Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 030_ཁྲི་བརྒྱད།_ཁ

Văn bản gốc(Tây Tạng)

Trang 14 / 19 (50.000 ký tự/trang)
འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་བྲལ་བ་དག་མཐོང་ན། འདི་སྙམ་དུ་ཅི་ནས་ཀྱང་། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་
ཅན་རྣམས་ལ་སྐྱོན་འདི་ལྟ་བུ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་ཅིང་མི་འབྱུང་བ་དེ་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་ཞིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་
དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སེམས་ཅན་འཆལ་པའི་ཤེས་རབ་ཅན་རྣམས་མཐོང་ངམ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་དང་བྲལ་བ་དག་དང་། བྱ་བ་མ་ཡིན་པར་སྨྲ་བ་རྣམས་དང་། ཡོད་པར་སྨྲ་བ་རྣམས་དང་། མེད་པར་སྨྲ་བ་
རྣམས་དང་། རྟག་པར་སྨྲ་བ་རྣམས་དང་། ཆད་པར་སྨྲ་བའི་སེམས་ཅན་རྣམས་མཐོང་ན། འདི་སྙམ་དུ་ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ཅི་ནས་ཀྱང་། སེམས་ཅན་རྣམས་ལ་སྐྱོན་འདི་ལྟ་
བུ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་ཅིང་མི་འབྱུང་བ་དང་། ཇི་ལྟར་སྤྱད་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བྱ་བ་དང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱ་བ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་སྤྱད་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་
པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་སུམ་ཅུ་རྩ་དགུ་པ།

རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་ཕུང་པོ་གསུམ་པོ་ཡང་དག་པ་ཉིད་དུ་ངེས་པ་དང་། ལོག་པ་ཉིད་དུ་ངེས་པ་དང་། མ་ངེས་པ་ལ་ཞུགས་པ་དག་མཐོང་ན། འདི་སྙམ་དུ་བདག་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ཅི་ནས་ཀྱང་། ཐ་ན་སེམས་ཅན་ལོག་པ་ཉིད་དུ་ངེས་པ་དང་། མ་ངེས་པ་དག་གི་སྒྲ་ཡང་མེད་ཅིང་མི་འབྱུང་བར་འགྱུར་བ་དེ་ལྟ་དེ་ལྟར་བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་
པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་དམྱལ་བ་པ་རྣམས་མཐོང་ངམ། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་རྣམས་སམ། གཤིན་རྗེའི་
འཇིག་རྟེན་པ་རྣམས་མཐོང་ན། འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་ཐ་ན་ངན་སོང་གསུམ་པོ་དག་གི་སྒྲ་ཡང་མེད་ཅིང་མི་འབྱུང་བར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་
ལ་སྤྱོད་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། ས་ཆེན་པོ་འདི་ལ་སྡོང་དུམ་དང་། ཚེར་མ་དང་། གཅོང་རོང་དང་། བྱ་སྐྱིབས་དང་། གཡངས་

དང་། སྟོར་ཁུང་ནས་འབབ་པ་དང་། གཅིན་རྟུག་གི་ཁུང་དག་མཐོང་ན། འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་རྣམས་ལ་སྐྱོན་འདི་ལྟ་བུ་དག་མེད་ཅིང་མི་འབྱུང་བ་དང་།
བདག་གི་སངས་རྒྱས་ཀྱི་ཞིང་དེ་ལག་མཐིལ་ལྟར་མཉམ་པར་འགྱུར་བ་དེ་ལྟ་དེ་ལྟར། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། ས་ཆེན་པོ་
འདི་འཇིམ་པ་ལས་གྲུབ་ཅིང་། གསེར་དངུལ་དང་བྲལ་བར་མཐོང་ན་འདི་སྙམ་དུ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེའི་ས་ཆེན་པོ་དེ་ཅི་ནས་ཀྱང་། གསེར་གྱི་བྱེ་མས་ཀུན་དུ་ཁེབས་པར་འགྱུར་བ་དེ་ལྟ་དེ་ལྟར་
ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་
བྱེད་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་ཡོངས་སུ་འཛིན་པར་གྱུར་པ་དག་མཐོང་ན། འདི་སྙམ་དུ་བདག་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་རྣམས་ཡོངས་སུ་འཛིན་པ་མེད་ཅིང་མི་འབྱུང་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ། སེམས་ཅན་

རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་
འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། རིགས་བཞི་པོ་རྒྱལ་རིགས་དང་། བྲམ་ཟེའི་རིགས་དང་། རྗེའུའི་རིགས་དང་། དམངས་རིགས་དག་མཐོང་ན་འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་
པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་ཐ་ན་རིགས་བཞི་པོ་དག་གི་མིང་ཡང་མེད་ཅིང་མི་གྲག་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་
བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་རབ་དང་། འབྲིང་དང་། ཐ་མ་དག་མཐོང་ངམ། སེམས་ཅན་རིགས་དམའ་བ་རྣམས་དང་། རིགས་ངན་པ་རྣམས་དང་། རིགས་བཟང་པོ་དག་མཐོང་ན། འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ཅི་ནས་ཀྱང་། སེམས་ཅན་རྣམས་ལ་སྐྱོན་འདི་ལྟ་བུ་དག་མེད་ཅིང་མི་འབྱུང་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་
ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་

གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་ཁ་དོག་ཐ་དད་པ་དག་མཐོང་ན། འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ཅི་ནས་ཀྱང་།
སེམས་ཅན་རྣམས་ལ་ཁ་དོག་ཐ་དད་པ་མེད་ཅིང་མི་འབྱུང་བ་དང་། གཞན་དུ་ན་སེམས་ཅན་ཐམས་ཅད་གཟུགས་བཟང་བ་དང་། མཛེས་པ་དང་། བལྟ་ན་སྡུག་པ་དང་། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པར་འགྱུར་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ།
སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་བ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། བདག་པོ་མཐོང་ན་འདི་སྙམ་དུ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་
སངས་རྒྱས་ཀྱི་ཞིང་དེ་ན་ཅི་ནས་ཀྱང་། ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་གཏོགས་པར་བདག་པོར་བཏགས་པ་ཡང་མེད་ཅིང་མི་འབྱུང་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་
སུ་དག་པར་བྱ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་
གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་རྣམས་ཀྱི་འགྲོ་བ་ཐ་དད་པ་དག་མཐོང་ན། འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་

སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་དང་། མི་རྣམས་ཀྱི་འགྲོ་བ་ཐ་དད་པ་དག་མེད་ཅིང་མི་འབྱུང་བ་དང་། གཞན་དུ་ན་སེམས་ཅན་ཐམས་ཅད་ལས་གཅིག་པར་འགྱུར་
བ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞིའི་བར་དག་དང་མི་འབྲལ་བར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་
པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་རྣམས་ཀྱི་སྐྱེ་གནས་བཞི་པོ་སྒོ་ང་ལས་སྐྱེ་བ་དང་། མངལ་ནས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བ་དག་མཐོང་ན། འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་
པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་རྫུས་ཏེ་སྐྱེ་བར་འགྱུར་བ་མ་གཏོགས་པར་སྐྱེ་གནས་གསུམ་པོ་སྒོ་ང་ལས་སྐྱེ་བ་དང་། མངལ་ནས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དག་འབྱུང་བར་མི་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་
ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་མངོན་པར་ཤེས་པ་ལྔ་དང་བྲལ་བ་དག་མཐོང་ན། འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་

པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ། སེམས་ཅན་
རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་རྣམས་ཀྱི་བཤང་གཅི་དག་མཐོང་ན། འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ཅི་ནས་ཀྱང་། སེམས་
ཅན་ཐམས་ཅད་དགའ་བའི་ཟས་དང་ལྡན་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་འོད་དང་མི་
ལྡན་པ་དག་མཐོང་ན། འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་རང་ལས་འོད་བྱུང་བར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་
ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་

གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་ཐམས་ཅད་ཀྱི་ཟླ་བ་དང་། ཟླ་བ་ཕྱེད་དང་། དུས་དང་། ལོ་ཁྱུད་འཁོར་དག་མཐོང་ན། འདི་སྙམ་དུ་བདག་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཟླ་བ་དང་། ཟླ་བ་ཕྱེད་དང་། དུས་དང་། ལོ་ཁྱུད་འཁོར་དག་གི་མིང་ཡང་གྲག་པར་མི་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་
དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ། །སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་
ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་ཚེ་ཐུང་བ་དག་མཐོང་ན། འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཚེ་དཔག་ཏུ་མེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་
དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་མཚན་དང་མི་ལྡན་པ་དག་མཐོང་ན། འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་

སུམ་ཅུ་རྩ་གཉིས་དང་ལྡན་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་དགེ་བའི་རྩ་བ་དང་མི་ལྡན་པ་དག་
མཐོང་ན། འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་དང་ལྡན་པར་འགྱུར་ཞིང་། དགེ་བའི་རྩ་བ་དེ་དག་དང་ལྡན་པས། སངས་རྒྱས་བཅོམ་
ལྡན་འདས་རྣམས་ཀྱི་དྲུང་དུ་གནས་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་ནད་ཀྱིས་བཏབ་
པ་དག་མཐོང་ན། འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་སེམས་ཅན་རྣམས་ལ་ནད་བཞི་པོ་རླུང་ལས་གྱུར་པའམ། མཁྲིས་པ་ལས་གྱུར་པའམ། བད་ཀན་ལས་གྱུར་པ་
འམ། འདུས་པ་ལས་གྱུར་པ་དག་འབྱུང་བར་མི་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་
པས། ཉོན་མོངས་པ་གསུམ་གྱིས་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་ཅན་དག་མཐོང་ན། འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ཅི་ནས་ཀྱང་། སེམས་ཅན་རྣམས་ལ་ཉོན་མོངས་པ་གསུམ་པོ་འདོད་ཆགས་
དང་། ཞེ་སྡང་དང་། གཏི་མུག་དག་འབྱུང་བར་མི་འགྱུར་ཞིང་། སེམས་ཅན་ཐམས་ཅད་འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བྲལ་བར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ།
སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །
འགྲེས་དང་པོ་ལ་ཇི་ལྟར་སྦྱར་བ་དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་རྒྱ་ཆེར་སྦྱར་བར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་དམན་པ་ལ་མོས་པ་དག་མཐོང་ན། འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་ཐེག་པ་གཉིས་པོ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དག་གི་སྒྲ་ཡང་གྲག་པར་མི་འགྱུར་བ་དང་། སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་
མངོན་དུ་ཡང་དག་པར་འཇུག་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། སེམས་ཅན་ལྷག་པའི་ང་རྒྱལ་ཅན་དག་མཐོང་ན། འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་ལྷག་པའི་ང་རྒྱལ་ཅན་གྱི་སྒྲ་ཡང་མི་
གྲག་ཅིང་། གཞན་དུ་ན་སེམས་ཅན་ཐམས་ཅད་ལྷག་པའི་ང་རྒྱལ་མེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་
ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། འདི་སྙམ་དུ་གལ་ཏེ་བདག་གི་སངས་རྒྱས་ཀྱི་ཞིང་དེ་ན།
ཚེའི་ཚད་དཔག་ཏུ་ཡོད་པ་དང་། འོད་ཀྱི་ཚད་དཔག་ཏུ་ཡོད་པ་དང་། དགེ་སློང་གི་དགེ་འདུན་དཔག་ཏུ་ཡོད་པར་འགྱུར་ན། བདག་རེ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བྱའི། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་ཚེའི་ཚད་དཔག་ཏུ་མེད་པར་འགྱུར་བ་དང་། འོད་དཔག་ཏུ་མེད་པ་དང་། དགེ་སློང་གི་དགེ་འདུན་ཚད་མེད་དཔག་ཏུ་མེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་
ཀྱི་ཞིང་ཡོངས་སུ་དག་པར་བྱ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། འདི་སྙམ་དུ་གལ་ཏེ་དེའི་ཚེ། བདག་གི་སངས་རྒྱས་ཀྱི་ཞིང་གཅིག་པུ་ཞིག་ཏུ་འགྱུར་ན། རེ་ཞིག་བདག་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བྱའི། བདག་གིས་བྱང་ཆུབ་ཐོབ་པ་ན། ཅི་ནས་ཀྱང་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གཅིག་ཏུ་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་
སུ་དག་པར་བྱ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་ཉེ་བར་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་
ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས། འདི་སྙམ་དུ་ཀྱེ་མ་འཁོར་བ་འདི་ནི་རིང་ངོ་། །ཀྱེ་མ་སེམས་ཅན་གྱི་ཁམས་འདི་ནི་མཐའ་ཡས་སོ་སྙམ་དུ་ཉེ་བར་བརྟག་པར་བྱ་ཞིང་། དེས་
འདི་སྙམ་དུ་ཀྱེ་མ་འཁོར་བ་འདི་ནི་ནམ་མཁའ་ལྟར་མུ་མེད་ལ། ཀྱེ་མ་སེམས་ཅན་གྱི་ཁམས་འདི་ཡང་ནམ་མཁའ་ལྟར་མུ་མེད་ཀྱང་། འདི་ལ་སུ་ཡང་འཁོར་བ་ཡང་མེད་ལ་སུ་ཡང་གྲོལ་བ་ཡང་མེད་དོ་སྙམ་དུ་ཚུལ་བཞིན་དུ་ཡིད་ལ་བྱ་སྟེ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཐབས་ཡོངས་སུ་རྫོགས་པའི་ལེའུ་
ཞེས་བྱ་སྟེ་ལྔ་བཅུ་རྩ་གཉིས་པའོ།། །།དེ་ནས་འཁོར་དེ་ཉིད་དུ་གང་གཱའི་ལྷ་མོ་ཞེས་བྱ་བའི་སྲིང་མོ་ཞིག་འདུས་ཏེ། འདུག་པར་གྱུར་པ་དེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་
འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་བདེ་བར་གཤེགས་པ་བདག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལེགས་པར་སྤྱད་པར་བགྱི་ཞིང་། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཉེ་བར་བསྟན་པའི་སངས་རྒྱས་ཀྱི་ཞིང་དེ་ལྟ་བུ་དག་ཡོངས་སུ་གཟུང་བར་བགྱི་ལགས་སོ། །དེ་ནས་བུད་མེད་དེས་གསེར་གྱི་མེ་ཏོག་དག་བླངས་ཤིང་དངུལ་གྱི་མེ་ཏོག་དག་དང་། སྐམ་ལས་
སྐྱེས་པ་དང་། ཆུ་ལས་སྐྱེས་པའི་མེ་ཏོག་དག་ཀྱང་བླངས། རྒྱན་ཐམས་ཅད་ཀྱང་བླངས། རས་བཅོས་བུ་གསེར་གྱི་ཁ་དོག་ལྟ་བུ་ཟུང་ཅིག་ཀྱང་བླངས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་གཏོར་ཏོ། །རས་བཅོས་བུ་ཟུང་ཅིག་ལ་སོགས་པ་དེ་དག་ཐམས་ཅད་གཏོར་མ་ཐག་
ཏུ་དེ་ནས་བཅོམ་ལྡན་འདས་ཀྱི་མཐུས་དེའི་མོད་ལ་བཅོམ་ལྡན་འདས་ཀྱི་དྲང་ཐད་ཀྱི་སྟེང་གི་ནམ་མཁའ་བར་སྣང་ལ་ཁང་པ་བརྩེགས་མ་གྲུ་བཞི་ལྷམ་པ། ཀ་བ་བཞི་ཟུག་པ་ཆ་མཉམ་པ་ཤིན་ཏུ་ལེགས་པ་ཤིན་ཏུ་འབྱེད་པ། ཉམས་དགའ་བ་ཞིག་ཏུ་རེད་དེ་ཀུན་ནས་གནས་པར་གྱུར་ཏོ། །
དེ་ནས་བུད་མེད་དེས་ཁང་པ་བརྩེགས་མ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བུད་མེད་དེའི་བསམ་པ་ཐུགས་སུ་ཆུད་ནས། དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་སངས་
རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ་གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ། ཁ་དོག་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་དང་། དངུལ་
གྱི་ཁ་དོག་ལྟ་བུ་དག་བྱུང་སྟེ། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་དོང་ནས་ཡང་ཕྱིར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ།
བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་

པའི་སངས་རྒྱས་རྣམས་ནི་རྒྱུ་མ་མཆིས་པ་དང་། རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ལགས་ན། འཛུམ་པ་མཛད་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་
སྩལ་ཏོ། །ཀུན་དགའ་བོ་སྲིང་མོ་གང་གཱའི་ལྷ་མོ་འདི་ནི། མ་འོངས་པའི་དུས་ན། བསྐལ་པ་སྐར་མ་ལྟ་བུ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་མེ་ཏོག་ཅེས་བྱ་བར་འགྱུར་ཞིང་། འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ཀུན་
དགའ་བོ་བུད་མེད་འདིའི་བུད་མེད་ཀྱི་ལུས་ཀྱི་ཐ་མ་ནི་འདི་ཡིན་ནོ། །ཀུན་དགའ་བོས་སྲིང་མོ་གང་གཱའི་ལྷ་མོ་འདི་ནི་བུད་མེད་ཀྱི་ལུས་སྤངས་ཤིང་། སྐྱེས་པའི་ལུས་ཐོབ་པར་བྱས་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་
རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བར་སྐྱེ་བར་འགྱུར་ཞིང་། དེ་དེར་ཚངས་པར་སྤྱོད་པར་འགྱུར་རོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་མིང་ཡང་གསེར་གྱི་མེ་ཏོག་ཅེས་བྱ་བར་འགྱུར་རོ། །ཀུན་དགའ་བོ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་གསེར་གྱི་མེ་ཏོག་དེ། དེ་ནས་ཤི་འཕོས་ནས་ཀྱང་སངས་རྒྱས་ཀྱི་ཞིང་ནས། སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འབྲལ་བར་མི་འགྱུར་རོ། །ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་
བའི་རྒྱལ་པོ་ནི་ཇི་སྲིད་འཚོའི་བར་དུ་ཁང་བཟངས་ནས་ཁང་བཟངས་སུ་འཆག་ཅིང་འགྲོ་སྟེ། དེ་ནམ་འཆི་བའི་དུས་ཀྱི་བར་དུ་རྐང་མཐིལ་དག་གིས་ས་ལ་གནོན་པར་མི་བྱེད་དོ། །ཀུན་དགའ་བོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསེར་གྱི་མེ་ཏོག་ཅེས་བྱ་བ་ཡང་། བླ་
ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འབྲལ་བར་མི་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ།

སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་སྙེད་འདུས་པར་གྱུར་པ་དེ་དག་ནི་དེ་བཞིན་གཤེགས་པ་འདུས་པ་ཡིན་པར་རིག་པར་བྱའོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས། ཚེ་དང་
ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཇི་སྙམ་དུ་སེམས་པ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་དེ་བཞིན་གཤེགས་པ་འདུས་པ་ཡིན་པར་རིག་པར་བྱའོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་མེ་ཏོག་གི་སངས་རྒྱས་ཀྱི་ཞིང་ན། དེའི་དགེ་སློང་གི་དགེ་འདུན་ནི་ཚད་མེད་པར་འགྱུར་ཏེ། ཉན་ཐོས་འདི་སྙེད་ཅིག་གོ་ཞེའམ། ཉན་ཐོས་བརྒྱ་ཕྲག་འདི་སྙེད་ཅིག་གོ་ཞེའམ། ཉན་ཐོས་སྟོང་ཕྲག་འདི་སྙེད་ཅིག་གོ་ཞེའམ། ཉན་ཐོས་
འབུམ་ཕྲག་འདི་སྙེད་ཅིག་གོ་ཞེའམ། ཉན་ཐོས་བྱེ་བ་ཕྲག་འདི་སྙེད་ཅིག་གོ་ཞེའམ། ཉན་ཐོས་བྱེ་བ་བརྒྱ་ཕྲག་འདི་སྙེད་ཅིག་གོ་ཞེའམ། ཉན་ཐོས་བྱེ་བ་སྟོང་ཕྲག་འདི་སྙེད་ཅིག་གོ་ཞེའམ། ཉན་ཐོས་བྱེ་བ་འབུམ་ཕྲག་འདི་སྙེད་ཅིག་གོ་ཞེའམ། ཉན་ཐོས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་
འདི་སྙེད་ཅིག་གོ་ཞེས་དེའི་དགེ་སློང་གི་དགེ་འདུན་གྱི་ཚད་བཟུང་བར་མི་ནུས་ཏེ། གཞན་དུ་ན་ཉན་ཐོས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་དཔག་ཏུ་མེད་པ་ཞེས་བྱ་བར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་
མེ་ཏོག་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་ཡོངས་སུ་བརྗོད་པའི་སྐྱོན་དེ་དག་ནི། ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་
དུ་མེད་ཅིང་མི་འབྱུང་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྲིང་མོ་འདིས་སུ་ལས་དགེ་བའི་རྩ་བ་བསྐྱེད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

ཀུན་དགའ་བོ་སྲིང་མོ་འདིས་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ལ་དགེ་བའི་རྩ་བ་བསྐྱེད་ཅིང་། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ནས། བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་དེ་ལ་གསེར་གྱི་མེ་ཏོག་དག་གིས་ཀྱང་མངོན་པར་གཏོར་ཏོ། །ཀུན་དགའ་བོ་གང་གི་ཚེ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་འདོད་པའི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ལ་མེ་ཏོག་ཨུཏྤ་ལ་ལྔས་གཏོར་བ་དེའི་ཚེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་ང་དགེ་བའི་
རྩ་བ་དང་ལྡན་པར་རིག་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེའི་ཚེ་སྲིང་མོ་འདིས་ང་ལུང་བསྟན་པ་ཐོས་ནས། འདི་ལྟར་ཀྱེ་མ་ཇི་ལྟར་བྲམ་ཟེའི་ཁྱེའུ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་བཞིན་དུ་བདག་ཀྱང་མ་
འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ། །ཀུན་དགའ་བོ་དེ་ལྟར་སྲིང་མོ་འདི་ནི་དང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་
དྲུང་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྲིང་མོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཏུ་ཡོངས་སུ་སྦྱང་བ་བགྱིས་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཀུན་དགའ་བོ་སྲིང་མོ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཏུ་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། གང་གཱའི་ལྷ་མོ་ལུང་བསྟན་པའི་ལེའུ་ཞེས་བྱ་སྟེ་ལྔ་བཅུ་རྩ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཇི་ལྟར་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི། ཇི་ལྟར་མཚན་མ་མ་མཆིས་པ་ལ་ཡོངས་སུ་འདྲིས་པར་བགྱི།
ཇི་ལྟར་མཚན་མ་མ་མཆིས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི། ཇི་ལྟར་སྨོན་པ་མ་མཆིས་པ་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སྨོན་པ་མ་མཆིས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི། ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་ཡོངས་
སུ་འདྲིས་པར་བགྱི། ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བགྱི། ཇི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་
ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གཟུགས་སྟོང་ཞེས་བྱ་བར་སོ་སོར་བརྟག་པར་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་
དང་། རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་སོ་སོར་བརྟག་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། འདོད་པའི་ཁམས་ཀྱི་བར་དུ་སྟོང་ཞེས་བྱ་བར་སོ་སོར་བརྟག་པར་བྱའོ། །གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སྟོང་ཞེས་བྱ་བར་སོ་སོར་བརྟག་པར་བྱའོ། །ཅི་ནས་
ཀྱང་སོ་སོར་རྟོག་པ་ན་སེམས་རྣམ་པར་གཡེང་བར་མི་འགྱུར་བ་དེ་ལྟར་སོ་སོར་བརྟག་པར་བྱ་སྟེ། དེ་སེམས་རྣམ་པར་གཡེང་བ་མེད་པས། ཆོས་གང་མངོན་སུམ་དུ་བྱ་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེས་ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་མངོན་སུམ་

དུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ཤིན་ཏུ་བསླབས་པས་ན། དེ་ནི་ཆོས་གང་ཡང་ཆད་པར་མི་བྱེད་དེ། གང་མངོན་སུམ་དུ་བྱེད་པ་དང་། གང་ཞིག་མངོན་སུམ་དུ་བྱ་བ་དང་། གང་གིས་མངོན་སུམ་དུ་བྱེད་པའི་
ཆོས་དེ་དག་ཐམས་ཅད་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པར་མཐོང་བའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་པ་ཉིད་མངོན་སུམ་དུ་མི་བྱའོ་ཞེས་གང་བཀའ་སྩལ་པ་དེ་ལ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ལ་གནས་ལ། སྟོང་པ་ཉིད་མངོན་སུམ་དུ་མི་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་
གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་རྟོག་པ་ན། མངོན་སུམ་དུ་བྱའོ་སྙམ་དུ་རྟོག་པར་མི་བྱེད་ཀྱི་ཡོངས་སུ་འདྲིས་པར་བྱའོ་སྙམ་དུ་རྟོག་པར་བྱེད་དེ། འདི་ནི་མངོན་སུམ་དུ་བྱ་བའི་དུས་མ་ཡིན་གྱི་ཡོངས་སུ་འདྲིས་པར་བྱ་
བའི་དུས་ཡིན་ནོ་ཞེས་བྱ་བར་རྟོག་གོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མཉམ་པར་མ་བཞག་པ་ཉིད་དུ་སེམས་དམིགས་པ་ལ་འདོགས་ཏེ། བར་མ་དོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལས་ཡོངས་སུ་མི་ཉམས་ཤིང་། ཟག་པ་མེད་
པ་ཡང་མངོན་སུམ་དུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་ལྟ་བུའི་ཡེ་ཤེས་རླབས་ཆེན་པོ་དང་ལྡན་པའི་ཕྱིར་ཏེ། དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་གནས་ཤིང་། འདི་ལྟར་འདི་ནི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཡིན་གྱི། འདི་ནི་
མངོན་སུམ་དུ་བྱ་བའི་དུས་མ་ཡིན་ནོ་ཞེས་བྱ་བར་རྣམ་པར་ཤེས་སོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་འདི་ལྟར་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དུས་སོ། །འདི་ནི་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་

དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུས་སོ། །འདི་ནི་དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པའི་དུས་སོ། །འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་བསྒོམ་པའི་དུས་སོ། །འདི་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་
འཛིན་བསྒོམ་པའི་དུས་སོ། །འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཐོབ་པར་བྱ་བའི་དུས་སོ། །འདི་ནི་མི་འཇིགས་པ་བཞི་ཐོབ་པར་བྱ་བའི་དུས་སོ། །འདི་ནི་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པར་བྱ་བའི་དུས་སོ། །འདི་ནི་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་ཐོབ་པར་བྱ་བའི་
དུས་ཡིན་གྱི། འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་དུས་མ་ཡིན་ནོ། །འདི་ནི་དགྲ་བཅོམ་པ་ཉིད་ཀྱི་བར་དག་མངོན་སུམ་དུ་བྱ་བ་དང་། རང་སངས་རྒྱས་ཀྱི་ཤེས་པ་མངོན་སུམ་དུ་བྱ་བའི་དུས་མ་ཡིན་ནོ། །འདི་ནི་ཐམས་ཅད་ཤེས་པ་ཉིད་ཐོབ་པར་བྱ་བ་དང་། ཡོངས་
སུ་འདྲིས་པར་བྱ་བའི་དུས་མ་ཡིན་ནོ་ཞེས་བྱ་བར་སོ་སོར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་སྟོང་པ་ཉིད་ཀྱིས་གནས་པ་དང་། མཚན་མ་མེད་པ་དང་།
སྨོན་པ་མེད་པ་དག་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དག་གིས་གནས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པ་ཡང་མང་མངོན་སུམ་དུ་མི་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྒོམ་ཞིང་། དྲན་པ་
ཉེ་བར་གཞག་པ་རྣམས་ལ་གནས་ཀྱང་མངོན་སུམ་དུ་མི་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་སྒོམ་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་
རྣམས་ཀྱི་གནས་ཀྱང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཀྱི་བར་དག་མངོན་སུམ་དུ་མི་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་དཔའ་བ་དང་། རྟུལ་ཕོད་པ་དང་། ཤིན་ཏུ་བརྟན་པ་དང་། གཟུགས་བཟང་བ་དང་། མཛེས་པ་དང་། བལྟ་ན་སྡུག་

པ་དང་། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པར་གྱུར་ལ། འཕོང་ཤིན་ཏུ་བྱང་ཞིང་། མཚོན་ཆ་སྲ་བ་དག་ཐོགས་པ། སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཤིན་ཏུ་རྫོགས་པ། བཟོའི་གནས་དང་། ལས་ཀྱི་གནས་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པ། འགྲོ་བ་མང་པོའི་
ཡིད་དུ་འོང་ཞིང་མཛེས་པར་གྱུར་ན། དེ་བྱ་བ་གང་དང་གང་རྩོམ་ཡང་དེ་ཐམས་ཅད་དུ་རྙེད་པ་ཆེན་པོ་དང་ལྡན་པར་འགྱུར་ཏེ། རྙེད་པ་དེས་སྐྱེ་བོ་མང་པོ་ལ་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་ཅིང་དེ་ཡི་རངས་པ་དང་། རབ་ཏུ་དགའ་བ་དང་། དགའ་བ་
དང་། བདེ་བ་རྒྱ་ཆེན་པོ་དག་སྐྱེས་ནས། དེ་དགོས་པ་ཞིག་གི་ཕྱིར་ཕ་མ་དང་། བུ་དང་། བུ་མོ་དག་ཁྲིད་དེ་འབྲོག་དགོན་པ། བྱིས་པ་རྣམས་འཇིགས་ཤིང་སྤུ་ཟིང་ཞེས་བྱེད་པ་ཞིག་ཏུ་ཞུགས་ཏེ། སྐྱེས་བུ་དེ་དེར་ཞུགས་ནས་ཀྱང་། ཕ་མ་དང་། བུ་དང་། བུ་མོ་དག་ལ་ཁོ་བོས་ཁྱེད་
ཅག་འཇིགས་པ་དང་བག་ཚ་བ་འདི་ལས་མྱུར་བ་ཉིད་དུ་ཐར་བར་བྱས། མ་འཇིགས་ཤིག །མ་འཇིགས་ཤིག་ཅེས། མི་འཇིགས་པས་བསྟབས་ནས། འབྲོག་དགོན་པ་དེར་སྐྱེས་བུ་དེའི་དགྲ་དག་དང་། གསོད་པ་དག་དང་། ཕྱིར་རྒོལ་བ་མང་པོ་དག་ཉེ་བར་གནས་པར་གྱུར་ན། སྐྱེས་
བུ་དེ་ཡང་ཤེས་རབ་ཀྱི་སྟོབས་དམ་པ་དང་ལྡན་པར་གྱུར་པ་ཡིན་པས། དེས་ཕ་མ་དང་། བུ་དང་བུ་མོ་དེ་དག་ཁྲིད་དེ། འབྲོག་དགོན་པ་དེ་ནས་བཏོན་ཅིང་ཐར་བར་བྱས་ནས། མ་སྨས། མཉམས་པར་ཕྱིར་གྲོང་ངམ། གྲོང་རྡལ་ལམ། ལྗོངས་སམ། ཡུལ་ཕྱོགས་སུ་སོང་
ནས། དགའ་ཞིང་ཡིད་བདེ་བ་སྐྱེས་ཀྱང་། ཕྱིར་རྒོལ་བ་དང་། དགྲ་བོའི་སེམས་ཅན་དེ་དག་ལ་ཡིད་སྡང་བར་བྱེད་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་སྒྱུ་རྩལ་ཐམས་ཅད་ལ་བྱང་བར་བྱས་པའི་ཕྱིར་ཏེ། དེས་འབྲོག་དགོན་པ་དེར་ཕྱིར་རྒོལ་བ་དང་། དགྲ་བོ་དེ་
དག་བས་ཀྱང་ཆེས་མང་བ་དང་། ཆེས་དཔའ་བ་དང་། ཆེས་མཚོན་ཆ་སྲ་བ་དང་། ཆེས་རྒྱ་ཆེ་བའི་ཕྱིར་རྒོལ་བ་གཞན་དག་སྤྲུལ་ནས། འཇིགས་པ་དེས་ཕྱིར་རྒོལ་བ་དེ་དག་མེད་པར་བྱས་ཏེ། དེ་ནས་སྐྱེས་བུ་དེས་ཕ་མ་དང་། བུ་དང་། བུ་མོ་དག་བདེ་བར་ཡོངས་སུ་ཐར་བར་བྱས་

ཤིང་བདེ་བར་གནས་པར་བྱེད་དོ། །རབ་འབྱོར་དེ་བཞིན་དུ་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་། སེམས་ཅན་ཐམས་ཅད་ལ་བྱམས་པར་དམིགས་པའི་སེམས་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སུ་དམིགས་པའི་སེམས་
ཀྱིས་ཁྱབ་པར་བྱས་ཏེ། གནས་ཀྱང་བར་མ་དོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་མས་ཐ་སྙད་འདོགས་པར་ཡང་མི་བྱེད་ལ། གང་མངོན་སུམ་དུ་བྱས་པས། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བའི་མཚན་མ་མེད་པའི་ཏིང་ངེ་འཛིན་ཀྱང་མངོན་
སུམ་དུ་མི་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འདབ་ཆགས་བྱ་ནི་བར་སྣང་ལ་རྒྱུ་ཡང་ས་ལ་མི་ལྟུང་ལ། བར་སྣང་གི་ནམ་མཁའ་ལ་རྣམ་པར་རྒྱུ་ཡང་དེ་ལ་གནས་ཤིང་བརྟེན་པ་ཡང་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སྟོང་པ་ཉིད་ལ་
ཡོངས་སུ་འདྲིས་པར་བྱེད་ཅིང་། སྟོང་པ་ཉིད་ལ་སྤྱོད་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དག་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དག་ལ་སྤྱོད་པར་བྱེད་ཀྱང་གང་མངོན་སུམ་དུ་བྱས་པས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་
མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། གང་ཡང་སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་དག་ལ་སྤྱད་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་འགྱུར་བ་དག་ཡོངས་སུ་མ་རྫོགས་པར་ཉན་ཐོས་ཀྱི་
སའམ། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བའི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དག་མངོན་སུམ་དུ་མི་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་མཐུ་དང་ལྡན་པ་འཕོང་གི་སློབ་དཔོན་དུ་གྱུར་པ། འཕོང་ཤིན་ཏུ་བསླབས་པ་དེས་ནི། མདའ་
གནམ་རྒྱང་དུ་འཕངས་ལ་དེས་མདའ་གནམ་རྒྱང་དུ་འཕངས་ནས་ཀྱང་མདའ་གཞན་གང་གིས་མདའ་སྔ་མ་དེའི་ཕྱི་བཞིན་བརྒྱུད་ཅིང་ས་ལ་ལྟུང་དུ་མི་སྟེར་བར་བྱེད་དེ། ཇི་སྲིད་དུ་སྐྱེས་བུ་དེ་མི་འདོད་པ་དེ་སྲིད་དུ་མདའ་དེ་དག་ས་ལ་མི་ལྟུང་ངོ་། དེ་ནས་དེས་མདའ་འདི་དག་ས་ལ་ལྟུང་བར་བྱ་

སྙམ་ནས་མདའ་ཕྱི་མ་གནམ་རྒྱང་དུ་མ་འཕངས་ན། གདོང་མདའ་བརྒྱུད་པ་དེ་དག་ས་ལ་ལྟུང་བར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པས་ཡོངས་སུ་ཟིན་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་། ཇི་སྲིད་
དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དགེ་བའི་རྩ་བ་དེ་དག་ཡོངས་སུ་མ་སྨིན་པ་དེ་སྲིད་དུ། ཡང་དག་པའི་མཐའ་དམ་པ་དེ་མངོན་སུམ་དུ་མི་བྱེད་ཀྱི་གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དགེ་བའི་རྩ་བ་དེ་དག་ཡོངས་སུ་སྨིན་པར་གྱུར་པ་དེའི་ཚེ། ཡང་
དག་པའི་མཐའ་དམ་པ་དེ་མངོན་སུམ་དུ་བྱེད་དོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཆོས་འདི་དག་གི་ཆོས་ཉིད་དེ་ལྟར་ཉེ་བར་བརྟག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་
ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཉིད་འདི་ལ་སློབ་པ་དང་། ཡང་དག་པའི་མཐའ་ལ་སློབ་པ་དང་། དེ་བཞིན་ཉིད་ལ་སློབ་པ་དང་། ཆོས་ཀྱི་དབྱིངས་ལ་སློབ་པ་དང་། མཐའ་ལས་འདས་
པ་སྟོང་པ་ཉིད་ལ་སློབ་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་བར་ལ་སློབ་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་པོ་དག་གི་བར་ལ་སློབ་པར་བགྱིད་ཀྱང་། བར་མ་དོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཉམས་པར་མི་འགྱུར་བ་ནི་དཀའ་བ་བགྱིད་པ་ལགས་ཏེ། བཅོམ་
ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བའི་ཕྱིར་ཏེ། རབ་འབྱོར་གང་གིས་
སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བ་དེའི་སྨོན་ལམ་གྱི་ཁྱད་པར་ནི་རྣམ་པ་འདི་ལྟ་བུ་ཡིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡོད་པ་མ་ཡིན་པའི་ཆོས་རྣམས་ལ་ཡོད་པར་འདུ་ཤེས་པས་བསླུས་པ་དག་སྟེ། བདག་གིས་

སེམས་ཅན་མི་ཤེས་པ་དེ་དག་ཡོངས་སུ་གཏང་བར་མི་བྱའོ། །བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བས་ན། ཡོད་པ་མ་ཡིན་པའི་ཆོས་རྣམས་ལ་ཞུགས་པའི་སེམས་ཅན་འདི་དག་ཀྱང་བདག་གིས་ཡོངས་སུ་གྲོལ་བར་བྱའོ་སྙམ་དུ་སེམས་མངོན་པར་སྒྲུབ་པར་བྱེད་ཅིང་
གང་གི་ཚེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་པར་སྒྲུབ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་མངོན་པར་སྒྲུབ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་ཏིང་ངེ་འཛིན་མངོན་པར་སྒྲུབ་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་ཀྱི་བར་དུ་བར་མ་དོར་ཡང་དག་
པའི་མཐའ་མངོན་སུམ་དུ་མི་བྱེད་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཐབས་ལ་མཁས་པ་དང་ལྡན་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གང་འདི་ཟབ་མོ་ཟབ་མོའི་གནས་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། དངོས་
པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། རྣམ་པར་ཐར་པའི་སྒོ་གསུམ་པོ་དག་ལ་སོ་སོར་རྟོག་པར་འདོད་ནས། དེས་འདི་ལྟར་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་བདག་ཏུ་འདུ་ཤེས་པ་དང་། སེམས་ཅན་དུ་འདུ་ཤེས་པ་དང་། ཤེས་པ་
པོ་དང་། མཐོང་བ་པོའི་བར་དུ་འདུ་ཤེས་པས། དམིགས་པ་ལ་སྤྱོད་པ་ཡིན་པས་ན། དེ་དག་གི་དམིགས་པའི་ལྟ་བ་སྤང་བའི་ཕྱིར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་བསྟན་པར་བྱའོ་སྙམ་དུ་སེམས་བསྐྱེད་པ་མངོན་
པར་སྒྲུབ་ཅིང་། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཀྱང་། གང་མངོན་སུམ་དུ་བྱས་པས། རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པར་འགྱུར་བ་དང་། རང་བྱང་ཆུབ་ཀྱི་བར་དུ་འཐོབ་པར་འགྱུར་བའི་ཡང་དག་པའི་མཐའ་
མངོན་སུམ་དུ་མི་བྱེད་དོ། །རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ལ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒོམ་ཞིང་སྙོམས་པར་

འཇུག་པ་དེའི་ཚེ། གང་མངོན་སུམ་དུ་བྱས་པས། རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པར་འགྱུར་བ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཀྱི་བར་དག་འཐོབ་པར་འགྱུར་བའི་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ། །རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་བསྐྱེད་པ་དེས། དགེ་བའི་རྩ་བ་དེ་དག་དང་ལྡན་ཞིང་བར་མ་དོར་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་ཀྱང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། དྲན་པ་ཉེ་བར་གཞག་
པ་བཞི་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་
ཆེན་པོ་དང་། སྙིང་རྗེ་ཆེན་པོ་དག་ལས་ཀྱང་ཡོངས་སུ་ཉམས་པར་མི་འགྱུར་རོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་ལྡན་ཞིང་དེ་དག་ལས་ཡོངས་སུ་ཉམས་པ་མེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་
པས་ཡོངས་སུ་ཟིན་པ་ནི། དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་ཞིང་། དེའི་དབང་པོ་རྣམས་ཀྱང་། ཉན་ཐོས་དང་། རང་སངས་རྒྱས་དག་གི་ལྟ་བུ་མ་ཡིན་གྱི་ཆེས་རྣོ་བར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་སེམས་
ཅན་འདི་དག་ནི་ཡུན་རིང་པོ་ནས་རྟག་པར་འདུ་ཤེས་པ་དང་། སྡུག་པར་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པའི་ཕྱིན་ཅི་ལོགས་བཞིས་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་དག་སྟེ། དེ་དག་གི་དོན་དུ་བདག་གིས་བྱང་ཆུབ་ལ་སྤྱད་པར་བྱ་ཞིང་། དེ་ལྟར་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཅི་ནས་ཀྱང་རྟག་པ་ཞེས་བྱ་བའམ། སྡུག་པ་ཞེས་བྱ་བའམ། བདེ་བ་ཞེས་བྱ་བའམ། བདག་ཅེས་བྱ་བར་སྤྱོད་པར་མི་འགྱུར་བར་མི་རྟག་པ་ཞེས་བྱ་བའམ། མི་སྡུག་པ་ཞེས་བྱ་བའམ། སྡུག་བསྔལ་བ་

ཞེས་བྱ་བའམ། བདག་མེད་པ་ཞེས་བྱ་བ་དེ་ལྟར་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཏེ། སེམས་བསྐྱེད་པ་འདི་དང་ལྡན་ཞིང་ཐབས་ལ་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་
རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས་ཀྱི་བར་དུ་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་མི་འཇུག་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྒོམ་ཞིང་། སྙོམས་པར་འཇུག་ཀྱང་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་བདག་ཅེས་བྱ་བའམ། སེམས་ཅན་
ཞེས་བྱ་བའམ། ཤེས་པ་པོ་དང་། མཐོང་བ་པོ་ཞེས་བྱ་བའི་བར་དག་དང་གཟུགས་ཞེས་བྱ་བའམ། ཚོར་བ་ཞེས་བྱ་བའམ། འདུ་ཤེས་ཞེས་བྱ་བའམ། འདུ་བྱེད་རྣམས་ཞེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བའམ། ཕུང་པོ་རྣམས་ཞེས་བྱ་བའམ། ཁམས་
རྣམས་ཞེས་བྱ་བའམ། སྐྱེ་མཆེད་རྣམས་ཞེས་བྱ་བའམ། བསམ་གཏན་བཞི་ཞེས་བྱ་བའམ། ཚད་མེད་པ་བཞི་ཞེས་བྱ་བའམ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཞེས་བྱ་བར་དམིགས་པ་ལ་སྤྱོད་སྤྱོད་པ་དག་སྟེ། དེ་དག་ལ་བདག་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན། ཅི་ནས་ཀྱང་སེམས་ཅན་རྣམས་ཀྱི་དམིགས་པའི་སྐྱོན་འདི་དག་འབྱུང་བར་མི་འགྱུར་བ་དེ་ལྟར་བྱའོ་སྙམ་དུ་སེམས་ཏེ། དེ་སེམས་བསྐྱེད་པ་དེ་དག་དང་ལྡན་ཞིང་། ཐབས་ལ་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་སྤྱོད་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས་ཀྱི་བར་དུ་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དེ། དེའི་ཚེ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་
རིང་པོ་ནས། བུད་མེད་ཀྱི་མཚན་མའམ། སྐྱེས་པའི་མཚན་མའམ། གཟུགས་ཀྱི་མཚན་མའམ། གཟུགས་མེད་པའི་མཚན་མའི་མཚན་མ་ལ་སྤྱོད་སྤྱོད་པ་དག་སྟེ། དེ་དག་ལ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་
ཅི་ནས་ཀྱང་སེམས་ཅན་དེ་དག་ལ་སྐྱོན་འདི་ལྟ་བུ་དག་འབྱུང་བར་མི་འགྱུར་བ་དེ་ལྟར་བྱའོ་སྙམ་དུ་སེམས་ཏེ། དེ་སེམས་བསྐྱེད་པ་དེ་དང་ལྡན་ཞིང་ཐབས་ལ་མཁས་པ་དེ་དང་ཡང་ལྡན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་
པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས་ཀྱི་བར་དུ། བར་མ་དོར་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དེ། སེམས་བསྐྱེད་པ་དེ་དང་ལྡན་པ་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་
པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས། སྨོན་ལམ་ལ་
སྤྱོད་སྤྱོད་པ་དག་སྟེ། འདི་ལྟར་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། འཁོར་ལོས་སྒྱུར་བ་ལ་མངོན་པར་དགའ་བ། གཟུགས་ལ་མངོན་པར་དགའ་བ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མངོན་པར་དགའ་
བ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མངོན་པར་དགའ་བ་དག་སྟེ། དེ་ལྟ་བས་ན་དེ་དག་གི་དོན་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ལ། ཅི་ནས་ཀྱང་སེམས་ཅན་རྣམས་ཀྱི་སྨོན་པའི་ཉེས་པ་དེ་དག་མེད་པར་འགྱུར་བ་

དེ་ལྟར་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་པ་དེ་དག་དང་ལྡན་ཞིང་ཐབས་ལ་མཁས་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་
དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་
རྗེ་ཆེན་པོ་ཡོངས་སུ་མ་རྫོགས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ། བར་མ་དོར་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་
དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྤྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་པ་དང་།
མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་སྤྱོད་ཅིང་། ཡོངས་སུ་འདྲིས་པར་བྱེད་པ་དེ་ལྟ་བུའི་ཡེ་ཤེས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ནི། མངོན་པར་འདུ་བྱེད་པ་མེད་པར་ལྟུང་བའམ། ཁམས་གསུམ་པ་དང་ལྷན་ཅིག་གནས་པ་ནི་གནས་མ་ཡིན། སྐབས་མ་ཡིན་ཏེ། དེ་ནི་གནས་མེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ཅིང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དེ་དག་ལ་ཡོངས་
སུ་འདྲིས་པར་བྱེད་པ་ལ། འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཇི་ལྟར་ཆོས་འདི་དག་ལ་ཡོངས་སུ་འདྲིས་པར་བྱས་ན། གང་རྟོགས་པས་རྒྱུན་དུ་ཞུགས་པའི་

འབྲས་བུའམ། དགྲ་བཅོམ་པ་ཉིད་ཀྱི་བར་རམ། རང་བྱང་ཆུབ་ཐོབ་པར་འགྱུར་བའི་སྟོང་པ་ཉིད་མངོན་སུམ་དུ་མི་བྱེད་ཅིང་། ཡང་དག་པའི་མཐའ་རྟོགས་པར་མི་བྱེད་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་།
སྐྱེ་བ་མེད་པ་དང་། དངོས་པོ་མེད་པ་མངོན་སུམ་དུ་མི་བྱེད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་ཡིན་ཞེས་ཡོངས་སུ་དྲི་བར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དེ་སྐད་དུ་
ཡོངས་སུ་དྲིས་པ་ན། གལ་ཏེ་དེ་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སྟོང་པ་ཉིད་ཡིད་ལ་བྱའོ། །མཚན་མ་མེད་པ་ཉིད་ཡིད་ལ་བྱའོ། །སྨོན་པ་མེད་པ་ཉིད་ཡིད་ལ་བྱའོ། །དེས་མངོན་པར་འདུ་བྱ་བ་མེད་པ་ཉིད་དང་། སྐྱེ་བ་མེད་པ་དང་། དངོས་པོ་མེད་པ་
ཉིད་ཡིད་ལ་བྱའོ་ཞེས་ལན་འདེབས་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་
པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་འདྲིས་པ་གང་ཡིན་པ་དེ་རྗོད་པར་བྱེད། དེ་སྟོན་པར་བྱེད། དེ་རབ་ཏུ་འབྱེད་པར་བྱེད་པའི་ཕྱིར་རོ། །རབ་འབྱོར་དེ་སྐད་དྲིས་པ་ན། གལ་ཏེ་འདི་སྐད་
དུ་དེས་སྟོང་པ་ཉིད་ཡིད་ལ་མི་བྱའོ། །དེས་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། དངོས་པོ་མེད་པ་དག་ཡིད་ལ་མི་བྱའོ། །དེས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་འདྲིས་པར་མི་བྱའོ་ཞེས་ལན་འདེབས་ན།
རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་མ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་

ཞེ་ན། རབ་འབྱོར་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་འདྲིས་པ་གང་ཡིན་པ་དེ་རྗོད་པར་མི་བྱེད། དེ་སྟོན་པར་མི་བྱེད། དེ་རབ་ཏུ་འབྱེད་པར་མི་བྱེད་པའི་ཕྱིར་ཏེ། རབ་འབྱོར་གང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོའི་ཆོས་དེ་རྗོད་པར་མི་བྱེད། དེ་སྟོན་པར་མི་བྱེད། དེ་རབ་ཏུ་འབྱེད་པར་མི་བྱེད་པ་དེ་ལ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཇི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་འདྲིས་
པར་བྱས་ཏེ། ཕྱིར་མི་ལྡོག་པའི་ས་ནོན་པ་ལྟར་བསྲབས་པའི་ས་ལས་འདས་པ་མ་ཡིན་པར་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གང་གིས་སླར་མི་ལྡོག་པར་འགྱུར་བའི་རྣམ་གྲངས་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་དེ་ནི་ཡོད་དེ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཕ་རོལ་ཏུ་ཕྱིན་པ་དྲུག་ཐོས་ཀྱང་རུང་། མ་ཐོས་ཀྱང་རུང་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟ་བ་དེ་ལྟར་ལན་འདེབས་པའོ། །རབ་འབྱོར་གྱིས་གསོལ་
པ། བཅོམ་ལྡན་འདས་དེའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བྱང་ཆུབ་ཀྱི་སླད་དུ་སྤྱོད་པ་ནི་མང་ལགས་མོད་ཀྱི། གང་དག་ཡོངས་སུ་སྦྱོང་བ་བགྱིད་པའི་སའམ། ཡོངས་སུ་སྦྱོང་བ་བགྱིད་པ་མ་ལགས་པའི་ས་ཡང་མི་མངོན་ཏེ། ཇི་ལྟར་ཕྱིར་
མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྟར་ལན་འདེབས་པར་བགྱིད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཉུང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་གང་དག་ཕྱིར་མི་ལྡོག་པའི་ཡེ་ཤེས་ཀྱི་སར་ལུང་བསྟན་པ་དེ་དག་ཉུང་སྟེ། གང་དག་ལུང་བསྟན་པར་འགྱུར་བ་དེ་དག་ནི་དེ་བཞིན་དུ་ལན་འདེབས་པར་འགྱུར་རོ། །གང་དག་དེ་ལྟར་ལན་འདེབས་པ་དེ་དག་ནི་དགེ་བའི་རྩ་བ་སྦྱངས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་དེ་དག་ནི། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་འཕྲོགས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ཐབས་ལ་མཁས་པ་སྒོམ་པ་བསྟན་པའི་ལེའུ་ཞེས་བྱ་སྟེ། ལྔ་བཅུ་རྩ་
བཞི་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བཞི་བཅུ་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྨི་ལམ་ན་ཡང་། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སའམ། ཁམས་གསུམ་པ་ལ་འདོད་
པ་མེད་ཅིང་། ཕན་ཡོན་གྱི་སེམས་མི་བསྐྱེད་ལ། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཉིད་དུ་ལྟ་ཞིང་། ཆོས་ཐམས་ཅད་བྲག་ཅ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྤྲུལ་པ་ལྟ་བུ་ཉིད་དུ་ལྟ་ལ། མངོན་སུམ་དུ་ཡང་མི་བྱེད་ན། རབ་འབྱོར་དེ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ན། དེ་བཞིན་གཤེགས་པ་འཁོར་བརྒྱ་ཕྲག་དུ་མ་དང་། འཁོར་སྟོང་ཕྲག་དུ་མ་དང་། འཁོར་འབུམ་ཕྲག་དུ་མ་
དང་། འཁོར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་མངའ་བ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་
འཕྱེ་ཆེན་པོ་དག་གིས་ཡོངས་སུ་བསྐོར་ཅིང་། མདུན་གྱིས་བལྟས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྟོན་པ་མཐོང་ལ། དེས་ཆོས་དེ་ཐོས་ནས་ཀྱང་། ཆོས་དེའི་དོན་ཀུན་ཤེས་པར་བྱའོ། །ཞེས་ཆོས་དང་རྗེས་སུ་འཐུན་
པའི་ཆོས་ལ་ཞུགས་ཤིང་། གནས་པ་དང་འཐུན་པར་ཞུགས་ཤིང་རྗེས་སུ་འཐུན་པའི་ཆོས་ལ་སྤྱོད་ན། རབ་འབྱོར་དེ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་གལ་ཏེ། བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ན། དེ་བཞིན་གཤེགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། འོད་འདོམ་གང་དང་ལྡན་པ་ནམ་མཁའ་ལ་མངོན་པར་འཕགས་ཏེ། དགེ་སློང་གི་དགེ་འདུན་ལ་ཆོས་སྟོན་ཅིང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་པ་དང་། སྤྲུལ་པ་སྤྲུལ་པར་
མཛད་ཅིང་། སྤྲུལ་པ་དེ་དག་གིས་ཀྱང་། འཇིག་རྟེན་གྱི་ཁམས་གཞན་དག་ཏུ་སངས་རྒྱས་ཀྱི་བྱ་བ་བྱེད་པ་དག་མཐོང་ན། རབ་འབྱོར་དེ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ན། གྲོང་འཇོམས་པ་བྱུང་བའམ། གྲོང་ཁྱེར་འཇོམས་པ་བྱུང་བའམ། མེ་ཤོར་བར་གྱུར་པའམ། གཅན་གཟན་གདུག་པ་དག་མཐོང་ངམ། དེ་དག་ལས་གཞན་པའི་གཅན་གཟན་ཁྲོ་བོའི་རིགས་དག་མཐོང་ངམ།
མགོ་གཅོད་པ་ཉེ་བར་གནས་པ་དག་མཐོང་ངམ། གང་དག་དེ་ལས་གཞན་པའི་འཇིགས་པ་དང་། དངང་བ་དག་མཐོང་ངམ། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་དག་མཐོང་ངམ། བཀྲེས་པས་འཇིགས་པ་མཐོང་ངམ། སྐོམས་པས་འཇིགས་
པ་མཐོང་ངམ། མ་ཤི་བ་མཐོང་ངམ། ཕ་ཤི་བ་མཐོང་ངམ། ཕུ་ནུ་ཤི་བ་མཐོང་ངམ། སྲིང་མོ་ཤི་བ་མཐོང་ངམ། མཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་དག་ཤི་བ་མཐོང་ན། མྱ་ངན་དང་། འཇིགས་པ་དང་། སྐྲག་པ་དང་། དངང་བར་
མི་འགྱུར་ཞིང་། མི་སྐྲག་མི་དངང་ལ། དངང་བར་མི་འགྱུར་ཞིང་། རྨི་ལམ་དེ་རྨིས་པའི་འོག་ཏུ་སད་ནས་ཀྱང་འདི་སྙམ་དུ། ཀྱེ་མ་ཁམས་གསུམ་པ་འདི་དག་ཐམས་ཅད་ནི་རྨི་ལམ་ལྟ་བུ་སྟེ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་
རྒྱས་ནས་ཀྱང་། ཁམས་གསུམ་པའི་ཆོས་ཐམས་ཅད་རྨི་ལམ་ལྟ་བུའོ། །ཞེས་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ན། རབ་འབྱོར་དེ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་

ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར། ངན་སོང་གསུམ་པོ་འདི་དག་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་
འབྱུང་བར་མི་འགྱུར་བར་ཇི་ལྟར་ཤེས་པར་བྱ་ཞེ་ན། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ན། སེམས་ཅན་དམྱལ་བ་པའི་སེམས་ཅན་དག་མཐོང་ངམ། དུད་འགྲོའི་སྐྱེ་གནས་པའམ། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་མཐོང་
ན། འདི་ལྟ་བུའི་དྲན་པ་རྙེད་པར་འགྱུར་ཏེ། དྲན་པ་རྙེད་ནས་ཀྱང་འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཅི་ནས་ཀྱང་ངན་སོང་གསུམ་པོ་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་
ཅད་ཀྱི་ཐམས་ཅད་དུ་འབྱུང་བར་མི་འགྱུར་བ་དེ་ལྟར་བྱའོ་སྙམ་དུ་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྨི་ལམ་གང་ཡིན་པ་དང་། རྨི་ལམ་གྱི་མཐའ་གང་ཡིན་པའི་ཆོས་དེ་གཉིས་ནི་གཉིས་སུ་མེད་ཅིང་། གཉིས་སུ་དབྱེར་མེད་པའི་ཕྱིར་ཏེ། རབ་འབྱོར་དེ་ཡང་ཕྱིར་མི་ལྡོག་
པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་འམ། སད་པ་ན་གྲོང་ཁྱེར་ཚིག་པ་མཐོང་ན་འདི་སྙམ་དུ་སེམས་ཏེ། གང་
བདག་གིས་རྨི་ལམ་འམ། རྨི་ལམ་གྱི་མཐའ་སད་པ་ན། རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་འགྱུར་བའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་མཐོང་
བའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་གལ་ཏེ། བདག་ལ་ཡོད་ན། བདེན་པ་དང་། བདེན་པའི་ཚིག་འདིས་གྲོང་ཁྱེར་ཚིག་པ་འདི་ཉེ་བར་ཞི་བ་དང་། བསིལ་བ་དང་། མེད་པར་གྱུར་ཅིག་ཅེས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་

བདེན་པའི་བྱིན་གྱིས་རློབ་པར་བྱེད་པ་ན། གལ་ཏེ་ཉེ་བར་ཞི་བ་དང་། བསིལ་བ་དང་མེད་པར་གྱུར་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ན