Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 029_ཁྲི་བརྒྱད།_ཀ
Văn bản gốc(Tây Tạng)
Trang 7 / 19 (50.000 ký tự/trang)
་ཏེ། བཅོམ་ལྡན་འདས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། སྡུག་བསྔལ་ཡང་མ་ལགས། བདེ་བ་ཡང་ མ་ལགས་པ་ཉིད་ཀྱང་སྒྱུ་མ་ལགས་ལ། སྒྱུ་མ་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། སྡུག་བསྔལ་ཡང་མ་ལགས། བདེ་བ་ཡང་མ་ལགས་པ་ལགས་སོ། །བཅོམ་ལྡན་འདས་སྒྱུ་མ་ཡང་གཞན་མ་ལགས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ སུམ་ཅུ་རྩ་བདུན་ཡང་གཞན་མ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཉིད་ཀྱང་སྒྱུ་མ་ལགས་ལ། སྒྱུ་མ་ཉིད་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལགས་སོ། །བཅོམ་ལྡན་འདས་སྒྱུ་མ་ཡང་གཞན་མ་ལགས། སྟོང་པ་ཉིད་ཀྱང་གཞན་མ་ ལགས་ཏེ། བཅོམ་ལྡན་འདས་སྟོང་པ་ཉིད་ཀྱང་སྒྱུ་མ་ལགས་ལ། སྒྱུ་མ་ཉིད་ཀྱང་སྟོང་པ་ཉིད་ལགས་སོ། །བཅོམ་ལྡན་འདས་སྒྱུ་མ་ཡང་གཞན་མ་ལགས། མཚན་མ་མ་མཆིས་པ་ཡང་གཞན་མ་ལགས་ཏེ། བཅོམ་ལྡན་འདས་མཚན་མ་མ་མཆིས་པ་ཉིད་ཀྱང་སྒྱུ་མ་ ལགས་ལ། སྒྱུ་མ་ཉིད་ཀྱང་མཚན་མ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་སྒྱུ་མ་ཡང་གཞན་མ་ལགས། སྨོན་པ་མ་མཆིས་པ་ཡང་གཞན་མ་ལགས་ཏེ། བཅོམ་ལྡན་འདས་སྨོན་པ་མ་མཆིས་པ་ཉིད་ཀྱང་སྒྱུ་མ་ལགས་ལ། སྒྱུ་མ་ཉིད་ཀྱང་སྨོན་པ་མ་མཆིས་པ་ལགས་སོ། ། བཅོམ་ལྡན་འདས་སྒྱུ་མ་ཡང་གཞན་མ་ལགས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་གཞན་མ་ལགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་རྣམས་ཉིད་ཀྱང་སྒྱུ་མ་ལགས་ལ། སྒྱུ་མ་ཉིད་ཀྱང་དེ་བཞིན་གཤེགས་པའི་སྟོབས་རྣམས་ལགས་སོ། །བཅོམ་ལྡན་ འདས་སྒྱུ་མ་ཡང་གཞན་མ་ལགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཀྱང་གཞན་མ་ལགས་ཏེ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དག་ཉིད་ཀྱང་སྒྱུ་མ་ལགས་ལ། སྒྱུ་མ་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དག་ལགས་སོ། །བཅོམ་ ལྡན་འདས་སྒྱུ་མ་ཡང་གཞན་མ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ལགས་ཏེ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྒྱུ་མ་ལགས་ལ། སྒྱུ་མ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་ལ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་ཡོད་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་ལ་སྐྱེ་ བའམ་འགག་པ་ཡོད་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་ དང་། རྣམ་པར་བྱང་བ་མེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འགྱུར་སྙམ་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་སྙམ་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐོབ་པར་འགྱུར་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ ལྡན་འདས་དེ་ནི་མ་ལགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བརྒྱད་པ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་འདི་ལྟ་སྟེ། བྱང་ཆུབ་ སེམས་དཔའ་ཞེས་བྱ་བར་མིང་དང་བརྡས་ཐ་སྙད་དུ་གདགས་སུ་ཡོད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། མིང་དང་བརྡས་ཐ་སྙད་དུ་གདགས་པ་ཙམ་གྱིས་ཉེ་ བར་ལེན་པའི་ཕུང་པོ་ལྔ་པོ་དག་གི་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་དག་དམིགས་སུ་ཡོད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ ཇི་སྙམ་དུ་སེམས། གང་ལ་མིང་དང་མཚན་མ་མེད་པ་དང་། བརྡ་མེད་པ་དང་གདགས་པ་མེད་པ་དང་ཐ་སྙད་མེད་པ་དང་། མིང་མེད་པ་དང་། མིང་དུ་གདགས་པ་མེད་པ་དང་། ལུས་མེད་པ་དང་། ལུས་ཀྱི་ལས་མེད་པ་དང་། ངག་མེད་པ་དང་། ངག་གི་ལས་མེད་པ་དང་། ཡིད་མེད་ པ་དང་། ཡིད་ཀྱི་ལས་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་སྙམ་འམ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཐོབ་པར་འགྱུར་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མི་དམིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་དེ་ལྟར་བསླབས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་དེ་ལྟར་སློབ་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འཚལ་བས་ནི་སྒྱུ་མའི་སྐྱེས་བུས་བསླབ་པ་ལྟར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསླབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཕུང་པོ་ལྔ་པོ་གང་དག་ ལགས་པ་དེ་ཉིད་སྒྱུ་མའི་སྐྱེས་བུར་རིག་པར་བགྱི་བ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཕུང་པོ་ལྔ་པོ་འདི་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་ འགྱུར་སྙམ་འམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཕུང་པོ་ལྔ་པོ་དག་ནི་དངོས་པོ་མ་མཆིས་པའི་རང་བཞིན་ལགས་ལ། དངོས་པོ་མ་མཆིས་པའི་རང་བཞིན་དེ་ཡང་དམིགས་སུ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། རྨི་ལམ་ལྟ་བུའི་ཕུང་པོ་ལྔ་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ བར་འགྱུར་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འབྱུང་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་རྨི་ལམ་ནི་དངོས་པོ་མ་མཆིས་པའི་རང་བཞིན་ལགས་ལ། དངོས་པོ་མ་མཆིས་པའི་རང་བཞིན་དེ་ཡང་དམིགས་སུ་མ་མཆིས་པའི་སླད་དུའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། བྲག་ཅ་ལྟ་བུའི་ཕུང་པོ་ལྔ་པོ་དག་དང་། མིག་ཡོར་ལྟ་བུ་དང་། ཆུ་ཟླ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། སྤྲུལ་པ་ལྟ་བུ་དང་། གཟུགས་བརྙན་ལྟ་བུའི་ཕུང་པོ་ལྔ་པོ་དག་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་བྲག་ཅ་ནི་དངོས་པོ་མ་མཆིས་པའི་རང་བཞིན། མིག་ ཡོར་ཡང་དངོས་པོ་མ་མཆིས་པའི་རང་བཞིན། ཆུ་ཟླ་ཡང་དངོས་པོ་མ་མཆིས་པའི་རང་བཞིན། སྒྱུ་མ་ཡང་དངོས་པོ་མ་མཆིས་པའི་རང་བཞིན། སྨིག་རྒྱུ་ཡང་དངོས་པོ་མ་མཆིས་པའི་རང་བཞིན། སྤྲུལ་པ་ཡང་དངོས་པོ་མ་མཆིས་པའི་རང་བཞིན། གཟུགས་བརྙན་ཡང་དངོས་པོ་མ་ མཆིས་པའི་རང་བཞིན་ལགས་ལ། དངོས་པོ་མ་མཆིས་པའི་རང་བཞིན་དེ་ཡང་དམིགས་སུ་མ་མཆིས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་སྒྱུ་མ་ལྟ་བུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་སྒྱུ་མ་ ལྟ་བུ་ལགས་ཏེ། རྣམ་པར་ཤེས་པ་གང་ལགས་པ་དེ་ནི་དབང་པོ་དྲུག་ལགས་ཤིང་། དེ་དག་ནི་ཕུང་པོ་ལྔ་པོ་དག་ལགས་ལ། དེ་དག་ནི་ནང་སྟོང་པ་ཉིད་ཀྱིས་དམིགས་སུ་མ་མཆིས་ཤིང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་དམིགས་སུ་མ་མཆིས་པའི་སླད་དུའོ། །དེ་ ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསྟན་པ་འདི་ཐོས་ན་སྐྲག་སྟེ་དངང་ཞིང་དངང་བར་མི་འགྱུར་ལགས་གྲང་། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པ་ཡང་ཡིན་ལ། ཐབས་ལ་ཡང་མི་མཁས་པར་རིག་སྟེ། དགེ་བའི་བཤེས་གཉེན་གྱི་ལག་ཏུ་ཡང་མ་སོང་ན། སྐྲག་ཅིང་དངང་ལ། དངང་བར་ཡང་འགྱུར་རོ། ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་གང་དང་ལྡན་པས་བསྟན་པ་འདི་ཐོས་ན་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་བའི་ཐབས་ལ་མཁས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དག་གིས་གཟུགས་ལ་མི་རྟག་པའི་རྣམ་པར་སོ་སོར་རྟོག་སྟེ་དེ་ཡང་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་ པའི་ཡིད་ལ་བྱ་བ་དག་གིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་རྟག་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པའི་ཐབས་ལ་མཁས་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བདག་གིས་གཟུགས་ལ་སྡུག་བསྔལ་བའི་རྣམ་པ་དང་། བདག་ མེད་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། སྟོང་པའི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་མེད་པའི་རྣམ་པ་དང་། མངོན་པར་འདུ་བྱ་བ་མེད་པའི་རྣམ་པ་དང་། དབེན་པའི་རྣམ་པར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དག་གིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྡུག་བསྔལ་བའི་རྣམ་པ་དང་། བདག་མེད་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། སྟོང་པའི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་ མེད་པའི་རྣམ་པ་དང་། མངོན་པར་འདུ་བྱ་བ་མེད་པའི་རྣམ་པ་དང་། དབེན་པའི་རྣམ་པར་སོ་སོར་རྟོག་སྟེ་དེ་ཡང་མི་དམིགས་སོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་ལ་མཁས་པར་རིག་པར་བྱའོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དག་གིས་གཟུགས་ལ་མི་རྟག་ཅེས་བྱ་བར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་ བྱ་བ་དག་གིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་རྟག་ཅེས་བྱ་བར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་སོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་ལ་མཁས་པ་ཡིན་ནོ། ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དག་གིས་གཟུགས་ལ་སྡུག་བསྔལ་ཞེས་བྱ་བར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་སོ། །ཚོར་བ་དང་། འདུ་ཤེས་ དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྡུག་བསྔལ་ཞེས་བྱ་བར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དག་གིས་གཟུགས་ལ་བདག་མེད་ཅེས་ བྱ་བར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་བདག་མེད་ཅེས་བྱ་བར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དག་གིས་གཟུགས་ལ་ཞི་ཞེས་བྱ་བར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཞི་ཞེས་བྱ་བར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་སོ། །རབ་འབྱོར་གཞན་ཡང་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དག་གིས་གཟུགས་ལ་སྟོང་ཞེས་བྱ་བར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྟོང་ཞེས་བྱ་བར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་སོ། །གཟུགས་ལ་མཚན་མ་མེད་ཅེས་བྱ་བར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མཚན་མ་མེད་ཅེས་བྱ་བར་སོ་སོར་ རྟོག་སྟེ། དེ་ཡང་མི་དམིགས་སོ། །གཟུགས་ལ་སྨོན་པ་མེད་ཅེས་བྱ་བར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྨོན་པ་མེད་ཅེས་བྱ་བར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་ སོ། །གཟུགས་ལ་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་སོ། །གཟུགས་ ལ་དབེན་ཞེས་བྱ་བར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དབེན་ཞེས་བྱ་བར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་སོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་ལ་མཁས་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དེ་ལྟར་སོ་སོར་རྟོག་པ་ན་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་ཐམས་ཅད་ལ་གཟུགས་མི་རྟག་ཅེས་བྱ་བར་ཆོས་བསྟན་པར་བྱ་སྟེ། དེ་ཡང་མི་དམིགས་པའི་ཚུལ་ གྱིས་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་ཆོས་བསྟན་པར་བྱ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱའོ། །གཟུགས་སྡུག་བསྔལ་ཞེས་བྱ་བ་དང་བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་ དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་ཆོས་བསྟན་པར་བྱ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྡུག་ བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་ཆོས་བསྟན་པར་བྱ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱའོ་སྙམ་ དུ་སེམས་སོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པ་མ་ཡིན་པའི་ཡིད་ལ་བྱ་བ་དག་གིས་གཟུགས་མི་རྟག་ཅེས་བྱ་བར་ཡིད་ལ་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་དོ། །ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པ་མ་ཡིན་པའི་ཡིད་ལ་བྱ་བ་དག་གིས་ཚོར་བ་དང་། འདུ་ཤེས་ དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་ཡིད་ལ་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་དོ། །ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པ་མ་ཡིན་པའི་ཡིད་ལ་བྱ་བ་དག་གིས་གཟུགས་སྡུག་བསྔལ་ཞེས་བྱ་བར་ཡིད་ལ་བྱེད་དེ། དེ་ཡང་མི་ དམིགས་པའི་ཚུལ་གྱིས་བྱེད་དོ། །རྣམ་པར་ཤེས་པའི་བར་དུ་སྡུག་བསྔལ་ཞེས་བྱ་བར་ཡིད་ལ་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་དོ། །གཟུགས་བདག་མེད་ཅེས་བྱ་བ་དང་། གཟུགས་ཞི་ཞེས་བྱ་བ་དང་། གཟུགས་སྟོང་ཞེས་བྱ་བ་དང་། གཟུགས་མཚན་མ་མེད་ཅེས་ བྱ་བ་དང་། གཟུགས་སྨོན་པ་མེད་ཅེས་བྱ་བ་དང་། གཟུགས་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། གཟུགས་དབེན་ཞེས་བྱ་བར་ཡིད་ལ་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་མེད་ཅེས་ བྱ་བ་དང་། རྣམ་པར་ཤེས་པ་ཞི་ཞེས་བྱ་བ་དང་། རྣམ་པར་ཤེས་པ་སྟོང་ཞེས་བྱ་བ་དང་། རྣམ་པར་ཤེས་པ་མཚན་མ་མེད་ཅེས་བྱ་བ་དང་། རྣམ་པར་ཤེས་པ་སྨོན་པ་མེད་ཅེས་བྱ་བ་དང་། རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། རྣམ་པར་ཤེས་པ་དབེན་ཞེས་བྱ་བར་ཡིད་ལ་བྱེད་ དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་དོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནག་ནོག་མེད་པ་སྟེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཆོས་གང་དག་ལ་མི་རྟག་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། བདག་མེད་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། སྟོང་པའི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་ མེད་པའི་རྣམ་པ་དང་། མངོན་པར་འདུ་བྱ་བ་མེད་པའི་རྣམ་པ་དང་། དབེན་པའི་རྣམ་པར་སོ་སོར་རྟོག་ཅིང་བཟོད་ལ་འདོད་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྲག་མི་དངང་ཞིང་དངང་བར་མི་ འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དག་གིས་གཟུགས་མི་རྟག་ཅེས་བྱ་བར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་དོ། ། གཟུགས་སྡུག་བསྔལ་ཞེས་བྱ་བ་དང་། གཟུགས་བདག་མེད་ཅེས་བྱ་བ་དང་། གཟུགས་ཞི་ཞེས་བྱ་བ་དང་། གཟུགས་སྟོང་ཞེས་བྱ་བ་དང་། གཟུགས་མཚན་མ་མེད་ཅེས་བྱ་བ་དང་། གཟུགས་སྨོན་པ་མེད་ཅེས་བྱ་བ་དང་། གཟུགས་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། གཟུགས་དབེན་ཞེས་བྱ་བར་སོ་སོར་རྟོག་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་ བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་སོ་སོར་རྟོག་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་དེ། དེའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་རྣམས་མི་གཏོང་ཞིང་། བརྩོན་པ་མི་འདོར་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་གི་ཚེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་དང་ལྡན་པ་དང་། དེ་ལས་གཞན་པ་མི་དགེ་བའི་ཆོས་གང་བྱང་ཆུབ་ཀྱི་བར་དུ་གཅོད་པར་བྱེད་པ་དག་གི་སྐབས་མི་འབྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་པ་ནི། འདི་ལྟར་སོ་སོར་རྟོག་སྟེ། གཟུགས་ཀྱི་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན་གྱི། གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས་རྣམ་ པར་ཤེས་པ་སྟོང་པ་མ་ཡིན་གྱི། རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །མིག་གི་སྟོང་པ་ཉིད་ཀྱིས་མིག་སྟོང་པ་མ་ཡིན་གྱི། མིག་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་མིག་གོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ དང་། ཡིད་ཀྱི་སྟོང་པ་ཉིད་ཀྱིས། ཡིད་སྟོང་པ་མ་ཡིན་གྱི། ཡིད་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཡིད་དོ། །གཟུགས་ཀྱི་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན་གྱི། གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །སྒྲ་དང་། དྲི་དང་། རོ་ དང་། རེག་བྱ་དང་། ཆོས་ཀྱི་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པ་མ་ཡིན་གྱི། ཆོས་རྣམས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཆོས་རྣམས་སོ། །མིག་གི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས་མིག་གི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། མིག་གི་རྣམ་པར་ཤེས་པ་ཉིད་ཀྱང་སྟོང་ པ་ཉིད་དོ། །སྟོང་པ་ཉིད་ཀྱང་མིག་གི་རྣམ་པར་ཤེས་པའོ། །རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱིས། ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་མ་ཡིན་གྱི། ཡིད་ཀྱི་ རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའོ། །མིག་གི་འདུས་ཏེ་རེག་པའི་སྟོང་པ་ཉིད་ཀྱིས་མིག་གི་འདུས་ཏེ་རེག་པ་སྟོང་པ་མ་ཡིན་གྱི། མིག་གི་འདུས་ཏེ་རེག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་མིག་གི་འདུས་ཏེ་རེག་པའོ། ། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་སྟོང་པ་ཉིད་ཀྱིས་ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་མ་ཡིན་གྱི། ཡིད་ཀྱི་འདུས་ཏེ་རེག་པ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཡིད་ཀྱི་འདུས་ ཏེ་རེག་པའོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་ཀྱིས། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་པ་མ་ཡིན་གྱི། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་ཀྱིས། ཡིད་ཀྱི་འདུས་ཏེ་རེག་པའི་ རྐྱེན་གྱིས་ཚོར་བ་སྟོང་པ་མ་ཡིན་གྱི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྟོང་པ་ཉིད་ཀྱིས། དྲན་པ་ཉེ་བར་གཞག་པ་རྣམས་སྟོང་པ་མ་ཡིན་གྱི། དྲན་པ་ཉེ་བར་ གཞག་པ་རྣམས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་སོ། །ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་གྱི་སྟོང་པ་ཉིད་ཀྱིས་ལམ་སྟོང་པ་མ་ཡིན་ གྱི་ལམ་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་ལམ་མོ། །སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་གྱི་སྟོང་པ་ཉིད་ཀྱིས། སངས་རྒྱས་ཀྱི་ཆོས་རྣམས་སྟོང་པ་མ་ཡིན་གྱི། སངས་རྒྱས་ཀྱི་ཆོས་རྣམས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་སངས་ རྒྱས་ཀྱི་ཆོས་རྣམས་ཏེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་ལ་མཁས་པ་ཡིན་ཏེ། ཐབས་དེ་དང་ལྡན་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བསྟན་པ་འདི་ཐོས་ན། མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དགེ་བའི་བཤེས་གཉེན་གང་དག་གིས་ཡོངས་སུ་ཟིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ན་མི་སྐྲག་མི་དངང་ ཞིང་དངང་བར་མི་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དག་ནི་གང་དག་དེ་ལ་གཟུགས་མི་ རྟག་ཅེས་བྱ་བར་ཆོས་སྟོན་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་ཅིང་། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོ་བ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་ བྱེད་རྣམས་དང་། རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་ཆོས་སྟོན་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་ཅིང་། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོ་བ་སྟེ། རབ་འབྱོར་དེ་དག་ནི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་གང་དེ་ལ་གཟུགས་སྡུག་བསྔལ་ཞེས་བྱ་བར་སྟོན། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་སྟོན་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་ཅིང་། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོ་བ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་སྟོན། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་ དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། །དབེན་ཞེས་བྱ་བར་སྟོན་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་ཅིང་། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ ཡོངས་སུ་མི་བསྔོ་བ་སྟེ། རབ་འབྱོར་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་གང་དག་དེ་ལ་མིག་མི་རྟག་ཅེས་བྱ་བར་སྟོན། སྡུག་བསྔལ་ ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་སྟོན་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་ཅིང་། དགེ་བའི་རྩ་ བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པའི་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོ་བ་དང་། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་མི་རྟག་ཅེས་བྱ་བར་སྟོན། སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། །མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་སྟོན་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་ཅིང་། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་ པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོ་བ་སྟེ། རབ་འབྱོར་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་གང་དག་དེ་ལ་ གཟུགས་མི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་སྟོན་ཏེ། དེ་ཡང་ མི་དམིགས་པའི་ཚུལ་གྱིས་སྟོན་ཅིང་། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོ་བ་དང་། དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་མི་རྟག་ཅེས་བྱ་བ་དང་། སྡུག་ བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་སྟོན་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་ཅིང་། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོ་བ་སྟེ། རབ་འབྱོར་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་གང་དག་དེ་ལ་མིག་གི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་དང་། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་རྟག་ཅེས་བྱ་བར་ཆོས་སྟོན། སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་ཆོས་སྟོན་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་ཅིང་། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོ་བ་དང་། དེ་བཞིན་དུ་རྣ་བའི་རྣམ་པར་ཤེས་པ་དང་། རྣ་བའི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། དེ་བཞིན་དུ་སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་རྟག་ཅེས་བྱ་བར་ཆོས་སྟོན། སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་ མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་ཆོས་སྟོན་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་ཅིང་། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་ བསྔོ་བ་སྟེ། རབ་འབྱོར་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་གང་དག་དེ་ལ་དྲན་པ་ཉེ་བར་གཞག་པ་རྣམས་མི་རྟག་ཅེས་བྱ་བར་ཆོས་ སྟོན་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་ཅིང་། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོ་བ་དང་། དེ་བཞིན་དུ་ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་ པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་མི་རྟག་ཅེས་བྱ་བར་ཆོས་སྟོན་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་ཅིང་། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་ སུ་མི་བསྔོ་བ་དང་། དེ་བཞིན་དུ་མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སྟོབས་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མི་རྟག་ཅེས་བྱ་བར་ཆོས་སྟོན་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒོམ་དུ་གཞུག་པའི་ཕྱིར་ཆོས་སྟོན་ཏེ། དེ་ཡང་མི་ དམིགས་པའི་ཚུལ་གྱིས་སྟོན་པ་དང་། བྱང་ཆུབ་སྒོམ་དུ་གཞུག་པའི་ཕྱིར་ཆོས་སྟོན་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྟོན་ཅིང་། དགེ་བའི་རྩ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོ་བ་སྟེ། རབ་ འབྱོར་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་རྣམས་ཏེ། དེ་དག་གིས་ཡོངས་སུ་ཟིན་པ་ནི་བསྟན་པ་འདི་ཐོས་ན་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མི་མཁས་པས། སྡིག་པའི་གྲོགས་པོའི་སུག་པར་མཆིས་ཤིང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་སྤངས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ན་སྐྲག་སྟེ། དངང་ཞིང་དངང་བར་འགྱུར་བ་ ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དག་དང་བྲལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་ཞིང་དམིགས་ཏེ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་ཀྱང་རློམ་སེམས་སུ་བྱེད་པ་དང་། དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒོམ་ཞིང་དམིགས་ ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེས་ཀྱང་རློམ་སེམས་སུ་བྱེད་པ་དང་། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དག་དང་བྲལ་བས་གཟུགས་ནང་སྟོང་པ་ཞེས་བྱ་ བར་ཡིད་ལ་བྱེད། གཟུགས་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། གཟུགས་ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། གཟུགས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བའི་བར་དུ་ཡིད་ལ་བྱེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནང་སྟོང་ པ་ཞེས་བྱ་བར་ཡིད་ལ་བྱེད། རྣམ་པར་ཤེས་པ་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། རྣམ་པར་ཤེས་པ་ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། རྣམ་པར་ཤེས་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བའི་བར་དུ་ཡིད་ལ་བྱེད་ཅིང་། ནང་སྟོང་པ་ཉིད་དེ་ཡང་དམིགས། ཕྱི་སྟོང་པ་ ཉིད་དེ་ཡང་དམིགས། ཕྱི་ནང་སྟོང་པ་ཉིད་དེ་ཡང་དམིགས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དེ་ཡང་དམིགས་ཏེ། དམིགས་པའི་ཚུལ་གྱིས་རློམ་སེམས་སུ་བྱེད་པ་དང་། མིག་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། མིག་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། མིག་ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། མིག་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བའི་བར་དུ་ཡིད་ལ་བྱེད་ཅིང་། སྟོང་པ་ཉིད་དེ་དག་ཀྱང་དམིགས་ཏེ། དམིགས་པའི་ཚུལ་གྱིས་རློམ་སེམས་སུ་བྱེད་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནང་སྟོང་པ་ཞེས་བྱ་བར་ ཡིད་ལ་བྱེད། ཡིད་ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། ཡིད་ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། ཡིད་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བའི་བར་དུ་ཡིད་ལ་བྱེད་ཅིང་། སྟོང་པ་ཉིད་དེ་དག་ཀྱང་དམིགས་ཏེ། དམིགས་པའི་ཚུལ་གྱིས་རློམ་སེམས་སུ་བྱེད་པ་དང་། དེ་བཞིན་ དུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ལ་ཡང་བྱའོ། །དེ་བཞིན་དུ་མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། ཕྱི་ནང་ སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བའི་བར་དུ་ཡིད་ལ་བྱེད་ཅིང་། སྟོང་པ་ཉིད་དེ་དག་ཀྱང་དམིགས་ཏེ། དམིགས་པའི་ཚུལ་གྱིས་རློམ་སེམས་སུ་བྱེད་པ་དང་། དེ་བཞིན་དུ་སྦྱར་ཏེ། མ་རིག་པ་དང་། རྒ་ཤིའི་བར་དུ་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་ བྱེད། ཕྱི་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། ཕྱི་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བའི་བར་དུ་ཡིད་ལ་བྱེད་ཅིང་། སྟོང་པ་ཉིད་དེ་དག་ཀྱང་དམིགས་ཏེ། དམིགས་པའི་ཚུལ་གྱིས་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་པ་དང་། རབ་འབྱོར་གཞན་ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དག་དང་བྲལ་བས། དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་ཞིང་། དྲན་པ་ཉེ་བར་གཞག་པ་དེ་དག་ཀྱང་དམིགས་ཏེ། དམིགས་པའི་ ཚུལ་གྱིས་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་པ་དང་། དེ་བཞིན་དུ་ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། དེ་བཞིན་ གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་སྒོམ་ཞིང་། དེ་དག་ཀྱང་དམིགས་ཏེ། དམིགས་པའི་ཚུལ་གྱིས་དེ་དག་གིས་ཀྱང་རློམ་སེམས་སུ་བྱེད་པ་སྟེ། རབ་འབྱོར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ཐབས་ལ་མི་མཁས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ན་སྐྲག་སྟེ། དངང་ཞིང་དངང་བར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོའི་སུག་པར་མཆིས་ཏེ། སྡིག་པའི་གྲོགས་པོ་དེས་ཡོངས་སུ་ཟིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ན་སྐྲག་སྟེ། དངང་ཞིང་དངང་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོ་ནི་གང་འདི་སྐད་དུ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་གྱིས་འདི་ལ་བསླབ་པར་མི་བྱའོ། །འདི་དག་ནི་སྙན་དངགས་མཁན་གྱི་རང་བཟོ་ཡིན་པས་འདི་དག་ནི་མཉན་པར་མི་བྱའོ། ། གཟུང་བར་མི་བྱའོ། །ཀུན་ཆུབ་པར་མི་བྱའོ། །བཅང་བར་མི་བྱའོ། །ཀླག་པར་མི་བྱའོ། །བསྒོམ་པར་མི་བྱའོ། །ཚུལ་བཞིན་དུ་ཡིད་ལ་མི་བྱའོ། །གཞན་དག་ལའང་བསྟན་པར་མི་བྱའོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲལ་བར་བྱེད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་འབྲལ་བར་བྱེད་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་ བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོ་ནི་འདི་ལྟར་བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་བསྒྱུར་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས། འདི་སྐད་དུ་རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ པས་ཁྱོད་ལ་ཅི་ཞིག་བྱ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ཁྱོད་ལ་ཅི་ཞིག་བྱ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཁྱོད་ལ་ཅི་ཞིག་བྱ། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ཁྱོད་ལ་ཅི་ཞིག་བྱ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཁྱོད་ལ་ཅི་ཞིག་བྱ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་ཞིང་འབྲལ་བར་བྱེད་དོ་ཞེས་དེ་ལ་བདུད་ཀྱི་ལས་རྣམས་མི་སྟོན་ཅིང་བདུད་ཀྱི་ཉེས་པ་དག་མི་རྗོད་པ་གང་ཡིན་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་སྡིག་པའི་གྲོགས་པོ་ནི་འདི་ལྟར་བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་བསྒྱུར་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས། ཉན་ཐོས་དང་ལྡན་པའི་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་ སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དག་སྟོན་པར་བྱེད། རབ་ཏུ་སྟོན་པར་བྱེད། རྣམ་པར་འབྱེད་པར་བྱེད། གསལ་བར་བྱེད། ཡང་དག་པར་རབ་ཏུ་སྟོན་པར་བྱེད་ཅིང་། བདུད་ཀྱི་ལས་འདི་ལྟ་བུ་དེ་དག་སྐྱེད་པར་འགྱུར་རོ་ཞེས་དེ་ལ་བདུད་ཀྱི་ལས་ རྣམས་མི་སྟོན་པ་གང་ཡིན་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོ་ནི། བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་བསྒྱུར་ཅིང་། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ལ་ནི་བྱང་ཆུབ་ཀྱི་སེམས་ཅུང་ཟད་ཀྱང་མེད་དོ། །ཁྱོད་ནི་ཕྱིར་མི་ལྡོག་པ་ཡང་མ་ཡིན་ནོ། །ཁྱོད་ཀྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་མི་ནུས་སོ་ ཞེས་ཟེར་རོ་ཞེས་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་དེ་ལ་མི་རྗོད་མི་སྟོན་པ་གང་ཡིན་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་བསྒྱུར་ཅིང་། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་དྲུང་དུ་འོངས་ནས། འདི་སྐད་དུ་རིགས་ཀྱི་བུ་མིག་ནི་བདག་དང་བདག་གིས་སྟོང་ངོ་། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་བདག་དང་བདག་གིས་སྟོང་ངོ་། །གཟུགས་ནི་བདག་དང་བདག་གིས་སྟོང་ངོ་། །སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ དང་། ཆོས་རྣམས་ནི་བདག་དང་བདག་གིས་སྟོང་ངོ་། །མིག་གི་རྣམ་པར་ཤེས་པ་ནི་བདག་དང་བདག་གིས་སྟོང་ངོ་། །རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ནི་བདག་ དང་བདག་གིས་སྟོང་ངོ་། །མིག་གི་འདུས་ཏེ་རེག་པ་ནི་བདག་དང་བདག་གིས་སྟོང་ངོ་། །རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ནི་བདག་དང་བདག་གིས་སྟོང་ངོ་། །མིག་གི་ འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་བདག་དང་བདག་གིས་སྟོང་ངོ་། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་བདག་དང་བདག་གིས་སྟོང་ངོ་། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ནི་བདག་དང་བདག་གིས་སྟོང་ངོ་། །དྲན་པ་ཉེ་བར་གཞག་པ་རྣམས་ནི་བདག་དང་བདག་གིས་སྟོང་ངོ་། །ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ དང་ལམ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ནི་བདག་དང་བདག་གིས་སྟོང་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ཅི་ཞིག་བྱ་ཞེས་ཟེར་རོ་ཞེས་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་མི་རྗོད་མི་སྟོན་པ་གང་ཡིན་པ་སྟེ། རབ་འབྱོར་དེ་ནི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་བསྒྱུར་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས། འདི་སྐད་དུ་རིགས་ཀྱི་བུ་ཤར་ཕྱོགས་ནི། སངས་རྒྱས་བཅོམ་ ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་རྣམས་ཀྱིས་སྟོང་སྟེ། འདི་ལ་སངས་རྒྱས་ཀྱང་མེད། བྱང་ཆུབ་སེམས་དཔའ་ཡང་མེད། ཉན་ཐོས་ཀྱང་མེད་དོ། །དེ་བཞིན་དུ་ཕྱོགས་བཅུ་ཀུན་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་ དཔའ་རྣམས་དང་། ཉན་ཐོས་རྣམས་ཀྱིས་སྟོང་སྟེ། འདི་ལ་སངས་རྒྱས་ཀྱང་མེད། བྱང་ཆུབ་སེམས་དཔའ་ཡང་མེད། ཉན་ཐོས་ཀྱང་མེད་དོ་ཞེས་ཟེར་རོ་ཞེས་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་མི་རྗོད་མི་སྟོན་པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་ རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་ཉན་ཐོས་ཀྱི་ཆ་བྱད་དུ་བསྒྱུར་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་ཟློག་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ ཡིད་ལ་བྱེད་པ་དག་ལ་འདོམས་ཏེ། རྗེས་སུ་སྟོན་པར་བྱེད་དོ་ཞེས་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་མི་རྗོད་མི་སྟོན་པ་གང་ཡིན་པ་དེ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་མཁན་པོ་དང་། སློབ་ དཔོན་གྱི་ཆ་བྱད་དུ་བསྒྱུར་ཅིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་འབྲལ་བར་བྱེད་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་དང་འབྲལ་བར་བྱེད་ཅིང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྦྱོར་བར་བྱེད། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དག་ལ་ཡང་སྦྱོར་བར་བྱེད། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་ལ་ཡང་སྦྱོར་བར་བྱེད་ཅིང་། འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་འདི་དག་བསྒོམས་ལ་ཉན་ཐོས་ཀྱིས་མངོན་སུམ་དུ་གྱིས་ཤིག ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་ཅི་ཞིག་བྱ་ཞེས་ཟེར་བའི་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་མི་རྗོད་མི་སྟོན་པ་གང་ཡིན་པ་དེ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་ཕ་ དང་མའི་ཆ་བྱད་དུ་བསྒྱུར་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས། འདི་སྐད་དུ་རིགས་ཀྱི་བུ་གང་གི་དོན་དུ་བསྐལ་པ་ཚད་མེད་གྲངས་མེད་པར་འཁོར་བ་ན་འཁོར་ཞིང་ལག་པ་གཅད་པ་དང་། རྐང་པ་གཅད་པ་དང་། མགོ་གཅད་པ་དཔག་ཏུ་མེད་པ་དག་ ཉམས་སུ་མྱོང་བར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ཁྱོད་ལ་ཅི་ཞིག་བྱ། གང་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱར་ཡོད་པ་དེ་ལ་བརྩོན་པར་གྱིས་ཤིག་གང་ལ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱར་ཡོད་ པ་དེ་ལ་བརྩོན་པར་གྱིས་ཤིག་ཅེས་ཟེར་བའི་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་མི་རྗོད་མི་སྟོན་པ་གང་ཡིན་པ་དེ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་བསྒྱུར་ཅིང་། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས། མིག་མི་རྟག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན། དེ་བཞིན་དུ་མིག་སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་མི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་ བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པ་དང་། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་མི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་ བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བ་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་ རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་མི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་ དམིགས་པའི་ཚུལ་གྱིས་སྟོན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་མི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་སྟོན་པའི་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་མི་རྗོད་མི་སྟོན་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱ་སྟེ། རིག་ནས་ཀྱང་ཡོངས་སུ་སྤང་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། སྒྱུ་མ་ལྟ་བུའི་ལེའུ་ཞེས་བྱ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཞེས་བགྱི་བའི་གཞིའི་དོན་གང་ལགས་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་ འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་གཞིའི་དོན་ནི་གཞི་མེད་པའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་ཀྱང་སྐྱེ་བ་མེད་སེམས་དཔའ་ཡང་སྐྱེ་བ་མེད་དེ། རབ་འབྱོར་བྱང་ཆུབ་དང་། སེམས་དཔའ་ལ་སྐྱེ་བ་དང་ ཡོད་པ་ཉིད་མེད་ཅིང་མི་དམིགས་སོ། །རབ་འབྱོར་བྱང་ཆུབ་ལ་ཡང་གཞི་མེད། སེམས་དཔའ་ལ་ཡང་གཞི་མེད་དེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་གཞིའི་དོན་ནི་གཞི་མེད་པའི་དོན་ཏོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་བྱའི་རྗེས་མེད་ཅིང་མི་དམིགས་སོ། །རབ་འབྱོར་ དེ་བཞིན་དུ་བྱང་ཆུབ་སེམས་དཔའི་གཞིའི་དོན་ཀྱང་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྨི་ལམ་ལ་གཞི་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་གཞིའི་དོན་ཀྱང་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མ་ལ་ གཞི་མེད་ཅིང་མི་དམིགས་སོ། །སྨིག་རྒྱུ་དང་། ཆུ་ཟླ་དང་། བྲག་ཅ་དང་། མིག་ཡོར་དང་། གཟུགས་བརྙན་དང་། དེ་བཞིན་གཤེགས་པས་སྤྲུལ་པ་ལ་གཞི་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་གཞིའི་དོན་ཀྱང་མེད་ཅིང་མི་དམིགས་སོ། །རབ་འབྱོར་ འདི་ལྟ་སྟེ་དཔེར་ན། དེ་བཞིན་ཉིད་ལ་གཞི་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་གཞིའི་དོན་ཀྱང་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མ་ནོར་བ་དེ་བཞིན་ཉིད་ལ་གཞི་མེད་ཅིང་མི་དམིགས་སོ། །གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་ དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་ལ་གཞི་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་གཞིའི་དོན་ཀྱང་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུ་ལ་གཟུགས་ དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་གཞི་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་ཀྱང་མེད་ཅིང་མི་དམིགས་སོ། །རབ་འབྱོར་ འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུ་ལ་མིག་གི་གཞི་མེད་ཅིང་མི་དམིགས་སོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་གཞི་མེད་ཅིང་མི་དམིགས་སོ། །གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་གཞི་མེད་ཅིང་མི་དམིགས་སོ། ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་ཀྱང་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་མིག་གི་རྣམ་པར་ཤེས་པ་ལ་གཞི་མེད་ཅིང་མི་དམིགས་སོ། །རྣ་བའི་རྣམ་ པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལ་གཞི་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་ དཔའི་གཞིའི་དོན་ཀྱང་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུ་ནང་སྟོང་པ་ཉིད་ལ་སྤྱོད་པའི་གཞིའི་དོན་ཀྱང་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་ དཔའི་གཞིའི་དོན་ཀྱང་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད་པའི་གཞིའི་དོན་ཀྱང་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་ཀྱང་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུ་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་པའི་གཞིའི་དོན་ཀྱང་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུ་འཕགས་པའི་ལམ་ཡན་ལག་ བརྒྱད་པའི་བར་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་སྤྱོད་པའི་གཞིའི་དོན་ཀྱང་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་གཞིའི་དོན་ཀྱང་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གཟུགས་ཀྱི་གཞི་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་ཀྱང་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ རྣམས་དང་། རྣམ་པར་ཤེས་པའི་གཞི་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་ཀྱང་མེད་ཅིང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མིག་གི་གཞི་མེད་དོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་གཞི་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་ཀྱང་མེད་དོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནང་སྟོང་པ་ཉིད་ཀྱི་གཞི་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་གཞི་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་ཀྱང་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་གཞི་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་གི་གཞི་མེད་ དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འདུས་མ་བྱས་ཀྱི་ཁམས་ལ་འདུས་བྱས་ཀྱི་ཁམས་ཀྱི་གཞི་མེད་དོ། །འདུས་བྱས་ཀྱི་ཁམས་ ལ་ཡང་འདུས་མ་བྱས་ཀྱི་ཁམས་ཀྱི་གཞི་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེ་བ་མེད་པ་ལ་གཞི་མེད་དོ། །རབ་ འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འགག་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། འབྱུང་བ་མེད་པ་དང་། དམིགས་སུ་མེད་ པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གཞི་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ ལྡན་འདས་སྐྱེ་བ་མ་མཆིས་པ་ལ་གང་གི་གཞི་མ་མཆིས་པ་ལགས་ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པའི་བར་ལ་གང་གི་གཞི་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྐྱེ་བ་མེད་པ་ལ་གཟུགས་ཀྱི་གཞི་མེད་དོ། །སྐྱེ་བ་ མེད་པ་ལ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་གཞི་མེད་དོ། །རབ་འབྱོར་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་བར་ལ་གཟུགས་ཀྱི་གཞི་མེད་དོ། །ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་བར་ལ་ ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་གཞི་མེད་དོ། །དེ་བཞིན་དུ་སྐྱེ་བ་མེད་པ་ལ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་ཀྱི་གཞི་མེད་དོ། །ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་བར་ལ་ཁམས་དང་སྐྱེ་མཆེད་རྣམས་ཀྱི་གཞི་ མེད་དོ། །སྐྱེ་བ་མེད་པ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་གི་གཞི་མེད་དོ། །ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་གི་གཞི་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཟུགས་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་ པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། འབྱུང་བ་མེད་པ་དང་། དམིགས་སུ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་གཞིའི་དོན་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་བར་གྱི་གཞི་མེད་དོ། ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཟུགས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གཞི་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གཞི་མེད་དོ། །རབ་ འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་གཞིའི་དོན་མེད་དོ། །དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གཞི་མེད་དོ། །རབ་ འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དྲན་པ་ཉེ་བར་གཞག་པ་རྣམས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གཞི་མེད་དོ། །རབ་འབྱོར་དེ་བཞིན་ དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ ཡན་ལག་དང་། ལམ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གཞི་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བདག་མེད་པའི་ཕྱིར། བདག་ཤིན་ཏུ་རྣམ་པར་དག་པ་ལ་གཞི་མེད་དོ། །ཤེས་པ་པོ་དང་མཐོང་བ་པོ་མེད་པའི་ཕྱིར། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་ཤིན་ཏུ་ རྣམ་པར་དག་པ་ལ་གཞི་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་ཤར་བ་ལ་མུན་པའི་གཞི་མེད་དོ། །རབ་འབྱོར་ དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྲེག་པའི་བསྐལ་པ་ལ་འདུ་བྱེད་ཐམས་ཅད་ཀྱི་གཞི་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་འཆལ་པའི་ཚུལ་ཁྲིམས་ཀྱི་གཞི་མེད་དོ། །རབ་འབྱོར་དེ་བཞིན་དུ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ལ་རྣམ་པར་གཡེང་བའི་གཞི་མེད་དོ། །དེ་བཞིན་གཤེགས་པའི་ཤེས་རབ་ལ་འཆལ་ པའི་ཤེས་རབ་ཀྱི་གཞི་མེད་དོ། །དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ལ་རྣམ་པར་མ་གྲོལ་བའི་གཞི་མེད་དོ། །དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མ་ཡིན་པའི་གཞི་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཉི་མ་དང་ཟླ་བའི་འོད་ལ་མུན་པའི་གཞི་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཟའ་དང་། སྐར་མ་དང་། ནོར་བུ་རིན་པོ་ཆེ་དང་། གློག་གི་འོད་ལ་གཞི་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་ དཔའི་གཞིའི་དོན་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། འཐབ་བྲལ་གྱི་ལྷ་རྣམས་དང་། དགའ་ལྡན་གྱི་ལྷ་རྣམས་དང་། འཕྲུལ་དགའི་ལྷ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་རིས་ཀྱི་ལྷ་རྣམས་དང་། འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱི་འོད་ལ་གཞི་མེད་དོ། །དེ་བཞིན་གཤེགས་པའི་བར་གྱི་འོད་ལ་གཞི་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་གཞིའི་དོན་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་ མེད་པ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་མེད་པ་ཉིད་ལ་བསླབ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱའོ། །རབ་ འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་གང་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་མ་མཆིས་པ་ཉིད་ལ་ནི་ཇི་ལྟར་བསླབ་པར་བགྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ནི་ཇི་ལྟར་ཁོང་དུ་ ཆུད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི་དགེ་བ་དང་། མི་དགེ་བ་དང་། ལུང་བསྟན་དུ་ཡོད་པ་དང་། ལུང་དུ་མ་བསྟན་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་ པ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཐུན་མོང་དང་། ཐུན་མོང་མ་ཡིན་པ་དག་གོ། །རབ་འབྱོར་དེ་དག་ནི་ཆོས་ཐམས་ཅད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་དག་གི་ མེད་པ་ཉིད་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་བ་ཡང་དེ་དག་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་དགུ་པ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་ འདས་འཇིག་རྟེན་པའི་དགེ་བའི་ཆོས་རྣམས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་པའི་དགེ་བའི་ཆོས་རྣམས་ཞེས་བྱ་བ་ནི་ཕར་འཛིན་པ་དང་། མར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛ