Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 029_ཁྲི་བརྒྱད།_ཀ

Văn bản gốc(Tây Tạng)

Trang 18 / 19 (50.000 ký tự/trang)
གང་དུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་
གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ས་ཕྱོགས་དེར་ནི་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་སམ། གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་རྣམས་སམ། གང་ཟག་ལྷག་པའི་ང་
རྒྱལ་ཅན་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྒལ་བ་དང་། བརྩད་པ་དང་། འགལ་བ་བྱ་བ་དང་། གཞིག་པར་བྱ་བའི་ཕྱིར་སེམས་རྣམ་པར་དཀྲུགས་པར་མི་ནུས་ལ། དེའི་སྟེང་དུ་དེ་དག་ལ་ཡོན་ཏན་དང་། ཕན་ཡོན་འདི་ལྟ་བུ་དག་ཀྱང་འབྱུང་བར་འགྱུར་ཏེ། གང་
དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་པ་དག་ཐེག་པ་གསུམ་པོ་དག་གིས་རིམ་གྱིས་ངེས་པར་འབྱུང་ཞིང་སྡུག་བསྔལ་མཐར་བྱེད་པར་ཡང་འགྱུར་རོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། རྩི་མ་གྷི་ཞེས་བྱ་བ་དུག་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞིག་ཡོད་དེ། དེར་སྲོག་ཆགས་སྐྱེ་བ་པོ་
སྦྲུལ་གདུག་པ་བཀྲེས་པས་ཟིན་ཅིང་། ཁ་ཟས་ཚོལ་བ་ཞིག་གིས་སྲོག་ཆགས་ཀྱི་རིགས་འགའ་ཞིག་མཐོང་བར་གྱུར་ནས། དེས་སྲོག་ཆགས་ཀྱི་རིགས་དེ་བཟའ་བར་འདོད་ནས་སྲོག་ཆགས་ཀྱི་རིགས་དེའི་ཕྱི་བཞིན་བསྙགས་པ་དང་། དེ་ནས་སྲོག་ཆགས་ཀྱི་རིགས་དེ་འཆི་བས་འཇིགས་

ཤིང་སྐྲག་ནས། རྩི་མ་གྷི་ཞེས་བྱ་བ་ག་ལ་བ་དེར་བྲོས་པ་དང་། སྦྲུལ་གདུག་པ་དེས། རྩི་དེའི་དྲི་ཚོར་ནས་ཕྱིར་ལྡོག་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྩི་དེའི་སྨན་གྱི་ཡོན་ཏན་གྱིས་སྦྲུལ་གདུག་པ་དེའི་དུག་གང་ཡིན་པ་དེ་ཟིལ་གྱིས་ནོན་པའི་ཕྱིར་ཏེ། ཀཽ་ཤི་ཀ་རྩི་མ་གྷི་ཞེས་བྱ་བ་
དེ་ནི་དེ་ལྟར་མཐུ་དང་ལྡན་པ་ཡིན་ནོ། །ཀཽ་ཤི་ཀ་དེ་བཞིན་དུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། ཚུལ་བཞིན་དུ་ཡིད་ལ་བྱེད་ན། ཀཽ་ཤི་ཀ་དེར་འཐབ་པ་དང་། རྩོད་པ་དང་། འགལ་བར་
བྱེད་པ་དག་འབྱུང་བར་གྱུར་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟི་བརྗིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུས་དེ་དག་མྱུར་དུ་ཉེ་བར་ཞི་བར་འགྱུར་ཞིང་མེད་པར་འགྱུར་ཏེ། གང་དང་གང་ནས་བྱུང་བ་དེ་དང་དེ་ཉིད་དུ་མེད་པར་འགྱུར་ཏེ། རྣམ་པར་འཕེལ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་
ཀ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་ཉེ་བར་ཞི་བར་བྱེད་ཅིང་། རྣམ་པར་འཕེལ་བར་མི་བྱེད་པའི་ཕྱིར་རོ། །སྡིག་པ་མི་དགེ་བའི་ཆོས་གང་དག་ཉེ་བར་ཞི་བར་བྱེད་ཅིང་། རྣམ་པར་འཕེལ་བར་མི་བྱེད་ཅེ་ན། འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་
དང་། གཏི་མུག་དང་། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་།
སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་ཉེ་བར་ཞི་བར་བྱེད་ཅིང་རྣམ་པར་འཕེལ་བར་མི་བྱེད་པ་ཡིན་ནོ། །སྒྲིབ་པ་དང་། བར་དུ་གཅོད་པ་དང་། རྗེས་སུ་ཆགས་པ་དང་། བག་ལ་ཉལ་དང་། ཀུན་ནས་དཀྲིས་པ་དང་།
བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་ལྟ་བ་དང་། རྟག་པར་ལྟ་བ་དང་། ཆད་པར་ལྟ་བ་དང་། ཡོད་པར་ལྟ་བ་དང་། མེད་པར་ལྟ་བ་དང་། ལྟ་བར་གྱུར་པ་ཐམས་ཅད་ཀྱི་བར་དག་

དང་། སེར་སྣ་དང་། འཆལ་པའི་ཚུལ་ཁྲིམས་དང་། གནོད་སེམས་དང་། ལེ་ལོ་དང་། རྣམ་པར་གཡེང་བ་དང་། འཆལ་པའི་ཤེས་རབ་དང་། རྟག་པར་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་དང་། སྡུག་པར་འདུ་ཤེས་པ་དང་། སྲེད་
པ་ལ་སྤྱོད་པ་རྣམས་དང་། གཟུགས་སུ་འཛིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པར་འཛིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་འཛིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་
ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འཛིན་པ་དང་། ནང་སྟོང་པ་ཉིད་དུ་འཛིན་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་འཛིན་པ་དང་། དྲན་པ་ཉེ་བར་གཞག་པར་འཛིན་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་
འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པར་འཛིན་པ་དང་། ཐམས་ཅད་
ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་འཛིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འཛིན་པ་དང་། མྱ་ངན་ལས་འདས་པ་ཉིད་དུ་འཛིན་པ་དག་ཉེ་བར་ཞི་བར་བྱེད་ཅིང་རྣམ་པར་འཕེལ་བར་མི་བྱེད་པ་ཡིན་ནོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་པོ་ཆེན་པོ་རྣམས་དང་། འཇིག་རྟེན་སྐྱོང་བ་རྣམས་དང་། ལྷ་རྣམས་དང་།
ལྷའི་དབང་པོ་བརྒྱ་བྱིན་རྣམས་དང་། ཚངས་པ་རྣམས་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་རྣམས་དང་། འོག་མིན་གྱི་བར་གྱི་ལྷའི་བུ་གང་དག་འཁོད་པ་དེ་དག་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བྱེད་པར་འགྱུར་རོ། །རིགས་ཀྱི་བུའམ་རིགས་

ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ། འཚོ་ཞིང་
གཞེས་པ་དེ་དག་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་མཛད་པར་འགྱུར་རོ། །འདི་ལྟར་དེ་དག་གི་མི་དགེ་བའི་ཆོས་རྣམས་ནི་ཡོངས་སུ་འབྲི་བར་འགྱུར། དགེ་བའི་ཆོས་རྣམས་ནི་རྣམ་པར་འཕེལ་བར་འགྱུར་ཏེ། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་
ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པའི་ཚུལ་གྱིས་རྣམ་པར་འཕེལ་བར་འགྱུར་ཞིང་། ཡོངས་སུ་ཉམས་
པར་མི་འགྱུར་རོ། །ནང་སྟོང་པ་ཉིད་མི་དམིགས་པའི་ཚུལ་གྱིས་རྣམ་པར་འཕེལ་བར་འགྱུར་ཞིང་། ཡོངས་སུ་ཉམས་པར་མི་འགྱུར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་མི་དམིགས་པའི་ཚུལ་གྱིས་རྣམ་པར་འཕེལ་བར་འགྱུར་ཞིང་། ཡོངས་སུ་ཉམས་པར་མི་འགྱུར་རོ། །
དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་མི་དམིགས་པའི་ཚུལ་གྱིས་རྣམ་པར་འཕེལ་བར་འགྱུར་ཞིང་། ཡོངས་སུ་ཉམས་པར་མི་འགྱུར་རོ། །སྟོབས་བཅུ་དང་། མི་
འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་མི་དམིགས་པའི་ཚུལ་གྱིས་རྣམ་པར་འཕེལ་བར་འགྱུར་ཞིང་། ཡོངས་སུ་ཉམས་པར་མི་འགྱུར་རོ། །ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་མི་དམིགས་
པའི་ཚུལ་གྱིས་རྣམ་པར་འཕེལ་བར་འགྱུར་ཞིང་། ཡོངས་སུ་ཉམས་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་པའི་ཚུལ་གྱིས་རྣམ་པར་འཕེལ་བར་འགྱུར་ཞིང་། ཡོངས་སུ་ཉམས་པར་མི་འགྱུར་རོ། །དེའི་ཚིག་བཙུན་པར་འགྱུར། ཚིག་རན་པར་འགྱུར་ཞིང་།

ཚིག་འཆལ་པར་མི་འགྱུར་རོ། །ཁྲོ་བས་ཟིལ་གྱིས་ནོན་པར་མི་འགྱུར། ང་རྒྱལ་གྱིས་ཟིལ་གྱིས་ནོན་པར་མི་འགྱུར། སེར་སྣས་ཟིལ་གྱིས་ནོན་པར་མི་འགྱུར་ཞིང་། ཕྲག་དོག་ཅན་དུ་མི་འགྱུར་རོ། །དེ་བདག་ཀྱང་སྲོག་གཅོད་པ་སྤོང་བར་བྱེད་ལ། གཞན་དག་ཀྱང་སྲོག་གཅོད་པ་སྤོང་བ་ཡང་དག་
པར་འཛིན་དུ་འཇུག་ཅིང་སྲོག་གཅོད་པ་སྤོང་བའི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་སྲོག་གཅོད་པ་སྤོང་བ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་མ་བྱིན་པར་ལེན་པ་སྤོང་བར་བྱེད་ལ། གཞན་དག་ཀྱང་མ་བྱིན་པར་ལེན་པ་སྤོང་བ་ཡང་དག་པར་འཛིན་དུ་
འཇུག་ཅིང་། མ་བྱིན་པར་ལེན་པ་སྤོང་བའི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་མ་བྱིན་པར་ལེན་པ་སྤོང་བ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་འདོད་པ་ལ་ལོག་པར་གཡེམ་པ་སྤོང་བར་བྱེད་ལ། གཞན་དག་ཀྱང་འདོད་པ་ལ་ལོག་པར་གཡེམ་པ་སྤོང་
བ་ཡང་དག་པར་འཛིན་དུ་འཇུག་ཅིང་། འདོད་པ་ལ་ལོག་པར་གཡེམ་པ་སྤོང་བའི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་འདོད་པ་ལ་ལོག་པར་གཡེམ་པ་སྤོང་བ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བརྫུན་དུ་སྨྲ་བ་སྤོང་བར་བྱེད་ལ། གཞན་དག་
ཀྱང་བརྫུན་དུ་སྨྲ་བ་སྤོང་བ་ཡང་དག་པར་འཛིན་དུ་འཇུག་ཅིང་། བརྫུན་དུ་སྨྲ་བ་སྤོང་བའི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་བརྫུན་དུ་སྨྲ་བ་སྤོང་བ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །དེ་བཞིན་དུ་བདག་ཀྱང་ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་སྨྲ་
བ་སྤོང་བར་བྱེད་ལ། གཞན་དག་ཀྱང་ཚིག་ཀྱལ་པ་སྨྲ་བ་སྤོང་བ་ཡང་དག་པར་འཛིན་དུ་འཇུག་ཅིང་། ཚིག་ཀྱལ་པ་སྨྲ་བ་སྤོང་བའི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་ཚིག་ཀྱལ་པ་སྨྲ་བ་སྤོང་བ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བརྣབ་
སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྤོང་བར་བྱེད་ལ། གཞན་དག་ཀྱང་ལོག་པར་ལྟ་བ་སྤོང་བ་ཡང་དག་པར་འཛིན་དུ་འཇུག་ཅིང་། ལོག་པར་ལྟ་བ་སྤོང་བའི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་ལོག་པར་ལྟ་བ་སྤོང་བར་བྱེད་པ་དེ་དག་གི་བསྔགས་པ་

ཡང་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱེད་ལ། གཞན་དག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །དེ་བཞིན་དུ་བདག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱེད་ལ། གཞན་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གི་བསྔགས་པ་ཡང་
རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ནང་སྟོང་པ་ཉིད་སྒོམ་པར་བྱེད་ལ། གཞན་དག་ཀྱང་ནང་སྟོང་པ་ཉིད་ཡང་དག་པར་འཛིན་དུ་འཇུག་ཅིང་། ནང་སྟོང་པ་ཉིད་ཀྱི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་ནང་སྟོང་པ་ཉིད་སྒོམ་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་
བར་འགྱུར་རོ། །དེ་བཞིན་དུ་བདག་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་སྒོམ་པར་བྱེད་ལ། གཞན་དག་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་ཡང་དག་པར་འཛིན་དུ་འཇུག་ཅིང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་གི་བསྔགས་པ་ཡང་རྗོད་ལ།
གཞན་གང་དག་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་སྒོམ་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་པར་བྱེད་ལ། གཞན་དག་ཀྱང་ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་པ་ཡང་དག་པར་
འཛིན་དུ་འཇུག་ཅིང་། ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་པའི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་གཟུངས་ཐོབ་པར་བྱེད་ལ། གཞན་དག་ཀྱང་

གཟུངས་ཐོབ་པ་ཡང་དག་པར་འཛིན་དུ་འཇུག་ཅིང་། གཟུངས་ཐོབ་པའི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་གཟུངས་ཐོབ་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ལ། གཞན་དག་ཀྱང་བསམ་གཏན་
དང་པོ་ལ་སྙོམས་པར་འཇུག་པ་ཡང་དག་པར་འཛིན་དུ་འཇུག་ཅིང་། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ལ་གནས་པའི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་
བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པར་བྱེད་ལ། གཞན་དག་ཀྱང་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་ཡང་དག་པར་འཛིན་དུ་འཇུག་ཅིང་། བསམ་གཏན་བཞི་པའི་བསྔགས་པ་ཡང་རྗོད་ལ། གཞན་གང་
དག་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བྱམས་པ་ལ་སྙོམས་པར་འཇུག་པར་བྱེད་ལ། གཞན་དག་ཀྱང་བྱམས་པ་ལ་སྙོམས་པར་འཇུག་པ་ཡང་དག་པར་འཛིན་དུ་འཇུག་ཅིང་། བྱམས་པའི་ཏིང་ངེ་
འཛིན་གྱི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་བྱམས་པ་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་སྙོམས་པར་འཇུག་པར་བྱེད་ལ། གཞན་དག་ཀྱང་སྙིང་རྗེ་དང་། དགའ་
བ་དང་། བཏང་སྙོམས་ལ་སྙོམས་པར་འཇུག་པ་ཡང་དག་པར་འཛིན་དུ་འཇུག་ཅིང་། བཏང་སྙོམས་ཀྱི་ཏིང་ངེ་འཛིན་གྱི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་བཏང་སྙོམས་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ནམ་མཁའ་
མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་བྱེད། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཡང་དག་པར་འཛིན་དུ་འཇུག་ཅིང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་

པར་འཇུག་པའི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པར་
བྱེད་ལ། གཞན་དག་ཀྱང་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པ་ཡང་དག་པར་འཛིན་དུ་འཇུག་ཅིང་། དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་པའི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་
རོ། །དེ་བཞིན་དུ་བདག་ཀྱང་ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པར་བྱེད་ལ། གཞན་དག་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་
པ་སྒོམ་པ་ཡང་དག་པར་འཛིན་དུ་འཇུག་ཅིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པའི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་སྟོང་པ་ཉིད་དང་། མཚན་
མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་སྒོམ་པར་བྱེད་ལ། གཞན་དག་ཀྱང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་སྒོམ་པ་ཡང་དག་པར་འཛིན་དུ་འཇུག་ཅིང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་སྒོམ་པའི་བསྔགས་པ་
ཡང་རྗོད་ལ། གཞན་གང་དག་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་སྒོམ་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་རྣམ་པར་ཐར་པ་བརྒྱད་ལ་སྙོམས་པར་འཇུག་པར་བྱེད་ལ། གཞན་དག་ཀྱང་རྣམ་པར་ཐར་པ་བརྒྱད་ལ་
སྙོམས་པར་འཇུག་པ་ཡང་དག་པར་འཛིན་དུ་འཇུག་ཅིང་། རྣམ་པར་ཐར་པ་བརྒྱད་ཀྱི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་རྣམ་པར་ཐར་པ་བརྒྱད་ལ་སྙོམས་པར་འཇུག་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་མཐར་གྱིས་གནས་པའི་སྙོམས་

པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པར་བྱེད་ལ། བདག་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྙོམས་པར་འཇུག་པར་བྱེད། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་ལ་
སྙོམས་པར་འཇུག་པར་བྱེད། བདག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་ལ། གཞན་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ཡང་དག་པར་འཛིན་དུ་འཇུག་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་བསྔགས་པ་ཡང་རྗོད་ལ། གཞན་གང་དག་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་དེ་དག་གི་བསྔགས་པ་ཡང་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། སྦྱིན་པ་གང་སྦྱིན་པ་དེ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་མི་དམིགས་
པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །དེ་བཞིན་དུ་ཚུལ་ཁྲིམས་གང་བསྲུང་བ་དང་། བཟོད་པ་གང་སྒོམ་པ་དང་། བརྩོན་འགྲུས་གང་རྩོམ་པ་དང་། བསམ་གཏན་གང་ལ་སྙོམས་པར་འཇུག་པ་དང་། ཤེས་རབ་གང་སྒོམ་པ་དེ་དག་ཐམས་ཅད་
སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ནི་དྲན་པ་འདི་ལྟ་བུ་སྐྱེ་བར་འགྱུར་ཏེ། གལ་ཏེ་བདག་གིས་སྦྱིན་པ་
མ་བཏང་ན། དབུལ་པོའི་རིགས་རྣམས་སུ་སྐྱེ་བར་འགྱུར་ཏེ། བདག་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་ཡང་མི་འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པར་ཡང་མི་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ཡང་མི་འགྱུར་རོ་སྙམ་དུ་སེམས་སོ། །དེ་འདི་
སྙམ་དུ་གལ་ཏེ་བདག་གིས་ཚུལ་ཁྲིམས་མ་བསྲུངས་ན་བདག་ངན་སོང་གསུམ་གྱི་སྒོ་འབྱེད་པར་འགྱུར་ཞིང་། ལྷ་དང་མིར་སྐྱེ་བར་མི་འགྱུར་ཏེ། བདག་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པར་ཡང་མི་འགྱུར་ན། རྣམ་པ་ཐམས་ཅད་མཁྱེན་

པ་ཉིད་ཐོབ་པར་ལྟ་ག་ལ་འགྱུར་སྙམ་དུ་སེམས་སོ། །དེ་འདི་སྙམ་དུ་གལ་ཏེ་བདག་གིས་བཟོད་པ་མ་བསྒོམས་ན། བདག་གི་དབང་པོ་རྣམས་ཉམས་པར་འགྱུར་ཞིང་། བདག་གི་བཞིན་གྱི་དཀྱིལ་འཁོར་མོག་མོག་པོར་འགྱུར་ཏེ། བདག་གཟུགས་ཕུན་སུམ་ཚོགས་པ་
གང་གིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་མཐོང་མ་ཐག་ཏུ་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བའི་གཟུགས་ཕུན་སུམ་ཚོགས་པ་ཡང་འཐོབ་པར་མི་འགྱུར། གཟུགས་ཕུན་སུམ་ཚོགས་པ་མ་ཐོབ་པར་སེམས་ཅན་རྣམས་ཡོངས་སུ་
སྨིན་པར་བྱེད་པར་ཡང་མི་འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པར་ཡང་མི་འགྱུར་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ལྟ་ག་ལ་འགྱུར་སྙམ་དུ་སེམས་སོ། །དེ་འདི་སྙམ་དུ་གལ་ཏེ། བདག་ལེ་ལོ་ཅན་དུ་གྱུར་ཏེ། བརྩོན་འགྲུས་མ་བརྩམས་ན། བྱང་ཆུབ་
སེམས་དཔའི་ལམ་འདི་ལ་ཡང་སྒོམ་པར་མི་འགྱུར་ན། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱེད་པར་ལྟ་ཇི་ལྟར་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་ལྟ་ག་ལ་འགྱུར་སྙམ་དུ་སེམས་སོ། །དེ་འདི་སྙམ་དུ་བདག་སེམས་རྣམ་པར་གཡེངས་པར་གྱུར་ན།
ཏིང་ངེ་འཛིན་ཐམས་ཅད་ཡོངས་སུ་བསྒྲུབ་པའི་ཕྱིར། སློབ་པར་ཡང་མི་འགྱུར་ལ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པར་ཡང་མི་འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པར་ཡང་མི་འགྱུར་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ལྟ་ག་ལ་འགྱུར་སྙམ་དུ་སེམས་
སོ། །དེ་འདི་སྙམ་དུ་གལ་ཏེ་བདག་འཆལ་པའི་ཤེས་རབ་ཅན་དུ་གྱུར་ན། ཤེས་རབ་དང་ཐབས་ལ་མཁས་པ་འདི་ལ་ཡང་སློབ་པར་མི་འགྱུར་ཞིང་། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ལས་ཤིན་ཏུ་འདས་ནས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པར་ཡང་མི་འགྱུར། སངས་
རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པར་ཡང་མི་འགྱུར་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་ལྟ་ག་ལ་འགྱུར་སྙམ་དུ་སེམས་ཤིང་། དེ་འདི་ལྟར་ཡང་དག་པར་སློབ་སྟེ། གང་བདག་གིས་སེར་སྣའི་དབང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་

བྱ་བ་དང་། འཆལ་པའི་ཚུལ་ཁྲིམས་ཀྱི་དབང་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གནོད་སེམས་ཀྱི་དབང་གིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ལེ་ལོའི་དབང་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པར་གཡེངས་པའི་དབང་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་།
འཆལ་པའི་ཤེས་རབ་ཀྱི་དབང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་བྱ་བ་དེ་ནི་བདག་ལ་རིགས་པ་མ་ཡིན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་རྫོགས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་
པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་རྫོགས་པར་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་ཡང་མི་འགྱུར་རོ་སྙམ་དུ་སེམས་སོ། །ཀཽ་ཤི་ཀ་དེ་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་དེ་དག་གིས་ནི་ཚེ་འདི་དང་། ཚེ་ཕྱི་མའི་ཡོན་ཏན་དང་། ཕན་ཡོན་དེ་ལྟ་བུ་དག་འཐོབ་པར་འགྱུར་རོ། །དེ་སྐད་ཅེས་བཀའ་
སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ཙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་འདུལ་བ་དང་། ཁེངས་པ་མ་མཆིས་པར་བགྱི་བའི་དོན་དུ་ཉེ་བར་གནས་པ་ནི་
ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་འདུལ་བ་དང་། ཁེངས་པ་མེད་པར་བྱ་བའི་ཕྱིར་ཉེ་བར་གནས་པ་ཡིན། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་
འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་

རྒྱས་རྣམས་དང་། ཉན་ཐོས་རྣམས་ལ་སྦྱིན་པ་གཏོང་བར་བགྱིད་པའི་ཚེ། ཐབས་ལ་མི་མཁས་པས་དེ་འདི་སྙམ་དུ། བདག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་དང་། བཀྲེན་
པ་དང་། སྡུག་ཕོངས་པ་དང་། འདྲོན་པོ་དང་། སློངས་མོ་པ་རྣམས་ལ་སྦྱིན་པ་གཏོང་བར་བགྱིད་པའོ་སྙམ་དུ་སེམས་ན། དེ་སྦྱིན་པ་དེས་ཁེངས་པར་འགྱུར་ལགས་སོ། །བྱང་ཆུབ་སེམས་དཔའ་དེ་འཇིག་རྟེན་པའི་ཚུལ་ཁྲིམས་བསྲུང་བ་ནི་ཐབས་ལ་མི་མཁས་པས། དེ་འདི་སྙམ་དུ་བདག་ནི་
ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །བདག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ་སྙམ་དུ་སེམས་ན་དེ་ཚུལ་ཁྲིམས་དེས་ཁེངས་པར་འགྱུར་ལགས་སོ། །དེ་བཞིན་དུ་ཐབས་ལ་མི་མཁས་པས་བདག་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །བདག་ནི་
བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །བདག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་སྙམ་དུ་སེམས་ན། དེ་འཇིག་རྟེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་ཁེངས་པར་འགྱུར་ལགས་སོ། །དེ་འཇིག་རྟེན་པའི་
དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་པ་ན། ཐབས་ལ་མི་མཁས་པས་བདག་ནི་དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་པའོ། །བདག་ནི་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་
དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པའོ། །བདག་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་སྒོམ་པའོ། །བདག་ནི་ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་སྒོམ་པའོ། །བདག་ནི་སྟོབས་བཅུ་དང་། མི་
འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་སྒོམ་པའོ། །བདག་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །བདག་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །བདག་གིས་ནི་རྣམ་པ་ཐམས་ཅད་

མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་སྙམ་དུ་སེམས་ན། དེ་ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་མངོན་པར་ཞེན་པ་དེས་ཁེངས་པར་འགྱུར་ལགས་ཏེ། བཅོམ་ལྡན་འདས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་པའི་ཆོས་རྣམས་ལ་སྤྱོད་པ་ནི་ངར་འཛིན་པ་དང་། ང་ཡིར་
འཛིན་པ་ལ་མངོན་པར་ཞེན་པ་ལགས་པས། དེ་དག་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་འདུལ་བ་དང་། ཁེངས་པ་མ་མཆིས་པར་བགྱི་བའི་སླད་དུ་ཉེ་བར་གནས་པ་མ་ལགས་སོ། །བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ལས་འདས་པའི་
ཆོས་རྣམས་ལ་སྤྱོད་པ་ནི་སྦྱིན་པ་གཏོང་བ་ན་སྦྱིན་པ་པོ་ཡང་མི་དམིགས། སྦྱིན་པར་བགྱི་བ་ཡང་མི་དམིགས། ལེན་པ་པོ་ཡང་མི་དམིགས་ལགས་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འདུལ་བ་དང་། ཁེངས་པ་མ་མཆིས་
པར་བགྱི་བའི་སླད་དུ་ཉེ་བར་གནས་པ་ལགས་སོ། །དེ་བཞིན་དུ་ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒོམ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་སྒོམ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ན། ཤེས་རབ་ཀྱང་མི་དམིགས། ཤེས་རབ་དང་ལྡན་པ་ཡང་མི་དམིགས།
ཆོས་རྣམས་ཀྱང་མི་དམིགས་ལགས་སོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་
ཡང་མི་དམིགས། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་སྒོམ་པ་ཡང་མི་དམིགས། དེ་བཞིན་དུ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་སྒོམ་པ་ཡང་མི་དམིགས། རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཀྱི་བར་དུ་སྒོམ་པ་ཡང་མི་དམིགས་ལགས་པས། བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འདུལ་བ་དང་། ཁེངས་པ་མ་མཆིས་པར་བགྱི་བའི་སླད་དུ་ཉེ་བར་གནས་པ་ལགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་ཡོངས་སུ་བཟུང་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་དྲུག་པ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་
འདི་འཛིན་ཏམ། འཆང་ངམ། ཀློག་གམ། ཁ་ཏོན་དུ་བྱེད་དམ། སྟོན་པར་བྱེད་དམ། འདོན་ཏམ། འཐུན་པར་བྱེད་དམ། ཚུལ་བཞིན་དུ་ཡིད་ལ་བྱེད་པ་གང་ལ་ལ་ཞིག་གཡུལ་ངོའི་གདོང་ལ་སོང་སྟེ། གཡུལ་འགྱེད་པའི་ནང་དུ་ཞུགས་སམ། འཇུག་གམ། འགྲོའམ། འདུག་གམ།
འགྲེང་བར་གྱུར་ཀྱང་རུང་། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པའམ། འཆང་བའམ། ཀློག་པའམ། ཁ་ཏོན་དུ་བྱེད་པའམ། སྟོན་པར་བྱེད་པའམ། འདོན་པའམ། འཐུན་པར་བྱེད་པའམ། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ལ་
མདའ་འམ། དབྱིག་པའམ། ཤིང་ངམ། བོང་བའམ། མཚོན་ཆ་གང་གིས་འཕངས་པར་གྱུར་ཀྱང་། དེའི་ལུས་ལ་མཚོན་ཆ་དེ་དག་གིས་ཕོག་པར་འགྱུར་བ་ནི་གནས་མེད་ཅིང་སྐབས་མེད་ལ། ཕ་རོལ་གྱི་གནོད་པས་སྲོག་གི་བར་ཆད་དུ་འགྱུར་བ་དེའི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་
འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ཡུན་རིང་པོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ཅིང་། རང་གི་འདོད་ཆགས་ཀྱི་མདའ་རྣམས་དང་། འདོད་ཆགས་ཀྱི་མཚོན་རྣམས་ཀྱང་ངེས་པར་བཅོམ། གཞན་དག་གི་འདོད་ཆགས་ཀྱི་མདའ་རྣམས་དང་། འདོད་ཆགས་ཀྱི་མཚོན་རྣམས་ཀྱང་
ངེས་པར་བཅོམ། རང་གི་ཞེ་སྡང་གི་མདའ་རྣམས་དང་། གཏི་མུག་གི་མདའ་རྣམས་དང་། ཞེ་སྡང་གི་མཚོན་རྣམས་དང་། གཏི་མུག་གི་མཚོན་རྣམས་ཀྱང་ངེས་པར་བཅོམ། གཞན་དག་གི་ཞེ་སྡང་གི་མདའ་རྣམས་དང་། གཏི་མུག་གི་མདའ་རྣམས་དང་། ཞེ་སྡང་གི་མཚོན་རྣམས་དང་། གཏི་
མུག་གི་མཚོན་རྣམས་ཀྱང་ངེས་པར་བཅོམ། རང་གི་ལྟ་བར་གྱུར་པའི་མདའ་རྣམས་དང་། ལྟ་བར་གྱུར་པའི་མཚོན་རྣམས་ཀྱང་ངེས་པར་བཅོམ། གཞན་དག་གི་ལྟ་བར་གྱུར་པའི་མདའ་རྣམས་དང་། ལྟ་བར་གྱུར་པའི་མཚོན་རྣམས་ཀྱང་ངེས་པར་བཅོམ། རང་གི་ཀུན་ནས་ལྡང་བའི་

མདའ་རྣམས་དང་། ཀུན་ནས་ལྡང་བའི་མཚོན་རྣམས་ཀྱང་ངེས་པར་བཅོམ། གཞན་དག་གི་ཀུན་ནས་ལྡང་བའི་མདའ་རྣམས་དང་། ཀུན་ནས་ལྡང་བའི་མཚོན་རྣམས་ཀྱང་ངེས་པར་བཅོམ། རང་གི་བག་ལ་ཉལ་གྱི་མདའ་རྣམས་དང་། བག་ལ་ཉལ་གྱི་མཚོན་རྣམས་ཀྱང་ངེས་པར་བཅོམ།
གཞན་དག་གི་བག་ལ་ཉལ་གྱི་མདའ་རྣམས་དང་། བག་ལ་ཉལ་གྱི་མཚོན་རྣམས་ཀྱང་ངེས་པར་བཅོམ་པའི་ཕྱིར་ཏེ། ཀཽ་ཤི་ཀ་རྣམ་གྲངས་དེས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་ལུས་ལ་མདའ་འམ། མཚོན་གྱིས་འཕངས་ཀྱང་ཕོག་པར་མི་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་
རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་འབྲལ་བ་དེ་ལ། གལ་ཏེ་ལ་ལ་ཞིག་གིས་སྨན་མ་
ཡིན་པས་གཏོར་ཏམ། བྱད་བྱས་སམ། མེའི་འོབས་ཉེ་བར་བསྒྲུབས་སམ། མཚོན་གྱིས་བཏབ་བམ། དུག་བླུད་དམ། ཆུས་གཏོར་བར་གྱུར་ན་ཡང་དེ་དག་ཐམས་ཅད་ཀྱིས་དེ་ལ་མི་ཚུགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིགས་
སྔགས་ཆེན་མོ་ཡིན་ལ། ཀཽ་ཤི་ཀ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་བླ་ན་མེད་པ་ཡིན་ཞིང་། ཀཽ་ཤི་ཀ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་མི་མཉམ་པ་དང་མཉམ་པ་ཡིན་ཏེ། ཀཽ་ཤི་ཀ་དེ་ལ་སློབ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ནི་
བདག་ལ་ཡང་གནོད་པར་བྱ་བར་མི་སེམས། གཞན་ལ་ཡང་གནོད་པར་བྱ་བར་མི་སེམས། གཉི་ག་ལ་ཡང་གནོད་པར་བྱ་བར་མི་སེམས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་བདག་ཀྱང་མི་དམིགས། གཞན་ཡང་མི་དམིགས། གཉི་ག་ཡང་མི་དམིགས། གཟུགས་ཀྱང་མི་
དམིགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་མི་དམིགས། ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་

རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ཀྱང་མི་དམིགས་པའི་ཕྱིར་རོ། །མི་དམིགས་པས་ན་བདག་ལ་གནོད་པ་བྱ་
བར་ཡང་མི་སེམས། གཞན་ལ་གནོད་པ་བྱ་བར་ཡང་མི་སེམས། གཉི་ག་ལ་ཡང་གནོད་པ་བྱ་བར་ཡང་མི་སེམས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་འཐོབ་ཅིང་། སེམས་ཅན་ཐམས་ཅད་ལ་ལྟ་བར་ཡང་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདས་པའི་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་རིག་སྔགས་འདི་ལ་བསླབས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ལ། གང་དག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ཏུ་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །ཀཽ་ཤི་ཀ་གཞན་ཡང་གང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་ཏེ་འཆང་ན། མ་
བཟུང་། མ་བླགས། ཁ་དོན་དུ་མ་བྱས། ཀུན་ཆུབ་པར་མ་བྱས། ཚུལ་བཞིན་དུ་ཡིད་ལ་མ་བྱས་ཀྱང་རུང་སྟེ། དེར་མི་དང་མི་མ་ཡིན་པ་གླགས་ལྟ་བ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཆོད་པ་བྱ་བའི་ཕྱིར་
སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་། སུམ་ཅུ་རྩ་གསུམ་པ་དང་། འོག་མིན་གྱི་རིས་ཀྱི་བར་གྱི་ལྷའི་བུ་གང་དག་འཁོད་པ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་།

སུམ་ཅུ་རྩ་གསུམ་པ་དང་། འོག་མིན་གྱི་རིས་ཀྱི་བར་གྱི་ལྷའི་བུ་གང་དག་འཁོད་པ་དེ་དག་ཐམས་ཅད་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་རྟག་པར་རྒྱུན་དུ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བྱེད་ཅིང་གང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་ནས་འཆང་བ་དེར་ལྷའི་བུ་
དེ་དག་འོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསྟི་སྟང་དུ་བྱེད། བླ་མར་བྱེད། རྗེད་པར་བྱེད། མཆོད་པར་བྱེད་དེ། མཆོད་པ་བྱས་ནས་ཀྱང་ཕྱིར་འགྲོ་བར་འགྱུར་བའི་ཕྱིར་རོ། །ཀཽ་ཤི་ཀ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་ཤིང་འཆང་ན་ཡང་། དེ་ལ་ཚེ་འདིའི་
ཡོན་ཏན་དང་། ཕན་ཡོན་དེ་ལྟ་བུ་དེ་དག་འབྱུང་བར་འགྱུར་ན། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་ནས། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཁ་དོན་དུ་བྱེད་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དག་ལྟ་ལ་སྨོས་ཀྱང་ཅི་དགོས། ཀཽ་
ཤི་ཀ་འདི་ལྟ་སྟེ་དཔེར་ན། མིར་གྱུར་པའམ། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་གང་ལ་ལ་ཞིག །བྱང་ཆུབ་ཀྱི་སྙིང་པོའམ། བྱང་ཆུབ་ཀྱི་སྙིང་པོའི་ཉེན་འཁོར་ཏམ། བྱང་ཆུབ་ཀྱི་སྙིང་པོའི་ནང་དུ་སོང་ན། དེ་ལ་མི་འམ། མི་མ་ཡིན་པས་རྣམ་པར་གཙེ་བའམ། ཐོ་བཙམ་པར་མི་ནུས་
སོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་དེར་བཞུགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ལ། ད་ལྟར་བྱུང་བ་དང་། མ་བྱོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་དེར་བཞུགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་ཐམས་ཅད་འཇིགས་པ་མེད་པ་དང་།
ཁོན་མེད་པ་དང་། གནོད་པ་མེད་པ་དང་། གཅུགས་མེད་པ་ལ་བཀོད་དེ་འཇིགས་པ་མེད་པ་དང་། ཁོན་མེད་པ་དང་། གནོད་པ་མེད་པ་དང་། གཅུགས་མེད་པ་ལ་བཀོད་ནས་ཀྱང་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ལྷ་དང་། མིའི་ཕུན་སུམ་ཚོགས་པ་དག་ལ་བཀོད་ཅིང་། རྒྱུན་དུ་

ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱིས་ས་ཕྱོགས་དེ་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་པར་བྱས་པས་ན་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་མཆོད་པར་འོས་
པ་དང་། རི་མོ་བྱ་བར་འོས་པ་དང་། བསྟི་སྟང་དུ་བྱ་བར་འོས་ཤིང་། ཕྱག་བྱ་བར་འོས་པ་ཡིན་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་
ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་ཤིང་གླེགས་བམ་དུ་བགྱིས་ཏེ། བཅངས་ལ་དེ་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་
དུ་བགྱིད། བླ་མར་བགྱིད། རི་མོར་བགྱིད། མཆོད་པར་བགྱིད་པ་དང་། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་རྣམས་མཆོད་རྟེན་དུ་སྩལ་ཏེ། སྩལ་ནས་ཀྱང་ཡོངས་སུ་འཛིན་ཅིང་འཆང་ལ།
དེ་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བགྱིད། བླ་མར་བགྱིད། རི་མོར་བགྱིད། མཆོད་པར་བགྱིད་ན། དེ་ལས་གང་བསོད་ནམས་ཆེས་
མང་དུ་སྐྱེད་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེའི་ཕྱིར། དེ་ཁྱོད་ཉིད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་ལན་ཐོབ་ཤིག །ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས།

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་པ་དང་། དེ་བཞིན་གཤེགས་པས་སྐུ་འདི་ལྟ་བུ་མངོན་པར་གྲུབ་པ་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལམ་གང་ལ་བསླབས་ནས།
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་ཤིང་། སྐུ་འདི་ལྟ་བུ་མངོན་པར་གྲུབ་པ་ཡིན་སྙམའམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་ཤིང་སྐུ་འདི་ལྟ་བུ་
མངོན་པར་གྲུབ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
མངོན་པར་རྫོགས་པར་སངས་རྒྱས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་ཤིང་། སྐུ་འདི་ལྟ་བུ་མངོན་པར་གྲུབ་པ་ཡིན་ནོ། །ཀཽ་ཤི་ཀ་དེ་ལྟ་བས་ན་སྐུ་འདི་ལྟ་བུ་བརྙེས་པས་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་མ་ཡིན་གྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
བརྙེས་པས་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ཏེ། ཀཽ་ཤི་ཀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་བྱུང་བ་ཡིན་ལ། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ལུས་འདི་ལྟ་བུ་བརྙེས་པ་ཡང་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་བྱུང་བ་ཡིན་པས། དེས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གཞིར་གྱུར་པ་ཡིན་ནོ། །གཞི་དེ་ལ་བརྟེན་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོད་པར་གྲགས་པ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡོད་པར་

གྲགས་པ་དེ་ལས་སངས་རྒྱས་ཡོད་པར་གྲགས་པ་ཡིན། ཆོས་ཡོད་པར་གྲགས་པ་ཡིན། དགེ་འདུན་ཡོད་པར་གྲགས་པ་ཡིན་ནོ། །དེ་ལྟར་ན་སྐུ་བརྙེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་གཞིར་གྱུར་པ་ཡིན་ཏེ། གཞིར་གྱུར་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་མཆོད་
རྟེན་དུ་གྱུར་ཅིང་ཕྱག་བྱ་བར་འོས་པ་དང་། རི་མོ་བྱ་བར་འོས་པ་དང་། མཆོད་པར་བྱ་བར་འོས་པ་དང་། བསྟི་སྟང་བྱ་བར་འོས་པ་དང་། བླ་མར་བྱ་བར་འོས་པ་དང་། གསོལ་བར་འོས་པ་ཡིན་ཞིང་། ང་ཡོངས་སུ་མྱ་ངན་ལས་འདས་ན་ཡང་སྐུ་གདུང་དེ་དག་ལ་མཆོད་པར་འགྱུར་རོ། །ཀཽ་ཤི་ཀ་དེ་ལྟ་
བས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་ཏེ། གླེགས་བམ་དུ་བྱས་ཤིང་། གུས་པར་བཅངས་ལ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་
མཚན་དང་། བ་དན་དག་དང་། མཆོད་པ་སྣ་ཚོགས་ཀྱིས་བསྟི་སྟང་དུ་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པར་བྱེད་པ་དང་། རྗེད་པར་བྱེད་པ་དང་། གསོལ་བར་བྱེད་པ་ཉིད་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་
རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་མཆོད་པ་བྱས་པར་གྱུར་པའི་ཕྱིར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་ཤིང་། གླེགས་བམ་དུ་བྱས་ཏེ། བསྟི་སྟང་དུ་བྱེད། བླ་མར་བྱེད།
རི་མོར་བྱེད། མཆོད་པར་བྱེད། རྗེད་པར་བྱེད། གསོལ་བར་བྱེད་ན། དེ་ཉིད་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་མཆོད་པ་བྱས་པར་འགྱུར་བ་དང་། ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་འདི་ལས་ངེས་པར་བྱུང་བ་
དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་དང་། སྟོབས་བཅུ་དང་། མི་

འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱང་འདི་ལས་ངེས་པར་བྱུང་བ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་ཀྱང་འདི་ལས་ངེས་པར་བྱུང་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཡང་འདི་ལས་ངེས་
པར་བྱུང་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡང་འདི་ལས་ངེས་པར་བྱུང་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རིགས་ཕུན་སུམ་ཚོགས་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་ཡང་འདི་ལས་ངེས་པར་བྱུང་བ་དང་། བྱམས་
པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཡང་འདི་ལས་ངེས་པར་བྱུང་བ་དང་། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཀྱང་འདི་ལས་ངེས་པར་བྱུང་བ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་
བུ་རྣམས་དང་། འོག་མིན་གྱི་བར་གྱི་ལྷའི་བུ་རྣམས་ཀྱང་འདི་ལས་ངེས་པར་བྱུང་བ་དང་། རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་ཀྱང་འདི་ལས་ངེས་པར་བྱུང་བ་དང་། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་རྣམས་ཀྱང་འདི་ལས་ངེས་པར་བྱུང་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་འདི་ལས་ངེས་པར་བྱུང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདི་ལས་ངེས་པར་བྱུང་བའི་ཕྱིར་རོ།། །།ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ཉི་ཤུ་གཉིས་པ། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛམ་བུའི་གླིང་གི་མི་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་
པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་མི་བགྱིད། བླ་མར་མི་བགྱིད། རི་མོར་མི་བགྱིད། མཆོད་པར་མི་བགྱིད། རྗེད་པར་མི་བགྱིད། གསོལ་བར་མི་བགྱིད་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་བགྱིས་

ན། དེ་ལྟར་མཐུ་ཆེ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་བགྱིས་ན། དེ་ལྟར་ཕན་ཡོན་ཆེ་བར་མ་འཚལ་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས།
འཛམ་བུའི་གླིང་གི་མི་དེ་དག་ལས་གང་དག་སངས་རྒྱས་ལ་དད་པ་མི་ཕྱེད་པ་དང་ལྡན་པ་དང་། གང་དག་ཆོས་དང་། དགེ་འདུན་ལ་དད་པ་མི་ཕྱེད་པ་དང་ལྡན་པ་དང་། གང་དག་སངས་རྒྱས་ལ་ནེམ་ནུར་མེད་པ་དང་། གང་དག་ཆོས་དང་། དགེ་འདུན་ལ་ནེམ་ནུར་མེད་པ་དང་། གང་དག་སངས་རྒྱས་ལ་
ཤིན་ཏུ་རྟོན་པ་དང་། གང་དག་ཆོས་དང་དགེ་འདུན་ལ་ཤིན་ཏུ་རྟོན་པ་གང་ཇི་སྙེད་ཅིག་ཡོད་སྙམའམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛམ་བུའི་གླིང་གི་མི་དེ་དག་ལས་གང་དག་སངས་རྒྱས་
ལ་དད་པ་མི་ཕྱེད་པ་དང་ལྡན་པ་དང་། གང་དག་ཆོས་དང་། དགེ་འདུན་ལ་དད་པ་མི་ཕྱེད་པ་དང་ལྡན་པ་དང་། གང་དག་སངས་རྒྱས་ལ་ནེམ་ནུར་མ་མཆིས་པ་དང་། གང་དག་ཆོས་དང་དགེ་འདུན་ལ་ནེམ་ནུར་མ་མཆིས་པ་དང་། གང་དག་སངས་རྒྱས་ལ་ཤིན་ཏུ་རྟོན་པ་དང་། གང་དག་ཆོས་
དང་དགེ་འདུན་ལ་ཤིན་ཏུ་རྟོན་པ་ནི་ཉུང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འཛམ་བུའི་གླིང་གི་མི་དེ་དག་ལས། གང་དག་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དད་པ་མི་ཕྱེད་པ་དང་ལྡན་པ་ནི་ཉུང་ངོ་། །དེ་བས་ཀྱང་
གང་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་བསྟེན་པ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་གང་དག་སྦྱིན་པ་དང་། ཚུལ་ཁྲིམས་བསྒོམ་པ་ལ་ཤིན་ཏུ་བརྩོན་པ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་གང་དག་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་གང་དག་རྣམ་པར་
ཐར་པའི་སྒོ་གསུམ་བསྒོམ་པ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་གང་དག་རྣམ་པར་ཐར་པ་བརྒྱད་བསྒོམ་པ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་གང་དག་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བསྒོམ་པ་ནི་ཆེས་ཉུང་ངོ་། །དེ་བཞིན་དུ་གང་དག་སོ་སོ་ཡང་དག་པར་རིག་པ་བཞི་དང་། མངོན་པར་

ཤེས་པ་དྲུག་བསྒོམ་པ་ཡང་ཆེས་ཉུང་ངོ་། །ཀཽ་ཤི་ཀ་འཛམ་བུའི་གླིང་གི་མི་རྣམས་ལས་གང་དག་གིས་ཀུན་ཏུ་སྦྱོར་བ་གསུམ་སྤངས་པའི་ཕྱིར་རྒྱུན་དུ་ཞུགས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བསྲབས་པའི་ཕྱིར་ལན་ཅིག་ཕྱིར་འོང་བ་དང་། ཐ་མའི་ཆ་དང་འཐུན་པའི་ཀུན་ཏུ་སྦྱོར་བ་
ལྔ་སྤངས་པས། ཕྱིར་མི་འོང་བ་དང་། གོང་མའི་ཆ་དང་འཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པའི་ཕྱིར་དགྲ་བཅོམ་པ་ཐོབ་པ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མི་རྣམས་ལས་གང་དག་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་མི་
རྣམས་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་ནི་ཇི་སྙེད་ཅིག་ཡོད། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འཛམ་བུའི་གླིང་གི་མི་རྣམས་ལས་གང་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་བསྟེན་པ་དང་། དེ་བཞིན་དུ་སྦྱར་ཏེ། གང་དག་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པའི་བར་དག་ནི་ཤིན་ཏུ་ཉུང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། དེ་བས་ཀྱང་གང་དག་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ནི་ཆེས་ཉུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་འཁོར་
བ་ན་འཁོར་བས། སངས་རྒྱས་མ་མཐོང་། ཆོས་མ་ཐོས། དགེ་འདུན་ལ་བསྙེན་བཀུར་མ་བྱས། སྦྱིན་པ་མ་བྱིན། ཚུལ་ཁྲིམས་མ་བསྟེན། ཤེས་རབ་མ་བསྒོམས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཐོས། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཐོས། ནང་སྟོང་པ་ཉིད་མ་ཐོས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་མ་ཐོས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མ་ཐོས། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་
ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་མ་ཐོས་མ་བསྒོམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མ་ཐོས་མ་བསྒོམས་པའི་ཕྱིར་ཏེ། ཀཽ་ཤི་ཀ་རྒྱུ་དེས་ན་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལས་གང་དག་སངས་རྒྱས་ལ་དད་པ་མི་ཕྱེད་པ་དང་ལྡན་པ་དང་།

དེ་བཞིན་དུ་སྦྱར་ཏེ། གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པའི་བར་དག་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་གང་དག་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་གང་དག་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་གང་དག་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་གང་དག་ཕྱིར་མི་ལྡོག་པའི་ས་ལ་གནས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་ཆེས་
ཉུང་ངོ་། །ཀཽ་ཤི་ཀ་འདི་ལ་ངས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མི་མངའ་བས། ཤར་ཕྱོགས་ན་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། དེ་དག་ལས་བྱང་ཆུབ་སེམས་དཔའ་གཅིག་
གམ། གཉིས་ཤིག་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་ཟད་ཀྱི། ཕལ་ཆེར་ནི་ཐབས་ལ་མཁས་པ་དང་བྲལ་བས་ཉན་ཐོས་ཀྱིས་དང་། རང་སངས་རྒྱས་ཀྱིས་ལ་གནས་པ་དག་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ལེ་ལོ་ཅན། བརྩོན་འགྲུས་
ཞན་པ། སྙིང་སྟོབས་ཆུང་བ། དམན་པ་ལ་མོས་པ། ཤེས་རབ་འཆལ་པ་རྣམས་ཀྱིས་བསྒྲུབ་པར་དཀའ་བའི་ཕྱིར་རོ། །དེ་བཞིན་དུ་ངས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མི་མངའ་བས། ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་དང་། ཕྱོགས་མཚམས་དག་ན་ཡང་སེམས་ཅན་དཔག་
ཏུ་མེད་གྲངས་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། དེ་དག་ལས་བྱང་ཆུབ་སེམས་དཔའ་གཅིག་གམ། གཉིས་ཤིག་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་ཟད་ཀྱི། ཕལ་ཆེར་ནི་ཐབས་ལ་མཁས་
པ་དང་བྲལ་བས། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལ་གནས་པ་དག་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ལེ་ལོ་ཅན། བརྩོན་འགྲུས་ཞན་པ། སྙིང་སྟོབས་ཆུང་བ། དམན་པ་ལ་མོས་པ། ཤེས་རབ་འཆལ་པ་

རྣམས་ཀྱིས་བསྒྲུབ་པར་དཀའ་བའི་ཕྱིར་རོ། །ཀཽ་ཤི་ཀ་དེ་ལྟ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བདེ་བླག་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཡང་དང་ཡང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ།
གཟུང་བར་བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱ། འཇུག་པར་བྱ། ཡོངས་སུ་དྲི་བར་བྱ། ཚུལ་བཞིན་དུ་ཡིད་ལ་བྱ་ཞིང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་
མཚན་དང་། བ་དན་དག་གིས་ཀྱང་བསྟི་སྟང་དུ་བྱ། བླ་མར་བྱ། རི་མོར་བྱ། མཆོད་པར་བྱའོ། །དགེ་བའི་ཆོས་གཞན་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་
ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་།
དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་།
སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དེ་དག་ཀྱང་གཟུང་བར་བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱ་ཞིང་། ཚུལ་བཞིན་དུ་ཡིད་ལ་བྱའོ། །སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་གཞན་
གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པ་དེ་དག་ཀྱང་གཟུང་བར་བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱ་ཞིང་། ཚུལ་བཞིན་དུ་ཡིད་ལ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་འདི་ལྟར། དེ་བཞིན་གཤེགས་པ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སློབ་པ་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་
ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་
བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་གཞན་དག་ལ་ཡང་བསླབ་པ་མཛད་ཀྱིས། བདག་ཅག་གིས་ཀྱང་དེའི་རྗེས་སུ་བསླབ་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བདག་ཅག་གི་སྟོན་པ་ཡིན་ནོ་སྙམ་དུ་ཤེས་པའི་ཕྱིར་
རོ། །ཀཽ་ཤི་ཀ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པ་བཞུགས་ཀྱང་རུང་ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་
གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཆོད་པ་བགྱིད་པ་དེ། བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུའམ་
རིགས་ཀྱི་བུ་མོ་གང་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ལ་མཆོད་པའི་ཕྱིར་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱེད་དུ་བཅུག་སྟེ། བྱས་ནས་ཀྱང་ཇི་སྲིད་འཚོའི་བར་དུ་ལྷའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་།
གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་པར་གྱུར་ན། ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམའམ། བརྒྱ་བྱིན་

གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་
དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་ཡང་དག་པར་རབ་ཏུ་སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། ཡི་གེར་བྲིས་ནས་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་
དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་པ་དེ་ཆེས་བསོད་ནམས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་ལྟ་ཞོག་གི །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་
ཡོངས་སུ་མྱ་ངན་ལས་འདས་པ་ལ་མཆོད་པའི་ཕྱིར་འཛམ་བུའི་གླིང་འདི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ཡོད་པ་ཤ་སྟག་གིས་ཡོངས་སུ་བཀང་སྟེ། དེ་དག་ལ་ལྷའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་
དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད། རྗེད་པར་བྱེད། གསོལ་བར་བྱེད་ན། ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམའམ། བརྒྱ་
བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་
འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་ཡང་དག་པར་རབ་ཏུ་སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། ཡི་གེར་བྲིས་ནས། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། ཕྱེ་མ་དང་། བྱུག་པ་དང་། གོས་དང་།

གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་སྣ་ཚོགས་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད། རྗེད་པར་བྱེད། གསོལ་བར་བྱེད་པ་དེ་ཆེས་བསོད་ནམས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་འཛམ་བུའི་གླིང་འདི་དེ་བཞིན་གཤེགས་པའི་
མཆོད་རྟེན་གྱིས་ཡོངས་སུ་བཀང་བ་ལྟ་ཡང་ཞོག་གི །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ལ་མཆོད་པའི་ཕྱིར། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་འཕང་དུ་
དཔག་ཚད་ཙམ་ཡོད་པ་ཤ་སྟག་གིས་ཡོངས་སུ་བཀང་སྟེ། དེ་དག་ལ་ལྷའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་
པར་བྱེད། རྗེད་པར་བྱེད། གསོལ་བར་བྱེད་ན། ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམ་འམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་
ཡང་དག་པར་རབ་ཏུ་སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། ཐ་ན་གླེགས་བམ་དུ་ཆུད་པར་བྱས་ཏེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་
སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད། རྗེད་པར་བྱེད། གསོལ་བར་བྱེད་པ་དེ་ཆེས་བསོད་ནམས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་ཡོངས་སུ་བཀང་བ་ལྟ་ཡང་ཞོག་གི །ཀཽ་ཤི་ཀ་གལ་ཏེ་

རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ལ་མཆོད་པའི་ཕྱིར། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ཡོད་པ་ཤ་སྟག་གིས་ཡོངས་སུ་བཀང་སྟེ། བཀང་ནས་ཀྱང་
དེ་དག་ལ་ལྷའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད། རྗེད་པར་བྱེད། གསོལ་བར་བྱེད་ན། ཀཽ་ཤི་ཀ་
འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམ་འམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུ་
འམ་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐ་ན་ཡི་གེར་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་
དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་པ་དེ་ཉིད་གཞི་དེ་ལས་བསོད་ནམས་ཆེས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་སྟོང་གི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་ཚོགས་ཀྱི་མཆོད་རྟེན་གྱིས་ཡོངས་
སུ་བཀང་བ་ལྟ་ཡང་ཞོག་གི །ཀཽ་ཤི་ཀ་གལ་ཏེ་མི་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ལ་མཆོད་པའི་ཕྱིར། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་འདི་ནི་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ཡོད་པ་ཤ་སྟག་གིས་ཡོངས་སུ་
གང་བར་བྱེད་དུ་བཅུག་སྟེ། བྱས་ནས་ཀྱང་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་མཆོད་ན།

ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམ་འམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་
ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐ་ན་གླེགས་བམ་དུ་ཆུད་པར་བྱས་ཏེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་
གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་མཆོད་ན་དེ་ཉིད་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་ཚོགས་ཀྱི་མཆོད་རྟེན་གྱིས་ཡོངས་སུ་བཀང་བ་ལྟའང་ཞོག་གི །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་
འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ལ་མཆོད་པའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ཡོད་པ་ཤ་སྟག་གིས་ཡོངས་སུ་བཀང་སྟེ། བཀང་
ནས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་མཆོད་རྟེན་དེ་དག་ལ་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་
ན། ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་སྙམའམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་
དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐ་ན་ཡི་གེར་བྲིས་ཏེ་གླེགས་བམ་དུ་བྱས་ནས་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་ཅིང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་།

ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་དེ་ལ་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་། མཆོད་ན་དེ་ཆེས་བསོད་ནམས་མང་དུ་སྐྱེད་དོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་ཚོགས་
ཀྱི་མཆོད་རྟེན་གྱིས་ཡོངས་སུ་བཀང་སྟེ་མཆོད་པ་ལྟའང་ཞོག་གི །ཀཽ་ཤི་ཀ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་དུ་བསྡུ་བར་བསྡུས་པའི་སེམས་ཅན་གང་དག་འཁོད་པ་དེ་དག་ལས་སེམས་ཅན་རེ་རེས་ཀྱང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་
པ་ལ་མཆོད་པའི་ཕྱིར། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་དག་བྱེད་དུ་བཅུག་སྟེ། དེ་དག་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་
བྱེད། རི་མོར་བྱེད། མཆོད་པར་བྱེད་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་ཆུད་པར་བྱས་ཏེ། འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད།
ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་མཆོད་པར་བྱེད་ན། དེ་ཉིད་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་།
བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ། །དེ་དེ་ལྟ་ལགས་ཏེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟི་སྟང་དུ་བགྱིས་པ་དང་། བླ་མར་བགྱིས་པ་དང་། རི་མོར་བགྱིས་པ་དང་། མཆོད་པར་བགྱིས་པས་ནི། འདས་
པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྟི་སྟང་དུ་བགྱིས་པ་དང་། བླ་མར་བགྱིས་པ་དང་། རི་མོར་བགྱིས་པ་དང་། མཆོད་པ་བགྱིས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་གང་ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་

སྙེད་དག་གི་སེམས་ཅན་དེ་དག་ལས་སེམས་ཅན་རེ་རེས་ཀྱང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ལ་མཆོད་པའི་སླད་དུ་རིན་པོ་ཆེ་སྣ་བདུན་ལས་བགྱིས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་མཆིས་པ་ཤ་སྟག་བགྱིད་དུ་སྩལ་ནས། དེ་དག་ལས་བསྐལ་པ་འམ།
བསྐལ་པ་ལས་ལྷག་པར་ལྷའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱི་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བགྱིད། བླ་མར་བགྱིད། རི་མོར་བགྱིད། མཆོད་པར་བགྱིད་ན། བཅོམ་ལྡན་འདས།
རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གཞི་དེ་ལས་བསོད་ནམས་མང་དུ་བསྐྱེད་ལགས་སམ། བཅོམ་ལྡན་འདས་དེ་བཞིན་དུ་ཕྱོགས་བཅུ་རེ་རེའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སེམས་ཅན་དེ་དག་ལས་སེམས་ཅན་རེ་རེས་ཀྱང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ལ་
མཆོད་པའི་སླད་དུ་རིན་པོ་ཆེ་སྣ་བདུན་ལས་བགྱིས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་མཆིས་པ་ཤ་སྟག་བགྱིད་དུ་སྩལ་ཅིང་། དེ་དག་ལ་བསྐལ་པའམ། བསྐལ་པ་ལས་ལྷག་པར་ལྷའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་
དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བགྱིད། བླ་མར་