Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 030_ཁྲི་བརྒྱད།_ཁ
Văn bản gốc(Tây Tạng)
Trang 17 / 19 (50.000 ký tự/trang)
གོ་ཆ་དབེན་པར་ལྟ་བའི་ཕྱིར་ཏེ། གལ་ཏེ་དེ་སྐད་བསྟན་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ སེམས་ཞུམ་པར་མི་འགྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་དབེན་པའི་ཕྱིར་སེམས་ཅན་དབེན་པར་བལྟ་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དབེན་པའི་ཕྱིར་སེམས་ ཅན་དབེན་པ་དང་། གཟུགས་དབེན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་རྣམས་དབེན་པ་དང་། དེ་བཞིན་དུ་སྦྱར་ཏེ། གཟུགས་དབེན་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དབེན་པའི་ཕྱིར་རོ། །གལ་ཏེ་ཆོས་ཐམས་ཅད་དབེན་པ་ཉིད་དུ་བསྟན་པ་ན། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་ཞུམ་མི་འགོང་ཞིང་མི་སྐྲག་མི་དངང་ལ་དངང་བར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཅིའི་ཕྱིར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུམ་པར་མི་འགྱུར་བ་ཡིན། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མ་མཆིས་པའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུམ་པར་ མི་འགྱུར་ལགས་སོ། །བཅོམ་ལྡན་འདས་དབེན་པ་དང་། ཞི་བ་དང་མ་སྐྱེས་པའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུམ་པར་མི་འགྱུར་ལགས་ཏེ། བཅོམ་ལྡན་འདས་དེའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུམ་པར་མི་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གང་ཞུམ་པར་འགྱུར་བ་དང་། གང་གིས་ཞུམ་པར་འགྱུར་བ་དང་། གང་ལ་ཞུམ་པར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མ་མཆིས་ ཤིང་མི་དམིགས་པའི་སླད་དུའོ། །བཅོམ་ལྡན་འདས་གལ་ཏེ་དེ་སྐད་བསྟན་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞུམ་པ་མ་མཆིས་ཤིང་མི་སྐྲག་ལ། མི་ཞུམ་མི་འགོང་མི་སྐྲག། མི་དངང་ཞིང་དངང་བར་མི་འགྱུར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གང་ཞུམ་པར་འགྱུར་བ་དང་། གང་གིས་ཞུམ་པར་འགྱུར་བ་དང་། གང་ལ་ཞུམ་པར་འགྱུར་བའི་ཆོས་དེ་དག་ཐམས་ཅད་དམིགས་སུ་མ་མཆིས་པའི་སླད་དུ་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པ་དང་། སྐྱེ་དགུའི་བདག་པོ་དང་བཅས་པའི་ལྷ་རྣམས་ཀྱིས་ཕྱག་བགྱི་བ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། དབང་པོ་དང་བཅས་པའི་ལྷའི་བུ་རྣམས་དང་། ཚངས་པ་དང་བཅས་ པ་དང་། སྐྱེ་དགུའི་བདག་པོ་དང་བཅས་པའི་ལྷ་རྣམས་ཉི་ཚེས་ཕྱག་བྱ་བར་ཡང་མ་ཟད་ཀྱི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་དེ་ལ་ནི་ཁ་དོག་ལས་ཤིན་ཏུ་འདས་པའི་ལྷའི་བུ་དགེ་རྒྱས་པ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། གནས་གཙང་མའི་རིས་ཀྱི་བར་གྱི་ལྷའི་བུ་གང་ཡིན་པ་དེ་དག་གིས་ཀྱང་ཕྱག་བྱ་བ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་གང་དག་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་ན་བཞུགས་ཏེ། འཚོ་ཞིང་གཞེས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ་ཞེས་དགོངས་ པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སངས་རྒྱས་ཉིད་དུ་ཞུགས་པ་ཡིན་པར་གཟུང་ བར་བྱའོ། །རབ་འབྱོར་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བདུད་སྡིག་ཅན་ཤ་སྟག་ཏུ་གྱུར་ལ། བདུད་སྡིག་ཅན་རེ་རེས་ཀྱང་བདུད་སྡིག་ཅན་དེ་སྙེད་ཅིག་མངོན་པར་སྤྲུལ་ཀྱང་། དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་བར་ཆད་བྱ་བར་མི་ནུས་སོ། །རབ་འབྱོར་ཆོས་གཉིས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདུད་སྡིག་ཅན་རྣམས་ཀྱིས་མི་ཐུལ་བ་ཡིན་ཏེ། གཉིས་གང་ཞེ་ན། དེས་ཆོས་ ཐམས་ཅད་ལ་སྟོང་པ་ཉིད་དུ་རྣམ་པར་བལྟས་པ་དང་། དེས་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བ་ཡིན་ཏེ། རབ་འབྱོར་ཆོས་གཉིས་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདུད་སྡིག་ཅན་རྣམས་ཀྱིས་མི་ཐུལ་བ་ཡིན་ནོ། །རབ་འབྱོར་ གཞན་ཡང་ཆོས་གཉིས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་བདུད་སྡིག་ཅན་རྣམས་ཀྱིས་མི་ཐུལ་བ་ཡིན་ཏེ། གཉིས་གང་ཞེ་ན། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་དང་། སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱིས་དགོངས་པ་ཡིན་ཏེ། རབ་འབྱོར་ཆོས་གཉིས་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་བདུད་སྡིག་ཅན་རྣམས་ཀྱིས་མི་ཐུལ་བ་ཡིན་ནོ། །རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་དྲུང་དུ་ལྷའི་བུ་རྣམས་ཀྱང་བསྙེན་བཀུར་བྱ་བ་དང་། ཡོངས་སུ་ཞུ་བ་དང་། ཡོངས་སུ་དྲི་བའི་ཕྱིར་ཉེ་བར་འགྲོ་བར་སེམས་ཤིང་རིགས་ཀྱི་བུ་ཁྱེད་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ ལྟ་བས་ན་རིགས་ཀྱི་བུ་ཁྱོད་འདི་ལྟ་སྟེ། སྟོང་པ་ཉིད་ཀྱིས་གནས་པ་དང་། མཚན་མ་མེད་པས་གནས་པ་དང་། སྨོན་པ་མེད་པས་གནས་པའི་གནས་པ་དེ་དག་གིས་གནས་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཁྱོད་གནས་པ་དེ་དག་གིས་གནས་ན། སེམས་ ཅན་མགོན་མེད་པ་རྣམས་ཀྱི་མགོན་དུ་འགྱུར་བ་དང་། སེམས་ཅན་སྐྱབས་མེད་པ་རྣམས་ཀྱི་སྐྱབས་སུ་འགྱུར་བ་དང་། སེམས་ཅན་རྟེན་མེད་པ་རྣམས་ཀྱི་རྟེན་དུ་འགྱུར་བ་དང་། སེམས་ཅན་དཔུང་གཉེན་མེད་པ་རྣམས་ཀྱི་དཔུང་གཉེན་དུ་འགྱུར་བ་དང་། སེམས་ཅན་ གནས་མེད་པ་རྣམས་ཀྱི་གནས་སུ་འགྱུར་བ་དང་། སེམས་ཅན་གླིང་མེད་པ་རྣམས་ཀྱི་གླིང་དུ་འགྱུར་བ་དང་། སེམས་ཅན་མུན་པར་གྱུར་པ་རྣམས་ཀྱི་སྣང་བར་འགྱུར་བའི་ཕྱིར་རོ་ཞེས་སྤྲོ་བ་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ གནས་འདིས་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་ན་བཞུགས་ཏེ། འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་གང་དག་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་བའི་ སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ཅིང་། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་གྱི་ཡོ་བྱད་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་དག་གི་མིང་དང་། རིགས་ཡོངས་སུ་བརྗོད་པའི་ཚུལ་གྱིས། ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་བརྗོད་པ་མཛད་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། ད་ལྟར་ང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེ་ ཏོག་གི་མིང་ཡོངས་སུ་བརྗོད་པའི་ཚུལ་གྱིས་ཆོས་སྟོན་ཅིང་། ཆེད་དུ་བརྗོད་པ་ཡང་ཆེད་དུ་བརྗོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ཏོར་ཅན་གྱི་མིང་ཡོངས་སུ་བརྗོད་པའི་ཚུལ་གྱིས། ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་བརྗོད་པ་དང་ང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་དྲུང་དུ་ཚངས་པར་སྤྱད་པ་སྤྱོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མ་བྲལ་བའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་དག་གི་མིང་ཡོངས་སུ་བརྗོད་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་བརྗོད་པ་བཞིན་ནོ། །རབ་འབྱོར་ཤར་ཕྱོགས་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་ དེ་དག་ཀྱང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འདི་ལྟར་ཚངས་པར་སྤྱད་པ་སྤྱོད་པ་དེ་དག་ལ་དགའ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་བརྗོད་པ་མཛད་དོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། སྟེང་དང་། འོག་ དང་། ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཚངས་པར་ སྤྱད་པ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མ་བྲལ་བ་དེ་དག་ལ་དགའ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་བརྗོད་པར་མཛད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པར་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་བར་དེ་དག་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགའ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་བརྗོད་པར་མཛད་དོ། །དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དེ་ལྟར་སངས་རྒྱས་ཀྱི་ཚུལ་རྒྱུན་མི་ཆད་པའི་ཕྱིར་བཞུགས་པ་དག་ནི་དཀའ་བ་བྱེད་པ་ཡིན་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སླར་ལྡོག་པའམ། སླར་མི་ལྡོག་པ་གང་དག་གི་མིང་ཡོངས་སུ་བརྗོད་ཅིང་དགའ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་པར་མཛད་ལགས། དེ་སྐད་ཅེས་ གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་དག་ཕྱིར་མི་ལྡོག་པ་དག་ཀྱང་ཡོད། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལུང་མ་བསྟན་པ་དག་ཀྱང་ཡོད་དེ། དེ་དག་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དགའ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་བརྗོད་པ་མཛད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ འཁྲུགས་པའི་རྗེས་སུ་སློབ་པའི་ཚུལ་གྱིས་སྤྱོད་པ་དེ་དག་ནི། རབ་འབྱོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ཏེ། དེ་དག་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དགའ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་བརྗོད་ པར་མཛད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེ་ཏོག་གི་རྗེས་སུ་སློབ་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དེ་དག་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་དེ་ དག་དགའ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་བརྗོད་པར་མཛད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་ཐམས་ཅད་སྐྱེ་བ་མེད་པར་མོས་ཀྱང་མི་སྐྱེ་བའི་ཆོས་ལ་ བཟོད་པ་མ་ཐོབ་པ་དག་དང་། ཆོས་ཐམས་ཅད་སྟོང་པ་ཞེས་བྱ་བར་མོས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་མ་ཐོབ་པ་དག་དང་། ཆོས་ཐམས་ཅད་ཞི་བ་ཞེས་བྱ་བར་མོས་པ་དང་། ཆོས་ཐམས་ཅད་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་དང་། གསོག་ཅེས་བྱ་བ་དང་། ཡ་མ་ བརླ་ཞེས་བྱ་བ་དང་། སྙིང་པོ་མེད་པ་ཞེས་བྱ་བར་མོས་ཀྱང་། མི་སྐྱེ་བའི་ཆོས་ལ་བཟོད་པ་མ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ། རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་དེ་དག་དགའ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་ བརྗོད་པར་མཛད་དོ། །རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གི་མིང་འདི་ཡོངས་སུ་བརྗོད་པའི་ཚུལ་གྱིས་ཆོས་སྟོན་པ་དང་། དགའ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་ བརྗོད་པར་མཛད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་རབ་འབྱོར་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ཡོངས་སུ་སྤངས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བ་ཡིན་ནོ། །རབ་འབྱོར་སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དག་གི་མིང་ཡོངས་སུ་བརྗོད་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཡང་ཆེད་དུ་བརྗོད་པར་མཛད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཕྱིར་ མི་ལྡོག་པ་ཉིད་ལ་གནས་པར་འགྱུར་ཞིང་དེ་ལ་གནས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཐོས་ནས། འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཅི་སྐད་གསུངས་པ་དེ་བཞིན་ནོ། །ཞེས་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟ་ལ་རྨོངས་པར་མི་འགྱུར་ན། དེས་ནི་ཕྱིས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དང་། བྱང་ཆུབ་ སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དེ་དག་ལས་འདི་ཉིད་རྒྱ་ཆེར་ཐོས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མོས་པ་འབྱུང་བར་འགྱུར་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་པ་ན་འདི་ ནི་དེ་བཞིན་གཤེགས་པས་ཇི་སྐད་གསུངས་པ་དེ་བཞིན་ནོ། །ཞེས་མོས་ཤིང་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དེ་ལྟར་གཅེས་སྤྲས་བྱེད་པ་ཡིན་ན། གང་མོས་ ཤིང་མོས་ནས་ཀྱང་དེ་བཞིན་ཉིད་དུ་གནས་ཤིང་དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་པ་དང་། དེ་བཞིན་ཉིད་དུ་གནས་ཤིང་དེ་བཞིན་ཉིད་དུ་བསྒྲུབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། རབ་འབྱོར་གྱིས་གསོལ་པ། བཅོམ་ ལྡན་འདས་གང་དེ་བཞིན་ཉིད་དུ་གནས་ཤིང་། དེ་བཞིན་ཉིད་དུ་བསྒྲུབས་ན། ཆོས་གང་ཡང་དམིགས་པར་མི་འགྱུར་བ་ལགས་ན། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་བ་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བགྱི་ བའི་ཆོས་གང་ཡང་དམིགས་སུ་མ་མཆིས་ན་སུ་ཞིག་དེ་བཞིན་ཉིད་ལ་གནས་པར་འགྱུར། སུ་ཞིག་དེ་བཞིན་ཉིད་ལ་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། སུ་ཞིག་དེ་བཞིན་ཉིད་ལ་གནས་ནས་ཆོས་སྟོན་པར་ འགྱུར་ཏེ། དེ་བཞིན་ཉིད་ཀྱང་དམིགས་སུ་མ་མཆིས་ལགས་ན། སུ་ཞིག་དེ་བཞིན་ཉིད་ལ་གནས་པར་འགྱུར་བ་དང་། དེ་བཞིན་ཉིད་ལ་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་འཚང་རྒྱ་བར་འགྱུར་བ་དང་། དེ་བཞིན་ཉིད་ལ་གནས་ནས་ཆོས་སྟོན་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། དེ་ནི་གནས་མ་མཆིས་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་ འབྱོར་ཁྱོད་འདི་སྐད་དུ། དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བགྱི་བའི་ཆོས་གང་ཡང་མ་མཆིས་ན། སུ་ཞིག་དེ་བཞིན་ཉིད་ལ་གནས་པར་འགྱུར། སུ་ཞིག་དེ་བཞིན་ཉིད་ལ་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ འགྱུར། སུ་ཞིག་དེ་བཞིན་ཉིད་ལ་གནས་ནས་ཆོས་སྟོན་པར་འགྱུར་ཏེ། དེ་བཞིན་ཉིད་ཀྱང་དམིགས་སུ་མ་མཆིས་ལགས་ན། སུ་ཞིག་དེ་བཞིན་ཉིད་ལ་གནས་པ་དང་། དེ་བཞིན་ཉིད་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ འཚང་རྒྱ་བར་འགྱུར་བ་དང་། དེ་བཞིན་ཉིད་ལ་གནས་ནས། ཆོས་སྟོན་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། དེ་ནི་གནས་མ་མཆིས་ལགས་སོ། །ཞེས་ཟེར་བ་ནི། རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། རབ་འབྱོར་དེ་བཞིན་ ཉིད་མ་གཏོགས་པར་ཆོས་གང་ཡང་དམིགས་སུ་མེད་ན། གང་ཞིག་དེ་བཞིན་ཉིད་ལ་གནས་པ་དང་། གང་ཞིག་དེ་བཞིན་ཉིད་ལ་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། གང་ཞིག་དེ་བཞིན་ཉིད་ལ་ གནས་ནས་ཆོས་སྟོན་པར་འགྱུར་ཏེ། དེ་བཞིན་ཉིད་ཀྱང་དམིགས་སུ་མེད་ན། གང་དེ་བཞིན་ཉིད་ལ་གནས་པར་འགྱུར་བ་དང་། དེ་བཞིན་དུ་སྦྱར་ཏེ། དེ་བཞིན་ཉིད་ལ་གནས་ནས། ཆོས་སྟོན་པར་འགྱུར་བའི་བར་དག་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་འདི་ནི་གནས་པ་ཉིད་ཀྱི་ཕྱིར་ཏེ། རབ་འབྱོར་གང་དེ་བཞིན་ཉིད་དེ་ལ་གནས་པ་སུ་ཡང་མེད། དེ་བཞིན་ཉིད་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ བ་ཡང་མེད། དེ་བཞིན་ཉིད་ལ་གནས་ནས་ཆོས་སྟོན་པར་འགྱུར་བ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་ཉིད་ལ་ནི་གང་དེ་བཞིན་ཉིད་ལ་གནས་པར་འགྱུར་བ་དང་། གང་དེ་བཞིན་ཉིད་ལ་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ བར་འགྱུར་བ་དང་། གང་དེ་བཞིན་ཉིད་ལ་གནས་ནས་ཆོས་སྟོན་པར་འགྱུར་བ་དམིགས་སུ་མེད་པའི་ཕྱིར་ཏེ། དེ་ལྟར་དེ་བཞིན་ཉིད་ཀྱང་དམིགས་སུ་མེད་པས། དེ་ལ་སྐྱེ་བ་ཡང་དམིགས་སུ་མེད། འཇིག་པ་ཡང་མེད། གནས་པ་ཡང་མེད། གཞན་དུ་འགྱུར་བ་ཡང་མེད་ དེ། དེའི་ཕྱིར་ཆོས་དེ་ལ་སྐྱེ་བ་དམིགས་སུ་མེད་པ་དང་། འཇིག་པ་མེད་པ་དང་། གནས་པ་མེད་པ་དང་། གཞན་དུ་འགྱུར་བ་མེད་པས་ན། སུ་ཞིག་དེ་ལ་གནས་པར་འགྱུར། སུ་ཞིག་དེ་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་འཚང་རྒྱ་བར་འགྱུར། སུ་ཞིག་དེ་ལ་གནས་ནས་ཆོས་སྟོན་པར་འགྱུར་ཏེ། དེ་ནི་གནས་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པ་ལ་གས་ཏེ། བཅོམ་ ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དག་ནི་དཀའ་བ་བགྱིད་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གང་ཡང་དེ་བཞིན་ཉིད་ལ་ གནས་པ་སུ་ཡང་མ་མཆིས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་གང་ཡང་མ་མཆིས་ལ། ཆོས་སྟོན་པ་ཡང་གང་ཡང་མ་མཆིས་ཀྱང་། དེ་ལ་ཞུམ་པར་ཡང་མི་འགྱུར། དེ་ལ་ནེམ་ནུར་ཡང་མི་བགྱིད། རྨོངས་པར་ཡང་མི་འགྱུར་བའི་སླད་དུའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་གང་ཁྱོད་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཆོས་ཟབ་མོ་རྣམས་ལ་ནེམ་ནུར་མེད་ཅིང་རྨོངས་པ་མེད་པ་ནི་ དཀའ་བ་བྱེད་པ་ཡིན་ནོ་ཞེས་ཟེར་བ་ནི། ཀཽ་ཤི་ཀ་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པས་ན། དེ་ལ་སུ་ཞིག་ནེམ་ནུར་རམ་རྨོངས་པར་འགྱུར། དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་རབ་འབྱོར་ནི་ གང་ཅི་སྟོན་ཀྱང་དེ་ཐམས་ཅད་སྟོང་པ་ཉིད་ལས་བརྩམས་ཤིང་སྟོན་ཏེ། ཅི་ལ་ཡང་ཆགས་པ་མེད་དོ། །འདི་ལྟ་སྟེ་དཔེར་ན། མདའ་ནམ་མཁའ་ལ་འཕངས་པ་ནི་གང་དུ་ཡང་ཆགས་པ་མེད་དོ། །དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱིས་ཆོས་བསྟན་པ་ཡང་གང་དུ་ཡང་ ཆགས་པ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ཆགས་པ་མེད་པའི་ལེའུ་ཞེས་བྱ་སྟེ་ལྔ་བཅུ་རྩ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ གིས་དེ་སྐད་སྨྲས་ཤིང་། དེ་སྐད་བསྟན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་རྗེས་སུ་སྨྲ་ཞིང་ཆོས་སྨྲ་བ་དང་། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ཡང་དག་པར་བརྗོད་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་གང་ཁྱོད་ཀྱིས་དེ་སྐད་ སྨྲས་ཤིང་དེ་སྐད་བསྟན་པ་ནི། དེ་བཞིན་གཤེགས་པས་གསུངས་པའི་རྗེས་སུ་སྨྲ་ཞིང་ཆོས་སྨྲ་བ་དང་། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་བརྗོད་པ་ཡིན་ནོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ཙམ་དུ་གནས་བརྟན་རབ་འབྱོར་གྱིས་སྤོབས་པ་དེ་ ཐམས་ཅད་ནི་སྟོང་པ་ཉིད་ལས་བརྩམས་ཤིང་སྤོབས་པ་དང་། མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པ་ལས་བརྩམས་ཤིང་སྤོབས་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། བྱང་ཆུབ་ཀྱི་བར་ལས་བརྩམས་ཤིང་སྤོབས་པ་སྟེ་ངོ་མཚར་ལགས་སོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་རབ་འབྱོར་འདི་ནི་སྟོང་པ་ཉིད་ཀྱིས་གནས་པས་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་དམིགས་ན། གང་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་བཞིན་དུ་སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་དམིགས་ན། གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལྟ་སྨོས་ཀྱང་ཅི་དགོས། དྲན་པ་ཉེ་བར་གཞག་པ་རྣམས་ཉིད་ཀྱང་མི་དམིགས་ན་གང་དག་དྲན་པ་ཉེ་བར་གཞག་ པ་རྣམས་སྒོམ་པ་ལྟ་སྨོས་ཀྱང་ཅི་དགོས། དེ་བཞིན་དུ་སྦྱར་ཏེ། ལམ་ཉིད་ཀྱི་བར་ཡང་མི་དམིགས་ན། གང་དག་ལམ་སྒོམ་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། དེ་བཞིན་དུ་སྦྱར་ཏེ། བསམ་གཏན་དང་། ཚད་མེད་པ་དང་། རྣམ་པར་ཐར་པ་དང་། ཏིང་ངེ་ འཛིན་དང་། སྙོམས་པར་འཇུག་པ་ཉིད་ཀྱང་མི་དམིགས་ན། གང་དག་བསམ་གཏན་དང་། ཚད་མེད་པ་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་སྒོམ་པ་ལྟ་སྨོས་ཀྱང་ཅི་དགོས། སྟོབས་རྣམས་ཉིད་ཀྱང་མི་དམིགས་ན། གང་ དག་སྟོབས་རྣམས་ལ་སྒོམ་པ་ལྟ་སྨོས་ཀྱང་ཅི་དགོས། མི་འཇིགས་པ་རྣམས་ཉིད་ཀྱང་མི་དམིགས་ན། གང་དག་མི་འཇིགས་པ་རྣམས་མངོན་པར་སྒྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། སོ་སོ་ཡང་དག་པར་རིག་པ་རྣམས་ཉིད་ཀྱང་མི་དམིགས་ན། གང་དག་སོ་སོ་ཡང་དག་ པར་རིག་པ་རྣམས་མངོན་པར་སྒྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། བྱམས་པ་ཆེན་པོ་ཉིད་ཀྱང་མི་དམིགས་ན། གང་དག་བྱམས་པ་ཆེན་པོ་ལ་གནས་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། སྙིང་རྗེ་ཆེན་པོ་ཉིད་ཀྱང་མི་དམིགས་ན། གང་དག་སྙིང་རྗེ་ཆེན་པོ་ལ་གནས་པར་ འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཉིད་ཀྱང་མི་དམིགས་ན། གང་དག་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མངོན་པར་སྒྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། བྱང་ཆུབ་ཉིད་ཀྱང་མི་དམིགས་ན། གང་དག་བྱང་ཆུབ་མངོན་ པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མི་དམིགས་ན། གང་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། དེ་བཞིན་གཤེགས་པ་ཉིད་ཀྱང་མི་དམིགས་ན། གང་དག་དེ་བཞིན་གཤེགས་པར་འགྱུར་བ་ལྟ་ སྨོས་ཀྱང་ཅི་དགོས། སྐྱེ་བ་མེད་པ་ཉིད་ཀྱང་མི་དམིགས་ན། གང་དག་སྐྱེ་བ་མེད་པ་མངོན་སུམ་དུ་བྱེད་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། མཚན་རྣམས་ཉིད་ཀྱང་མི་དམིགས་ན། གང་དག་གི་ལུས་ལ་མཚན་རྣམས་འབྱུང་བར་འགྱུར་བ་ལྟ་ སྨོས་ཀྱང་ཅི་དགོས། དཔེ་བྱད་བཟང་པོ་རྣམས་ཉིད་ཀྱང་མི་དམིགས་ན། གང་དག་གི་ལུས་ལ་དཔེ་བྱད་བཟང་པོ་རྣམས་འབྱུང་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དགེ་སློང་རབ་འབྱོར་ནི་ཆོས་ཐམས་ཅད་དབེན་པ་ལ་གནས་པ་ཡིན་ལ། ཀཽ་ཤི་ ཀ་དགེ་སློང་རབ་འབྱོར་ནི་དམིགས་པ་མེད་པ་ལ་གནས་པ་དང་། སྟོང་པ་ཉིད་ལ་གནས་པ་དང་། མཚན་མ་མེད་པ་ལ་གནས་པ་དང་། སྨོན་པ་མེད་པ་ལ་གནས་པ་ཡིན་པའི་ཕྱིར་རོ། །ཀཽ་ཤི་ཀ་དགེ་སློང་རབ་འབྱོར་གྱི་གནས་པ་ནི་དེ་ལྟ་བུ་ཡིན་ཏེ། ཀཽ་ཤི་ཀ་དགེ་སློང་རབ་ འབྱོར་གྱི་གནས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་གནས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །འབུམ་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་ཕྲག་འབུམ་ གྱི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་དང་ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་གནས་པ་མ་གཏོགས་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པའི་གནས་པ་གང་ཡིན་པ་དེ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་གནས་པ་གང་ཡིན་པའི་གནས་པ་དེ་དག་གི་ནང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་གནས་པ་གང་ཡིན་པ་དེ་ནི་མཆོག་ཅེས་བྱ་བ་དང་། ཐུ་ བོ་དང་། ཁྱད་པར་དུ་འཕགས་པ་དང་། རབ་དང་། རབ་མཆོག་དང་། གྱ་ནོམ་པ་དང་། བླ་ན་མེད་པ་དང་། གོང་ན་མེད་པ་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །ཀཽ་ཤི་ཀ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བར་འདོད་ པས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་གནས་པའི་གནས་པ་འདི་ཉིད་ཀྱིས་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ ལས་འདའ་ཞིང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བག་ཆགས་དང་། མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་སྤངས་པ་ཐོབ་པར་འགྱུར་བའི་ཕྱིར་རོ། །དེ་ནས་འཁོར་དེ་ཉིད་ལས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་མེ་ཏོག་མན་དཱ་ར་བ་དག་བླངས་ནས། བཅོམ་ ལྡན་འདས་ལ་གཏོར་ཏོ། །མངོན་པར་གཏོར་ཏོ། །མངོན་པར་རབ་ཏུ་གཏོར་ཏོ། །དེ་དགེ་སློང་དྲུག་སྟོང་ཡང་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ བ་བཏུད་ནས། མིག་མི་འཛུམས་པར་ཕྱག་འཚལ་བར་གྱུར་ཏོ། །སངས་རྒྱས་ཀྱི་མཐུས་དེ་དག་གི་སྙིམ་པ་མེ་ཏོག་མན་དཱ་ར་བ་དག་གིས་རབ་ཏུ་གང་བར་གྱུར་ནས། མེ་ཏོག་མན་དཱ་ར་བ་དེ་དག་གིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ལ་གཏོར་ཏོ། །མངོན་པར་གཏོར་ཏོ། །མངོན་པར་རབ་ཏུ་གཏོར་ཏོ། །དེ་དག་གིས་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་བའི་ཚེ། ཚིག་འདི་སྐད་དུ་བཅོམ་ལྡན་འདས་དགེ་བའི་རྩ་བ་འདིས་བདག་ཅག་གང་ཉན་ཐོས་དང་། རང་ སངས་རྒྱས་ཐམས་ཅད་ཀྱི་གནས་མ་ལགས་པའི་གནས་པ་དམ་པ་འདིས་གནས་པར་གྱུར་ཅིག་ཅེས་ཀྱང་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་གི་བསམ་པ་ཐུགས་སུ་ཆུད་ནས་དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ ཀྱི་ཆོས་ཉིད་དེ། གང་གི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་པ་ན། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ ལྟ་བུ་དག་བྱུང་བར་གྱུར་ཏེ། དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བས་ཁྱབ་པར་བྱས་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་པར་གྱུར་ཏོ། །དེ་ནས་ཚེ་དང་ ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ལགས་ན། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དགེ་སློང་དྲུག་སྟོང་པོ་འདི་དག་ནི་བསྐལ་པ་སྐར་མ་ལྟ་བུ་ཞེས་བྱ་བ་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། མེ་ཏོག་གཏོར་བ་ཞེས་བྱ་ བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤ་སྟག་ཏུ་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་གཏོར་བ་ཞེས་བྱ་བ་དེ་དག་གི་དགེ་སློང་གི་དགེ་འདུན་ཡང་མཚུངས་པར་འགྱུར་ རོ། །སངས་རྒྱས་ཀྱི་ཞིང་མཚུངས་པར་འགྱུར་རོ། །ཚེའི་ཚད་ཀྱང་ལོ་སྟོང་དུ་མཚུངས་པར་འགྱུར་རོ། །དེ་དག་གང་དང་གང་ནས་མངོན་པར་འབྱུང་བར་འགྱུར་ཞིང་མངོན་པར་བྱུང་ནས། རབ་ཏུ་འབྱུང་བ་དག་དང་། གང་དང་གང་དུ་རབ་ཏུ་བྱུང་སྟེ། གནས་པར་འགྱུར་བ་དེ་ དང་དེ་དག་ཏུ་མེ་ཏོག་ཁ་དོག་ལྔ་པའི་ཆར་དག་ཀྱང་རབ་ཏུ་འབབ་པར་འགྱུར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་གནས་པ་དམ་པས་གནས་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱའོ། །དེ་བཞིན་གཤེགས་པའི་ གནས་པས་གནས་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་འདི་ལྟར་བདག་ནི་མིའི་ནང་ནས་ཤི་འཕོས་ཏེ་འདིར་སྐྱེས་པའམ། དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ནས་འདིར་སྐྱེས་པ་ཡིན་ཏེ་མི་རྣམས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྒྱ་ཆེར་ཐོས་པར་གྱུར་པའམ། དགའ་ལྡན་གྱི་རིས་ཀྱི་ལྷ་ རྣམས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྒྱ་ཆེར་ཐོས་པར་གྱུར་པ་ཡིན་ནོ་ཞེས་ངེས་པར་རྟོགས་པར་བྱའོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་དག་ནི་དེ་བཞིན་གཤེགས་པས་ རྣམ་པར་གཟིགས་པར་གྱུར་པ་ཡིན་ནོ། །ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པ་དང་། ཐོས་ནས་ཀྱང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ ཡིད་ལ་བྱེད་ཅིང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྗེས་སུ་སྟོན་པར་བྱེད་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་འདི་སྙམ་དུ་བདག་ ཅག་གིས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ཤིང་བཟུང་བ་དང་། བཅངས་པ་དང་། བླགས་པ་དང་། ཀུན་ཆུབ་པར་བྱས་ཤིང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་དེ་དག་ལས་དགེ་བའི་རྩ་བ་བསྐྱེད་པར་གྱུར་པ་ཡིན་ནོ་ཞེས་ངེས་པར་རྟོགས་པར་བྱའོ། །ཀུན་དགའ་བོ་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་འདི་སྙམ་དུ་བདག་ཅག་གིས་ནི་ཉན་ཐོས་རྣམས་ལས། དགེ་བའི་རྩ་བ་བསྐྱེད་པ་མ་ཡིན་ ཞིང་ཉན་ཐོས་རྣམས་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་པ་མ་ཡིན་ནོ། །ཞེས་བྱ་བར་རིག་པར་བྱའོ། །ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པ་དང་། འཛིན་པ་དང་། འཆང་ བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་ཅིང་། དོན་དང་ཆོས་དང་ཚུལ་ལས་རྗེས་སུ་རྟོག་པར་བྱེད་ན། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་འདི་ལྟར་བདག་ཅག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ མངོན་སུམ་དུ་གྱུར་པ་ཡིན་ནོ་ཞེས་ངེས་པར་རྟོགས་པར་བྱའོ། །ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ཐོས་ན། མི་སྤོང་མི་སྨོད་ཅིང་དད་པ་ཐོབ་པར་འགྱུར་ན། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ནི་སྔོན་གྱི་རྒྱལ་བ་ལ་བྱ་བ་ལྷག་པར་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པ་དང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ཡིན་པར་རིག་པར་བྱའོ། །ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་ལས་དགེ་བའི་རྩ་བ་བསྐྱེད་པ་ཡང་། ཉན་ཐོས་ཉིད་དམ་རང་སངས་རྒྱས་ཉིད་དམ། སངས་རྒྱས་ཉིད་དུ་འགྱུར་བ་མི་སླུ་མོད་ཀྱི། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། དེ་བཞིན་ དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པས་ལེགས་པར་རྟོགས་པར་བྱའོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་ པས། ལེགས་པར་རྟོགས་པར་བྱས་པ་ནི། ཉན་ཐོས་ཉིད་དམ། རང་སངས་རྒྱས་ཉིད་ལ་གནས་པར་མི་འགྱུར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་ངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཁྱོད་ལ་ཡོངས་སུ་གཏད་དོ། །ཀུན་དགའ་བོ་གལ་ཏེ་ངས་ཆོས་གང་དག་བསྟན་ པ་རྣམས་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་གཏོགས་པའི་ཆོས་བསྟན་པ་དེ་དག་ཐམས་ཅད་ཁྱོད་ཀྱིས་བཟུང་ཞིང་ཀུན་ཆུབ་པར་བྱས་ནས་དེའི་འོག་ཏུ་ཆུད་གཟན་ཅིང་། དེའི་འོག་ཏུ་སྤང་བར་གྱུར་ཀྱང་ཀུན་དགའ་བོ་ང་དེ་ཙམ་གྱི་ཚོད་ཀྱིས་ནི་ཁྱོད་ལ་སྐྱོན་དུ་མི་རྩིའི། ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཟུང་ནས་ཚིག་གཅིག་ཙམ་ཡང་ཆུད་གཟན་པར་གྱུར་ན། ཀུན་དགའ་བོ་དེ་ཙམ་གྱིས་ནི་ངས་ཁྱོད་ལ་སྐྱོན་དུ་བརྩིའོ། །ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ བཟུང་ནས། དེའི་འོག་ཏུ་ཆུད་མ་གཟན་མ་བོར་ན་ཀུན་དགའ་བོ་དེ་ནི་ངས་ཁྱོད་ལ་སྐྱོན་དུ་མི་བརྩི་སྟེ། ཀུན་དགའ་བོ་ངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་ཁྱོད་ལ་ཡོངས་སུ་གཏད་ཀྱིས་ཅི་ནས་ཀྱང་ཟུང་ཤིག །ཆོངས་ཤིག་ཀློགས་ཤིག །ཀུན་ཆུབ་པར་གྱིས་ཤིག ། རྟག་ཏུ་ཡིད་ལ་གྱིས་ཤིག །ལེགས་པར་བཟུང་བ་དང་ལེགས་པར་བྱ་བ་ཅང་བར་གྱིས་ཤིག །ཡི་གེ་དང་ཚིག་དང་། ཚིག་འབྲུ་ལེགས་པར་རྫོགས་པ་དང་། ངེས་པའི་ཚིག་ལེགས་པར་ཟིན་པར་གྱིས་ཤིག །ཀུན་དགའ་བོ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེས་ནི་འདས་པ་དང་། མ་བྱོན་པ་དང་། དེ་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཀུན་གཟུང་བར་འགྱུར་རོ། ། ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། རྗེས་སུ་ཡོངས་སུ་འཛིན་པ་དེས་ནི། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་རྗེས་སུ་ཡོངས་སུ་གཟུང་བར་འགྱུར་ རོ། །ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ད་ལྟར་ང་ལ་མངོན་སུམ་དུ་མེ་ཏོག་གམ། སྤོས་སམ། མེ་ཏོག་ཕྲེང་ངམ། བདུག་པའམ། བྱུག་པའམ། ཕྱེ་མའམ་གོས་སམ། གདུགས་སམ། རྒྱལ་མཚན་ནམ། བ་དན་དག་གིས་བསྟི་སྟང་དུ་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོ་བྱེད་པ་དང་། མཆོད་པ་བྱེད་པར་འདོད་པ་དེ་དག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱའོ། །བཟུང་ཞིང་བཅངས་ལ་བླགས་ཤིང་ཀུན་ཆུབ་པར་བྱས་ནས་ཀྱང་མེ་ཏོག་ དང་། སྤོས་དང་། བདུག་པ་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསྟི་སྟང་དུ་བྱ། བླ་མར་བྱ། རི་མོ་བྱ། མཆོད་པར་བྱའོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོ་བྱེད། མཆོད་པར་བྱེད་པ་དེས་ནི་ང་ཡང་མཆོད་པ་ཡིན་ལ། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡང་མཆོད་པ་བྱས་པ་ཡིན་ནོ། །ཀུན་དགའ་བོ་རིགས་ཀྱི་བུའམ་ རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཤད་པ་ལ། གུས་པ་དང་དགའ་བ་དང་། དད་པ་སྐྱེད་པར་འགྱུར་བ་དེས་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་གུས་པ་དང་། དགའ་བ་དང་། དད་པ་དང་། རི་མོ་བསྐྱེད་པ་ཡིན་ནོ། །ཀུན་དགའ་བོ་གལ་ཏེ་ཁྱོད་ང་ལ་དགའ་བ་དང་། ཡིད་དུ་འོང་བ་དང་ཡོངས་སུ་མི་གཏོང་བ་དེ་ལྟར་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དགའ་བ་དང་། ཡིད་དུ་འོང་བ་དང་། ཡོངས་སུ་མི་གཏོང་བར་གྱིས་ལ། ཅི་ནས་ཀྱང་ཁྱོད་ ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་ཚིག་གཅིག་ཙམ་ཡང་ཆུད་མ་ཟོས་པར་གྱིས་ཤིག །ཀུན་དགའ་བོ་ངས་ཁྱོད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡོངས་སུ་གདམས་པ་ལས་བརྩམས་ཏེ། མང་དུ་སྨྲས་པ་ཡང་། ཀུན་དགའ་བོ་མ་དོར་ན། ཇི་ལྟར་ང་ཁྱོད་ཀྱི་ སྟོན་པ་ཡིན་པ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡང་ཁྱོད་ཀྱི་སྟོན་པ་ཡིན་གྱིས། ཀུན་དགའ་བོ་དེ་བས་ན་ངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་གཏད་པ་ཚད་མེད་པས་ཁྱོད་ལ་ཡོངས་སུ་གཏད་དོ། །ཀུན་དགའ་བོ་དེ་ལྟ་བས་ན། ངས་ལྷ་དང་། མི་དང་ལྷ་ མ་ཡིན་དུ་བཅས་པའི་འཇིག་རྟེན་ཡང་སྦྲན་ཏེ། གང་གིས་སངས་རྒྱས་ཡོངས་སུ་མ་བཏང་བ་དང་། ཆོས་ཡོངས་སུ་མ་བཏང་བ་དང་། དགེ་འདུན་ཡོངས་སུ་མ་བཏང་བ་དང་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཡོངས་སུ་ མ་བཏང་བ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡོངས་སུ་མི་གཏང་བར་བྱ་སྟེ། འདི་ནི་ངས་རྗེས་སུ་བསྟན་པ་ཡིན་ནོ། །ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། གཞན་དག་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྣམ་གྲངས་དུ་མར་རྒྱ་ཆེར་ཡང་དག་པར་སྟོན་པར་བྱེད་པ་དང་། རྗོད་པ་དང་། འཆང་བ་དང་། ཤེས་པར་བྱེད་པ་དང་། རབ་ཏུ་གཞོག་པ་དང་། རྣམ་པར་ འགྲེལ་བ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་ན། ཀུན་དགའ་བོ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་བྱུང་བ་ཡིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་གང་དག་འདས་པའི་དུས་ན་བྱུང་བར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་བྱུང་བ་ཡིན་ལ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་འབྱུང་བ་ཡིན་ཞིང་ཀུན་དགའ་བོ་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་ད་ལྟར་ཤར་ཕྱོགས་དང་། ལྷོ་དང་ནུབ་དང་། བྱང་དང་འོག་དང་། སྟེང་དང་ཕྱོགས་མཚམས་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཀྱང་ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་སྐྱེས་པའི་ཕྱིར་རོ། །ཀུན་དགའ་བོ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ འདི་དག་ལ་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པ་དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འགྱུར་ཏེ། ཀུན་དགའ་བོ་དེ་ལྟ་བས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་རྒྱ་ཆེར་ཡོངས་སུ་གཏད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟ་སྟེ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཛོད་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་མཛོད་ཡིན་ཏེ། དེ་ནི་མི་ཟད་པའི་མཛོད་ཡིན་པའི་ཕྱིར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་གང་དག་ཤར་དང་། ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་དང་། ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་དག་ན་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཛོད་འདི་ཉིད་ ལས་ཆོས་སྟོན་པར་མཛད་དོ། །ཀུན་དགའ་བོ་འདས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བྱུང་བར་གྱུར་པ་དེ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་ལ་བསླབས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཀུན་དགའ་བོ་གང་དག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཉིད་ལ་བསླབས་ནས། བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་ཆོས་ཀྱང་སྟོན་པར་འགྱུར་རོ། །ཀུན་དགའ་བོ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཉན་ཐོས་གང་དག་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས། ཡོངས་སུ་མྱ་ངན་ལས་འདས་སོ། །ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཡོངས་སུ་མྱ་ངན་ལས་འདའོ། །ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་རྣམས་ལ་ཉན་ཐོས་ཀྱི་ས་ལས་བརྩམས་ཏེ། ཆོས་ བསྟན་པར་གྱུར་ལ། ཆོས་བསྟན་པ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་ཀྱིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཀྱང་དེ་ཙམ་གྱིས་ནི་ཁྱོད་ཀྱིས་ངའི་ཉན་ཐོས་ཀྱིས་ཉན་ཐོས་ཀྱི་བྱ་བ་བྱས་པར་གྱུར་པ་མ་ཡིན་གྱིས། ཀུན་ དགའ་བོ་གལ་ཏེ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚིག་གཅིག་ཙམ་རབ་ཏུ་བསྟན་ན། དེ་ནི་ཉན་ཐོས་ཁྱོད་ཀྱིས་ང་མཉེས་པར་བྱས་ཤིང་། ཉན་ཐོས་ཀྱིས་ཉན་ཐོས་ཀྱི་བྱ་བ་བྱས་པ་ཡིན་ནོ། །ཀུན་ དགའ་བོ་འདི་ཇི་སྙམ་དུ་སེམས། ཆོས་བསྟན་པ་སྔ་མ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་དགྲ་བཅོམ་པ་ཉིད་མངོན་དུ་བྱས་པར་གྱུར་ན། དགྲ་བཅོམ་པ་དེ་དག་གི་སྦྱིན་པ་ལས་བྱུང་ བའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དང་། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་དེ་དག་མང་བ་ཡིན་སྙམ་མམ། གསོལ་ པ་བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ཀྱང་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་གང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཐ་ན་ཉི་མ་གཅིག་ཙམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་དང་ལྡན་པའི་ཆོས་སྟོན་པར་བྱེད་ན། དེ་ནི་བསོད་ནམས་ཆེས་མང་དུ་སྐྱེད་པར་འགྱུར་རོ། །ཀུན་དགའ་བོ་ཉི་མ་གཅིག་ལྟ་ཞོག་གི །ཀུན་དགའ་བོ་གལ་ཏེ་ཉི་མ་ཕྱེད་དམ། ཀུན་དགའ་བོ་ཉི་མ་ཕྱེད་ལྟའང་ཞོག་གི །གལ་ཏེ་སྔ་དྲོ་གཅིག་ཙམ་མམ། ཀུན་དགའ་བོས་སྔ་དྲོ་ གཅིག་ཙམ་ལྟའང་ཞོག་གི །གལ་ཏེ་ཆུ་ཚོད་གཅིག་ཙམ་གྱི་བར་རམ། ཀུན་དགའ་བོ་ཆུ་ཚོད་གཅིག་ཙམ་གྱི་བར་ལྟའང་ཞོག་གི །གལ་ཏེ་ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སྐད་ཅིག་གམ། ཐང་ཅིག་གམ་ཡུད་ ཙམ་ཞིག་གི་བར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་བསྟན་པར་གྱུར་ན། ཀུན་དགའ་བོ་དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་ཏེ། དེས་ནི་ཉན་ཐོས་ཀྱི་ཐེག་པ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟིལ་གྱིས་ནོན་པར་ འགྱུར་རོ། །ཀུན་དགའ་བོ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ལ་ཐ་ན་ཉི་མ་གཅིག་གམ། ཉི་མ་ཕྱེད་དམ་སྔ་དྲོ་འམ། ཆུ་ཚོད་གཅིག་ཙམ་གྱི་བར་རམ་སྐད་ཅིག་གམ། ཐང་ཅིག་གམ་ཡུད་ཙམ་ཞིག་ གི་བར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་བསྟན་པར་གྱུར་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ནི་ཉན་ཐོས་ཀྱི་ཐེག་པ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟིལ་གྱིས་ནོན་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ལ། གཞན་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་ཅིང་ཡང་དག་པར་སྟོན་པ་དང་། ཡང་ དག་པར་གཟེངས་སྟོད་པ་དང་། འཛུད་པ་དང་རབ་ཏུ་འགོད་པར་བྱེད་པའི་ཕྱིར་རོ། །ཀུན་དགའ་བོ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པ་དང་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་བར་ལ་ སྤྱོད་ཅིང་། དགེ་བའི་རྩ་བ་རྣམས་ཀྱིས་རྣམ་པར་འཕེལ་བ་གང་གི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པར་འགྱུར་བ་ནི་གནས་མ་ཡིན། སྐབས་མ་ཡིན་ཏེ་དེ་ནི་གནས་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པ་ན། བཅོམ་ ལྡན་འདས་ཀྱི་འཁོར་བཞི་པོ་དང་། ལྷ་དང་། མི་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་། མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་རྣམས་ཀྱི་མདུན་དུ་འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དེ། འདི་ལྟ་བུའི་རྫུ་འཕྲུལ་ མངོན་པར་འདུ་མཛད་པ། མངོན་པར་མཛད་པས་འཁོར་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱིས་མདུན་གྱིས་བལྟས་ལ། འཁོར་རྒྱ་མཚོ་མི་འཁྲུགས་པ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ། ཉོན་མོངས་པ་མེད་པ་དབང་དུ་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ་གླང་པོ་ཆེན་པོ་བྱ་བ་བྱས་པ་བྱེད་པ་བྱས་པ་ཁུར་ བོར་བ། བདག་གི་དོན་རྗེས་སུ་ཐོབ་པ་སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཐམས་ཅད་ཀྱི་དབང་གི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ རྣམས་ལ་ཆོས་སྟོན་པ་མཐོང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་དེ་ཕྱིར་བསྡུས་ཏེ། རྫུ་འཕྲུལ་དེ་ཕྱིར་བསྡུས་པ་དང་། འཁོར་བཞི་པོ་དེ་དང་། ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་དང་། རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་ལ་སོགས་པ་ཐམས་ ཅད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡང་མ་མཐོང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དེ་ཡང་མ་མཐོང་ སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དེ་དག་ཀྱང་མིག་གི་དབང་པོའི་སྤྱོད་ཡུལ་དུ་མི་སྣང་བར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་རྫུ་འཕྲུལ་མངོན་པར་འདུ་མཛད་པ་སླར་བསྡུ་བ་མཛད་པས་དེའི་ཕྱིར་མ་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དེ་དང་དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་དང་། དགེ་སློང་གི་དགེ་འདུན་དེ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དེ་དག་ མཐོང་ངམ། གསོལ་པ་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་དེ་དང་། དེ་བཞིན་གཤེགས་པ་དེ་དང་། དགེ་སློང་གི་དགེ་འདུན་དེ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དེ་དག་ནི་མིག་ལམ་དུ་ཡང་མི་གདའ་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་ དུ་ཆོས་ཐམས་ཅད་ཀྱང་མིག་ལམ་དུ་མི་སྣང་བ་ཡིན་ཏེ། ཆོས་ལ་ཆོས་མི་སྣང་ངོ་། །ཆོས་ཀྱིས་ཆོས་མི་མཐོང་ངོ་། །ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང་། ཉན་ཐོས་དེ་དག་དང་། བྱང་ཆུབ་སེམས་དཔའི་ ཐེག་པ་པའི་གང་ཟག་དེ་དག་དང་། སངས་རྒྱས་ཀྱི་ཞིང་དེ་མིག་ལམ་དུ་མི་སྣང་བ་དེ་བཞིན་དུ། ཀུན་དགའ་བོ་ཆོས་ཐམས་ཅད་ཀྱང་མིག་ལམ་དུ་མི་སྣང་བ་ཡིན་ཏེ། ཆོས་ཀྱིས་ཆོས་མི་མཐོང་ངོ་། །ཆོས་ཀྱིས་ཆོས་ཀུན་མི་ཤེས་ཏེ། ཀུན་དགའ་བོ་ཆོས་ཐམས་ཅད་ནི་ཤེས་པ་ མེད་པ་མཐོང་བ་མེད་པ་བྱ་བ་ལ་མཐུ་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་ཐམས་ཅད་ནི་སྙིང་པོ་མེད་པའི་ཕྱིར་གཡོ་བ་མེད་པ་དང་། གཟུང་བ་མེད་པ་ཡིན་ཏེ། ཀུན་དགའ་བོ་ཆོས་ཐམས་ཅད་གཡོ་བ་མེད་པ་དང་། གཟུང་བ་མེད་པས་ན། བསམ་གྱིས་མི་ ཁྱབ་པ་ཡིན་ཏེ། ཀུན་དགའ་བོ་ཆོས་ཐམས་ཅད་ནི་སྒྱུ་མའི་སྐྱེས་བུ་ལྟར་རིག་པ་མེད་པའི་ཕྱིར་རོ། །ཀུན་དགའ་བོ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ཏེ། ཆོས་གང་ལ་ཡང་མངོན་པར་ ཞེན་པ་མེད་པ་ཡིན་ནོ། །ཀུན་དགའ་བོ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན་ནོ། །ཀུན་དགའ་བོ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་སྟེ། དེ་ལྟར་སློབ་པ་ནི་མཆོག་ཅེས་བྱའོ། །ཐུ་བོ་ཞེས་བྱའོ་རབ་ཅེས་བྱའོ། །རབ་མཆོག་ཅེས་བྱའོ། །གྱ་ནོམ་པ་ཞེས་བྱའོ། །བླ་ན་མེད་པ་དང་། གོང་ན་མེད་པ་ཞེས་བྱ་སྟེ། འཇིག་རྟེན་ཐམས་ཅད་ལ་ ཕན་པ་དང་། འཇིག་རྟེན་ཐམས་ཅད་ལ་བདེ་བ་དང་། མགོན་མེད་པ་རྣམས་ཀྱི་མགོན་བྱེད་པ་དང་། སངས་རྒྱས་ཀྱིས་རྗེས་སུ་གནང་བ་དང་། སངས་རྒྱས་ཀྱིས་བསྔགས་པ་ཡིན་ཏེ། དེ་ལ་གནས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཕྱག་གཡས་པས་གྱེན་དུ་བཏེག་ཅིང་ཡང་སླར་གཞོག་ཀྱང་སེམས་ཅན་དེ་དག་གིས། འདི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ གྱེན་དུ་བཏེག་པའམ། ཕྱིར་བཞག་པར་ཡང་མི་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོས་ངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ ལ་ཆགས་པ་མི་མངའ་བའི་ཡེ་ཤེས་གཟིགས་པ་སྐྱེས་པའི་ཕྱིར་རོ། །ཀུན་དགའ་བོ་བསླབ་པ་གང་ཇི་སྙེད་ཡོད་པའི་བསླབ་པ་དེ་དག་ཐམས་ཅད་ཀྱི་ནང་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་འདི་ནི་མཆོག་ཅེས་བྱའོ། །ཐུ་བོ་དང་། རབ་དང་། རབ་མཆོག་དང་། གྱ་ནོམ་པ་དང་། བླ་ན་མེད་པ་དང་། གོང་ན་མེད་པ་ཞེས་བྱའོ། །ཀུན་དགའ་བོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚད་དམ། མཐའ་གཟུང་བར་སེམས་པ་དེ་ནི་ནམ་མཁའི་ཚད་དམ་མཐའ་གཟུང་བར་སེམས་པར་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ནི་ཚད་མེད་པའི་ཕྱིར་རོ། །ཀུན་དགའ་བོ་ངས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚད་མ་བསྟན་ཏེ། ཀུན་དགའ་བོ་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་དག་ལ་ནི་ཚད་གཟུང་དུ་ཡོད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཚད་ གཟུང་དུ་མེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔག་ཏུ་མ་མཆིས་ཤིང་། གཞལ་དུ་མ་མཆིས་པ་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་མི་ཟད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མེད་པ་ཡིན་ནོ། །ཀུན་དགའ་བོ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚད་མེད་པ་ཡིན་ནོ། །ཀུན་དགའ་བོ་འདས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་བྱུང་བར་གྱུར་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱིས་རབ་ཏུ་བསྐྱེད་པ་ཡིན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟད་པར་མ་གྱུར་ཏོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་གང་དག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱིས་རབ་ཏུ་སྐྱེད་པར་འགྱུར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟད་པར་མི་འགྱུར་རོ། །ཀུན་དགའ་བོ་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱིས་རབ་ཏུ་སྐྱེད་ ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟད་པར་བྱ་བར་འདོད་པ་དེ་ནི་ནམ་མཁའ་ཟད་པར་བྱ་བར་འདོད་དུ་ཟད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཟད་མི་ ཟད་ཟད་པར་མི་འགྱུར་ལ་དེ་བཞིན་དུ་སྦྱར་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་ཡང་མ་ཟད་མི་ཟད་ཟད་པར་མི་འགྱུར་ཞིང་། དེ་བཞིན་དུ་སྦྱར་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་མ་ཟད་མི་ཟད་ཟད་པར་མི་འགྱུར་ཏེ། ཆོས་དེ་ དག་ལ་ནི་སྐྱེ་བ་མེད་ལ་ཆོས་གང་དག་ལ་སྐྱེ་བ་མེད་པ་དེ་དག་ལ་ཟད་པར་འགྱུར་བ་མེད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་ཕྱུང་སྟེ་ཞལ་གྱི་དཀྱིལ་འཁོར་ཐམས་ཅད་ལྗགས་ཀྱི་དབང་པོས་ཀུན་ཏུ་ཁེབས་པར་མཛད་ནས། ཚེ་དང་ལྡན་པ་ ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། ལྗགས་ཀྱི་དབང་པོ་འདི་ལྟ་བུ་དང་ལྡན་པ་ལོག་པར་གསུང་ཞིང་གཞན་དུ་གསུང་བར་འགྱུར་སྙམ་མམ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་ པ་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཁོར་བཞི་པོ་དག་ལ་རྒྱ་ཆེར་སྟོན་ཅིག་ཤོད་ཅིག །ཁོད་ཅིག་རབ་ཏུ་ཁོད་ཅིག །རྣམ་པར་ཕྱེ་ཤིག །གསལ་བར་གྱིས་ཤིག་ ཡང་དག་པར་རབ་ཏུ་སྟོན་ཅིག །ཀུན་དགའ་བོ་ཉན་ཐོས་ཀྱི་ཐེག་པ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ཀྱིས་གང་ལ་བསླབ་པར་བྱ་བའི་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ལས་རྒྱ་ཆེར་ བསྟན་ཏེ་དེ་ལ་ཇི་སྐད་བསྟན་པ་དེ་བཞིན་དུ་སློབ་ན། རང་རང་གི་ས་དག་ལ་གནས་པར་འགྱུར་རོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་ཡི་གེ་ཐམས་ཅད་ལ་འཇུག་གོ། །ཡི་གེ་མེད་པ་ཐམས་ཅད་ལ་འཇུག་གོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཟབ་མོ་འདི་ནི་གཟུངས་ཀྱི་སྒོ་གང་དག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱ་བའི་གཟུངས་ཐམས་ཅད་ཀྱི་སྒོ་ཡིན་ཏེ། གཟུངས་དེ་དག་འཛིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སྤོབས་པ་དང་། སོ་སོ་ཡང་དག་པར་ རིག་པ་ཐམས་ཅད་ཐོབ་པར་འགྱུར་རོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཀྱི་མཛོད་མི་ཟད་པ་ཡིན་པར་ངས་བསྟན་ཏོ། །ཀུན་དགའ་བོ་དེ་ལྟ་ བས་ན་མོས་པར་བྱས་ཤིང་ཁོང་དུ་ཆུད་པར་བྱ་སྟེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དེ་ནི་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ གཟུང་བར་འགྱུར་རོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཟུངས་ཡིན་པར་ངས་བསྟན་ཏེ། ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུངས་འདི་གཟུང་ན། ཆོས་ཐམས་ཅད་ཡོངས་སུ་གཟུང་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཁྲི་བརྒྱད་སྟོང་པ་ལས་ཡོངས་སུ་གཏད་པའི་ལེའུ་ཞེས་བྱ་སྟེ་དྲུག་ཅུ་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བཞི་བཅུ་རྩ་གསུམ་པ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་འདི་སྙམ་དུ་སེམས་ཏེ། ཀྱེ་མ་དེ་བཞིན་གཤེགས་པ་ རྣམས་ཀྱི་བྱང་ཆུབ་འདི་ནི་ཟབ་སྟེ། བདག་གིས་དེ་བཞིན་གཤེགས་པ་ལ་ཞུ་གོར་མ་ཆག་གོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་ལགས་སམ། བཀའ་སྩལ་པ། རབ་འབྱོར་ནམ་མཁའ་མི་ཟད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་དོ། །གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། བཀའ་སྩལ་པ། རབ་འབྱོར་གཟུགས་མི་ཟད་པའི་ཕྱིར་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་ཟད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པའི་ ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་ཟད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་གཟུགས་དང་ནམ་མཁའ་ མི་ཟད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཚོར་བ་དང་ནམ་མཁའ་མི་ཟད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། ། འདུ་ཤེས་དང་ནམ་མཁའ་མི་ཟད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །འདུ་བྱེད་རྣམས་དང་། ནམ་མཁའ་མི་ཟད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་རྣམ་པར་ཤེས་པ་དང་ནམ་མཁའ་མི་ཟད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ཕུང་པོ་རྣམས་དང་། ནམ་མཁའ་མི་ཟད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དེ་བཞིན་དུ་ཁམས་དང་། ནམ་མཁའ་མི་ཟད་པ་དང་། སྐྱེ་མཆེད་དང་། ནམ་མཁའ་མི་ཟད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ནམ་མཁའ་མི་ཟད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་མ་ རིག་པ་དང་། ནམ་མཁའ་མི་ཟད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་འདུ་བྱེད་དང་ནམ་མཁའ་མི་ཟད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་རྣམ་པར་ཤེས་པ་དང་། ནམ་མཁའ་མི་ཟད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་མིང་དང་། གཟུགས་དང་ནམ་ མཁའ་མི་ཟད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྐྱེ་མཆེད་དྲུག་དང་ནམ་མཁའ་མི་ཟད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་རེག་པ་དང་། ནམ་མཁའ་མི་ཟད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ཚོར་བ་དང་ནམ་མཁའ་མི་ཟད་པས། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྲིད་པ་དང་ནམ་མཁའ་མི་ཟད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ལེན་པ་དང་ནམ་ མཁའ་མི་ཟད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་སྲིད་པ་དང་། ནམ་མཁའ་མི་ཟད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་ བསྒྲུབ་པར་བྱའོ། །རབ་འབྱོར་སྐྱེ་བ་དང་། ནམ་མཁའ་མི་ཟད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་ མི་བདེ་བ་དང་། འཁྲུག་པ་དང་ནམ་མཁའ་མི་ཟད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་ པར་བསྒྲུབ་པར་བྱའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་ལྟ་བ་དང་། ཐོག་མ་དང་། ཐ་མ་རྣམ་པར་སྤངས་པ་ལ་རྣམ་པར་ལྟ་བ་ཡིན་ནོ། །དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ ལ་རྣམ་པར་ལྟ་བ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་མ་འདྲེས་པའི་ཆོས་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དེ་ལྟར་ལྟ་བས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་ལ་ལ་ནམ་མཁའ་ལྟར་མི་ཟད་པ་མངོན་པར་བསྒྲུབ་པའི་ཚུལ་འདིས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་ལྟ་བ་དེ་ནི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་མི་འགྱུར་ཏེ། དེ་ནི་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་འགྱུར་རོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་ལ་ལ་ཕྱིར་ལྡོག་པར་གྱུར་ན། དེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་ལ་མ་བརྟེན་པས་ཕྱིར་ལྡོག་པ་ཡིན་ཏེ། རབ་ འབྱོར་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཇི་ལྟར་ནམ་མཁའ་ལྟར་མི་ཟད་པ་མངོན་པར་བསྒྲུབ་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་བལྟ་བར་བྱ་བ་དང་། མངོན་པར་བསྒྲུབ་པར་བྱ་བ་མི་ཤེས་སོ། །རབ་ འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་ལ་ལ་ཕྱིར་ལྡོག་པ་དེ་དག་ནི་ཐབས་ལ་མཁས་པ་འདི་ལ་མ་བརྟེན་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དེ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཅིང་ཐབས་ལ་མཁས་པའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ནམ་མཁའ་ལྟར་མི་ཟད་པ་མངོན་པར་བསྒྲུབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་བལྟ་བར་བྱ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟེན་ཅིང་འབྲེལ་ པར་འབྱུང་བ་ལ་དེ་ལྟར་རྣམ་པར་ལྟ་བས་ནི་རྒྱུ་མེད་པར་སྐྱེ་བའི་ཆོས་གང་ཡང་མི་མཐོང་ངོ་། །འགག་པ་རྟག་པའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་གང་ཡང་བདག་ཏུ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་། སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། གསོ་བ་དང་། གང་ཟག་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་པོ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་དང་། རྟག་པ་དང་། མི་རྟག་པ་དང་། སྡུག་ བསྔལ་བ་དང་། བདེ་བ་དང་། བདག་དང་། བདག་མེད་པ་དང་། །ཞི་བ་དང་། ཞི་བ་མ་ཡིན་པར་ཡང་དག་པར་རྗེས་སུ་མི་མཐོང་སྟེ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དེ་ལྟར་རྣམ་པར་ བལྟ་བར་བྱའོ། །རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེའི་ཚེ། གཟུགས་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་ པར་རྗེས་སུ་མི་མཐོང་ངོ་། །རབ་འབྱོར་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེའི་ཚེ། བྱང