Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 030_ཁྲི་བརྒྱད།_ཁ
Văn bản gốc(Tây Tạng)
Trang 19 / 19 (50.000 ký tự/trang)
་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཐ་དད་པ་ མ་མཆིས་ན། ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གི་མཆོག་ཅེས་བགྱི། ཐུ་བོ་དང་། གཙོ་བོ་དང་། རབ་དང་། རབ་མཆོག་དང་། གྱ་ནོམ་པ་དང་། བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། མི་མཉམ་པ་དང་། མཉམ་ པ་ཞེས་བགྱི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནི་ཐ་དད་པ་ཆུང་ཟད་ཀྱང་མེད་དོ། །གལ་ཏེ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆ་མེད་ན། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གིས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་མི་འཐོབ་ཀྱིས་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་འཐོབ་བོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ལུས་རྣམ་པ་ཐ་དད་པ་དག་ནི། རིའི་རྒྱལ་པོ་རི་རབ་ཀྱི་དྲུང་དུ་ཕྱིན་ན། ལུས་དེ་དག་ཁ་དོག་གཅིག་ཏུ་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། ཕ་རོལ་ཏུ་ཕྱིན་པ་ ཞེས་བྱ་བའི་མིང་འཐོབ་ཅིང་། དེ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཞུགས་པ་ནི་ཁ་དོག་གཅིག་ཏུ་འགྱུར་ཏེ། འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བྱ་བ་དང་། དེ་བཞིན་དུ་སྦྱར་ཏེ། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་གྱི་བྱེ་བྲག་གང་ ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་གང་ལ་ངོ་བོ་ཉིད་མེད་པ་དེའི་ཕྱིར་བྱེ་བྲག་མེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དོན་གྱི་རྗེས་སུ་ཞུགས་པ་ལ་ཆོས་གང་ཡང་བྱེ་བྲག་གམ། ཐ་དད་དུ་བགྱི་བ་མ་མཆིས་ན། ཅིའི་སླད་ དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དེ་དག་གི་མཆོག་ཅེས་བགྱི། གཙོ་བོ་དང་། ཐུ་བོ་དང་། རབ་དང་། རབ་མཆོག་དང་། གྱ་ནོམ་པ་དང་། བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། མི་མཉམ་པ་དང་། མཉམ་པ་ཞེས་བགྱི་ ལགས། བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དོན་གྱི་རྗེས་སུ་ཞུགས་པ་ལ་ནི་ཆོས་གང་ཡང་བྱེ་བྲག་གམ། ཐ་དད་དུ་བྱ་བ་གང་ཡང་མེད་མོད་ཀྱི། འོན་ཀྱང་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་བྱ་བའི་དོན་དུ་འཇིག་རྟེན་ གྱི་ཐ་སྙད་དང་། བརྡ་ཙམ་གྱི་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བཏགས་པ་ཡང་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བཏགས་པ་ཡང་ཡོད་དེ། སེམས་ཅན་དེ་དག་ལ་ཡང་སྐྱེ་བ་ཡང་མེད། འཆི་བ་ཡང་མེད་འཆི་འཕོ་མེད། དབྱུང་བ་མེད་དེ། སེམས་ཅན་མེད་དེ། སེམས་ཅན་མེད་པའི་ཕྱིར། ཆོས་ཐམས་ཅད་མེད་པར་རིག་ པར་བྱའོ། །རབ་འབྱོར་དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དེ་དག་གི་མཆོག་ཅེས་བྱའོ། །གཙོ་བོ་དང་། ཐུ་བོ་དང་། རབ་དང་། རབ་མཆོག་དང་། གྱ་ནོམ་པ་དང་། བླ་ན་མེད་པ་དང་། གོང་ན་མེད་པ་དང་། མི་མཉམ་པ་དང་། མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བུད་མེད་རིན་པོ་ཆེ་ནི་འཛམ་བུ་གླིང་གི་བུད་མེད་གང་ཇི་སྙེད་པ་དེ་དག་གི་ནང་ན་མཆོག་ཅེས་བྱ་བ་དང་། མི་མཉམ་པ་དང་། མཉམ་པའི་བར་ཞེས་བྱའོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡང་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དེ་དག་གི་མཆོག་ཅེས་བྱ་བ་དང་། མི་མཉམ་པ་དང་། མཉམ་པའི་བར་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅི་ལས་དགོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཆོག་ཅེས་བྱའོ། །མི་མཉམ་པ་དང་། མཉམ་ པའི་བར་ཞེས་བྱའོ། །ཞེས་གསུངས་ལགས། བཀའ་སྩལ་པ། རབ་འབྱོར་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་བཟུང་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ག་ལ་བ་དེར་མི་གནས་པའི་ཚུལ་གྱིས་གནས་པར་འགྱུར་ བའི་ཕྱིར་རོ། །གསོལ་པ་བཅོམ་ལྡན་འདས་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ཡང་ཡོངས་སུ་འཛིན་པའམ། གཏོང་བར་བགྱིད་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་ ཡོངས་སུ་འཛིན་པའམ། གཏོང་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་མ་བཟུང་མ་བཏང་བའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆོས་གང་དག་ཡོངས་སུ་མ་བཟུང་མ་བཏང་བ་ལགས། བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་མི་འཛིན་མི་གཏོང་ངོ་། །དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་བར་དུ་མི་འཛིན་མི་གཏོང་ངོ་། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། བཀའ་ སྩལ་པ། རབ་འབྱོར་གང་གཟུགས་ཡིད་ལ་མི་བྱེད་ཅིང་། བྱང་ཆུབ་ཀྱི་བར་དུ་ཡིད་ལ་མི་བྱེད་པ་དེ་ནི་གཟུགས་ཡོངས་སུ་མི་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་གཟུགས་ཡིད་ལ་མི་བགྱི་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ དུ་ཡིད་ལ་མི་བགྱིད། བཅོམ་ལྡན་འདས་གཟུགས་ཡིད་ལ་མ་བགྱིས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡིད་ལ་མ་བགྱིས་པར། ཇི་ལྟར་དགེ་བའི་རྩ་བ་དག་རྣམ་པར་འཕེལ་བར་འགྱུར་ལགས། དགེ་བའི་རྩ་བདག་རྣམ་པར་མ་འཕེལ་ན། ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་ལགས། ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་མ་རྫོགས་ན། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ལགས། བཀའ་སྩལ་པ། རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གཟུགས་ཡིད་ལ་མི་བྱེད་པ་དང་། དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་བར་དུ་ཡིད་ལ་མི་བྱེད་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་རྣམ་པར་འཕེལ་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐོབ་པར་འགྱུར་ རོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཡིད་ལ་མ་བྱས་ཤིང་། བྱང་ཆུབ་ཀྱི་བར་དུ་ཡིད་ལ་མ་བྱས་ན། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་འདི་ལྟར་གཟུགས་ཡིད་ལ་མ་བགྱིས་ཤིང་། བྱང་ཆུབ་ཀྱི་ བར་དུ་ཡིད་ལ་མ་བགྱིས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ལགས། བཀའ་སྩལ་པ། རབ་འབྱོར་ཡིད་ལ་བྱེད་པས་ནི་འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སམ། གཟུགས་མེད་པའི་ཁམས་སུ་ཡང་སྦྱོར་བར་འགྱུར་ལ། ཡིད་ ལ་མ་བྱས་ན་གང་ལ་ཡང་སྦྱོར་བར་མི་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཆོས་གང་ལ་ཡང་མི་སྤྱོད་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་གང་ལ་གནས་པར་མི་འགྱུར་བ་ལགས། བཀའ་སྩལ་པ། རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུགས་ལ་མི་གནས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ བར་ལ་མི་གནས་སོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་གཟུགས་ལ་མི་གནས་ཤིང་། བྱང་ཆུབ་ཀྱི་བར་ལ་མི་གནས་པ་ལགས། བཀའ་སྩལ་པ། མངོན་པར་ཞེན་པ་མེད་པའི་ཕྱིར། གང་ལ་ཡང་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ ལྟར་དེ་གང་ལ་མངོན་པར་ཞེན་པ་ཞེས་བྱ་བའམ། གནས་པ་ཞེས་བྱ་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པ་ཡིན་ནོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་གང་དེ་ལྟར་བསྒོམ་པ་དང་། གང་དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་ཡིན་ནོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་ཡིན་པས་བདག་ཀྱང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན། བདག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་ཡིན་ནོ་སྙམ་དུ་སེམས་ཤིང་། གལ་ཏེ་དེ་ལྟར་ཀུན་ཏུ་ཤེས་པར་བྱེད་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐག་རིང་དུ་བྱེད་པ་ཡིན་ནོ། །གང་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལས་རིང་དུ་གྱུར་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་རིང་དུ་གྱུར་པ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལས་རིང་དུ་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ལ་ཡང་མངོན་པར་ ཞེན་པ་མེད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མངོན་པར་ཞེན་པ་གང་ཡང་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་ལ་མངོན་པར་ཞེན་པ་ཞེས་བྱ་བའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་ཀུན་ཏུ་ཤེས་པར་བྱེད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པར་འགྱུར་རོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་དེ་ནི་ཆོས་ཐམས་ཅད་ལས་ཉམས་པ་ཡིན་ནོ། །གལ་ཏེ་ཡང་ དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ཡོངས་སུ་འཛིན་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་འཛིན་པ་ཡིན་ནོ་སྙམ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །གལ་ཏེ་ཡང་དེ་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ འདི་ལ་གནས་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ། །སྙམ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ལ་ནི་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བ་མེད་དོ། །གལ་ཏེ་ཡང་འདི་སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མངོན་པར་བསྒྲུབ་པར་བྱའོ། །སྙིང་རྗེ་ཆེན་པོའི་བར་དུ་མངོན་པར་བསྒྲུབ་ པར་བྱའོ་སྙམ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཉམས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པས་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་མི་ནུས་ལ་སྙིང་ རྗེ་ཆེན་པོའི་བར་དག་ཀྱང་མངོན་པར་བསྒྲུབ་པར་མི་ནུས་པའི་ཕྱིར་རོ། །གལ་ཏེ་ཡང་དེ་འདི་སྙམ་དུ་དེ་བཞིན་གཤེགས་པས་ནི་ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བར་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་སངས་རྒྱས་ནས་ ཀྱང་བསྟན་ཏོ། །བཤད་དོ་རབ་ཏུ་བཤད་དོ། །སྙམ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡང་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ཆོས་གང་ཡང་མངོན་པར་རྫོགས་པར་སངས་རྒྱས་པ་མེད་ པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་མཐོང་བའི་ཆོས་ཀྱང་མི་དམིགས་ན། ཆོས་གང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ནི་གནས་མེད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྐྱོན་འདི་དག་མ་མཆིས་པར་འགྱུར་བ་ལགས། བཀའ་སྩལ་པ། རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། འདི་ལྟར་ཆོས་ཐམས་ཅད་ནི་ཆགས་པ་མེད་པ་དང་། ཡོངས་སུ་བཟུང་བ་མེད་པ་སྟེ། ཆགས་པ་མེད་པ་དང་། ཡོངས་སུ་བཟུང་བ་མེད་པའི་ཆོས་ལ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ བའི་ཆོས་གང་ཡང་མེད་དོ་ཞེས་ཀུན་ཏུ་ཤེས་ཤིང་། གལ་ཏེ་དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཡོངས་སུ་མ་བཟུང་བའི་ཆོས་ལ་མངོན་པར་ཞེན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་ཞེན་པས་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ལགས་སམ། སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པའི་བར་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ལགས་སམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དང་མ་བྲལ་བ་ལགས་སམ། བཅོམ་ལྡན་འདས་གལ་ཏེ་འདི་ལྟར་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ལགས་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བ་ལགས་ན། འོ་ན་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་ བགྱི། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་མངོན་པར་བསྒྲུབ་པར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གཟུགས་ལ་མངོན་པར་ཞེན་པ་མེད་དེ། འདི་ནི་གཟུགས་སོ། །འདིའི་གཟུགས་སོ། །ཞེས་བྱ་བར་མངོན་པར་ཞེན་པ་མེད་དོ། །ཆོས་ཐམས་ཅད་ཀྱི་བར་ལ་ཡང་དེ་བཞིན་དུ་སྦྱར་རོ། །གཟུགས་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་གམ། བདག་མེད་པའམ། ཞི་བའམ། མ་ཞི་བའམ། སྟོང་པའམ། མི་སྟོང་པའམ། དབེན་པའམ། མི་དབེན་པ་ཞེས་བྱ་བར་མངོན་པར་ཞེན་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་བར་དག་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་མེད་པའི་ཆོས་ལ་ནི་རྟག་པ་ཞེས་བྱ་བ་འམ། མི་རྟག་པ་ཞེས་བྱ་བ་འམ། བདེ་བ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་འམ། བདག་ཅེས་བྱ་བ་འམ། བདག་མེད་ཅེས་ བྱ་བའམ། ཞི་ཞེས་བྱ་བའམ། མ་ཞི་ཞེས་བྱ་བའམ། སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བའམ། དབེན་ཞེས་བྱ་བའམ། མི་དབེན་ཞེས་བྱ་བར་མངོན་པར་བསྒྲུབ་པར་མི་ནུས་ཏེ། རང་བཞིན་ནི་རང་བཞིན་གྱིས་སྟོང་ཞེས་བྱ་བར་མངོན་པར་བསྒྲུབ་ པར་མི་ནུས་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། དེ་བཞིན་དུ་སྦྱར་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སྤྱོད་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་ རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་བཞི་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་དང་གང་དུ་འགྲོ་བ་དེ་དང་དེར་དཔུང་གི་ཚོགས་ཡན་ལག་བཞི་པ་ཡང་འགྲོ་བར་འགྱུར་རོ། །དེ་བཞིན་དུ་ཕ་རོལ་ཏུ་ ཕྱིན་པ་ལྔ་པོ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་དང་གང་དུ་འགྲོ་བ་དེ་དང་དེར་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ཀྱང་འགྲོ་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ག་ལ་བ་དེར་གནས་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཁོར་ལོས་ སྒྱུར་བ་ནི་རྟ་བཞི་པའི་ཤིང་རྟ་ལ་ཞོན་ནས་ལམ་མཉམ་པ་ནས་འགྲོའོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གི་ཁ་ལོ་སྒྱུར་ཞིང་ལམ་མཉམ་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ག་ལ་བ་དེར་འགྲོའོ། །གསོལ་པ བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་ནི་གང་ལགས། ལམ་མ་ལགས་པ་ནི་གང་ལགས། བཀའ་སྩལ་པ། རབ་འབྱོར་ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་མ་ཡིན་པའོ། ། རང་སངས་རྒྱས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་མ་ཡིན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ནི་ལམ་ཡིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་ནི་དེ་ཡིན་ནོ། །ལམ་མ་ ཡིན་པ་ནི་དེ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ལམ་ལགས་སོ། །འདི་ནི་ལམ་མ་ལགས་སོ། །ཞེས་སྟོན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དོན་ཆེན་པོའི་སླད་དུ་ཉེ་བར་གནས་པ་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལམ་དང་ལམ་མ་ཡིན་པ་སྟོན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དོན་ཆེན་པོའི་ཕྱིར་ཉེ་བར་ གནས་པ་ཡིན་ཞིང་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་དུ་ཉེ་བར་གནས་པ་ཡིན་ཏེ། སེམས་ཅན་གྲངས་མེད་པ་རྣམས་ཀྱི་དོན་དུ་ཉེ་བར་གནས་ཀྱང་། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཅི་ཡང་སྟོན་པར་མི་བྱེད་དེ། གཟུགས་ཡོངས་སུ་མི་འཛིན་ ཅིང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་ཏེ། ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་ཡོངས་སུ་བཟུང་བའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་འདྲེན་པ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དག་ཏུ་ཡོངས་སུ་འདྲེན་པ་ནི་མ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་ པ་ཡིན་ནོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གནས་པ་ཉིད་ཚད་མར་བྱས་ནས། ཆོས་གང་ཡང་སྐྱེད་པ་མ་ཡིན། འགོག་པ་མ་ཡིན་ནོ་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ཡང་སྐྱེད་པ་མ་ལགས། ། འགོག་པ་མ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཇི་ལྟར་སྦྱིན་པ་སྩལ་བར་བགྱི། ཇི་ལྟར་ཚུལ་ཁྲིམས་བསྲུང་བར་བགྱི། ཇི་ལྟར་བཟོད་པ་བསྒོམ་པར་བགྱི། ཇི་ལྟར་བརྩོན་འགྲུས་བརྩམ་ པར་བགྱི། ཇི་ལྟར་བསམ་གཏན་ལ་སྙོམས་པར་འཇུག་པར་བགྱི། ཇི་ལྟར་ཤེས་རབ་བསྒོམ་པར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམིགས་ཏེ། སྦྱིན་པ་སྦྱིན་པར་བྱའོ། །རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དུ་དམིགས་ཏེ། ཚུལ་ཁྲིམས་བསྲུང་བར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམིགས་ཏེ། བཟོད་པ་བསྒོམ་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམིགས་ཏེ། བརྩོན་འགྲུས་བརྩམ་པར་བྱའོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམིགས་ཏེ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམིགས་ཏེ། ཤེས་རབ་བསྒོམ་པར་བྱ་ཞིང་། དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ བྱས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱམས་པ་བསྒོམ་པའི་བར་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པའི་བར་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མ་བྲལ་བ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བ་ཡིན་ནོ། །རབ་འབྱོར་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་ རྫོགས་པར་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །རབ་འབྱོར་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བགྱི། བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་གཟུགས་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་ བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ། །ཞེས་སོ་སོར་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ལ་གནས་པར་བྱའོ། །ཞེས་བརྩོན་པར་མི་བྱའོ། །རྣམ་པར་ཤེས་པའི་བར་ལ་ གནས་པར་བྱའོ། །ཞེས་བརྩོན་པར་མི་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གནས་པར་བྱའོ། །ཞེས་བརྩོན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་གང་ལ་ཡང་མི་གནས་ལ་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱི་བར་ཡང་གང་ལ་ཡང་མི་གནས་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མི་གནས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ ན། མི་ཞིག་ཤིང་ཨ་མྲའི་འབྲས་བུ་དག་གམ་ཤིང་པ་ན་སའི་འབྲས་བུ་དག་ཟ་འདོད་པར་གྱུར་ན། དེ་ཨ་མྲའི་འབྲས་བུའམ། པ་ན་སའི་འབྲས་བུ་དག་བསྐྱེད་པར་བྱའོ། །བསྐྱེད་ནས་ཀྱང་དུས་དུས་སུ་ཆུ་བཅུ་བར་བྱ་ཡུར་མ་ཡུར་བར་བྱའོ། །དེའི་རིམ་ གྱིས་ཡལ་ག་འགེལ་ཅིང་འཕེལ་བར་གྱུར་པ་ན། ཚོགས་པ་རྙེད་པས། ཨ་མྲའི་འབྲས་བུ་དག་གམ། པ་ན་སའི་འབྲས་བུ་དག་འབྱོར་ཅིང་ཚོགས་པར་འགྱུར་བས། དེ་ཨ་མྲའི་འབྲས་བུ་དག་གམ་པ་ན་སའི་འབྲས་བུ་དག་ཟ་བར་འགྱུར་རོ། ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབས་ནས་སེམས་ཅན་རྣམས་སྦྱིན་པས་རྗེས་སུ་གཟུང་བར་བྱའོ། །ཚུལ་ ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱིས་རྗེས་སུ་གཟུང་བར་བྱ་ཞིང་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་དགྲོལ་བར་བྱའོ། །རབ་འབྱོར་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ གྱི་དྲིང་མི་འཇོག་པར་འགྲོ་བར་འདོད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བར་འདོད་པ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་འདོད་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་འདོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ། །གསོལ་པ་བཅོམ་ ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་ལགས་སམ། བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་ང་སྨྲའོ། །ཆོས་ཐམས་ ཅད་ལ་དབང་བ་བསྒོམ་པ་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་ང་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་ཐམས་ཅད་ལ་དབང་དུ་གྱུར་པ་འཐོབ་པར་བྱེད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ ཆོས་ཐམས་ཅད་ཀྱི་སྒོ་ཡིན་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་ཆུ་ཀླུང་ཐམས་ཅད་ཀྱི་སྒོ་ཡིན་ལ་ཆུ་ཀླུང་དང་ཆུ་ཐམས་ཅད་ཀྱང་རྒྱ་མཚོ་ཆེན་པོར་ཞུགས་ན་རོ་གཅིག་ཏུ་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཡང་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ཏེ། ཆོས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་ཕྱེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །རབ་འབྱོར་དེ་ལྟ་བས་ན་ཉན་ཐོས་ཀྱི་ཐེག་པ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་རྣམས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ཀྱིས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་བསླབ་པར་བྱ་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡང་བསླབ་པར་བྱའོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཕོང་གི་སློབ་དཔོན་ལག་ཚོད་ལ་བབ་པའི་གཞུ་ཐོགས་པ་ནི། ཕྱིར་རྒོལ་བ་རྣམས་སམ། དགྲ་བོ་རྣམས་ཀྱིས་ཐུལ་བར་དཀའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་པ་ཡང་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཐུལ་བར་དཀའོ། །རབ་འབྱོར་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལ་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དགོངས་པ་མཛད་དོ། །དེ་སྐད་ ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་དགོངས་ པ་མཛད། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པ་ལ་དགོངས་པ་མཛད། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་མི་དམིགས་ཤིང་། དེ་ལྟར་མི་དམིགས་པས། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དགོངས་པ་མཛད་དོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡང་རྒྱ་ཆེར་སྦྱར་བར་བྱའོ། །རབ་འབྱོར་གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ལ་གཟུགས་སུ་དགོངས་པ་མི་མཛད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དགོངས་པ་མི་མཛད་དོ། །གསོལ་པ། བཅོམ་ལྡན་འདས་གནས་མང་པོ་ལ་སློབ་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་གང་ལ་ཡང་བསླབ་ པར་མི་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་གནས་མང་པོ་ལ་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་གང་ལ་ཡང་བསླབ་པར་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་བསླབ་པར་བྱ་བའི་ཆོས་དེ་དག་དམིགས་སུ་མེད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དེ་ བཞིན་གཤེགས་པས་ཆོས་འདི་དག་མདོ་དང་རྒྱས་པར་བཀའ་སྩལ་ལགས་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ དག་མདོ་དང་རྒྱས་པར་ཀུན་ཆུབ་པར་བགྱིའོ། །གཡར་ཏོན་ཤིན་ཏུ་བྱང་བའི་བར་དུ་བགྱིའོ། །གཡར་ཏོན་ཤིན་ཏུ་བྱང་བར་བགྱིས་ནས་ཀྱང་། ཡིད་ཀྱིས་རྗེས་སུ་བརྟག་པར་བགྱི་སྟེ། ཅི་ནས་ཀྱང་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མི་འཇུག་ པ་དེ་ལྟར་རྗེས་སུ་བརྟག་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་མདོ་དང་རྒྱས་པར་བསྟན་པ། འདི་དག་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ནི། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་འཚལ་བར་འགྱུར་ལགས། བཀའ་ སྩལ་པ། རབ་འབྱོར་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་ཤེས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་ཤེས་ན། ཆོས་ ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཀའ་སྩལ་པ། རབ་འབྱོར་དེ་བཞིན་ཉིད་གང་ལ་སྐྱེ་བ་མེད་པ་དང་། འཇིག་པ་མེད་པ་དང་། གནས་པ་མེད་པ་ དང་། གཞན་དུ་འགྱུར་བ་མེད་པ་དེ་ནི་གཟུགས་ཀྱི་དེ་བཞིན་ཉིད་ཡིན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསླབ་པར་བྱའོ། །ཡང་དག་པའི་མཐའ་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་ རོ། །གསོལ་པ། བཅོམ་ལྡན་འདས་ཡང་དག་པའི་མཐའ་དེ་གང་ལགས། བཀའ་སྩལ་པ། རབ་འབྱོར་མཐའ་མེད་པ་ནི་ཡང་དག་པའི་མཐའ་སྟེ། མཐའ་དེ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་ མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཀྱི་དབྱིངས་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་གང་ལགས། བཀའ་སྩལ་ པ། རབ་འབྱོར་དབྱིངས་མེད་པ་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་དེ་ལ་ནི་ཆད་པ་མེད་ཅིང་ཡོངས་སུ་ཆད་པ་མེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཆོས་ཀྱི་དབྱིངས་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་ འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་འཚལ་བར་བགྱི། བཀའ་སྩལ་པ། རབ་འབྱོར་ཇི་ལྟར་ཆོས་ཐམས་ཅད་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པ་དེ་ལྟར་ཤེས་པར་བྱའོ། །གསོལ་ པ། བཅོམ་ལྡན་འདས་ཆོས་གང་དག་ལྡན་པ་ཡང་མ་ལགས། མི་ལྡན་པ་ཡང་མ་ལགས་པ་དེ་དག་ཀྱང་གང་ལགས། བཀའ་སྩལ་པ། རབ་འབྱོར་གཟུགས་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་ བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། འདུས་བྱས་ཀྱི་ཁམས་དང་འདུས་མ་བྱས་ཀྱི་ཁམས་ཀྱི་བར་དུ་ཡང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་ ལྡན་པའམ་མི་ལྡན་པར་འགྱུར་བ་དེའི་རང་བཞིན་མེད་ལ། གང་རང་བཞིན་མེད་པ་དེ་ནི་དངོས་པོ་མེད་པ་ཡིན་པས། དངོས་པོ་མེད་པ་ནི་དངོས་པོ་མེད་པ་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པའི་ཕྱིར་ཏེ། ཆོས་ཐམས་ཅད་ཀྱང་དེ་ལྟར་ཤེས་ པར་བྱའོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་པར་བསྡུས་པ་ཡིན་ཏེ། རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྡུས་པ་འདི་ལ་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་བསླབ་པར་བྱའོ། ། ས་བཅུ་པོ་དག་ལ་གནས་པའི་བར་གྱིས་ཀྱང་མངོན་པར་བསྡུས་པ་འདི་ཉིད་ལ་བསླབ་པར་བྱའོ། །རབ་འབྱོར་མངོན་པར་བསྡུས་པ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །གསོལ་ པ། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོ་རྣོན་པོའི་འཇུག་པ་ལགས་སོ། །བཀའ་སྩལ་པ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོ་རྟུལ་པོའི་འཇུག་པ་ཡང་ཡིན་ནོ། །འདི་ནི་དབང་པོ་ འབྲིང་དང་། དབང་པོ་མཉམ་པར་མ་བཞག་པའི་འཇུག་པ་ཡང་ཡིན་ཏེ། འདི་ནི་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཡང་འཇུག་པ་མ་ཡིན་པ་མ་ཡིན་ནོ། །འདི་ནི་ལེ་ལོ་ཅན་གྱི་འཇུག་པ་མ་ཡིན་ཞིང་། འདི་ནི་བརྩོན་འགྲུས་ཞན་ པ་དང་། བརྗེད་ངས་པ་དང་། སེམས་རྣམ་པར་གཡེང་བའི་འཇུག་པ་མ་ཡིན་གྱི། འདི་ནི་བརྩོན་འགྲུས་བརྩམ་པ་དང་། ལེ་ལོ་མེད་པ་དང་། དྲན་པ་ཉེ་བར་གཞག་པའི་འཇུག་པ་ཡིན་ནོ། །འདི་ནི་ཕྱིར་མི་ལྡོག་པའི་ས་ལ་སློབ་པར་ འདོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པའི་འཇུག་པ་ཡིན་ནོ། །གལ་ཏེ་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་ རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་སྤྱོད་པ་ལ་བདུད་ཀྱི་ལས་གང་དག་ཅི་ཡང་རུང་སྟེ། བྱུང་མ་ཐག་ཉིད་དུ་རབ་ཏུ་ཞི་བར་འགྱུར་རོ། །དེ་ལྟ་བས་ན་ཐབས་ལ་མཁས་པ་ཡོངས་སུ་གཟུང་བར་འདོད་པའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་ བྱའོ། །རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་དེའི་ཚེ། འཇིག་རྟེན་གྱི་ཁམས་ གྲངས་མེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ། འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལ་དགོངས་པ་མཛད་དོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ལས་ངེས་པར་བྱུང་བའི་ཕྱིར་རོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པས་འདི་ལྟར་བདག་གིས་ཀྱང་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གང་དག་བརྙེས་པའི་ཆོས་དེ་དག་ཐོབ་པར་འགྱུར་རོ་སྙམ་དུ་རེ་བར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དེ་ལྟར་བརྩོན་པར་བྱའོ། །དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རབ་འབྱོར་དེ་ལྟ་བས་ན་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་དང་མི་འབྲལ་བར་བྱའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐ་ན་སེལ་གོལ་གཏོགས་པ་ཙམ་ ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་གྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་གྱི། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་དེ་དག་སྦྱིན་ པས་ཚིམ་པར་བྱེད་པ་དང་། ཚུལ་ཁྲིམས་ལ་བཀོད་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་བཀོད་པ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ཀྱི་བར་ ལ་བཀོད་པ་དང་། རང་བྱང་ཆུབ་ལ་བཀོད་པ་ནི་དེ་ལྟ་མ་ཡིན་ཏེ། གང་སེ་གོལ་གཏོགས་པ་ཙམ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྒོམས་ན། དེ་ཉིད་བསོད་ནམས་ཆེས་མང་དུ་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྦྱིན་པ་དང་། ཚུལ་ཁྲིམས་ དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། རང་བྱང་ཆུབ་ཀྱི་བར་དག་ནི་འདི་ལས་ངེས་པར་སྐྱེས་པ་ཡིན་ལ། གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ དག་ན་བཞུགས་ཏེ། འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་ངེས་པར་བྱུང་ཞིང་གང་དག་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་གང་ལ་ལ་ཞིག་གི་ཡིད་ཙམ་མམ། ཉིན་གཅིག་གམ། ཉི་མ་བརྒྱའམ། ལོ་འམ་ལོ་བརྒྱའམ། བསྐལ་པའམ། བསྐལ་པ་ལས་ལྷག་པའམ། བསྐལ་པ་གྲངས་ མེད་པའི་བར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྒོམ་པར་བྱེད་ན། དེ་ཉིད་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་གྱི། གང་གི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ གཏོགས་པའི་སེམས་ཅན་རྣམས་སྦྱིན་པ་ལ་བཀོད་པ་དང་། རང་བྱང་ཆུབ་ཀྱི་བར་ལ་བཀོད་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་འདི་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོར་བཏགས་པ་དང་། རང་བྱང་ཆུབ་ཀྱི་བར་དུ་བཏགས་པའི་སངས་ རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་འདི་ལས་ངེས་པར་བྱུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར་ཇི་སྐད་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མི་ལྡོག་པ་ཡིན་པར་ རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་བཞིན་གཤེགས་པས་དགོངས་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐབས་ལ་མཁས་པ་འདི་དང་ལྡན་པ་དེ་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་ པོ་ལ་བསྙེན་བཀུར་བྱེད་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དགེ་བའི་རྩ་བ་བསྐྱེད་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ཡིན་པར་ རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་སྤྱད་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྟོང་པ་ཉིད་བཅུ་བཞི་པོ་དག་བསྒོམས་ཤིང་བསམས་པ་ཡིན་པར་རིག་པར་བྱའོ། ། དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སོ་སོ་ཡང་དག་པར་རིག་པ་བཞིའི་བར་དག་བསྒོམས་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མངོན་པར་ཤེས་པ་དྲུག་དང་ལྡན་པ་དང་། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་ནི་གཞོན་ནུར་གྱུར་པ་ཡིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བསམ་པ་ཡོངས་སུ་རྫོགས་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སངས་རྒྱས་རྣམས་དང་མི་འབྲལ་བ་དང་། དགེ་བའི་རྩ་བ་རྣམས་དང་མི་འབྲལ་བ་དང་། སངས་རྒྱས་ཀྱི་ཞིང་དང་མི་འབྲལ་བ་དང་། སྤོབས་པ་མི་ཆོད་པ་དང་། གཟུངས་ཐོབ་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུགས་ཕུན་སུམ་ཚོགས་པ་ཡིན་པར་རིག་པར་ བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལུང་བསྟན་པ་དང་ལྡན་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ནི་རྣམ་ པ་ལ་འཇུག་མཁས་པ་དང་། བརྗོད་པ་ལ་མཁས་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ནི་ཡི་གེ་མེད་པ་ལ་འཇུག་པར་མཁས་པ་དང་། རྗོད་པ་ལ་མཁས་པ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ནི་གཅིག་གི་ཚིག་བླ་དགས་ ལ་མཁས་པ་དང་། མང་པོའི་ཚིག་བླ་དགས་ལ་མཁས་པ་དང་། བུད་མེད་ཀྱི་ཚིག་བླ་དགས་ལ་མཁས་པ་དང་། སྐྱེས་པའི་ཚིག་བླ་དགས་ལ་མཁས་པ་དང་། གཟུགས་ལ་མཁས་པ་དང་། རྣམ་པར་ཤེས་པའི་བར་ལ་མཁས་པ་དང་། དེ་བཞིན་དུ་ སྦྱར་ཏེ། མྱ་ངན་ལས་འདས་པའི་བར་ལ་མཁས་པ་དང་། ཆོས་ཀྱི་དབྱིངས་ལ་མཁས་པ་དང་། མཚན་ཉིད་ལ་མཁས་པ་དང་། འདུས་བྱས་ཀྱི་མཚན་ཉིད་ལ་མཁས་པ་དང་། མཚན་ཉིད་མེད་པ་ལ་མཁས་པ་དང་། དངོས་པོ་ལ་མཁས་པ་ དང་། དངོས་པོ་མེད་པ་ལ་མཁས་པ་དང་། རང་གི་ངོ་བོ་ལ་མཁས་པ་དང་། གཞན་གྱི་ངོ་བོ་ལ་མཁས་པ་དང་། སྦྱོར་བ་ལ་མཁས་པ་དང་། འབྲལ་བ་ལ་མཁས་པ་དང་། མཚུངས་པར་ལྡན་པ་དང་། མཚུངས་པར་ལྡན་པ་མ་ཡིན་པ་ལ་མཁས་པ་དང་། མཚུངས་པར་ལྡན་ པ་ཡང་མ་ཡིན། མཚུངས་པར་མི་ལྡན་པ་ཡང་མ་ཡིན་པ་ལ་མཁས་པ་དང་། དེ་བཞིན་ཉིད་ལ་མཁས་པ་དང་། མ་ནོར་བ་དེ་བཞིན་ཉིད་ལ་མཁས་པ་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ལ་མཁས་པ་དང་། ཆོས་ཀྱི་དབྱིངས་ལ་མཁས་པ་དང་། ཆོས་སྐྱོན་མེད་པ་ལ་མཁས་པ་ དང་། རྒྱུ་རྐྱེན་ལ་མཁས་པ་དང་། རྐྱེན་མེད་པ་ལ་མཁས་པ་དང་། ཕུང་པོ་ལ་མཁས་པ་དང་ཁམས་ལ་མཁས་པ་དང་སྐྱེ་མཆེད་ལ་མཁས་པ་དང་། བདེན་པ་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། བསམ་གཏན་ལ་མཁས་པ་དང་། ཚད་མེད་པ་ ལ་མཁས་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་མཁས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མཁས་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་ལ་མཁས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མཁས་པ་དང་། འདུས་བྱས་ཀྱི་ཁམས་ལ་མཁས་པ་ དང་། འདུས་མ་བྱས་ཀྱི་ཁམས་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། ཁམས་མེད་པ་ལ་མཁས་པ་དང་། གཟུགས་ཡིད་ལ་བྱ་བ་ལ་མཁས་པ་དང་། རྣམ་པར་ཤེས་པའི་བར་དུ་ཡིད་ལ་བྱ་བ་ལ་མཁས་པ་དང་། དེ་བཞིན་དུ་སྦྱར་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཀྱི་བར་དུ་ཡིད་ལ་བྱ་བ་ལ་མཁས་པ་དང་། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པ་དང་། རྣམ་པར་ཤེས་པའི་བར་ནི་རྣམ་པར་ཤེས་པས་སྟོང་ངོ་། །ཞེས་བྱ་བ་ལ་མཁས་པ་དང་། བྱང་ཆུབ་ཀྱི་བར་ནི་བྱང་ཆུབ་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པ་དང་། ཤིན་ ཏུ་སྦྱངས་པའི་ལམ་ལ་མཁས་པ་དང་། ཤིན་ཏུ་སྦྱངས་པ་མ་ཡིན་པའི་ལམ་ལ་མཁས་པ་དང་། སྐྱེ་བ་དང་འགག་པ་ལ་མཁས་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་ལ་མཁས་པ་དང་། འདོད་ཆགས་ལ་མཁས་པ་དང་། ཞེ་སྡང་ལ་མཁས་པ་དང་། གཏི་མུག་ལ་མཁས་ པ་དང་། འདོད་ཆགས་མེད་པ་ལ་མཁས་པ་དང་། ཞེ་སྡང་མེད་པ་ལ་མཁས་པ་དང་། གཏི་མུག་མེད་པ་ལ་མཁས་པ་དང་། ལྟ་བ་ལ་མཁས་པ་དང་། ལྟ་བ་མ་ཡིན་པ་ལ་མཁས་པ་དང་། ལོག་པར་ལྟ་བ་ལ་མཁས་པ་དང་། ལོག་པར་ལྟ་བ་ལ་མ་ཡིན་པ་ལ་མཁས་པ་ དང་། དེ་བཞིན་དུ་སྦྱར་ཏེ་ལྟ་བའི་རྣམ་པ་ཐམས་ཅད་ཀྱི་བར་ལ་མཁས་པ་དང་། མིང་ལ་མཁས་པ་དང་། མིང་དང་གཟུགས་ལ་མཁས་པ་དང་། དམིགས་པ་ལ་མཁས་པ་དང་། བདག་པོ་ལ་མཁས་པ་དང་། རྣམ་པ་ལ་མཁས་པ་དང་། མཚན་ཉིད་ལ་མཁས་པ་དང་། སྡུག་བསྔལ་ལ་མཁས་པ་དང་། ཀུན་འབྱུང་བ་ལ་མཁས་པ་དང་། འགོག་པ་ལ་མཁས་པ་དང་། ལམ་ལ་མཁས་པ་དང་། སེམས་ཅན་དམྱལ་བ་ལ་མཁས་པ་དང་། དུད་འགྲོའི་སྐྱེ་གནས་ལ་མཁས་པ་དང་། གཤིན་རྗེའི་འཇིག་རྟེན་ལ་མཁས་པ་དང་། གཤིན་རྗེའི་ འཇིག་རྟེན་གྱི་ལམ་ལ་མཁས་པ་དང་། སེམས་ཅན་དམྱལ་བའི་ལམ་ལ་མཁས་པ་དང་། དུད་འགྲོའི་སྐྱེ་གནས་ཀྱི་ལམ་ལ་མཁས་པ་དང་། མི་ལ་མཁས་པ་དང་། མིའི་ལམ་ལ་མཁས་པ་དང་། ལྷ་ལ་མཁས་པ་དང་། ལྷའི་ལམ་ལ་མཁས་པ་དང་། རྒྱུན་དུ་ཞུགས་པའི་ འབྲས་བུ་ལ་མཁས་པ་དང་། རྒྱུན་དུ་ཞུགས་པའི་འབྲས་བུའི་ལམ་ལ་མཁས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་མཁས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ལམ་ལ་མཁས་པ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་མཁས་པ་དང་། ཕྱིར་མི་འོང་བའི་ འབྲས་བུའི་ལམ་ལ་མཁས་པ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་མཁས་པ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུའི་ལམ་ལ་མཁས་པ་དང་། རང་བྱང་ཆུབ་ལ་མཁས་པ་དང་། རང་བྱང་ཆུབ་ཀྱི་ལམ་ལ་མཁས་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མཁས་ པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ལམ་ལ་མཁས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མཁས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ལ་མཁས་པ་དང་། དབང་པོ་ལ་མཁས་པ་དང་། དབང་པོ་ཡོངས་སུ་རྫོགས་པ་ལ་ མཁས་པ་དང་། ཤེས་རབ་མྱུར་བ་ལ་མཁས་པ་དང་། ཤེས་རབ་རྣོ་བ་ལ་མཁས་པ་དང་། ཤེས་རབ་མགྱོགས་པ་ལ་མཁས་པ་དང་། ངེས་པར་འབྱེད་པའི་ཤེས་རབ་ལ་མཁས་པ་དང་། ཤེས་རབ་ཡངས་པ་ལ་མཁས་པ་དང་། ཤེས་རབ་མཉམ་པ་མེད་པ་ལ་མཁས་ པ་དང་། འདས་པའི་དུས་ལ་མཁས་པ་དང་། མ་འོངས་པའི་དུས་ལ་མཁས་པ་དང་། ད་ལྟར་བྱུང་བའི་དུས་ལ་མཁས་པ་དང་། ཐབས་ལ་མཁས་པ་དང་། སེམས་ཅན་གྱི་བསམ་པ་ལ་མཁས་པ་དང་། ལྷག་པའི་བསམ་པ་ལ་མཁས་པ་དང་། དོན་ལ་མཁས་པ་ དང་། ཚིག་འབྲུ་ལ་མཁས་པ་དང་། ཐེག་པ་གསུམ་རྣམ་པར་དགོད་པ་ལ་མཁས་པ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབས་པ་དང་། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་བསྒོམས་པའི་ཕན་ཡོན་ནི་དེ་དག་ཡིན་པར་རིག་པར་བྱའོ།། །།ཡེ་ངྷརྨཱ་ཧེ་ཏུ་པྲ་བྷ་ལྦཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་ད་ཏ། ཏེ་ཥཱ་ཉྩ་ཡོ་ནི་རོ་ངྷ་ཨེ་བྃ་བཱ་དཱི་མ་ཧཱ་ ཤྲ་མ་ཎཿ། ཡེ་ངྷ་རྨཱ་ཧེ་ཏུ་པྲ་བྷ་ལྦཱ་ཧེ་ཏུ་ནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་ད་ཏ། ཏེ་ཥཱ་ཉྩ་ཡོ་ནི་རོ་ངྷ་ཨེ་བྃ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ།། །།ཡེ་ངྷ་རྨཱ་ཧེ་ཏུ་པྲ་བྷ་ལྦཱ་ཧེ་ཏུ་ནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ བ་ད་ཏ། ཏེ་ཥཱ་ཉྩ་ཡོ་ནི་རོ་ངྷ་ཨེ་བྃ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ། །།