ་འགྲིབ་པ་མེད་དོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་ན། ཐབས་ལ་མཁས་པས་འདི་སྙམ་དུ་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །བདག་ནི་སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པའི་བར་གྱིས་རྣམ་པར་འཕེལ་ལོ་སྙམ་དུ་མི་སེམས་ཏེ། འོན་ཀྱང་འདི་སྙམ་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་འདི་ནི་མིང་ཙམ་མོ་སྙམ་དུ་སེམས་ཤིང་། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཡིད་ལ་བྱེད་པ་དེ་དག་དང་། སེམས་བསྐྱེད་པ་དེ་དག་དང་དགེ་
བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཡང་ཡིད་ལ་བྱེད་པ་དེ་དག་དང་། སེམས་

བསྐྱེད་པ་དེ་དག་དང་། དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བ་དེ་ལྟར་ཡོངས་སུ་སྔོ་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ཡིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་དེ་ལྟ་བུ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་
ལྡན་འདས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། མྱ་ངན་ལས་འདས་པའི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཡིན་ཏེ། དེ་ལ་དེ་ནི་འཕེལ་བ་ཡང་མེད་ཡོངས་སུ་འགྲིབ་པ་ཡང་མེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ནི། དེ་ལ་ཡང་དང་ཡང་དུ་ལན་མང་དུ་གནས་ཀྱང་ཆོས་གང་ཡང་འཕེལ་བའམ་ཡོངས་སུ་འགྲིབ་པར་ཡང་
དག་པར་རྗེས་སུ་མི་མཐོང་ངོ་། །རབ་འབྱོར་དེ་ལྟར་ན་བརྗོད་དུ་མེད་པའི་དོན་ལ་ནི་འཕེལ་བ་ཡང་མེད་ཡོངས་སུ་འགྲིབ་པ་ཡང་མེད་ལ། རབ་འབྱོར་དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འཕེལ་བ་ཡང་མེད་ཡོངས་སུ་འགྲིབ་པ་ཡང་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་ཡང་འཕེལ་བ་ཡང་མེད་ཡོངས་སུ་འགྲིབ་
པ་ཡང་མེད་དོ། །དེ་བཞིན་དུ་སྦྱར་ཏེ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་བར་ལ་ཡང་འཕེལ་བ་ཡང་མེད། ཡོངས་སུ་འགྲིབ་པ་ཡང་མེད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་འཕེལ་བ་དང་ཡོངས་སུ་འགྲིབ་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་
བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་པ་དང་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ལགས་སམ། འོན་ཏེ་སེམས་བསྐྱེད་པ་སླད་མས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ལགས་སོ། བཅོམ་ལྡན་འདས་གལ་ཏེ་སེམས་བསྐྱེད་པ་དང་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་
ཞེས་བགྱིར་ནི་སེམས་བསྐྱེད་པ་དང་པོ་དེ་ཡང་སེམས་བསྐྱེད་པ་སླད་མ་དང་མི་མཇལ་ལ། སེམས་བསྐྱེད་པ་སླད་མ་ཡང་སེམས་བསྐྱེད་པ་དང་པོ་དང་མི་མཇལ་ཏེ། བཅོམ་ལྡན་འདས་དེ་ལྟར་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མི་མཇལ་ལགས་ན། དགེ་བའི་རྩ་བ་དག་སོགས་
པར་ཡང་ཇི་ལྟར་འགྱུར་ལགས། དགེ་བའི་རྩ་བ་དག་མ་བསགས་པར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་རྔོ་མི་ཐོགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་སྐྱེས་བུ་མཁས་པ་ལ་ལ་དག་ནི་དཔེས་
བཤད་པའི་དོན་ཤེས་པར་འགྱུར་བས་ན་དེའི་ཕྱིར་འདི་ལྟ་སྟེ། བཤད་པ་འདིའི་དོན་ཤེས་པར་བྱ་བའི་ཕྱིར་ཁྱོད་ལ་དཔེ་བསྟན་པར་བྱའོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། འབྲུ་མར་གྱི་མར་མེ་འབར་བས་སྙིང་པོ་སྲེག་པ་ན། མེ་ལྕེ་དང་པོ་དང་ཕྲད་པས་སྙིང་པོ་དེ་ཚིག་གམ་འོན་ཏེ་མེ་ལྕེ་
ཕྱི་མ་དང་ཕྲད་པས་སྙིང་པོ་དེ་ཚིག་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མེ་ལྕེ་དང་པོ་དང་མཇལ་བས་ཀྱང་སྙིང་པོ་དེ་ཚིག་པ་མ་ལགས་ལ། བཅོམ་ལྡན་འདས་མེ་ལྕེ་དང་པོ་ལ་མ་བརྟེན་པར་ཡང་སྙིང་པོ་དེ་ཚིག་པར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་མེ་ལྕེ་
སླད་མ་དང་མཇལ་བས་ཀྱང་སྙིང་པོ་དེ་ཚིག་པ་མ་ལགས་ལ། བཅོམ་ལྡན་འདས་མེ་ལྕེ་སླད་མ་དང་མཇལ་བ་ལ་མ་བརྟེན་པར་ཡང་སྙིང་པོ་དེ་ཚིག་པར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྙིང་པོ་དེ་ཚིག་གམ་མ་ཚིག་
སྙམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཚིག་ལགས་སོ། །བདེ་བར་གཤེགས་པ་ཚིག་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་སེམས་བསྐྱེད་པ་དང་པོས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་ལ། སེམས་བསྐྱེད་པ་དང་པོ་ལ་མ་བརྟེན་པར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་ཞིང་། སེམས་བསྐྱེད་པ་ཕྱི་མས་ཀྱང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་ལ་སེམས་བསྐྱེད་པ་ཕྱི་མ་ལ་མ་བརྟེན་པར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་མོད་ཀྱི།
འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་ཡང་མ་ཡིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་ཅིང་། སེམས་དང་པོ་བསྐྱེད་པ་
ནས་ཉེ་བར་བཟུང་སྟེ། ས་བཅུ་པའི་བར་དུ་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་བཅུ་པོ་གང་དག་ཡོངས་
སུ་རྫོགས་པར་བགྱིས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དཀར་པོ་རྣམ་པར་མཐོང་བའི་ས་ཡོངས་སུ་རྫོགས་པར་བྱས་ནས།
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པ་ཅན་གྱི་ས་
ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་སངས་རྒྱས་ཀྱིས་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་

པར་འཚང་རྒྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་དཔའི་ས་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་
རྒྱས་ཀྱི་ས་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་པོ་དག་ལ་སློབ་པ་ན། སེམས་བསྐྱེད་པ་དང་པོས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་ལ། སེམས་བསྐྱེད་པ་དང་པོ་ལ་མ་བརྟེན་པར་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་ཞིང་། སེམས་བསྐྱེད་པ་ཕྱི་མས་ཀྱང་མ་ཡིན་ལ། སེམས་བསྐྱེད་པ་ཕྱི་མ་ལ་མ་བརྟེན་པར་ཡང་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་མོད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་ཡང་རྒྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་
སེམས་བསྐྱེད་པ་དང་པོས་ཀྱང་མ་ལགས་ལ། སེམས་བསྐྱེད་པ་དང་པོ་ལ་མ་བརྟེན་པར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་དང་། བཅོམ་ལྡན་འདས་དེ་ལྟར་སེམས་བསྐྱེད་པ་སླད་མས་ཀྱང་
མ་ལགས་ལ། སེམས་བསྐྱེད་པ་སླད་མ་ལ་མ་བརྟེན་པར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་མཆིས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་ཟབ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སེམས་གང་འགགས་པ། དེ་ཕྱིར་སྐྱེ་བར་འགྱུར་སྙམ་འམ། རབ་འབྱོར་གྱིས་གསོལ་པ།

བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སེམས་གང་སྐྱེས་པ་དེ་འགག་པའི་ཆོས་ཅན་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་འགག་པའི་ཆོས་ཅན་ལགས་སོ། །བདེ་བར་གཤེགས་པ་འགག་པའི་ཆོས་ཅན་ལགས་སོ། །
བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་འགག་པའི་ཆོས་ཅན་དེ་འགག་པར་འགྱུར་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་ཉིད་ཇི་ལྟ་བ་དེ་ལྟར་གནས་པར་འགྱུར་སྙམ་
འམ། གསོལ་པ། བཅོམ་ལྡན་འདས་དེ་བཞིན་ཉིད་ཇི་ལྟ་བ་དེ་ལྟར་གནས་པར་འགྱུར་ལགས་སོ། །བཀའ་སྩལ་པ། རབ་འབྱོར་གལ་ཏེ་དེ་བཞིན་ཉིད་ཇི་ལྟ་བ་དེ་ལྟར་གནས་པར་འགྱུར་ན། དེ་ཐེར་ཟུག་ཏུ་གནས་པར་མི་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་
མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་ཉིད་ཟབ་སྙམ་འམ། གསོལ་པ། བཅོམ་ལྡན་འདས་ཟབ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སེམས་དེ་དེ་བཞིན་ཉིད་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་
མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་ཉིད་ལས་སེམས་དེ་གཞན་ཞིག་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་ཉིད་ལ་སེམས་ཡོད་སྙམ་
འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སེམས་ལ་དེ་བཞིན་ཉིད་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་བཞིན་ཉིད་
ཀྱིས་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མཐོང་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་དེ་ལྟར་སྤྱོད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱོད་པ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་

འདས་གང་དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱོད་པ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་དེ་ལྟར་སྤྱོད་པ་དེ་ཅི་ཞིག་ལ་སྤྱོད་སྙམ། གསོལ་བ། བཅོམ་ལྡན་འདས་གང་དེ་ལྟར་སྤྱོད་པ་དེ་ནི་ཅི་ལ་ཡང་མི་
སྤྱོད་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་དེ་བཞིན་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་ནི་རྒྱུ་བ་དེ་དག་མི་འབྱུང་ཞིང་ཀུན་ཏུ་མི་སྤྱོད་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་
བཞིན་ཉིད་ནི་གང་ལ་ཡང་ཀུན་ཏུ་སྤྱོད་པ་མ་མཆིས་ལ། དེ་ལ་ཡང་སུ་ཡང་ཀུན་ཏུ་སྤྱོད་པ་མ་མཆིས་པའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་དེ་གང་ཞིག་ལ་སྤྱོད་པ་ཡིན། གསོལ་པ། བཅོམ་ལྡན་འདས་དེ་ནི་གང་ལ་གཉིས་ཀུན་ཏུ་འབྱུང་བ་མ་མཆིས་པའི་དོན་དམ་པ་ལ་སྤྱོད་པ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་དོན་དམ་པ་ལ་སྤྱོད་པ་དེ་
ཀུན་ཏུ་འབྱུང་བ་ལ་སྤྱོད་པ་དང་། མཚན་མ་ལ་སྤྱོད་པ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། དེ་མཚན་མར་འདུ་ཤེས་པ་རྣམ་པར་བཤིག་པ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་
དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་མའི་འདུ་ཤེས་དེ་ཇི་ལྟར་རྣམ་པར་བཤིག། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་
ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་འདི་སྙམ་དུ་མཚན་མ་ནི་བསྒོམ་པར་བགྱི་ཞེའམ། མཚན་མ་མ་མཆིས་པ་ནི་རྣམ་པར་གཞིག་པར་བགྱིའོ་ཞེས་བགྱི་བར་སྦྱོར་བར་མི་བགྱིད་ལགས་སོ། །བཅོམ་ལྡན་འདས་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
བཅྭ་བརྒྱད་ཡོངས་སུ་མ་རྫོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། བཅོམ་ལྡན་འདས་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ལགས་ཏེ། ཐབས་ལ་མཁས་པ་དེས་ཆོས་གང་ཡང་སྒོམ་པར་ཡང་མི་
བགྱིད། རྣམ་པར་འཇིག་པར་ཡང་མི་བགྱིད་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་དུ་རྟོགས་པའི་སླད་དུ་སྟེ། རང་གི་མཚན་ཉིད་སྟོང་པ་ཉིད་དེ་ལ་གནས་ནས། སེམས་
ཅན་རྣམས་ཀྱི་ཆེད་དུ་ཏིང་ངེ་འཛིན་གང་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པའི་ཏིང་ངེ་འཛིན་གསུམ་ལ་སྙོམས་པར་འཇུག་ལགས་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཀྱི་ཆེད་དུ་ཏིང་ངེ་འཛིན་གསུམ་ལ་
སྙོམས་པར་འཇུག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་གསུམ་ལ་གནས་ཤིང་སེམས་ཅན་སྨོན་ལམ་ལ་སྤྱོད་པ་དག་ནི། སྨོན་པ་མེད་པ་ལ་སྦྱོར་བར་བྱེད་དོ། །སེམས་ཅན་རྣམ་པར་
རྟོག་པ་ལ་སྤྱོད་པ་དག་ནི་བྱང་ཆུབ་སེམས་དཔས་སྟོང་པ་ཉིད་ལ་འགོད་པར་བྱེད་དོ། །སེམས་ཅན་མཚན་མ་ལ་སྤྱོད་པ་དག་ནི་མཚན་མ་མེད་པ་ལ་འགོད་པར་བྱེད་དེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་འདི་ལྟར། ཏིང་ངེ་འཛིན་
གསུམ་པོ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་ཐབས་ལ་མཁས་པ་བསྟན་པའི་ལེའུ་ཞེས་བྱ་སྟེ་ལྔ་བཅུ་རྩ་གཅིག་པའོ།། །།དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་

སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་རྨི་ལམ་ན་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གསུམ་ལ་སྙོམས་པར་ཞུགས་ན། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་
འཕེལ་ལམ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་ཉིན་པར་བསྒོམས་པས་རྣམ་པར་འཕེལ་ན། དེ་བཞིན་དུ་རྨི་ལམ་ན་ཡང་རྣམ་པར་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་
ཤཱ་རིའི་བུ་རྨི་ལམ་དང་། ཉིན་པར་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཉིན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་ཞིང་སྤྱོད་པ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོད་ན་ནི། དེའི་ཕྱིར་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་རྨི་ལམ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡོད་པར་འགྱུར་རོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་རྨི་ལམ་དུ་ལས་ཤིག་བྱས་ན། ལས་དེ་ལ་སོགས་པའམ། འབྲི་བར་འགྱུར་བ་ཡོད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གསུངས་ན་ནི། དེ་ལ་སོགས་པའམ་འབྲི་བར་འགྱུར་བ་མེད་དོ། །
དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་ལ་ཆོས་གང་ཡང་སོགས་པའམ་འབྲི་བ་དམིགས་སུ་མེད་པའི་ཕྱིར་རོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་སད་ནས་རྣམ་པར་རྟོག་ན་ནི་ལས་དེ་ལ་སོགས་པའམ་འབྲི་བ་ཡང་ཡོད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་
རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་གིས་ཉིན་པར་སྲོག་བཅད་པ་དང་། གང་གིས་རྨི་ལམ་ན་སྲོག་བཅད་པ་དེ་སད་ནས། བདག་གིས་དེ་བསད་དོ། །བདག་གིས་དེ་ལེགས་པར་བསད་དོ་སྙམ་དུ་རྣམ་པར་རྟོག་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་ལས་དེ་ལ་ཁྱོད་

ཇི་སྐད་སྨྲ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དམིགས་པ་མེད་པར་ལས་མི་འབྱུང་། དམིགས་པ་མེད་པར་སེམས་པ་མི་འབྱུང་སྟེ། དམིགས་པ་དང་བཅས་པ་ཉིད་ལས་ལས་འབྱུང་ཞིང་། དམིགས་པ་དང་བཅས་པ་ཉིད་ལས་སེམས་པ་འབྱུང་ངོ་། །རབ་འབྱོར་གྱིས་སྨྲས་པ།
ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དམིགས་པ་མེད་པར་ལས་མི་འབྱུང་ཞིང་། དམིགས་པ་མེད་པར་སེམས་པ་མི་འབྱུང་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དམིགས་པ་དང་བཅས་པ་ཉིད་ལས་ལས་འབྱུང་གི་དམིགས་པ་མེད་པར་ནི་མ་ཡིན་ནོ། །དམིགས་པ་དང་བཅས་
པ་ཉིད་ལས་སེམས་པ་འབྱུང་གི། དམིགས་པ་མེད་པར་ནི་མ་ཡིན་ཏེ། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་རིག་པའི་ཆོས་རྣམས་ལ་བློ་འཇུག་གི། མ་མཐོང་བ་དང་། མ་ཐོས་པ་དང་། བྱེ་བྲག་མ་ཕྱེད་པ་དང་། རྣམ་པར་མ་རིག་པའི་ཆོས་རྣམས་ལ་
ནི་བློ་མི་འཇུག་གོ། །དེ་ལ་བློ་ལ་ལ་ནི་ཀུན་ནས་ཉོན་མོངས་པ་ཡོངས་སུ་འཛིན་ཏོ། །བློ་ལ་ལ་ནི་རྣམ་པར་བྱང་བ་ཡོངས་སུ་འཛིན་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟ་བས་ན་དམིགས་པ་དང་བཅས་པ་ཉིད་ལས་ལས་འབྱུང་གི། དམིགས་པ་མེད་པར་ནི་མ་ཡིན་ནོ། །དམིགས་པ་དང་བཅས་པ་
ཉིད་ལས་སེམས་པ་འབྱུང་གི། དམིགས་པ་མེད་པར་ནི་མ་ཡིན་ནོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ལས་ཐམས་ཅད་དང་། སེམས་པ་ཐམས་ཅད་ནི་དབེན་པའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ན་དེ་ཇི་ལྟར་ན་དམིགས་པ་དང་བཅས་པ་ཉིད་ལས་ལས་འབྱུང་
གི། གང་དམིགས་པ་མེད་པར་ནི་མ་ཡིན་ཞིང་། དམིགས་པ་དང་བཅས་པ་ཉིད་ལས་སེམས་པ་འབྱུང་གི། དམིགས་པ་མེད་པར་ནི་མ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱིས་པ་སོ་སོའི་སྐྱེ་བོ་སོ་སོ་རྣམས་ནི་མཚན་མར་བྱས་ནས། ལས་རྣམས་མངོན་པར་འདུ་
བྱེད་དེ། དམིགས་པ་དང་བཅས་པ་ཉིད་ལས་ལས་འབྱུང་གི། དམིགས་པ་མེད་པར་ནི་མ་ཡིན་ནོ། །དམིགས་པ་དང་བཅས་པ་ཉིད་ལས་སེམས་པ་འབྱུང་གི། དམིགས་པ་མེད་པར་ནི་མ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་

ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་ན་སྦྱིན་པ་སྦྱིན། ཚུལ་ཁྲིམས་སྲུང་། བཟོད་པ་སྒོམ། བརྩོན་འགྲུས་རྩོམ། བསམ་གཏན་ལ་སྙོམས་པར་འཇུག །ཤེས་རབ་སྒོམ་ཞིང་དགེ་བའི་རྩ་བ་དེ་ཡང་བླ་
ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་འགྱུར་རམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ནི་སྐྱེ་བ་གཅིག་གིས་ཐོགས་
ཤིང་། བཅོམ་ལྡན་འདས་ཀྱིས་ཕྱིར་མི་ལྡོག་པར་ལུང་བསྟན་པ་སྟེ། འདི་མངོན་སུམ་དུ་གྱུར་གྱིས་འདི་ལ་དྲིས་ཤིག་དང་། དེས་ལན་ལྡོན་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་
གནས་བརྟན་རབ་འབྱོར་འདི་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ནི་སྐྱེ་བ་གཅིག་གིས་ཐོགས་ཤིང་། བཅོམ་ལྡན་འདས་ཀྱིས་ཕྱིར་མི་ལྡོག་པར་ལུང་བསྟན་པ་སྟེ། འདི་མངོན་སུམ་དུ་གྱུར་གྱིས་འདི་ལ་དྲིས་ཤིག་དང་། དེས་ལན་ལྡོན་པར་འགྱུར་རོ་ཞེས་ཟེར་
རོ། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། གང་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བྱ་བའི་མིང་གིས་ལན་ལྡོན་
པར་འགྱུར་སྙམ་འམ། འོན་ཏེ་གཟུགས་ཀྱིས་ལན་ལྡོན་པར་འགྱུར་སྙམ་འམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པས་ལན་ལྡོན་པར་འགྱུར་སྙམ་འམ། འོན་ཏེ་གཟུགས་ཀྱི་སྟོང་པ་ཉིད་ཀྱིས་ལན་ལྡོན་པར་འགྱུར་སྙམ་འམ། ཚོར་བ་དང་། འདུ་
ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས་ལན་ལྡོན་པར་འགྱུར་སྙམ་འམ། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེས་ནི་ལན་ལྡོན་པར་མི་ནུས་ལ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེས་

ཀྱང་ལན་ལྡོན་པར་མི་ནུས་ཏེ། ཁོ་བོས་ནི་གང་ལན་ལྡོན་པར་བྱེད་པ་དང་། གང་ལན་གླན་པར་བྱ་བ་དང་། གང་ལ་ལན་གླན་པར་བྱ་བའི་ཆོས་དེ་དག་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཁོ་བོས་ནི་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་། གང་གིས་ལུང་བསྟན་པ་དང་།
གང་དུ་ལུང་བསྟན་པའི་ཆོས་དེ་དག་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་དེ་དག་ཐམས་ཅད་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་པས་ན། ཁོ་བོས་ཆོས་དེ་དག་ནི་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་
པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཆོས་དེ་དག་ཇི་སྐད་བཤད་པ་དེ་བཞིན་དུ་ཁྱོད་ཀྱིས་ཆོས་དེ་དག་མངོན་སུམ་དུ་བྱས་སམ། བྱམས་པས་སྨྲས་པ། བཙུན་པ་ཤཱ་རིའི་བུ་ཆོས་དེ་དག་ཇི་ལྟར་ཁོ་བོས་སྨྲས་པ། དེ་ལྟར་ཆོས་དེ་དག་ཁོ་བོས་མངོན་སུམ་དུ་བྱེད་པ་མེད་དོ། །དེ་ནས་
ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་ནི་ཤེས་རབ་ཟབ་པ་སྟེ། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་
ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་སྤྱད་པ། དམིགས་པ་མེད་པར་སྤྱད་པའི་བསྟན་པ་ནི་དེ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་འདི་ཇི་སྙམ་དུ་
སེམས། ཆོས་གང་གིས་ཁྱོད་དགྲ་བཅོམ་པར་བརྗོད་པའི་ཆོས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་འདི་སྙམ་དུ། ཆོས་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའོ། །ཆོས་འདི་ནི་ལུང་བསྟན་པར་བྱ་བའོ། །ཆོས་འདི་ནི་ལུང་བསྟན་པར་འགྱུར་བའོ་སྙམ་དུ་མི་སེམས་ཏེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་ནི་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་མི་འགྱུར་གྲང་སྙམ་དུ་ཐེ་ཚོམ་ཟ་བར་མི་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་
རྫོགས་པར་འཚང་རྒྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །ཤཱ་རིའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་
པར་རྫོགས་པར་འཚང་མི་རྒྱ་བར་མི་འགྱུར་རོ་ཞེས་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བགྱིད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་
ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སེམས་ཅན་བཀྲེས་པ་རྣམས་མཐོང་ངམ། སེམས་ཅན་སྐོམ་པ་རྣམས་དང་། གོས་ངན་པ་རྣམས་དང་། བགོ་བ་ངན་པ་རྣམས་དང་། མལ་ཆ་ངན་ཅིང་མལ་ཆས་ཕོངས་པ་དག་མཐོང་ན། འདི་སྙམ་དུ་ཅི་ནས་ཀྱང་
བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ལ་སྐྱོན་འདི་ལྟ་བུ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་ཅིང་མི་འབྱུང་བ་དང་སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་རྣམས་རྒྱལ་ཆེན་བཞིའི་རིས་དང་། སུམ་ཅུ་རྩ་
གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལོངས་སྤྱོད་པ་དང་། ཡོངས་སུ་སྤྱོད་པ་དང་། ཇི་ལྟ་དེ་ལྟ་བུའི་ལོངས་སྤྱོད་པ་དང་། ཡོངས་སུ་སྤྱོད་པ་དག་དང་ལྡན་པར་འགྱུར་བ་དེ་ལྟར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་

སྤྱད་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་
ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སེམས་ཅན་སྲོག་གཅོད་པ་རྣམས་མཐོང་ཞིང་། ལོག་པར་ལྟ་བའི་བར་གྱི་སེམས་ཅན་དག་མཐོང་ངམ། སེམས་ཅན་ཚེ་ཐུང་བ་རྣམས་དང་། མདོག་ངན་པ་རྣམས་དང་། དབང་ཐང་ཆུང་བ་རྣམས་དང་། གནོད་པ་མང་བ་རྣམས་དང་། གཟི་
བརྗིད་ཆུང་བ་རྣམས་དང་། ལོངས་སྤྱོད་ཆུང་བ་རྣམས་དང་། རིགས་ངན་པ་རྣམས་དང་། ཡན་ལག་མ་ཚང་བ་དག་མཐོང་ན། འདི་སྙམ་དུ་ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་
རྣམས་ལ་སྐྱོན་དེ་ལྟ་བུ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་ཅིང་མི་འབྱུང་བར་གྱུར་ཅིག །ཅེས་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སེམས་ཅན་གཅིག་ལ་གཅིག་གནོད་པར་སེམས་ཤིང་། ཤིང་དང་། བོང་བ་དང་། མཚོན་ཆས་འདེབས་པ་དང་། སྲོག་གི་བར་ཆད་བྱེད་པ་དག་མཐོང་ན། འདི་སྙམ་དུ་ཅི་ནས་ཀྱང་བདག་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ལ་སྐྱོན་འདི་ལྟ་བུ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་ཅིང་མི་འབྱུང་བ་དང་། སེམས་ཅན་ཐམས་ཅད་ཀྱང་ཕ་མ་ལྟ་བུའི་སེམས་དང་། སྤུན་དང་། སྲིང་མོ་
ལྟ་བུའི་སེམས་སུ་འགྱུར་བ་དང་། བྱམས་པའི་སེམས་དང་། ཕན་པའི་སེམས་སུ་འགྱུར་བ་དེ་ལྟར་བྱང་ཆུབ་ལ་སྤྱོད་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་

བྱེད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སེམས་ཅན་བརྩོན་འགྲུས་ཞན་པ་རྣམས་དང་། ལེ་ལོ་ཅན་དག་
མཐོང་ངམ། ཐེག་པ་གསུམ་ལ་དགའ་བ་མེད་པ་རྣམས་དང་། ཐེག་པ་གསུམ་ལ་རྒྱབ་ཀྱིས་ཕྱོགས་པ་རྣམས་དང་། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། སངས་རྒྱས་ཀྱི་ཐེག་པ་ལ་འཇུག་པ་དང་རིང་དུ་གྱུར་པ་དག་མཐོང་ན། འདི་སྙམ་དུ་ཅི་ནས་ཀྱང་བདག་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ལ་སྐྱོན་འདི་ལྟ་བུ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་ཅིང་མི་འབྱུང་བ་དང་། སེམས་ཅན་ཐམས་ཅད་ཀྱང་བརྩོན་འགྲུས་བརྟན་པ་རྩོམ་ཞིང་། ཐེག་པ་གསུམ་
པོ་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོ་གང་ཡང་རུང་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེ་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས།
སེམས་ཅན་སྒྲིབ་པ་ལྔ་པོ་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་གྱིས་བསྒྲིབས་པ་དག་མཐོང་ངམ། སྒྲིབ་པ་ལྔ་པོ་དེ་དག་ལ་ཞུགས་པ་དག་མཐོང་ངམ། བསམ་གཏན་དང་པོ་དང་བྲལ་བ་དང་། །བསམ་
གཏན་བཞི་བའི་བར་དག་དང་བྲལ་བ་དག་མཐོང་ངམ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་

སྙོམས་པར་འཇུག་པ་དང་།