Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 029_ཁྲི་བརྒྱད།_ཀ
Văn bản gốc(Tây Tạng)
Trang 1 / 19 (50.000 ký tự/trang)
༄༅། །ཁྲི་བརྒྱད་ཀ་བ་བཞུགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨཥྚ་ད་ཤ་སཱ་ཧ་སྲི་ཀཱ་པྲཛྙཱ་པཱ་ར་མི་ཏཱ་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ཞེས་བྱ་བ་ཐེག་པ་ཆེན་ པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ ཕུང་པོའི་རི་ལ་དགེ་སློང་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་ པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཐམས་ཅད་ཀྱི་དབང་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་སྟེ། གང་ཟག་གཅིག་མ་གཏོགས་ པ་ནི་འདི་ལྟ་སྟེ་ཚེ་དང་ལྡན་པ་ཀུན་དགའ་བོའོ། །གྲགས་འཛིན་མ་དང་། སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་དགེ་སློང་མ་ལྔ་བརྒྱ་ཙམ་དང་། དགེ་བསྙེན་དང་དགེ་བསྙེན་མ་རབ་ཏུ་མང་པོ་ཐམས་ཅད་ཀྱང་ཆོས་མཐོང་བ་ཤ་སྟག་དང་། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་ཐམས་ཅད་ཀྱང་གཟུངས་ཐོབ་པ་སྟོང་པ་ཉིད་ལ་གནས་པ། མཚན་མ་མེད་པའི་སྤྱོད་ཡུལ་པ། མ་བརྟགས་པའི་སྨོན་ལམ་དང་ལྡན་པ། ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་བཟོད་པ་ཐོབ་པ། ཆགས་པ་མེད་པའི་གཟུངས་ཐོབ་པ། མངོན་པར་ཤེས་པ་མ་ཉམས་པ། གཟུང་བའི་ཚིག་དང་ལྡན་པ། ཚུལ་འཆོས་པ་མེད་པ། ཁ་གསག་མེད་པ། ཤེས་ཀྱི་ཁེ་དང་རྙེད་པའི་སེམས་མེད་པ། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྟོན་པ། ཆོས་ཟབ་མོ་ལ་བཟོད་པའི་ཕ་རོལ་ཏུ་སོན་པ། མི་འཇིགས་པ་ ཐོབ་པ། བདུད་ཀྱི་ལས་ཐམས་ཅད་ལས་ཡང་དག་པར་འདས་པ། ལས་ཀྱི་སྒྲིབ་པ་རྒྱུན་ཆད་པ། ཆོས་རབ་ཏུ་རྣམ་པར་འབྱེད་ཅིང་རྣམ་པར་དབྱེ་བ་སྟོན་པ་ལ་མཁས་པ། བསྐལ་པ་གྲངས་མེད་པ་ནས་སྨོན་ལམ་ཤིན་ཏུ་བརྩམས་པ། བཞིན་འཛུམ་པ་དང་ལྡན་པ། གསོང་ པོར་སྨྲ་བ། བཞིན་ཁྲོ་གཉེར་མེད་པ། ཕ་རོལ་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བརྗོད་པ་ལ་མཁས་པ། སེམས་ཞུམ་པ་མེད་པ་སྤོབས་པ་མི་ཆོད་པ། འཁོར་མཐའ་ཡས་པ་ཟིལ་གྱིས་གནོན་པའི་མི་འཇིགས་པ་དང་ལྡན་པ། བསྐལ་པ་བྱེ་བ་མཐའ་ཡས་པས་ ངེས་པར་འབྱུང་བ་ལ་མཁས་པ་ཆོས་ཐམས་ཅད་སྒྱུ་མ་དང་སྨིག་རྒྱུ་དང་ཆུ་ཟླ་དང་རྨི་ལམ་དང་བྲག་ཅ་དང་མིག་ཡོར་དང་གཟུགས་བརྙན་དང་སྤྲུལ་པ་ལྟ་བུར་ཁོང་དུ་ཆུད་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་། མོས་པ་དང་ཕྲ་བ་མཁྱེན་པ་ཁོང་དུ་ ཆུད་པར་བྱ་བ་ལ་མཁས་པ། སེམས་ཐོགས་པ་མེད་པ་བཟོད་པ་རླབས་པོ་ཆེ་དང་ལྡན་པ། བདག་ཉིད་ཇི་ལྟ་བ་བཞིན་དུ་འཇུག་པ་ལ་མཁས་པ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ཐམས་ཅད་རྣམ་པར་བཀོད་པའི་སྨོན་ལམ་གྱིས་འཇུག་པས་ཡོངས་སུ་ཟིན་པ། འཇིག་རྟེན་གྱི་ཁམས་ གྲངས་མེད་པ་ན་བཞུགས་པའི་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་རྟག་ཏུ་རྒྱུན་མི་ཆད་པར་མངོན་དུ་གྱུར་པ། སངས་རྒྱས་དཔག་ཏུ་མེད་པ་ལ་གསོལ་བ་འདེབས་པ་ལ་མཁས་པ། ལྟ་བ་དང་བག་ལ་ཉལ་དང་། ཀུན་ནས་དཀྲིས་པ་དང་། ཉོན་མོངས་པ་སྣ་ཚོགས་རབ་ཏུ་ཞི་བར་བྱ་བ་ ལ་མཁས་པ། ཏིང་ངེ་འཛིན་གྱིས་རྣམ་པར་རྩེ་བ་འབུམ་མངོན་པར་བསྒྲུབ་པ་ལ་མཁས་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། དཀོན་མཆོག་འབྱུང་གནས་དང་། རིན་པོ་ཆེས་བྱིན་དང་། རིན་ཆེན་བྱིན་དང་། དེད་དཔོན་བཟང་པོ་དང་། ཆུ་ལྷའི་ལྷ་དང་། ཕུག་སྦས་དང་། དབང་པོས་བྱིན་དང་། བློ་གྲོས་དམ་པ་དང་། བློ་གྲོས་ཁྱད་པར་ཅན་དང་། བློ་གྲོས་འཕེལ་བ་དང་། བློ་གྲོས་མཐའ་ཡས་དང་། མཐོང་བ་དོན་ཡོད་དང་། བློ་གྲོས་སྒྲིབ་མེད་དང་། ཤིན་ཏུ་ཡང་དག་ཞུགས་དང་། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་ དང་། བརྩོན་འགྲུས་མཐའ་ཡས་དང་། རྟག་ཏུ་བརྩོན་དང་། རྟག་ཏུ་སྦྱོར་དང་། བརྩོན་པ་མི་གཏོང་དང་། ཉི་མའི་སྙིང་པོ་དང་། བློ་གྲོས་དཔེ་མེད་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། བདུད་ཀྱི་སྟོབས་རབ་ཏུ་འཇོམས་པ་ དང་། རྡོ་རྗེ་བློ་གྲོས་དང་། ལག་ན་ཕྱག་རྒྱ་རིན་པོ་ཆེ་དང་། རྟག་ཏུ་ཕྱག་བརྐྱང་དང་། སྙིང་རྗེ་ཆེར་སེམས་དང་། བཀོད་པ་ཆེན་པོ་དང་། བཀོད་པའི་རྒྱལ་པོ་དང་། ལྷུན་པོའི་རྩེ་མོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་དེ་དག་དང་། གཞན་ཡང་བྱང་ ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ཐབས་ཅིག་གོ། །དེ་ནས་དེའི་ཚེ། བཅོམ་ལྡན་འདས་ཉིད་ཀྱིས་གདན་སེང་གེའི་ཁྲི་བཤམས་ནས། སྐྱིལ་མོ་ཀྲུང་བཅས་ཏེ། སྐུ་དྲང་པོར་བསྲང་ནས་དྲན་པ་མངོན་དུ་བཞག་སྟེ་བཞུགས་སོ། །དེར་བཞུགས་ནས་ཏིང་ངེ་འཛིན་ གང་དུ་ཏིང་ངེ་འཛིན་ཐམས་ཅད་ཆུད་པ་དང་འདུས་པ་དང་འུབ་ཅིང་ཡང་དག་པར་གཞོལ་བ་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་དྲན་པ་དང་ལྡན་ཞིང་མཁྱེན་བཞིན་དུ་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། ལྷའི་སྤྱན་གྱིས་འཇིག་ རྟེན་གྱི་ཁམས་ཐམས་ཅད་ལ་རྣམ་པར་གཟིགས་སོ། །རྣམ་པར་གཟིགས་ནས་སྐུ་ཐམས་ཅད་ཀྱིས་འཛུམ་པ་མཛད་དེ། དེའི་ཞབས་ཀྱི་མཐིལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཉིས་ལས་འོད་ཟེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་བྱུང་ངོ་། །ཞབས་ཀྱི་སོར་མོ་བཅུ་ལས་ཀྱང་ འོད་ཟེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་བྱུང་ངོ་། །དེ་བཞིན་དུ་ཞབས་ཀྱི་ལོང་བུ་གཉིས་དང་། བྱིན་པ་གཉིས་དང་། པུས་མོ་གཉིས་དང་། བརླ་གཉིས་དང་། སྟ་ཟུར་གཉིས་དང་། ལྟེ་བ་ཁུང་དང་། རྩིབ་ལོགས་གཉིས་དང་། སྐྱེས་བུ་ཆེན་པོའི་མཚན་ཐུགས་ཀའི་ དཔལ་བེའུ་ལས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་བྱུང་ངོ་། །ཕྱག་གི་སོར་མོ་བཅུ་ལས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་བྱུང་ངོ་། །དེ་བཞིན་དུ་ཕྱག་ལག་ངར་གཉིས་དང་། སྐུ་ཕྲག་པ་གཉིས་དང་། མགུར་དང་། ཚེམས་མཆེ་བ་བཞི་དང་། ཚེམས་བཞི་བཅུ་དང་། སྤྱན་གཉིས་དང་། སྙན་གཉིས་དང་། ཤངས་ཀྱི་བུ་ག་གཉིས་དང་། སྨིན་མཚམས་ཀྱི་མཛོད་སྤུ་དང་སྟེང་གི་གཙུག་ཏོར་དང་ཞལ་གྱི་སྒོ་ནས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་བྱུང་སྟེ། འོད་ཟེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་པོ་དེ་ དག་ཐམས་ཅད་ཀྱིས་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་བྱས་ཏེ། ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་འོད་ཟེར་གྱི་སྣང་བ་ཆེན་པོ་དེས་ཁྱབ་པར་སྣང་བར་བྱས་སོ། །དེ་བཞིན་དུ་ལྷོ་ དང་ནུབ་དང་བྱང་ཕྱོགས་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་། སྟེང་གི་ཕྱོགས་སུ་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་འོད་ཟེར་གྱི་སྣང་བ་ཆེན་པོ་དེས་ཁྱབ་པར་སྣང་བར་བྱས་སོ། །སེམས་ཅན་གང་ དག་གིས་འོད་དེ་མཐོང་བ་དང་། གང་དག་འོད་ཟེར་གྱི་སྣང་བ་དེས་རེག་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྤུའི་ཁུང་བུ་ཐམས་ཅད་ནས་འོད་ཟེར་བཀྱེ་སྟེ། སྤུའི་ཁུང་བུ་རེ་རེ་ནས་ཀྱང་འོད་ ཟེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་དྲུག་ཅུ་བྱུང་ནས། འོད་ཟེར་དེ་དག་གིས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་བྱས་ཏེ། དེ་དག་གིས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་སྣང་བ་ཆེན་པོས་ཁྱབ་པར་སྣང་ བར་བྱས་སོ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་ཕྱོགས་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་གི་ཕྱོགས་མཚམས་དང་འོག་དང་། སྟེང་གི་ཕྱོགས་སུ་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་འོད་ཟེར་གྱི་སྣང་བ་དེས་ཁྱབ་པར་སྣང་བར་བྱས་སོ། །སེམས་ ཅན་གང་དག་གིས་འོད་དེ་མཐོང་བ་དང་། གང་དག་འོད་ཟེར་གྱི་སྣང་བ་དེས་རེག་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་གང་ཡིན་པའི་འོད་ དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། །ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་སྣང་བ་ཆེན་པོ་དེས་ཁྱབ་པར་མཛད་དོ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་ཕྱོགས་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ ནུབ་དང་ནུབ་བྱང་གི་ཕྱོགས་མཚམས་དང་འོག་དང་། སྟེང་གི་ཕྱོགས་སུ་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་སྣང་བ་ཆེན་པོ་དེས་ཁྱབ་པར་མཛད་དོ། །སེམས་ཅན་གང་དག་གིས་འོད་དེ་མཐོང་བ་དང་གང་དག་འོད་དེས་རེག་པ་དེ་དག་ཐམས་ཅད་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་ཕྱུང་ནས། ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྗགས་ཀྱི་དབང་པོས་ཁེབས་པར་མཛད་ དེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྗགས་ཀྱི་དབང་པོས་ཁྱབ་པར་མཛད་ནས་འཛུམ་པ་མཛད་དོ། །ལྗགས་ཀྱི་དབང་པོ་དེ་ལས་ཀྱང་འོད་ཟེར་ཁ་དོག་སྣ་ཚོགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་བྱུང་སྟེ། འོད་ཟེར་དེ་དག་ཐམས་ཅད་ལ་རིན་པོ་ ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བའི་པད་མ་གསེར་གྱི་མདོག་ཏུ་སྣང་བ་འདབ་མ་སྟོང་དང་ལྡན་པ་སྣ་ཚོགས་སུ་འདུག་པ། བལྟ་ན་སྡུག་པ། ཡིད་དུ་འོང་བ། ཁ་དོག་བཟང་བ། དྲི་ཞིམ་པ། འཇམ་པ། ཀ་ཙ་ལི་དི་ཀ་ལྟར་རེག་ན་བདེ་བ་ཤ་སྟག་ཀུན་ཏུ་གནས་པར་གྱུར་ཏེ། པད་མོ་ དེ་དག་ལ་ཡང་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་སྟོན་པ་མཛད་དེ། དེ་དག་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་གཤེགས་ཤིང་དེ་དག་ཏུ་བྱོན་ནས་ཀྱང་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་ཀྱི་ཆོས་སྟོན་ཏོ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་ཕྱོགས་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་། སྟེང་གི་ཕྱོགས་སུ་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་ བྱེ་མ་སྙེད་དག་ཏུ་གཤེགས་ཤིང་། དེ་དག་ཏུ་བྱོན་ནས་ཀྱང་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་ཀྱི་ཆོས་སྟོན་ཏོ། །སེམས་ཅན་གང་དག་གིས་ཆོས་བསྟན་པ་དེ་ཐོས་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ ལྡོག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་གདན་སེང་གེའི་ཁྲི་དེ་ཉིད་ལ་བཞུགས་བཞིན་དུ་སེང་གེ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་མཛད་དེ། རྫུ་འཕྲུལ་དེ་མངོན་པར་འདུ་མཛད་པས་ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ་གཡོས་རབ་ཏུ་གཡོས་ཀུན་ཏུ་རབ་ཏུ་གཡོས་སོ། །འགུལ་རབ་ཏུ་འགུལ་ཀུན་ཏུ་རབ་ཏུ་འགུལ་ཏོ། །ལྡེག་རབ་ཏུ་ལྡེག་ཀུན་ཏུ་རབ་ཏུ་ལྡེག་གོ། །འཁྲུགས་རབ་ཏུ་འཁྲུགས་ཀུན་ཏུ་རབ་ཏུ་འཁྲུགས་ སོ། །འུར་འུར་རབ་ཏུ་འུར་འུར་ཀུན་ཏུ་རབ་ཏུ་འུར་འུར་རོ། །ཆེམ་ཆེམ་རབ་ཏུ་ཆེམ་ཆེམ་ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །མཐའ་མཐོ་ན་ནི་དབུས་དམའ། དབུས་མཐོ་ན་ནི་མཐའ་དམའ་སྟེ། འཇམ་པ་དང་། སྣུམ་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྐྱེད་པར་གྱུར་ཏོ། ། དེ་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་རྒྱུན་ཆད་པར་གྱུར། མི་ཁོམ་པ་ཐམས་ཅད་ཀྱང་མེད་པར་གྱུར་ཏེ། སེམས་ཅན་དེ་ དག་ཐམས་ཅད་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་པར་གྱུར་ཏོ། །དེ་བཞིན་དུ་རྒྱལ་ཆེན་བཞིའི་རིས་དང་སུམ་ཅུ་རྩ་གསུམ་པ་དང་འཐབ་བྲལ་དང་། དགའ་ལྡན་དང་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་པར་གྱུར་ཏོ། །དེ་ནས་མི་ དེ་དག་དང་། ལྷ་དེ་དག་དགའ་བ་དང་། མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་གྱུར་ཏེ། རྗེས་སུ་དྲན་ནས་ཀྱང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཐལ་མོ་སྦྱོར་ཞིང་འདུད་པར་གྱུར་ཏོ། ། དེ་བཞིན་དུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་དང་། ལྷོ་དང་ནུབ་དང་བྱང་དང་ཕྱོགས་མཚམས་དང་འོག་དང་སྟེང་དང་ཕྱོགས་བཅུ་ཀུན་གྱི་ཕྱོགས་རེ་རེར་ཡང་། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སེམས་ཅན་དམྱལ་བ་ཐམས་ཅད་དང་། དུད་འགྲོའི་སྐྱེ་གནས་ཐམས་ཅད་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་རྒྱུན་ཆད་པར་གྱུར། མི་ཁོམ་པ་ཐམས་ཅད་ཀྱང་མེད་པར་གྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ལྷ་དང་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་པར་གྱུར་ཏོ། །དེ་ནས་མི་དེ་དག་དང་ལྷ་དེ་དག་དགའ་བ་དང་། མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་གྱུར་ཏེ། རྗེས་སུ་དྲན་ནས་ཀྱང་དགའ་བ་དང་། མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་རང་རང་གི་སངས་རྒྱས་ཀྱི་ཞིང་ན། སངས་རྒྱས་གང་དག་བཞུགས་པ་དེ་དག་གི་དྲུང་དུ་དོང་སྟེ་ཕྱིན་ནས། སངས་རྒྱས་བཅོམ་ལྡན་འདས་དེ་ དག་གི་ཞབས་ལ་ཕྱག་འཚལ་ཏེ། ཐམས་ཅད་ཐལ་མོ་སྦྱོར་ཞིང་འདུད་པར་གྱུར་ཏོ། །དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་ལོང་བ་གང་དག་འཁོད་པ་དེ་དག་ཐམས་ཅད་ཀྱིས་ནི། གཟུགས་རྣམས་མཐོང་བར་གྱུར་ཏོ། ། སེམས་ཅན་འོན་པ་རྣམས་ནི་སྒྲ་དག་ཐོས་པར་གྱུར་ཏོ། །སྨྱོན་པ་རྣམས་ནི་དྲན་པ་རྙེད་པར་གྱུར་ཏོ། །སེམས་རྣམ་པར་གཡེང་བ་རྣམས་ནི་སེམས་རྩེ་གཅིག་པར་གྱུར་ཏོ། །གཅེར་བུ་རྣམས་ནི་གོས་རྙེད་པར་གྱུར་ཏོ། །དབུལ་པོ་རྣམས་ནི་ནོར་རྙེད་པར་གྱུར་ཏོ། །བཀྲེས་པ་རྣམས་ནི་ཟས་ རྙེད་པར་གྱུར་ཏོ། །སྐོམ་པ་རྣམས་ནི་བཏུང་བ་རྙེད་པར་གྱུར་ཏོ། །ནད་ཀྱིས་བཏབ་པ་རྣམས་ནི་ནད་མེད་པར་གྱུར་ཏོ། །དབང་པོ་ཉམས་ཤིང་མ་ཚང་བ་རྣམས་ནི་དབང་པོ་ཡོངས་སུ་ཚང་བར་གྱུར་ཏོ། །ལུས་ངལ་བ་རྣམས་ནི་ལུས་ངལ་བ་མེད་པར་གྱུར་ཏོ། །ལུས་དང་ངག་དང་ཡིད་ཀྱི་ལས་ ཀྱི་མཐའ་དང་འཚོ་བ་མི་དགེ་བ་མ་སྤངས་པ་རྣམས་ནི། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་དང་། འཚོ་བ་མི་དགེ་བ་དང་བྲལ་བར་གྱུར་ཏོ། །སེམས་ཅན་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ལ་འདི་ལྟ་སྟེ། ཕ་མ་དང་མཚུངས་པའི་སེམས་དང་། ཕུ་ནུ་དང་སྲིང་མོ་དང་མཚུངས་ པའི་སེམས་དང་མཛའ་བཤེས་དང་ཉེ་དུ་དང་། སྣག་གི་གཉེན་མཚམས་དང་མཚུངས་པའི་སེམས་ཀྱིས་སེམས་མཉམ་པར་གྱུར་ཏོ། །དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་ཞིང་ཚངས་པར་སྤྱོད་ལ། གཙང་ཞིང་ཉེས་པའི་དྲི་ང་བ་མེད་དེ། མི་དགེ་བའི་རྣམ་པར་རྟོག་པ་ཐམས་ཅད་དང་ བྲལ་བར་གྱུར་ཏོ། །དེའི་ཚེ་སེམས་ཅན་ཐམས་ཅད་བདེ་བ་ཐམས་ཅད་འབྱོར་པར་གྱུར་ཏེ། དཔེར་ན་དགེ་སློང་བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་པའི་བདེ་བ་དེ་ལྟ་བུའི་བདེ་བ་དང་ལྡན་པར་གྱུར་ཏོ། །དེའི་ཚེ་སེམས་ཅན་ཐམས་ཅད་འདི་ལྟ་བུའི་ཤེས་རབ་དང་ལྡན་པར་གྱུར་ཏེ། འདི་ལྟར་སྦྱིན་པ་ནི་ལེགས་པའོ། །དུལ་བ་ནི་ལེགས་པའོ། །ལེགས་པར་སྡོམ་པ་ནི་ལེགས་པའོ། །ཚངས་པར་སྤྱོད་པ་ལ་གནས་པ་ནི་ལེགས་པའོ། །སྲོག་ཆགས་འབྱུང་པོ་རྣམས་ལ་རྣམ་པར་མི་འཚེ་བ་ནི་ལེགས་པའོ། །ཞེས་བྱ་བར་ཤེས་པར་གྱུར་ཏོ། །དེའི་ཚེ་ སངས་རྒྱས་ཀྱི་ཞིང་གཞན་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། ཀྱེ་མ་སེམས་ཅན་འདི་དག་འདི་ལྟར་སྦྱིན་པ་ནི་ལེགས་པའོ། །དུལ་བ་ནི་ལེགས་པའོ། །ལེགས་པར་སྡོམ་པ་ནི་ལེགས་པའོ། །ཚངས་པར་སྤྱོད་པ་ལ་གནས་པ་ནི་ལེགས་པའོ། ། སྲོག་ཆགས་འབྱུང་པོ་རྣམས་ལ་རྣམ་པར་མི་འཚེ་བ་ནི་ལེགས་པའོ་ཞེས་བྱ་བར་ཤེས་པའི་ཤེས་རབ་དེ་ལྟ་བུ་དང་ལྡན་པར་གྱུར་པ་ནི་ངོ་མཚར་ཏོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་གདན་སེང་གེའི་ཁྲི་དེ་ཉིད་ལ་བཞུགས་བཞིན་དུ་འདི་ལྟ་སྟེ་དཔེར་ན་ཡོངས་སུ་ དག་པའི་ནམ་མཁའ་ལ་ཉི་མ་སྟོབས་དང་ལྡན་པ་དང་། ཟླ་བ་ཉ་པའི་ཟླ་བའི་དཀྱིལ་འཁོར་བཞིན་དུ། འོད་དང་། སྐུ་མདོག་དང་། གཟི་བརྗིད་དང་། དཔལ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རི་རབ་དང་བཅས་པ། ཁོར་ཡུག་དང་བཅས་པ། ལྷའི་ གནས་དང་བཅས་པ། དབང་པོ་བཅས་པ། ཚངས་པ་དང་བཅས་པ། དབང་བྱེད་དང་བཅས་པ། གནས་གཙང་མ་དང་བཅས་པ། ལྷ་དང་ལྷ་མ་ཡིན་གྱི་རིས་དང་བཅས་པ་འདི་ཟིལ་གྱིས་མནན་ཏེ། མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་སོ། །དེ་བཞིན་དུ་བཅོམ་ ལྡན་འདས་ཀྱིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག །འོད་དང་། སྐུ་མདོག་དང་། གཟི་བརྗིད་དང་། དཔལ་གྱིས་ཟིལ་གྱིས་མནན་ཏོ། །ལྷོ་དང་། ནུབ་དང་། བྱང་དང་། ཕྱོགས་མཚམས་དང་། འོག་དང་། སྟེང་དང་། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག །འོད་དང་། སྐུ་མདོག་དང་། གཟི་བརྗིད་དང་། དཔལ་གྱིས་ཟིལ་གྱིས་མནན་ཏེ། མཛེས་ཤིང་། ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་སོ། །འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་རི་རབ་ནི་དེ་ལས་ གཞན་པའི་རི་ཐམས་ཅད་ཟིལ་གྱིས་མནན་ཏེ། མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེར་འདུག་གོ །འདི་ལྟ་སྟེ་དཔེར་ན། ཟླ་བའི་དཀྱིལ་འཁོར་ནི་སྐར་མའི་གཟུགས་ཐམས་ཅད་ཟིལ་གྱིས་མནན་ཏེ། མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེར་འདུག་གོ །འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་ འཁོར་ནི་དེ་ལས་གཞན་པའི་སྣང་བ་ཐམས་ཅད་ཟིལ་གྱིས་མནན་ཏེ། མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེར་འདུག་གོ །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཀྱང་། འོད་དང་། སྐུ་མདོག་དང་། གཟི་བརྗིད་དང་། དཔལ་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལྷ་ དང་བཅས་པ། དབང་པོ་དང་བཅས་པ། ཚངས་པ་དང་བཅས་པ། གནས་གཙང་མ་དང་བཅས་པ། ལྷ་དང་ལྷ་མ་ཡིན་དང་བཅས་པ་ཐམས་ཅད་ཟིལ་གྱིས་མནན་ཏེ། མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་ལུས་ཅི་འདྲ་བ་དེ་དང་འཐུན་པར་སྐུ་ཐ་མལ་པ་བསྟན་ཏོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ནས། ཚངས་རིས་དང་། གཞན་འཕྲུལ་དབང་བྱེད་དང་འཕྲུལ་ དགའ་དང་དགའ་ལྡན་དང་། འཐབ་བྲལ་དང་སུམ་ཅུ་རྩ་གསུམ་པ་དང་། རྒྱལ་ཆེན་བཞིའི་ལྷའི་རིས་ཀྱི་བར་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས། དེ་དག་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས། དགའ་ བ་དང་ཡིད་བདེ་བ་སྐྱེས་ཏེ། ལྷའི་མེ་ཏོག་དག་ཁྱེར་ཞིང་ལྷའི་མེ་ཏོག་ཕྲེང་དང་། ལྷའི་སྤོས་དང་། ལྷའི་བྱུག་པ་དང་། ལྷའི་ཕྱེ་མ་དང་། ལྷའི་བདུག་པ་དང་། ལྷའི་ཨུཏྤལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། ན་ལིན་དང་། དྲི་མཆོག་དང་། ལྷའི་མེ་ཏོག་ ཀླུ་ཤིང་གི་མེ་ཏོག་དང་། ཏམ་ལའི་ལོ་མ་དང་། ལྷའི་གོས་དང་། ལྷའི་རྒྱན་དང་། ལྷའི་གདུགས་དང་། རྒྱལ་མཚན་དང་། བ་དན་དག་ཁྱེར་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་འདུལ་བ་དང་། སྣོད་ དུ་གྱུར་པའི་མི་གང་དག་འཁོད་པ་དེ་དག་གིས་ཀྱང་། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས་ཐང་ལས་སྐྱེས་པ་དང་། ཆུ་ལས་སྐྱེས་པའི་མེ་ཏོག་རྣམས་ཁྱེར་ཏེ། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་ག་ལ་བ་དེར་དོང་ངོ་། །དེ་ནས་ ལྷ་དེ་དག་དང་མི་དེ་དག་གིས་ལྷའི་མེ་ཏོག་དང་། སྤོས་དང་། བདུག་པ་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དེ་དག་དང་། ཆུ་ལས་སྐྱེས་པ་དང་། ཐང་ལས་སྐྱེས་པའི་མེ་ཏོག་དེ་དག་དེ་བཞིན་ གཤེགས་པའི་སྐུ་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ། །དེ་ནས་མེ་ཏོག་དང་། སྤོས་དང་། བདུག་པ་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་གྱི་ཆར་དང་། ཐང་ལས་ སྐྱེས་པ་དང་། ཆུ་ལས་སྐྱེས་པའི་མེ་ཏོག་གང་དག་བཅོམ་ལྡན་འདས་ལ་གཏོར་བ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱི་བྱིན་གྱིས་རླབས་ཀྱིས། བཅོམ་ལྡན་འདས་ཀྱི་དབུའི་དྲང་ཐད་ཀྱི་སྟེང་གི་ནམ་མཁའ་ལ་ཁང་པ་བརྩེགས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ ཀྱི་ཚད་ཙམ་ཞིག་ཏུ་རེད་དེ་གནས་པར་གྱུར་ཏོ། །ཁང་པ་བརྩེགས་པ་དེ་ལས་ཀྱང་ལྷའི་མེ་ཏོག་དང་། དར་གྱི་ལྡ་ལྡི་དག་འཕྱང་། རབ་ཏུ་འཕྱང་། མངོན་པར་རབ་ཏུ་འཕྱང་སྟེ། མེ་ཏོག་གི་ལྡ་ལྡི་དང་། དར་གྱི་ལྡ་ལྡི་དེ་དག་གིས་ཀྱང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་འདི་ཤིན་ཏུ་མཛེས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་འོད་སྣང་བ་གསེར་གྱི་ཁ་དོག་ལྟ་བུ་ཕྱོགས་བཅུར་འཕྲོས་པ་དེས་ཀྱང་ཕྱོགས་རེ་རེར་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཁྱབ་པར་སྣང་བར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ ཁམས་འདི་ན། འཛམ་བུའི་གླིང་གི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ལྷ་དང་མི་དེ་དག་སོ་སོ་ནས་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་ནི་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །དེ་བཞིན་དུ་ནུབ་ཀྱི་བ་གླང་སྤྱོད་དང་། ཤར་གྱི་ལུས་འཕགས་དང་། བྱང་གི་སྒྲ་མི་སྙན་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱི་བར་དང་དེ་བཞིན་དུ་སྟོང་གི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་དང་། མི་དེ་དག་ཐམས་ཅད་ འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་ནི་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་གདན་སེང་གེའི་ཁྲི་དེ་ཉིད་ལ་བཞུགས་བཞིན་དུ་ཡང་འཛུམ་པ་མཛད་དེ། འཛུམ་པའི་སྣང་བ་དེས་སྟོང་གསུམ་གྱི་སྟོང་ཆེན་ པོའི་འཇིག་རྟེན་གྱི་ཁམས་འདི་གསལ་བར་གྱུར་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་ཀྱིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དག་མཐོང་བར་གྱུར་ཏོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་གང་དག་འཁོད་པ་དེ་དག་གིས་ཀྱང་། འཇིག་རྟེན་གྱི་ཁམས་མི་མཇེད་འདི་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། དགེ་ སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བཞུགས་པ་མཐོང་ངོ་། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་མི་མཇེད་དུ་གཏོགས་པའི་སེམས་ཅན་རྣམས་ཀྱིས་ལྷོ་དང་། ནུབ་དང་། བྱང་ཕྱོགས་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་ དང་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་བཞུགས་པ་དག་མཐོང་ངོ་། །འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ན་སེམས་ཅན་གང་དག་འཁོད་པ་དེ་ དག་གིས་ཀྱང་འཇིག་རྟེན་གྱི་ཁམས་མི་མཇེད་འདི་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བཞུགས་པ་མཐོང་ངོ་། །དེ་ནས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ཀུན་གྱི་ཕ་རོལ་ན། འཇིག་རྟེན་གྱི་ ཁམས་རིན་ཆེན་ཅན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཀོན་མཆོག་འབྱུང་གནས་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་སོ། །དེ་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ ཉིད་སྟོན་ཏོ། །དེ་ནས་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ནས་འོད་ཟེར་ཞེས་བྱ་བ་འདུག་པས་སྣང་བ་ཆེན་པོ་དེ་དང་། ས་ཆེར་གཡོས་པ་དེ་དང་། བཅོམ་ལྡན་འདས་ཀྱི་སྐུ་བལྟ་བས་ཆོག་མི་ཤེས་པ་དེ་མཐོང་ནས། བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དཀོན་མཆོག་འབྱུང་གནས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་བཞིན་གཤེགས་པ་དཀོན་མཆོག་འབྱུང་གནས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྣང་བ་ཆེན་པོ་འཇིག་རྟེན་དུ་བྱུང་བ་འདི་དང་། དོག་ས་ཆེར་གཡོས་པ་འདི་དང་། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་གདའ་བ་འདིའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དཀོན་མཆོག་འབྱུང་གནས་ཀྱིས། བྱང་ཆུབ་སེམས་དཔའ་ཀུན་ནས་འོད་ཟེར་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་ནུབ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱང་སྟོན་ ཏེ། འདི་ནི་དེའི་མཐུ་ཡིན་ཏེ་དེ་འདྲའོ། །དེ་ནས་དེ་བཞིན་གཤེགས་པ་དཀོན་མཆོག་འབྱུང་གནས་ལ་བྱང་ཆུབ་སེམས་དཔའ་ཀུན་ནས་འོད་ཟེར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་ཕལ་ཆེར་གཞོན་ནུར་གྱུར་པ། གཟུངས་དང་སོ་སོ་ཡང་དག་པར་རིག་པ་རབ་ཏུ་ཐོབ་པ། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་ལ་དབང་ཐོབ་པ་དེ་དག་བལྟ་བའི་ སླད་དུ་འཇིག་རྟེན་གྱི་ཁམས་མི་མཇེད་དུ་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་དུས་ལ་བབ་པར་ཤེས་ན་ཁྱོད་སོང་ཤིག །དེ་ནས་དེ་བཞིན་གཤེགས་པ་དཀོན་མཆོག་འབྱུང་གནས་ཀྱིས། བྱང་ཆུབ་སེམས་དཔའ་ཀུན་ནས་འོད་ཟེར་ལ་པད་མ་རིན་པོ་ ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ། གསེར་གྱི་མདོག་ཅན་འདབ་མ་སྟོང་དང་ལྡན་པ་སྟོང་བསྐུར་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་པད་མ་འདི་དག་གིས་གཏོར་ཅིག །རིགས་ཀྱི་བུ་ཁྱོད་སངས་རྒྱས་ཀྱི་ཞིང་དེར་ཤེས་བཞིན་དུ་སྤྱོད་ཅིག ། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་མི་མཇེད་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་དག་བསྙེན་པར་དཀའ་བའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ནས་འོད་ཟེར་གྱིས། དེ་བཞིན་གཤེགས་པ་དཀོན་མཆོག་འབྱུང་གནས་ལས། རིན་པོ་ཆེའི་རྒྱུ་ལས་བྱུང་བའི་པད་ མ་གསེར་གྱི་མདོག་ཅན་འདབ་མ་སྟོང་དང་ལྡན་པ་དེ་དག་བླངས་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་ཁྱེའུ་དང་། བུ་མོ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས། ཤར་ཕྱོགས་ན་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་ཐམས་ཅད་ལ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་ བསྟི་སྟང་དུ་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ནས། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས་འཇིག་རྟེན་གྱི་ཁམས་མི་མཇེད་ག་ལ་བ་དེར་ཕྱིན་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེར་སོང་ནས། ཕྱིན་ པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། བྱང་ཆུབ་སེམས་དཔའ་ཀུན་ནས་འོད་ཟེར་གྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཀོན་མཆོག་འབྱུང་གནས། བཅོམ་ལྡན་འདས་ལ་སྙུན་གསོལ་ཏེ། གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་ལྡན་ནམ། བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ལོ། བཅོམ་ལྡན་འདས་དཀོན་མཆོག་འབྱུང་གནས་ཀྱིས་པད་མ་འདི་དག་ཀྱང་། བཅོམ་ལྡན་འདས་ལ་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་པད་མ་དེ་དག་བཞེས་ནས། ཤར་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་ སྙེད་པོ་དེ་དག་ག་ལ་བ་དེ་ལོགས་སུ་གཏོར་ཏོ། །པད་མ་དེ་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་ཁྱབ་པར་གྱུར་ཏེ། པད་མ་དེ་དག་ལ་སངས་རྒྱས་ཀྱི་སྐུ་དག་བཞུགས་ཤིང་། སངས་རྒྱས་ཀྱི་ཞིང་དེ་དག་ན་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་འདི་ཉིད་ཀྱི་ཆོས་ སྟོན་ཏོ། །སེམས་ཅན་གང་དག་གིས་ཆོས་དེ་ཐོས་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་དེ་དག་དང་། ཁྱེའུ་དང་། བུ་མོ་དེ་དག་གིས་ཀྱང་རང་རང་གི་དགེ་བའི་ རྩ་བ་དེ་དག་གིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་བསྟི་སྟང་དུ་བྱས། བླ་མར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ཀུན་གྱི་ཕ་ རོལ་ན། འཇིག་རྟེན་གྱི་ཁམས་མྱ་ངན་ཐམས་ཅད་མེད་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་པའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །དེ་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་མྱ་ངན་མེད་པ་ཞེས་བྱ་བ་འདུག་པས་ཞེས་བྱ་བ་ནས་ཕྱོགས་གཅིག་ཏུ་འཁོད་དོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །དེ་བཞིན་དུ་ནུབ་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཉེ་བར་ཞི་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་རིན་ཆེན་འོད་འཕྲོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་པའི་བློ་གྲོས་ཞེས་བྱ་བ་འདུག་པས་ཞེས་བྱ་བ་ནས། ཕྱོགས་གཅིག་ཏུ་འཁོད་དོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །བྱང་ཕྱོགས་ན་ འཇིག་རྟེན་གྱི་ཁམས་རྒྱལ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བའི་དབང་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་ བས་བྱིན་ཞེས་བྱ་བ་འདུག་པས་ཞེས་བྱ་བ་ནས། ཕྱོགས་གཅིག་ཏུ་འཁོད་དོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །དེ་བཞིན་དུ་བྱང་ཤར་གྱི་ཕྱོགས་མཚམས་ན། འཇིག་རྟེན་གྱི་ཁམས་ཏིང་ངེ་འཛིན་གྱིས་བརྒྱན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྒྱལ་བས་རྣམ་པར་གནོན་པ་ཞེས་བྱ་བ་འདུག་པས་ཞེས་བྱ་བ་ནས་ཕྱོགས་ གཅིག་ཏུ་འཁོད་དོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །ཤར་ལྷོའི་ཕྱོགས་མཚམས་ན་འཇིག་རྟེན་གྱི་ཁམས་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཤིན་ཏུ་མཛེས་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་མཆོག་གི་དཔལ་ ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་སོ། །དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་པད་མ་ཞེས་བྱ་བ་འདུག་པས་ཞེས་བྱ་བ་ནས། ཕྱོགས་གཅིག་ཏུ་འཁོད་དོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །ལྷོ་ནུབ་ཀྱི་ཕྱོགས་མཚམས་ན། འཇིག་ རྟེན་གྱི་ཁམས་རྡུལ་གྱི་ཚོགས་དང་བྲལ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྒྲོན་མ་མཆོག་གི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །དེ་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཉི་མའི་འོད་ཅེས་བྱ་བ་འདུག་པས་ཞེས་བྱ་བ་ནས། ཕྱོགས་གཅིག་ཏུ་འཁོད་དོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །ནུབ་བྱང་གི་ཕྱོགས་མཚམས་ན། འཇིག་རྟེན་གྱི་ཁམས་དབང་དུ་གྱུར་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་གདུགས་གཅིག་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་མཆོག་ཅེས་བྱ་བ་འདུག་པས་ཞེས་བྱ་བ་ནས། ཕྱོགས་གཅིག་ཏུ་འཁོད་དོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །འོག་གི་ ཕྱོགས་ན། འཇིག་རྟེན་གྱི་ཁམས་པད་མ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མ་མཆོག་ཅེས་ བྱ་བ་འདུག་པས་ཞེས་བྱ་བ་ནས། ཕྱོགས་གཅིག་ཏུ་འཁོད་དོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །དེ་ནས་སྟེང་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ཀུན་གྱི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་དགའ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་དགའ་བའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བས་བྱིན་ཞེས་བྱ་བ་འདུག་པས་སྣང་བ་ཆེན་པོ་དེ་དང་། ས་ཆེར་གཡོས་པ་དེ་དང་། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་དེ་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགའ་བའི་དཔལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་བཞིན་གཤེགས་པ་དགའ་བའི་དཔལ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྣང་བ་ཆེན་པོ་ འཇིག་རྟེན་དུ་བྱུང་བ་འདི་དང་། དོག་ས་ཆེར་གཡོས་པ་འདི་དང་། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་གདའ་བ་འདིའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དགའ་བའི་དཔལ་གྱིས། བྱང་ཆུབ་སེམས་ དཔའ་དགའ་བས་བྱིན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འོག་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ། བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱང་སྟོན་ཏེ། འདི་ནི་དེའི་མཐུ་ཡིན་ཏེ་དེ་འདྲའོ། །དེ་ནས་དེ་བཞིན་གཤེགས་པ་དགའ་བའི་དཔལ་ལ། བྱང་ཆུབ་སེམས་ དཔའ་དགའ་བས་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་། ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་ཕལ་ཆེར་གཞོན་ནུར་ གྱུར་པ། གཟུངས་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་དབང་ཐོབ་པ་དེ་དག་བལྟ་བའི་སླད་དུ་འཇིག་རྟེན་གྱི་ཁམས་མི་མཇེད་དུ་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་དུས་ལ་བབ་ པར་ཤེས་ན་ཁྱོད་སོང་ཤིག །དེ་ནས་དེ་བཞིན་གཤེགས་པ་དགའ་བའི་དཔལ་གྱིས། བྱང་ཆུབ་སེམས་དཔའ་དགའ་བས་བྱིན་ལ་པད་མ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱུང་བ་གསེར་གྱི་མདོག་ཅན་འདབ་མ་སྟོང་དང་ལྡན་པ་སྟོང་བསྐུར་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་ གཤེགས་པ་ཤཱཀྱ་ཐུབ་པ་ལ་པད་མ་འདི་དག་གིས་གཏོར་ཅིག །རིགས་ཀྱི་བུ་ཁྱོད་སངས་རྒྱས་ཀྱི་ཞིང་དེར་ཤེས་བཞིན་དུ་སྤྱོད་ཅིག །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་མི་མཇེད་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་དག་བསྙེན་པར་དཀའ་བའི་ཕྱིར་རོ། །དེ་ནས་ བྱང་ཆུབ་སེམས་དཔའ་དགའ་བས་བྱིན་གྱིས། དེ་བཞིན་གཤེགས་པ་དགའ་བའི་དཔལ་ལས་རིན་པོ་ཆེའི་རྒྱུ་ལས་བྱུང་བའི་པད་མ་གསེར་གྱི་མདོག་ཅན་འདབ་མ་སྟོང་དང་ལྡན་པ་དེ་དག་བླངས་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་དང་། བུ་ མོ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས། སྟེང་གི་ཕྱོགས་ན་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་པ་དེ་དག་ཐམས་ཅད་ ལ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ནས། བྱང་ཆུབ་སེམས་ དཔའི་རྫུ་འཕྲུལ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་མཐུ་ཆེན་པོས་འཇིག་རྟེན་གྱི་ཁམས་མི་མཇེད་ག་ལ་བ་དེར་ཕྱིན་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་ གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། བྱང་ཆུབ་སེམས་དཔའ་དགའ་བས་བྱིན་གྱིས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགའ་བའི་དཔལ། བཅོམ་ལྡན་འདས་ལ་སྙུན་གསོལ་ ཏེ། གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་ལྡན་ནམ། བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ཏོ། །བཅོམ་ལྡན་འདས་དགའ་བའི་དཔལ་གྱིས་པད་མ་འདི་དག་ཀྱང་། བཅོམ་ལྡན་འདས་ལ་བསྐུར་རོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས། པད་མ་དེ་དག་བཞེས་ནས། སྟེང་གི་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ག་ལ་བ་དེ་ལོགས་སུ་གཏོར་ཏོ། །པད་མ་དེ་དག་གིས་ཀྱང་འཇིག་རྟེན་གྱི་ཁམས་དེ་དག་ཁྱབ་ པར་གྱུར་ཏེ། པད་མ་དེ་དག་ལ་སངས་རྒྱས་ཀྱི་སྐུ་དག་བཞུགས་ཤིང་། སངས་རྒྱས་ཀྱི་ཞིང་དེ་དག་ན། འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་འདི་ཉིད་ཀྱི་ཆོས་སྟོན་ཏོ། །སེམས་ཅན་གང་དག་གིས་ཆོས་དེ་ཐོས་པ་དེ་དག་ཀྱང་། བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་དེ་དག་དང་། ཁྱེའུ་དང་། བུ་མོ་དེ་དག་གིས་ཀྱང་། རང་རང་གི་དགེ་བའི་རྩ་བ་དེ་དག་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བསྟི་སྟང་དུ་བྱས། བླ་ མར་བྱས། རི་མོར་བྱས། མཆོད་པར་བྱས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེའི་རང་བཞིན་དུ་གནས་པར་གྱུར་ཏེ། མེ་ཏོག་སིལ་མ་སྣ་ཚོགས་ ཀྱིས་གང་བ་དང་། དར་གྱི་ལྡ་ལྡི་མང་པོ་བྲེས་པ་དང་། པོག་ཕོར་ནས་བདུག་པ་དང་། དཔག་བསམ་གྱི་ཤིང་ལྗོན་པ་རྒྱན་དང་། འབྲས་བུ་སྣ་ཚོགས་ཀྱིས་ཡལ་གའི་རྩེ་མོ་གཡུར་ཟ་བ་དག་དང་། མེ་ཏོག་གི་ཤིང་ལྗོན་པ་དག་དང་། འབྲས་བུའི་ཤིང་ལྗོན་པ་དག་དང་། སྤོས་ཀྱི་ཤིང་ལྗོན་པ་དག་དང་། མེ་ཏོག་ཕྲེང་གི་ཤིང་ལྗོན་པ་དག་དང་། ཕྱེ་མའི་ཤིང་ལྗོན་པ་དག་གིས་མཛེས་པར་བྱས་པར་གྱུར་ཏེ། འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་ཀུན་ནས་མེ་ཏོག་གི་སངས་རྒྱས་ཀྱི་ཞིང་གང་ན། འཇམ་དཔལ་གཞོན་ནུར་གྱུར་པ་འདུག་པ་དང་། ལྷའི་བུ་བློ་གྲོས་རབ་གནས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟི་བརྗིད་ཆེ་བ། གཟི་བརྗིད་ཆེ་བ་གཞན་དག་ཀྱང་གནས་པའི་འཇིག་རྟེན་གྱི་ཁམས་པད་མ་ཅན་བཞིན་དུ་གྱུར་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། གླེང་གཞིའི་ལེའུ་ ཞེས་བྱ་སྟེ་དང་པོའོ།། །།དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པ། ལྷ་དང་མིར་བཅས་པ་འདུས་པ་དང་། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཕལ་ཆེར་གཞོན་ནུར་གྱུར་པ་དེ་དག་འདུས་པར་ཐུགས་སུ་ཆུད་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འཚལ་བས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་དང་། ལེན་པ་པོ་མི་དམིགས་པའི་ཕྱིར། ཡོངས་སུ་གཏང་བ་མེད་པའི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ལྟུང་བ་མི་འབྱུང་བ་དང་། ལྷག་པར་ལྟུང་བ་མི་འབྱུང་བའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །འཁྲུགས་པ་མེད་པའི་ཕྱིར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ལུས་དང་སེམས་ཀྱི་བརྩོན་འགྲུས་མ་གཏང་བའི་ཕྱིར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །རོ་མྱང་བ་མེད་པའི་ཕྱིར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། ། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། དྲན་པ་མི་དམིགས་པའི་ཕྱིར། དྲན་པ་ཉེ་བར་གཞག་ པ་བཞི་ཡོངས་སུ་རྫོགས་པར་བྱའོ། །ཡང་དག་པའི་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱའོ། །སྟོང་པ་ཉིད་ཀྱི་ཏིང་ ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་དང་། འདུ་ཤེས་དགུ་བསྒོམ་པར་བྱའོ། །དགུ་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་བམ་པའི་འདུ་ཤེས་དང་། ཕྱེད་དུ་ཆད་པའི་འདུ་ཤེས་དང་། རྣམ་པར་རྣགས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་སྔོས་ པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་གོང་གི་འདུ་ཤེས་དང་། རྣམ་པར་ཚིག་པའི་འདུ་ཤེས་ཏེ། དེ་དག་ནི་འདུ་ཤེས་དགུའོ། །སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་ དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །དབུགས་རྔུབ་པ་དང་། འབྱུང་བ་རྗེས་སུ་དྲན་པ་དང་། སྐྱོ་བ་རྗེས་སུ་དྲན་པ་དང་། འཆི་བ་རྗེས་སུ་དྲན་པ་དང་། ལུས་སུ་གཏོགས་པ་རྗེས་སུ་དྲན་པ་བསྒོམ་ པར་བྱའོ། །མི་རྟག་པའི་འདུ་ཤེས་དང་། སྡུག་བསྔལ་བའི་འདུ་ཤེས་དང་། བདག་མེད་པའི་འདུ་ཤེས་དང་། མི་གཙང་བའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་ཡིད་མི་རྟོན་ པའི་འདུ་ཤེས་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། ཆོས་ཤེས་པ་དང་། རྗེས་སུ་རྟོགས་པའི་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། ཡོངས་སུ་འདྲིས་ པ་ཤེས་པ་དང་། སྒྲ་ཇི་བཞིན་ཤེས་པ་དང་། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང་། རྟོག་པ་མེད་ཅིང་དཔྱོད་པའི་ཏིང་ངེ་འཛིན་དང་། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའི་ཏིང་ངེ་འཛིན་དང་། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་དང་། བསྡུ་བའི་དངོས་པོ་བཞི་དང་། རྣམ་པར་དགོད་པ་བཞི་དང་། ས་བཅུ་དང་སྤྱོད་པ་བཅུ་དང་། བཟོད་པ་བཅུ་དང་། ལྷག་པའི་བསམ་ པ་ཉི་ཤུ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ཞི་གནས་དང་། ལྷག་མཐོང་ཤེས་པ་དང་། རིག་པ་གསུམ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། མི་འཇིགས་པ་བཞི་དང་། མ་ཉམས་པའི་མངོན་པར་ཤེས་པ་ལྔ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཡང་ དག་པར་སྡུད་པར་འགྱུར་བའི་ཆོས་དྲུག་དང་། ནོར་བདུན་དང་། སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་དང་། སེམས་ཅན་གྱི་གནས་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་ པར་བྱ་བར་འདོད་པ་དང་། ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱ་བར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པའི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བག་ཆགས་དང་། མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་ཡང་དག་པར་འཇོམས་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་འདོད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ལས་འདའ་བར་འདོད་པ་དང་། ཕྱིར་མི་ལྡོག་ པའི་ས་ལ་གནས་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་རྣམ་པར་གཡོ་བ་ཤེས་པར་འདོད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་པ་ཟིལ་གྱིས་གནོན་པར་འདོད་པ་དང་། གཟུངས་ཀྱི་སྒོ་ཐོབ་པར་འདོད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་སྦྱིན་པ་སྦྱིན་པ་ན། རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནོན་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནོན་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་ སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནོན་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནོན་པར་འདོད་པས། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྦྱིན་པ་ཆུང་ངུ་བྱིན་ཡང་ཐབས་མཁས་པས། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྡོས་པས། ཚད་མེད་གྲངས་མེད་པར་འགྱུར་བར་འདོད་པས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཚུལ་ཁྲིམས་ཆུང་ངུ་སྲུང་། བཟོད་པ་ཆུང་ངུ་སྒོམ། བརྩོན་འགྲུས་ཆུང་ངུ་རྩོམ། བསམ་གཏན་ཆུང་ངུ་ལ་སྙོམས་པར་འཇུག །ཤེས་ རབ་ཆུང་ངུ་སྒོམ་ཡང་། ཐབས་མཁས་པས། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པས། དེ་དག་གྲངས་མེད། ཚད་མེད་པར་འགྱུར་བར་བྱེད་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་སྐུ་མངོན་པར་བསྒྲུབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ བསླབ་པར་བྱའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་བསྒྲུབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་རིགས་སུ་སྐྱེ་ བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞོན་ནུའི་ས་གནོན་པར་འདོད་པ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་མི་འབྲལ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་ པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་གང་དང་གང་དག་གིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པར་བྱ་བའི་དགེ་བའི་རྩ་བ་དེ་དག་བདག་ལ་འབྱོར་པར་འདོད་པ་དེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟའ་བ་དང་། བཏུང་བ་དང་། མེ་ཏོག་དང་། སྤོས་དང་། གོས་དང་། མེ་ཏོག་ཕྲེང་དང་། བདུག་པ་དང་། ཕྱེ་མ་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་། ཁང་ཁྱིམ་དང་། ནོར་དང་། འབྲུ་དང་། ན་བའི་གསོས་སྨན་དང་། རྒྱན་དང་། རིན་པོ་ཆེ་དང་། ནོར་བུ་དང་། བཻ་ཌཱུརྱ་དང་། དུང་དང་། མན་ ཤེལ་དང་། བྱི་རུ་དང་། སྐྱེད་མོས་ཚལ་དང་། རྒྱལ་སྲིད་ལ་སོགས་པའི་ཡོ་བྱད་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་རེ་བ་ཡོངས་སུ་རྫོགས་པར་བྱེད་པར་འདོད་པ་དེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་འདོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ བསྐྱེད་པ་གཅིག་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་མི་ཟད་པར་བྱེད་པར་འདོད་པ་དེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་དག་ན། སངས་ རྒྱས་གང་དག་བཞུགས་པ་དེ་དག་བདག་གི་བསྔགས་པ་རྗོད་པར་འདོད་པ་དེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་པ་གཅིག་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ ཀླུང་གི་བྱེ་མ་སྙེད་དག་ཏུ་འགྲོ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་པ་གཅིག་གིས་ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་འགྲོ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་ ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་སྒྲ་གཅིག་གིས་གོ་བར་བྱེད་པར་འདོད་པ་དང་། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། ཕྱོགས་མཚམས་རྣམས་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ དག་སྒྲ་གཅིག་གིས་གོ་བར་བྱེད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་རིགས་རྒྱུན་མི་འཆད་པར་བྱ་བའི་ཕྱིར་གནས་པར་འདོད་པས། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་སྟོང་པ་ཉིད་ལ་གནས་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་ བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་པར་འདོད་པས། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་དང་། ཡང་དག་པའི་མཐའི་དེ་བཞིན་ཉིད་ཁོང་དུ་ཆུད་པར་འདོད་པས། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སའི་རྡུལ་ཕྲ་རབ་ཀྱི་རྡུལ་ཇི་སྙེད་ཡོད་པ་དེ་དག་ཤེས་པར་འདོད་པ་དང་། རྒྱ་མཚོ་ཆེན་པོ་དང་། འབབ་ཆུ་ དང་། མཚོ་དང་། མཚེའུ་དང་། ཁྲོན་པ་དང་། འབབ་ཆུའི་དངོའི་ཆུའི་རྡུལ་ཕྲ་རབ་རྣམས་ཤེས་པར་འདོད་པ་དང་། མེའི་རྡུལ་ཕྲ་རབ་རྣམས་ཤེས་པར་འདོད་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རླུང་གི་རྡུལ་ཕྲ་རབ་ རྣམས་ཤེས་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། བསྲེགས་པའི་བསྐལ་པའི་མེ་འབར་བ་ཁའི་དབུགས་གཅིག་ གིས་ཞི་བར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་འཁྲུག་པ་ཆེན་པོའི་རླུང་གི་དཀྱིལ་འཁོར་བྱུང་སྟེ། རླུང་གི་དཀྱིལ་ན། གང་རི་རབ་དང་རི་རབ་ ཆེན་པོ་དང་། ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་ནས་བཟུང་སྟེ། རི་ཐམས་ཅད་དང་། ས་ཆེན་པོ་ཐམས་ཅད་གཡོ་བར་བྱེད་པ་དང་། རྣམ་པར་འཐོར་བར་བྱེད་པ་དང་། རྨེག་མེད་པར་བྱེད་པའི་རྣམ་པར་འཁྲུག་པར་བྱེད་པའི་རླུང་གི་དཀྱིལ་འཁོར་དེ་སོར་མོ་གཅིག་གི་རྩེ་ མོས་གཞིལ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། རི་རབ་དང་། རི་རབ་ཆེན་པོ་དང་། ཁོར་ཡུག་དང་། ཁོར་ ཡུག་ཆེན་པོ་ལ་སོགས་པ་རི་གང་དག་ཡོད་པ་དེ་དག་སྐྲ་ཉག་མ་གཅིག་གིས་སྦམས་ཏེ། འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པར་འཕང་ངོ་སྙམ་ན་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ནམ་མཁའི་ཁམས་ཇི་ཙམ་པ་དེ་ཐམས་ཅད་སྐྱིལ་མོ་ཀྲུང་གཅིག་གིས་རྒྱས་པར་དགང་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་བསོད་སྙོམས་གཅིག་གིས་ཁྱེད་པར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་ དུ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་གྱི་སྤྲིན་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་བསྟི་སྟང་དུ་ བྱ་བར་འདོད་པ་དང་། བླ་མར་བྱ་བར་འདོད་པ་དང་། རི་མོར་བྱ་བར་འདོད་པ་དང་། མཆོད་པ་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷོ་དང་། ནུབ་དང་། བྱང་དང་། བྱང་ ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་བསོད་སྙོམས་གཅིག་གིས་ ཁྱེད་པར་བྱ་བར་འདོད་པ་དང་། དེ་བཞིན་དུ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་གྱི་སྤྲིན་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་དེ་དག་ལ་བསྟི་སྟང་དུ་བྱ་བར་འདོད་པ་དང་། བླ་མར་བྱ་བར་འདོད་པ་དང་། རི་མོར་བྱ་བར་འདོད་པ་དང་། མཆོད་པ་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་ པ། བམ་པོ་གཉིས་པ། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་གང་དག་འཁོད་པ་དེ་དག་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དགོད་པར་འདོད་པ་དང་། ཏིང་ ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་དགོད་པར་འདོད་པ་དང་། དེ་བཞིན་དུ་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིང་འོང་བའི་འབྲས་བུ་དང་། ཕྱིར་ མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་དགོད་པར་འདོད་པ་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་བར་ལ་དགོད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤར་ཕྱོགས་ལ་ཇི་ལྟ་བ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་དེ་བཞིན་དུ་སྦྱར་བར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པ་སྦྱིན་པའི་ཚེ། སྦྱིན་པ་འདི་ལྟར་བྱིན་ན་ནི། འབྲས་བུ་ཆེན་པོར་འགྱུར། སྦྱིན་པ་འདི་ལྟར་བྱིན་ན་ནི་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྐྱེ་བར་འགྱུར། དེ་བཞིན་དུ་བྲམ་ཟེའི་རིགས་ཤིང་སཱ་ ལ་ཆེན་པོ་ལྟ་བུ་རྣམས་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྐྱེ་བར་འགྱུར། སྦྱིན་པ་འདི་ལྟར་བྱིན་ན་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར། དེ་བཞིན་དུ་སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར། སྦྱིན་པ་འདི་ལྟར་བྱིན་ན་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར། སྦྱིན་པ་འདི་ལྟར་བྱིན་ན་ནི། བསམ་གཏན་དང་པོ་ཐོབ་པར་འགྱུར། དེ་བཞིན་དུ་བསམ་གཏན་གཉིས་པ་དང་། བསམ་གཏན་ གསུམ་པ་ཐོབ་པར་འགྱུར། སྦྱིན་པ་འདི་ལྟར་བྱིན་ན་ནི། བསམ་གཏན་བཞི་པ་ཐོབ་པར་འགྱུར། སྦྱིན་པ་འདི་ལྟར་བྱིན་ན་ནི། འདུ་ཤེས་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པར་ཐོབ་པར་འགྱུར། སྦྱིན་པ་འདི་ལྟར་བྱིན་ན་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་ པར་འཇུག་པ་ཐོབ་པར་འགྱུར། དེ་བཞིན་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཐོབ་པར་འགྱུར། སྦྱིན་པ་འདི་ལྟར་བྱིན་ན་ནི། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཐོབ་པར་འགྱུར། སྦྱིན་པ་འདི་ ལྟར་བྱིན་ན་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐོབ་པར་འགྱུར། དེ་བཞིན་དུ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བར་ཤེས་སོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མཁས་པས་སྦྱིན་པ་འདི་ལྟར་བྱིན་ན་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་ཞེས་བྱ་བར་ཤེས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་ཇི་ལྟར་སྩལ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིས་པ་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་ཇི་ལྟར་སྩལ་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིས་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་སྦྱིན་པར་བྱ་བ་དང་། གཏོང་བ་པོ་དང་། ལེན་པ་པོ་མི་དམིགས་ཏེ། འཁོར་གསུམ་ཡོངས་སུ་དག་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་ཡིན། ལྟུང་བ་མི་འབྱུང་བ་དང་། ལྷག་པར་ལྟུང་བ་མི་འབྱུང་བའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་ཡིན། སེམས་འཁྲུག་ པ་མེད་པའི་ཕྱིར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་ཡིན། ལུས་དང་སེམས་ཀྱི་བརྩོན་འགྲུས་མ་བཏང་བའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་ཡིན། རྣམ་པར་གཡེང་བ་དང་། ཀུན་ཏུ་རྟོག་པ་མེད་ པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་ཡིན། ཆོས་ཐམས་ཅད་རབ་ཏུ་ཤེས་པ་མི་དམིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་ཡིན་ཏེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་པ་ཡིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་པ་ཡིན་ནོ། །དེ་བཞིན་དུ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཡོངས་སུ་རྫོགས་པར་བྱས་པ་ཡིན་ནོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་ འདས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་ཀྱི་སངས་རྒྱས་ཀྱི་ཡོན་ཏན་ཐོབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུས་བྱས་དང་། འདུས་མ་བྱས་ཀྱི་ ཆོས་རྣམས་ཀྱི་ཕ་རོལ་ཏུ་འགྲོ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཁོང་དུ་ཆུད་པར་འདོད་ པ་དང་། དེ་བཞིན་དུ་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པའི་མཐར་ཕྱིན་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྔོན་དུ་འགྲོ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ནང་གི་འཁོར་དུ་འགྱུར་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་མང་པོ་དང་ལྡན་པར་འདོད་པ་དང་། བྱང་ཆུབ་སེམས་དཔའི་འཁོར་ཐོབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་དག་པར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། ། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེར་སྣའི་སེམས་ཚར་གཅད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་འཆལ་པའི་ཚུལ་ཁྲིམས་ཀྱི་སེམས་མི་བསྐྱེད་པར་འདོད་པ་དང་། གནོད་སེམས་ཀྱི་སེམས་ མི་བསྐྱེད་པར་འདོད་པ་དང་། ལེ་ལོའི་སེམས་དོར་བར་འདོད་པ་དང་། རྣམ་པར་གཡེང་བའི་སེམས་དོར་བར་འདོད་པ་དང་། འཆལ་པའི་ཤེས་རབ་ཀྱི་སེམས་དོར་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལ་དགོད་པར་འདོད་པ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བ་དང་། ཞལ་ཏ་བྱ་བ་དང་ལྡན་པ་དང་། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་ དངོས་པོ་ལ་དགོད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་ལྔ་བསྐྱེད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ལྔ་གང་ཞེ་ན། འདི་ལྟ་ སྟེ། ཤའི་མིག་དང་། ལྷའི་མིག་དང་། ཤེས་རབ་ཀྱི་མིག་དང་། ཆོས་ཀྱི་མིག་དང་། སངས་རྒྱས་ཀྱི་མིག་སྟེ། དེ་དག་བསྐྱེད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤར་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལྷའི་མིག་གིས་བལྟ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་ དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་།