Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 029_ཁྲི་བརྒྱད།_ཀ
Văn bản gốc(Tây Tạng)
Trang 5 / 19 (50.000 ký tự/trang)
ད་པའི་ཚིག་བླ་དགས་མ་ཡིན། མཚན་མ་མེད་པའི་ཚིག་བླ་དགས་མ་ཡིན། སྨོན་པ་ཡོད་པའི་ཚིག་བླ་དགས་མ་ཡིན། སྨོན་པ་མེད་པའི་ཚིག་བླ་དགས་མ་ཡིན། དེ་བཞིན་དུ་བྱང་ཆུབ་སེམས་ དཔའ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་པའི་ཚིག་བླ་དགས་མ་ཡིན། མི་རྟག་པའི་ཚིག་བླ་དགས་མ་ཡིན། བདེ་བ་དང་། སྡུག་བསྔལ་བ་དང་། བདག་ཡོད་པ་དང་། བདག་མེད་པ་དང་། ཞི་བ་དང་། མ་ཞི་བ་དང་། སྟོང་པ་དང་། མི་སྟོང་པ་དང་། མཚན་མ་ཡོད་པ་དང་། མཚན་མ་མེད་པ་དང་། སྨོན་པ་ཡོད་པ་དང་། སྨོན་པ་མེད་པའི་ཚིག་བླ་དགས་མ་ཡིན་ཞེས་ཟེར། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གཟུགས་གཏན་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་ ཀྱི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གཏན་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ ལྡན་འདས་རྟག་པ་དང་། མི་རྟག་པ་གཏན་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་རྟག་པའི་ཚིག་བླ་དགས་སུ་འགྱུར་བ་དང་། མི་རྟག་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། དེ་བཞིན་དུ་བདེ་བ་དང་། སྡུག་བསྔལ་བ་ དང་། བདག་མཆིས་པ་དང་། བདག་མ་མཆིས་པ་དང་། ཞི་བ་དང་། མ་ཞི་བ་དང་། སྟོང་པ་དང་། མི་སྟོང་པ་དང་། མཚན་མ་མཆིས་པ་དང་། མཚན་མ་མ་མཆིས་པ་དང་། སྨོན་པ་མཆིས་པ་དང་། སྨོན་པ་མ་མཆིས་པ་གཏན་མ་མཆིས་ཤིང་མི་དམིགས་ ན། བྱང་ཆུབ་སེམས་དཔའ་གཟུགས་སྨོན་པ་མ་མཆིས་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་དེ་བཞིན་དུ་རྟག་པ་དང་། མི་རྟག་པ་གཏན་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་རྟག་པ་དང་མི་རྟག་པའི་ཚིག་ བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། དེ་བཞིན་དུ་བདེ་བ་དང་། སྡུག་བསྔལ་བ་དང་། བདག་མཆིས་པ་དང་། བདག་མ་མཆིས་པ་དང་། ཞི་བ་དང་། མ་ཞི་བ་དང་། སྟོང་པ་དང་། མི་སྟོང་པ་དང་། མཚན་མ་མཆིས་པ་དང་། མཚན་མ་མ་མཆིས་པ་དང་། སྨོན་པ་མཆིས་པ་དང་། སྨོན་པ་མ་མཆིས་པ་གཏན་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་སྨོན་པ་མ་མཆིས་པའི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པས་གཟུགས་ཀྱི་ཚིག་བླ་དགས་མི་དམིགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་རྟག་པའི་ཚིག་བླ་དགས་མི་དམིགས། གཟུགས་རྟག་པ་དང་། མི་རྟག་ པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། བདག་ཡོད་པ་དང་། བདག་མེད་པ་དང་། ཞི་བ་དང་། མ་ཞི་བ་དང་། སྟོང་པ་དང་། མི་སྟོང་པ་དང་། མཚན་མ་ཡོད་པ་དང་། མཚན་མ་མེད་པ་དང་། སྨོན་པ་ཡོད་པ་དང་། སྨོན་པ་མེད་པའི་ཚིག་བླ་དགས་མི་དམིགས། ཚོར་ བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་པའི་ཚིག་བླ་དགས་མི་དམིགས། རྣམ་པར་ཤེས་པ་མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། བདག་ཡོད་པ་དང་། བདག་མེད་པ་དང་། ཞི་བ་དང་། མ་ཞི་བ་དང་། སྟོང་པ་དང་། མི་ སྟོང་པ་དང་། མཚན་མ་ཡོད་པ་དང་། མཚན་མ་མེད་པ་དང་། སྨོན་པ་ཡོད་པ་དང་། སྨོན་པ་མེད་པའི་བར་གྱི་ཚིག་བླ་དགས་མི་དམིགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །རབ་འབྱོར་ཁྱོད་ཀྱིས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཆོས་དེ་བདག་ གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་དེ་སྐད་ཅེས་ཟེར་བ་ཡང་རབ་འབྱོར་ཆོས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རབ་འབྱོར་གཟུགས་ཀྱི་ཁམས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ ཀྱི་དབྱིངས་ཀྱིས་ཀྱང་གཟུགས་ཀྱི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རབ་འབྱོར་དེ་བཞིན་དུ་ཚོར་བའི་ཁམས་དང་། འདུ་ཤེས་ཀྱི་ཁམས་དང་། འདུ་བྱེད་ཀྱི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་ ཀྱང་རྣམ་པར་ཤེས་པའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མིག་གི་ཁམས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་རྣ་བའི་ཁམས་དང་། སྣའི་ཁམས་དང་། ལྕེའི་ཁམས་དང་། ལུས་ཀྱི་ཁམས་དང་། ཡིད་ཀྱི་ཁམས་ཀྱིས་ཆོས་ཀྱི་དབྱིངས་ཡང་ དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་ཀྱང་ཡིད་ཀྱི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རབ་འབྱོར་འདུས་བྱས་ཀྱི་ཁམས་ཀྱིས་འདུས་མ་བྱས་ཀྱི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུས་མ་བྱས་ཀྱི་ཁམས་ཀྱིས་ཀྱང་འདུས་བྱས་ཀྱི་ཁམས་ཡང་དག་པར་ རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདུས་བྱས་ལ་མ་གཏོགས་པར་ཡང་འདུས་མ་བྱས་གདགས་པར་མི་ནུས་ལ། འདུས་མ་བྱས་ལ་མ་གཏོགས་པར་ཡང་འདུས་བྱས་གདགས་པར་མི་ནུས་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་དེ་ལྟར་སྤྱོད་པས་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་ཏེ། ཆོས་གང་ལ་ཡང་དེའི་སེམས་མི་ཞུམ་མི་འགོང་ཞིང་། དེའི་ཡིད་འགྱོད་པར་ཡང་མི་འགྱུར་རོ། །དེ་ཅིའི་ ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་། མིག་ཡང་དག་པར་རྗེས་སུ་མི་མཐོང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཡང་དག་པར་རྗེས་སུ་མི་མཐོང་། གཟུགས་ཡང་དག་པར་རྗེས་སུ་མི་མཐོང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཡང་དག་པར་རྗེས་སུ་མི་མཐོང་། མ་རིག་པ་ ཡང་དག་པར་རྗེས་སུ་མི་མཐོང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་ཡང་དག་པར་རྗེས་སུ་མི་མཐོང་། འདོད་ཆགས་ཡང་ དག་པར་རྗེས་སུ་མི་མཐོང་། ཞེ་སྡང་དང་། གཏི་མུག་ཡང་དག་པར་རྗེས་སུ་མི་མཐོང་། བདག་ཡང་དག་པར་རྗེས་སུ་མི་མཐོང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། སྐྱེ་བ་པོ་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་ཡང་དག་པར་རྗེས་སུ་མི་མཐོང་། འདོད་པའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་། ཉན་ཐོས་དང་། ཉན་ཐོས་ ཀྱི་ཆོས་རྣམས་ཡང་དག་པར་རྗེས་སུ་མི་མཐོང་། རང་སངས་རྒྱས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་རྗེས་སུ་མི་མཐོང་། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་ཡང་དག་པར་རྗེས་སུ་མི་མཐོང་། སངས་རྒྱས་ཡང་ དག་པར་རྗེས་སུ་མི་མཐོང་། སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་རྗེས་སུ་མི་མཐོང་། བྱང་ཆུབ་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་ཐམས་ཅད་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །དེ་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མ་མཐོང་བས། མི་སྐྲག་ མི་དངང་ཞིང་དངང་བར་མི་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཅིའི་སླད་དུ་ཆོས་ཐམས་ཅད་ལ་སེམས་མི་ཞུམ་མི་འགོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཆོས་ ཐམས་ཅད་ལ་སེམས་ཞུམ་པར་མི་འགྱུར་ཞིང་འགོང་བར་མི་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡིད་སྐྲག་པར་མི་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་སེམས་ཀྱི་ཆོས་རྣམས་དང་། ཡིད་དང་ཡིད་ཀྱི་ཆོས་རྣམས་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡིད་སྐྲག་པར་མི་འགྱུར་རོ། །རབ་ འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཆོས་ཐམས་ཅད་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་ ཤིང་། བྱང་ཆུབ་སེམས་དཔའ་དེ་དང་། བྱང་ཆུབ་སེམས་དཔའི་མིང་དེ་དང་། བྱང་ཆུབ་ཀྱི་སེམས་དེ་ཡང་མི་དམིགས་ན། འདི་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་པ་ཡིན་ཏེ། འདི་ཉིད་རྗེས་སུ་བསྟན་པ་ཡིན་ནོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། རབ་འབྱོར་གྱི་ལེའུ་ཞེས་བྱ་སྟེ། དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གཟུགས་ཡོངས་སུ་རྟོགས་པར་འཚལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་རྟོགས་པར་འཚལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་བསླབ་པར་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་ཡོངས་སུ་རྟོགས་པར་འཚལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཡོངས་སུ་ རྟོགས་པར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ཡོངས་སུ་རྟོགས་པར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཡོངས་སུ་རྟོགས་པར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་གི་རྣམ་པར་ཤེས་པ་ཡོངས་སུ་རྟོགས་པར་འཚལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ བསླབ་པར་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་ཡོངས་སུ་རྟོགས་པར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་གི་འདུས་ཏེ་རེག་པ་ཡོངས་སུ་རྟོགས་པར་ འཚལ་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་བར་དུ་ཡོངས་སུ་རྟོགས་པར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་རྟོགས་པར་འཚལ་བ་དང་། ཡིད་ཀྱི་ འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་བར་དུ་ཡོངས་སུ་རྟོགས་པར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་རིག་པ་ཡོངས་སུ་རྟོགས་པར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་ཡོངས་སུ་རྟོགས་པར་འཚལ་ བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤང་བར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་འཇིག་ཚོགས་ལ་ལྟ་བ་སྤང་བར་འཚལ་བ་དང་། ཐེ་ཚོམ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། འདོད་པའི་འདོད་ཆགས་དང་། གནོད་སེམས་སྤང་བར་འཚལ་བ་དང་། འདོད་པའི་འདོད་ཆགས་དང་། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་ཡོངས་སུ་རྟོགས་པར་འཚལ་བ་དང་། ཀུན་ཏུ་སྦྱོར་བ་དང་། བག་ལ་ཉལ་དང་། ཀུན་ནས་ལྡང་བ་རྣམས་སྤང་བར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱོར་ བ་བཞི་དང་། ཆུ་བོ་བཞི་དང་། མདུད་པ་བཞི་དང་། ལེན་པ་བཞི་དང་། ཕྱིན་ཅི་ལོག་བཞིའི་བར་དུ་སྤང་བར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དགེ་བའི་ལས་ཀྱི་ལམ་བཅུ་སྤང་བར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་བཞི་དང་། ཚད་ མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སོ་སོ་ཡང་ དག་པར་རིག་པ་བཞི་དང་། མི་འཇིགས་པ་བཞི་དང་། མངོན་པར་ཤེས་པ་དྲུག་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཡན་ལག་ཡོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་འཚལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་རྣམ་པར་རྩེ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་འཚལ་བ་དང་། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་འཚལ་བ་དང་། གཟུངས་ཀྱི་སྒོ་དང་། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ཐོབ་པར་འཚལ་བ་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་འཚལ་བ་དང་། རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་དང་། ཟླ་ བའི་འོད་ཀྱི་ཏིང་ངེ་འཛིན་དང་། ཟླ་བའི་རྒྱལ་མཚན་ཏོག་གི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་ཕྱག་རྒྱར་གྱུར་པའི་ཏིང་ངེ་འཛིན་དང་། ཀུན་ཏུ་ལྟ་བའི་ཕྱག་རྒྱའི་ཏིང་ངེ་འཛིན་དང་། ཆོས་ཀྱི་དབྱིངས་སུ་ངེས་པའི་ཏིང་ངེ་འཛིན་དང་། ངེས་པའི་རྒྱལ་མཚན་ཏོག་གི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལ་འཇུག་པའི་སྒོའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་གྱི་རྒྱལ་པོའི་ཏིང་ངེ་འཛིན་དང་། རྒྱལ་པོའི་ཕྱག་རྒྱའི་ཏིང་ངེ་འཛིན་དང་། དཔུང་བཀོད་པའི་ཏིང་ངེ་འཛིན་དང་། ཡང་དག་པར་འཕགས་པའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་ངེས་པའི་ ཚིག་ལ་གདོན་མི་ཟ་བར་འཇུག་པའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཤེས་པའི་བཟོད་པ་ལ་འཇུག་པའི་ཏིང་ངེ་འཛིན་དང་། ཕྱོགས་བཅུར་རྣམ་པར་ལྟ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་གཟུངས་ཀྱི་སྒོའི་ཕྱག་རྒྱའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་བརྗེད་པ་མེད་པའི་ཏིང་ངེ་འཛིན་ དང་། ཆོས་ཐམས་ཅད་ཡང་དག་པར་འདུ་བའི་རྣམ་པའི་ཕྱག་རྒྱའི་ཏིང་ངེ་འཛིན་དང་། ནམ་མཁའི་གནས་ལ་གནས་པའི་ཏིང་ངེ་འཛིན་དང་། འཁོར་གསུམ་ཡོངས་སུ་དག་པའི་ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་མི་ཉམས་པའི་ཏིང་ངེ་འཛིན་དང་། སྣོད་དུ་གྱུར་པའི་ཏིང་ངེ་འཛིན་དང་། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་ཏིང་ངེ་འཛིན་དང་། ཉོན་མོངས་པ་ཐམས་ཅད་ངེས་པར་སྲེག་པའི་ཏིང་ངེ་འཛིན་དང་། བདུད་བཞིའི་དཔུང་སྟོབས་མེད་པར་བྱེད་པའི་ཏིང་ངེ་འཛིན་དང་། ཡེ་ཤེས་སྒྲོན་མའི་ཏིང་ངེ་འཛིན་དང་། སྟོབས་བཅུའི་སྟོབས་ཀྱིས་འཕགས་པའི་ཏིང་ངེ་འཛིན་དང་། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་གྱི་སྒོ་དེ་དག་དང་། གཞན་དག་ཀྱང་ཐོབ་ པར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་དྲུག་པ། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་བསམ་ པ་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་གང་དག་ཡོངས་སུ་རྫོགས་པས་ངན་སོང་རྣམས་སུ་མི་ལྟུང་བ་དང་། རིགས་དམའ་བ་ རྣམས་སུ་མི་སྐྱེ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་མི་ལྟུང་བ་དང་། བྱང་ཆུབ་སེམས་དཔའི་སྐྱོན་གྱི་སྤྱི་གཙུག་ཏུ་མི་ལྟུང་བའི་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །དེ་ ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའི་སྐྱོན་གྱི་སྤྱི་གཙུག་ཏུ་ལྟུང་བ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཐབས་ལ་མི་མཁས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། ཐབས་ལ་མི་མཁས་པས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་བརྟེན་ཏེ་ཉན་ཐོས་ཀྱིས་དང་། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ལ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཡང་ མི་འཇུག་པ་འདི་ནི་བྱང་ཆུབ་སེམས་དཔའི་སྐྱོན་ཞེས་བྱའོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར། འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་དུ་འགྱུར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་སྐྱོན་ཞེས་བྱ་བ་ནི་འདི་ལྟ་སྟེ། ཆོས་ལ་སྲེད་པའོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཆོས་ལ་སྲེད་པ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་པ་ན་གཟུགས་ལ་སྟོང་ཞེས་བྱ་བར་མངོན་པར་ཞེན་ཅིང་གནས་ཏེ། ཀུན་ཏུ་ཤེས་པ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྟོང་ཞེས་བྱ་བར་མངོན་པར་ཞེན་ཅིང་གནས་ཏེ། ཀུན་ཏུ་ཤེས་པ་དེ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཐུན་པའི་ཆོས་ལ་སྲེད་པ་སྟེ། སྐྱོན་ཞེས་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་གཟུགས་ལ་མི་རྟག་ཅེས་བྱ་བར་མངོན་པར་ཞེན་ཅིང་གནས་ཏེ་ཀུན་ཏུ་ཤེས་པ་དང་། གཟུགས་སྡུག་བསྔལ་བ་དང་། བདག་ མེད་པ་དང་མི་སྡུག་པ་དང་། ཞི་བ་དང་། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཞེས་བྱ་བར་མངོན་པར་ཞེན་ཅིང་གནས་ཏེ་ཀུན་ཏུ་ཤེས་པ་དེ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་འཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་ དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་རྟག་ཅེས་བྱ་བར་མངོན་པར་ཞེན་ཅིང་གནས་ཏེ་ཀུན་ཏུ་ཤེས་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པ་དང་། ཞི་བ་དང་། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཞེས་བྱ་བར་མངོན་པར་ཞེན་ཅིང་ གནས་ཏེ་ཀུན་ཏུ་ཤེས་པ་དེ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེན་པོའི་རྗེས་སུ་འཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་ནོ། །གལ་ཏེ་འདི་ལྟར་གཟུགས་སྤང་བར་བྱའོ། །འདིས་གཟུགས་སྤང་བར་བྱའོ། །འདི་ལྟར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྤང་བར་བྱའོ། །འདིས་སྤང་བར་བྱའོ། །འདི་ལྟར་སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ། །འདིས་སྡུག་བསྔལ་བ་ཡོངས་སུ་ཤེས་པར་བྱའོ། །འདི་ལྟར་ཀུན་འབྱུང་བ་སྤང་བར་བྱའོ། །འདིས་ཀུན་འབྱུང་བ་སྤང་བར་བྱའོ། །འདི་ལྟར་འགོག་པ་མངོན་སུམ་དུ་ བྱའོ། །འདིས་འགོག་པ་མངོན་སུམ་དུ་བྱའོ། །འདི་ལྟར་ལམ་བསྒོམ་པར་བྱའོ། །འདིས་ལམ་བསྒོམ་པར་བྱའོ། །འདི་ནི་ཀུན་ནས་ཉོན་མོངས་པའོ། །འདི་ནི་རྣམ་པར་བྱང་བའོ། །ཆོས་འདི་དག་ནི་བསྟེན་པར་བྱ་བའོ། །ཆོས་འདི་དག་ནི་བསྟེན་པར་མི་བྱ་བའོ། །འདི་ལ་ནི་བྱང་ཆུབ་ སེམས་དཔས་སྤྱད་པར་བྱའོ། །འདི་ལ་ནི་སྤྱད་པར་མི་བྱའོ། །འདི་ནི་བྱང་ཆུབ་སེམས་དཔའི་ལམ་མོ། །འདི་ནི་ལམ་མ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའི་བསླབ་པའོ། །འདི་ནི་བསླབ་པ་མ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཚུལ་ ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། ། འདི་ནི་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའོ། །འདི་ནི་ཐབས་ལ་མཁས་པ་མ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པའོ། །འདི་ནི་སྐྱོན་ནོ་ཞེས་བྱ་བར་ཆོས་དེ་དག་ལ་མངོན་པར་ཞེན་ཅིང་གནས་ཏེ་ཀུན་ཏུ་ཤེས་ན། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་འཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་ནོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནང་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཕྱི་སྟོང་པ་ཉིད་ལ་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཕྱི་ནང་སྟོང་པ་ཉིད་ལ་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། སྟོང་པ་ཉིད་སྟོང་པ་ཉིད་ལ་ཕྱི་ནང་སྟོང་པ་ཉིད་ ཡང་དག་པར་རྗེས་སུ་མི་མཐོང་། སྟོང་པ་ཉིད་སྟོང་པ་ཉིད་ལ་ཆེན་པོ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཆེན་པོ་སྟོང་པ་ཉིད་ལ་སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཆེན་པོ་སྟོང་པ་ཉིད་ལ་དོན་དམ་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། དོན་དམ་པ་སྟོང་པ་ཉིད་ ལ་ཆེན་པོ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། དོན་དམ་པ་སྟོང་པ་ཉིད་ལ་འདུས་བྱས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། འདུས་བྱས་སྟོང་པ་ཉིད་ལ་དོན་དམ་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། འདུས་བྱས་སྟོང་པ་ཉིད་ལ་འདུས་མ་བྱས་སྟོང་པ་ཉིད་ཡང་དག་པར་རྗེས་ སུ་མི་མཐོང་། འདུས་མ་བྱས་སྟོང་པ་ཉིད་ལ་འདུས་བྱས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། འདུས་མ་བྱས་སྟོང་པ་ཉིད་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་འདུས་མ་བྱས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་ མཐོང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་དོར་བ་མེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། དོར་བ་མེད་པ་སྟོང་པ་ཉིད་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། དོར་བ་མེད་པ་སྟོང་པ་ཉིད་ལ་རང་བཞིན་གྱིས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། རང་བཞིན་གྱིས་སྟོང་པ་ཉིད་ལ་དོར་བ་མེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། རང་བཞིན་གྱིས་སྟོང་པ་ཉིད་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་རང་བཞིན་གྱིས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། རང་གི་ མཚན་ཉིད་སྟོང་པ་ཉིད་ལ་ཆོས་ཐམས་ཅད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་དངོས་པོ་མེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། དངོས་པོ་མེད་པ་སྟོང་པ་ཉིད་ལ་ཆོས་ཐམས་ཅད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། དངོས་པོ་མེད་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ངོ་བོ་ཉིད་སྟོང་པ་ཉིད་ལ་དངོས་པོ་མེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། ངོ་བོ་ཉིད་སྟོང་ པ་ཉིད་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ དེ་ལྟར་སྤྱོད་ན། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སློབ་པས་གཟུགས་ཤེས་པར་བྱ་སྟེ། དེས་རློམ་སེམས་སུ་ཡང་མི་བྱའོ། ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཤེས་པར་བྱ་སྟེ། དེས་རློམ་སེམས་སུ་ཡང་མི་བྱའོ། །མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཤེས་པར་བྱ་སྟེ། དེས་རློམ་སེམས་སུ་ཡང་མི་བྱའོ། །གཟུགས་ དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ཤེས་པར་བྱ་སྟེ། དེས་རློམ་སེམས་སུ་ཡང་མི་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤེས་པར་བྱ་སྟེ། དེས་རློམ་སེམས་སུ་ཡང་མི་བྱའོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་ གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་པར་བྱ་སྟེ། དེ་དག་གིས་རློམ་སེམས་སུ་ཡང་མི་བྱའོ། །བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཤེས་པར་བྱ་སྟེ། དེ་དག་གིས་རློམ་སེམས་སུ་ཡང་མི་བྱའོ། །དེ་བཞིན་ དུ་མངོན་པར་ཤེས་པ་ལྔ་དང་། མིག་ལྔ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་པོ་དག་ཤེས་པར་བྱ་སྟེ། དེ་དག་གིས་རློམ་སེམས་སུ་ཡང་མི་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པས་བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་རློམ་སེམས་སུ་མི་བྱའོ། །མི་མཉམ་པ་ དང་མཉམ་པའི་སེམས་དང་། རླབས་པོ་ཆེའི་སེམས་ཀྱིས་ཀྱང་རློམ་སེམས་སུ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་དེ་སེམས་མ་ཡིན་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའི་ཕྱིར་རོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་སེམས་ཀྱི་རང་བཞིན་འོད་གསལ་བ་གང་ ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་གང་འདོད་ཆགས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ཞེ་སྡང་དང་། གཏི་མུག་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན། ཀུན་ནས་ལྡང་བ་རྣམས་དང་། སྒྲིབ་པ་རྣམས་དང་། བག་ལ་ཉལ་བ་ རྣམས་དང་། ཀུན་ཏུ་སྦྱོར་བ་རྣམས་དང་ལྟ་བར་གྱུར་པ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་རྣམས་དང་ལྡན་པ་ཡང་མ་ཡིན། བྲལ་བ་ཡང་མ་ཡིན་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཀྱི་རང་བཞིན་འོད་གསལ་བའོ། ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་སེམས་གང་ལ་སེམས་མ་ཡིན་ནོ་ཞེས་བྱ་བའི་སེམས་དེ་ཡོད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཅི་གང་སེམས་མ་ཡིན་པ་དེ་ལ་ཡོད་པའམ་མེད་པ་དམིགས་པ་ཡོད་པར་འགྱུར་རམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་ པ་རབ་འབྱོར་དེ་ནི་མེད་དོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་སེམས་མ་ཡིན་པ་དེ་ལ་ཡོད་པའམ་མེད་པ་མེད་ཅིང་མི་དམིགས་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁྱོད་ཀྱིས་འདི་སྐད་སྨྲས་ཏེ། སེམས་གང་ལ་སེམས་མ་ཡིན་པ་ཞེས་བྱ་བའི་སེམས་དེ་ཡོད་དམ་ཞེས་བརྒལ་ ཞིང་བརྟག་པ་འདི་ཇི་ག་རིགས་སམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་སེམས་མ་ཡིན་པ་དེ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་མ་ཡིན་པ་ནི་འགྱུར་བ་མེད་ཅིང་རྣམ་པར་མི་རྟོག་པ་སྟེ། དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ། འདི་ནི་སེམས་མ་ཡིན་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་སེམས་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ་གཟུགས་ཀྱང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་ དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། ཇི་ལྟར་སེམས་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱང་འགྱུར་ བ་མེད་ཅིང་རྣམ་པར་རྟོག་པ་མེད་དམ། དེ་བཞིན་དུ་རྣ་བའི་ཁམས་དང་། སྣའི་ཁམས་དང་། ལྕེའི་ཁམས་དང་། ལུས་ཀྱི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དམ། དེ་བཞིན་དུ་སྐྱེ་མཆེད་ རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། མི་འཇིགས་ པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སྟོབས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ། ཇི་ལྟར་སེམས་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་དང་། མངོན་པར་ཤེས་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ལེགས་སོ་ལེགས་སོ། །འདི་ལྟ་སྟེ་ཁྱོད་ནི་བཅོམ་ལྡན་ འདས་ཀྱི་སྲས་ཐུགས་ལས་སྐྱེས་པ། ཞལ་ནས་སྐྱེས་པ། ཆོས་ལས་སྐྱེས་པ། ཆོས་ཀྱིས་སྤྲུལ་པ། ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ། ཟང་ཟིང་གི་བགོ་སྐལ་ལ་སྤྱོད་པ་མ་ཡིན་པ། ཆོས་རྣམས་ལ་མངོན་སུམ་གྱི་མིག་དང་ལྡན་པ་ལུས་མངོན་སུམ་དུ་གྱུར་པ་སྟེ་ཉན་ཐོས་ ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བསྟན་པ་འདིའང་དེའི་ཚུལ་དང་འདྲའོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་བསླབ་པར་བྱའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ཡང་འདི་ལས་ཡོངས་སུ་ཤེས་པར་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱའོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་བསྒྲིམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་སངས་རྒྱས་ཀྱི་ ས་དང་། བྱང་ཆུབ་སེམས་དཔའི་ས་དང་། སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་བསྒྲིམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱའོ། །དེ་ཅིའི་ཕྱིར་ ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱིས་གང་དག་ལ་བསླབ་པར་བྱ་བའི་ཐེག་པ་གསུམ་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རྒྱ་ཆེར་བསྟན་པའི་ཕྱིར་རོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། སྐྱོན་མེད་པ་ལ་འཇུག་པའི་ལེའུ་ཞེས་བྱ་སྟེ། བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་བྱང་ཆུབ་སེམས་དཔའ་ དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི། བཅོམ་ལྡན་འདས་བདག་གིས་དངོས་པོ་མ་འཚལ་མ་དམིགས་ཡང་ དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་བདག་གིས་དངོས་པོ་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་བཞིན་དུ་ཆོས་གང་གིས་ཆོས་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི་སྟེ། འདི་ཉིད་བདག་གི་འགྱོད་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ འདི་ལྟར་བདག་གིས་ཆོས་ཐམས་ཅད་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་བགྱི་བའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བའི་མིང་ཙམ་གྱིས་ཇི་ལྟར་འཕེལ་བ་དང་འགྲིབ་པར་བགྱི་སྟེ། འདི་ཉིད་བདག་གི་འགྱོད་པར་ འགྱུར་ལགས་སོ། །བཅོམ་ལྡན་འདས་མིང་དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་བདག་གིས་གཟུགས་ཀྱི་འཕེལ་ བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་ གདགས་པར་བགྱི། བཅོམ་ལྡན་འདས་རྣམ་གྲངས་དེས་ན་མིང་དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས་ཐུག་པ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ བདག་གིས་མིག་གི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་ དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་ཇི་ལྟར་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས་གཟུགས་ཀྱི་མིང་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་མིང་དེ་དག་ནི་གནས་པ་མ་མཆིས་ཐུག་པ་མ་མཆིས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་དག་མ་མཆིས་པས་དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས་པ་ལགས་ སོ། །བཅོམ་ལྡན་འདས་བདག་གིས་མིག་གི་རྣམ་པར་ཤེས་པའི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་འཕེལ་བ་དང་འགྲིབ་པ་མ་དམིགས་ ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་བདག་གིས་མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་བཞིན་དུ། ཇི་ལྟར་བྱང་ཆུབ་སེམས་དཔའ་ཞེས་མིང་དུ་ གདགས་པར་བགྱི། བཅོམ་ལྡན་འདས་མིང་གང་ལགས་པ་དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་བདག་གིས་ མིག་གི་འདུས་ཏེ་རེག་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་སའི་ཁམས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་མ་རིག་པའི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤིའི་ འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་ཀུན་ནས་ལྡང་བ་རྣམས་དང་། སྒྲིབ་ པ་རྣམས་དང་། བག་ལ་ཉལ་བ་རྣམས་དང་། ཀུན་ཏུ་སྦྱོར་བ་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་ འདས་བདག་གིས་བདག་གི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། སྐྱེ་བ་པོ་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་རྣམས་ཀྱི་འཕེལ་བ་དང་། འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་ འདས་བདག་གིས་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་སྟོང་པ་ཉིད་ཐམས་ཅད་ཀྱི་འཕེལ་བ་དང་འགྲིབ་པ་མ་ དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་དེ་བཞིན་དུ་བདག་གིས་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་ དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་འཕེལ་བ་དང་། འགྲིབ་པ་མ་ དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་པོ་དག་གི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་ སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་དང་། ལུས་སུ་གཏོགས་པ་རྗེས་སུ་དྲན་པ་དང་། སྐྱོ་བ་རྗེས་སུ་དྲན་པ་དང་། དབུགས་རྔུབ་པ་དང་། འབྱུང་བ་རྗེས་སུ་དྲན་པ་དང་། འཆི་བ་རྗེས་སུ་དྲན་པའི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་མིག་ལྔ་དང་། མངོན་པར་ཤེས་པ་དྲུག་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མིང་དུ་གདགས་པར་བགྱི། བཅོམ་ལྡན་འདས་མིང་དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་བདག་གིས་རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་གི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་སྒྱུ་ མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། བྲག་ཅ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། གཟུགས་བརྙན་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཕུང་པོ་ལྔ་པོ་དག་གི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་ དབེན་པ་དང་། ཞི་བ་དང་། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། འབྱུང་བ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་དང་། ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པའི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་ པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་ གྱིས་མི་ཁྱབ་པའི་དབྱིངས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་དེ་བཞིན་དུ་བདག་གིས་དགེ་བ་དང་། མི་དགེ་བ་རྣམས་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མ་མཆིས་པ་རྣམས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མ་མཆིས་པ་རྣམས་དང་། ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མ་མཆིས་པ་རྣམས་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་རྣམས་དང་། འདུས་བྱས་དང་། འདུས་མ་བྱས་རྣམས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ རྣམས་དང་། འཁོར་བ་པ་རྣམས་དང་། མྱ་ངན་ལས་འདས་པའི་ཆོས་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་ མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་བཞུགས་པ་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་། བཅོམ་ལྡན་འདས་བདག་གིས་ལྷོ་དང་། ནུབ་ དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ ཆུབ་སེམས་དཔའི་ཚོགས་དང་བཅས་པ་བཞུགས་པ་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི། བཅོམ་ལྡན་འདས་མིང་དེ་ཡང་གནས་པ་མ་ མཆིས། ཐུག་པ་མ་མཆིས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས་ཐུག་པ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟར་བདག་གིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་ རྗེས་སུ་མ་མཐོང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་མིང་ཡང་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི། བཅོམ་ལྡན་འདས་དེ་བཞིན་ཉིད་ཀྱི་མིང་དེ་ཡང་གནས་པ་མ་ མཆིས་ཐུག་པ་མ་མཆིས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། གང་ཡང་བྱང་ཆུབ་སེམས་དཔའ་ཞེས་ཆོས་ཉིད་ཀྱི་བརྡར་གདགས་པ་དེ་ཡང་ཕུང་པོ་རྣམས་ སམ། ཁམས་རྣམས་སམ། སྐྱེ་མཆེད་རྣམས་སམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་གང་དུ་ཡང་བརྗོད་དུ་མ་མཆིས་ཏེ། ཆོས་སུ་གདགས་པ་ཙམ་དུ་བས་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། རྨི་ལམ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་ པ་ལགས་སོ། །སྒྱུ་མ་དང་། བྲག་ཅ་དང་། མིག་ཡོར་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། སྤྲུལ་པ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་པ་ལགས་སོ། །ནམ་མཁའ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་པ་ལགས་སོ། །དེ་བཞིན་དུ་ས་དང་། ཆུ་ དང་། མེ་དང་། རླུང་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་པ་ལགས་སོ། །འདི་ལྟ་སྟེ། དེ་བཞིན་ཉིད་ཅེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་པ་ལགས་སོ། །མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་པ་ལགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་ དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་པ་ལགས་སོ། །ཚུལ་ཁྲིམས་ཞེས་བགྱི་བ་དང་། ཏིང་ངེ་འཛིན་ཅེས་བགྱི་བ་དང་། ཤེས་རབ་ཅེས་བགྱི་བ་དང་། རྣམ་པར་གྲོལ་བ་ཞེས་བགྱི་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཞེས་བགྱི་བའི་ མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་པ་ལགས་སོ། །རྒྱུན་དུ་ཞུགས་པ་ཞེས་བགྱི་བའི་མིང་ནི་གང་གིས་ཀྱང་བརྗོད་དུ་མ་མཆིས་པ་ལགས་སོ། །རྒྱུན་དུ་ཞུགས་པའི་ཆོས་རྣམས་ཞེས་བགྱི་བའི་མིང་དང་། ལན་ཅིག་ཕྱིར་འོང་བ་ཞེས་བགྱི་བ་དང་། ཕྱིར་མི་འོང་བ་ཞེས་བགྱི་བ་དང་། དགྲ་བཅོམ་པ་ཞེས་བགྱི་བ་དང་། རང་སངས་རྒྱས་ཞེས་བགྱི་བ་དང་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་ཞེས་བགྱི་བའི་མིང་དང་། སངས་རྒྱས་ཞེས་བགྱི་བའི་མིང་དང་། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བགྱི་བའི་ མིང་ནི་དགེ་བའམ། མི་དགེ་བའམ། ལུང་བསྟན་དུ་མཆིས་པའམ། ལུང་དུ་མ་བསྟན་པའམ། ཁ་ན་མ་ཐོ་བ་དང་བཅས་པའམ། ཁ་ན་མ་ཐོ་བ་མ་མཆིས་པའམ། རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་གམ། བདག་ མ་མཆིས་པའམ། ཞི་བའམ། མ་ཞི་བའམ། དབེན་པའམ། མི་དབེན་པའམ། དངོས་པོའམ། དངོས་པོ་མ་མཆིས་པ་གང་གིས་ཀྱང་བརྗོད་དུ་མ་མཆིས་ཏེ། བཅོམ་ལྡན་འདས་བདག་གིས་དོན་གྱི་དབང་འདི་མཐོང་བས་འདི་སྐད་དུ་བདག་གིས་ཆོས་ཐམས་ཅད་ཀྱི་ འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་བཞིན་དུ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བར་མིང་དུ་གདགས་པ་ནི་བདག་གིས་འགྱོད་པར་འགྱུར་བ་ལགས་སོ་ཞེས་གསོལ་ཏོ། །བཅོམ་ ལྡན་འདས་མིང་དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས། དེ་ལྟར་ན་མིང་དེ་གནས་པ་མ་མཆིས། ཐུག་པ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་བརྗོད་པའི་ཚེ། སེམས་ཞུམ་པར་མི་འགྱུར། ཀུན་ཏུ་ཞུམ་པར་མི་འགྱུར་ལ་འགྱོད་པར་མི་འགྱུར་ཞིང་། མི་སྐྲག །མི་དངང་ལ། དངང་བར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མི་ལྡོག་པའི་ས་ལ་མི་གནས་པའི་ཚུལ་གྱིས་གནས་ནས་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་རིག་པར་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་ལ་གནས་པར་མི་བགྱིའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །དེས་མིག་ལ་གནས་པར་མི་བགྱིའོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་གནས་པར་མི་བགྱིའོ། །དེས་གཟུགས་ལ་གནས་པར་མི་བགྱིའོ། །སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ལ་གནས་པར་ མི་བགྱིའོ། །དེས་མིག་གི་རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །དེས་མིག་གི་འདུས་ཏེ་རེག་པ་ལ་གནས་པར་མི་བགྱིའོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ ལ་གནས་པར་མི་བགྱིའོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལ་གནས་པར་མི་བགྱིའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས་པར་མི་བགྱིའོ། །དེས་སའི་ཁམས་ལ་གནས་པར་མི་བགྱིའོ། །ཆུའི་ཁམས་དང་། མེའི་ ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ལ་གནས་པར་མི་བགྱིའོ། །དེས་མ་རིག་པ་ལ་གནས་པར་མི་བགྱིའོ། །འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་ལ་གནས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་ཞིང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ ཤེས་པས་སྟོང་པའི་སླད་དུའོ། །བཅོམ་ལྡན་འདས་གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་གཟུགས་མ་ལགས་ལ། གཟུགས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་ལགས། སྟོང་པ་ཉིད་ཀྱང་གཟུགས་ལགས་སོ། །བཅོམ་ལྡན་འདས་ཚོར་བའི་སྟོང་ པ་ཉིད་གང་ལགས་པ་དེ་ཚོར་བ་མ་ལགས་ལ། ཚོར་བ་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། ཚོར་བ་ཉིད་ཀྱང་སྟོང་པ་ཉིད་ལགས། སྟོང་པ་ཉིད་ཀྱང་ཚོར་བ་ལགས་སོ། །བཅོམ་ལྡན་འདས་འདུ་ཤེས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་འདུ་ཤེས་མ་ལགས་ལ། འདུ་ཤེས་ལས་གུད་ ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། འདུ་ཤེས་ཉིད་ཀྱང་སྟོང་པ་ཉིད་ལགས། སྟོང་པ་ཉིད་ཀྱང་འདུ་ཤེས་ལགས་སོ། །བཅོམ་ལྡན་འདས་འདུ་བྱེད་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་འདུ་བྱེད་རྣམས་མ་ལགས་ལ། འདུ་བྱེད་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ ཏེ། འདུ་བྱེད་རྣམས་ཉིད་ཀྱང་སྟོང་པ་ཉིད་ལགས། སྟོང་པ་ཉིད་ཀྱང་འདུ་བྱེད་རྣམས་ལགས་སོ། །བཅོམ་ལྡན་འདས་རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ལགས་པ་དེ་རྣམ་པར་ཤེས་པ་མ་ལགས་ལ། རྣམ་པར་ཤེས་པ་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་ པ་ཉིད་ཀྱང་སྟོང་པ་ཉིད་ལགས། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ་ལགས་སོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་ལ་གནས་པར་མི་བགྱིའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་ བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །ཁམས་དང་། སྐྱེ་མཆེད་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །སའི་ཁམས་ནི་སའི་ཁམས་ཀྱིས་སྟོང་སྟེ། སའི་ཁམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་སའི་ཁམས་མ་ལགས་ལ། སའི་ཁམས་ལས་གུད་ ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། སའི་ཁམས་ཉིད་ཀྱང་སྟོང་པ་ཉིད་ལགས། སྟོང་པ་ཉིད་ཀྱང་སའི་ཁམས་ལགས་སོ། །ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ནི་རྣམ་པར་ཤེས་པའི་ཁམས་ཀྱིས་ སྟོང་སྟེ། རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་རྣམ་པར་ཤེས་པའི་ཁམས་མ་ལགས་ལ། རྣམ་པར་ཤེས་པའི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་སྟོང་པ་ཉིད་ལགས། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའི་ཁམས་ ལགས་སོ། །མ་རིག་པ་ནི་མ་རིག་པས་སྟོང་སྟེ། མ་རིག་པའི་སྟོང་པ་ཉིད་གང་ལགས་པ་དེ་མ་རིག་པ་མ་ལགས་ལ། མ་རིག་པ་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། མ་རིག་པ་ཉིད་ཀྱང་སྟོང་པ་ཉིད་ལགས། སྟོང་པ་ཉིད་ཀྱང་མ་རིག་པ་ལགས་སོ། །འདུ་བྱེད་དང་། རྣམ་པར་ ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་ནི་རྒ་ཤིས་སྟོང་སྟེ། རྒ་ཤིའི་སྟོང་པ་ཉིད་གང་ལགས་པ་དེ་རྒ་ཤི་མ་ལགས་ལ། རྒ་ཤི་ལས་གུད་ན་ཡང་སྟོང་པ་ཉིད་ མ་མཆིས་ཏེ། རྒ་ཤི་ཉིད་ཀྱང་སྟོང་པ་ཉིད་ལགས། སྟོང་པ་ཉིད་ཀྱང་རྒ་ཤི་ལགས་སོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། མ་རིག་པ་དང་རྒ་ཤིའི་བར་ལ་གནས་པར་མི་བགྱིའོ། ། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ནི་དྲན་པ་ཉེ་ བར་གཞག་པས་སྟོང་སྟེ། བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་དྲན་པ་ཉེ་བར་གཞག་པ་རྣམས་མ་ལགས་ལ། དྲན་པ་ཉེ་བར་གཞག་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་ཉིད་ཀྱང་སྟོང་པ་ ཉིད་ལགས། སྟོང་པ་ཉིད་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས་པར་མི་བགྱིའོ། །དེ་བཞིན་ དུ་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་ དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པ་དང་། མངོན་པར་ཤེས་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གནས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པས་སྟོང་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ལགས་ལ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཉིད་ཀྱང་སྟོང་པ་ཉིད་ལགས། སྟོང་པ་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལགས་པའི་སླད་དུའོ། །བཅོམ་ ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་སྟེ། བཅོམ་ལྡན་འདས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ལགས་ པ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ལགས་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད་ལགས། སྟོང་པ་ཉིད་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལགས་པའི་སླད་དུའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པས་སྟོང་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་སྟོང་པ་ཉིད་ལགས། སྟོང་ པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཡི་གེ་རྣམས་ལ་གནས་པར་མི་བགྱིའོ། །ཡི་གེ་མངོན་པར་བསྒྲུབ་པ་རྣམས་ལ་གནས་པར་མི་བགྱིའོ། །གཅིག་བརྗོད་པ་དང་། གཉིས་བརྗོད་པ་དང་། ཐ་དད་པ་བརྗོད་པ་ ལ་གནས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཡི་གེ་རྣམས་ནི་ཡི་གེ་རྣམས་ཀྱིས་སྟོང་སྟེ། བཅོམ་ལྡན་འདས་ཡི་གེ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡི་གེ་རྣམས་མ་ལགས་ལ། ཡི་གེ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། ཡི་གེ་རྣམས་ ཉིད་ཀྱང་སྟོང་པ་ཉིད་ལགས། སྟོང་པ་ཉིད་ཀྱང་ཡི་གེ་རྣམས་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཡི་གེ་རྣམས་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་གཞན་ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གཟུགས་མི་རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱིའོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ལྟར་གཟུགས་མི་རྟག་པ་ནི་གཟུགས་མི་རྟག་པའི་ངོ་བོ་ཉིད་ཀྱིས་སྟོང་སྟེ། མི་རྟག་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་མི་རྟག་པ་ཉིད་མ་ལགས་ལ། སྟོང་པ་ཉིད་ལས་གུད་ན་ཡང་མི་རྟག་པ་ཉིད་མ་མཆིས་ཏེ། མི་རྟག་པ་ཉིད་ཀྱང་སྟོང་པ་ཉིད་ལགས། སྟོང་པ་ཉིད་ཀྱང་མི་རྟག་པ་ཉིད་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གཟུགས་མི་རྟག་ཅེས་བགྱི་བར་གནས་པར་མི་བགྱིའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་རྟག་ཅེས་བགྱི་བར་གནས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྣམ་པར་ཤེས་པ་མི་རྟག་པ་ནི་རྣམ་པར་ཤེས་པ་མི་རྟག་པའི་ངོ་བོ་ཉིད་ཀྱིས་སྟོང་སྟེ། མི་རྟག་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་མི་རྟག་པ་ཉིད་མ་ ལགས་ལ། སྟོང་པ་ཉིད་ལས་གུད་ན་ཡང་མི་རྟག་པ་ཉིད་མ་མཆིས་ཏེ། མི་རྟག་པ་ཉིད་ཀྱང་སྟོང་པ་ཉིད་ལགས། སྟོང་པ་ཉིད་ཀྱང་མི་རྟག་པ་ཉིད་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པས་རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ། །དེ་བཞིན་དུ་གཟུགས་སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་དང་། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། དབེན་པ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་དང་། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། དབེན་པ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་རྣམ་པར་ཤེས་པའི་ དབེན་པ་ནི་རྣམ་པར་ཤེས་པའི་དབེན་པས་སྟོང་སྟེ། རྣམ་པར་ཤེས་པའི་དབེན་པ་ཉིད་གང་ལགས་པ་དེ་རྣམ་པར་ཤེས་པ་མ་ལགས་ལ། རྣམ་པར་ཤེས་པ་ལས་གུད་ན་ཡང་དབེན་པ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་དབེན་པ་ཉིད་ལགས་དབེན་པ་ཉིད་ཀྱང་རྣམ་པར་ཤེས་པ་ལགས་ པའི་སླད་དུའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། རྣམ་པར་ཤེས་པ་དབེན་པ་ཞེས་བགྱི་བར་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དེ་བཞིན་ཉིད་ལ་གནས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱིས་སྟོང་སྟེ། བཅོམ་ལྡན་འདས་དེ་བཞིན་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་དེ་བཞིན་ཉིད་མ་ལགས་ལ། སྟོང་ པ་ཉིད་ལས་གུད་ན་ཡང་དེ་བཞིན་ཉིད་མ་མཆིས་ཏེ། དེ་བཞིན་ཉིད་ཀྱང་སྟོང་པ་ཉིད་ལགས། སྟོང་པ་ཉིད་ཀྱང་དེ་བཞིན་ཉིད་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དེ་བཞིན་ ཉིད་ལ་གནས་པར་མི་བགྱིའོ། །དེ་བཞིན་དུ་ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པས་གཟུངས་ཀྱི་སྒོ་ཐམས་ཅད་ལ་གནས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་གཟུངས་ཀྱི་སྒོ་ནི་གཟུངས་ཀྱི་སྒོས་སྟོང་སྟེ། བཅོམ་ལྡན་འདས་གཟུངས་ཀྱི་སྒོའི་སྟོང་པ་ཉིད་གང་ལགས་པ་དེ་གཟུངས་ཀྱི་སྒོ་མ་ལགས་ལ། སྟོང་པ་ཉིད་ལས་གུད་ན་ཡང་གཟུངས་ཀྱི་ སྒོ་མ་མཆིས་ཏེ། གཟུངས་ཀྱི་སྒོ་ཉིད་ཀྱང་སྟོང་པ་ཉིད་ལགས། སྟོང་པ་ཉིད་ཀྱང་གཟུངས་ཀྱི་སྒོ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གཟུངས་ཀྱི་སྒོ་ཐམས་ ཅད་ལ་གནས་པར་མི་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མི་མཁས་པས་གལ་ཏེ་ངར་འཛིན་པ་དང་། ང་ཡིར་འཛིན་པར་ལྷུང་བའི་ཡིད་ཀྱིས་གཟུགས་ལ་གནས་ན། དེ་གཟུགས་མངོན་ པར་འདུ་བགྱི་བ་ལ་སྤྱོད་པ་ལགས་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །གལ་ཏེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་གནས་ན། དེ་རྣམ་པར་ཤེས་པ་མངོན་པར་འདུ་བགྱི་བ་ལ་སྤྱོད་པ་ལགས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་མ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་མ་ལགས། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པ་མ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་མི་འགྱུར་བའི་སླད་དུའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མི་མཁས་པས། གལ་ཏེ་ངར་འཛིན་པ་དང་། ང་ཡིར་འཛིན་པར་ལྷུང་བའི་ཡིད་ཀྱིས་གཟུངས་ཀྱི་སྒོ་རྣམས་ལ་གནས་ན། དེ་མངོན་པར་འདུ་བགྱི་བ་ལ་སྤྱོད་པ་ལགས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་མ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་མ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པ་ མ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་མི་འགྱུར་བའི་སླད་དུའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མི་མཁས་པས་ གལ་ཏེ་ངར་འཛིན་པ་དང་། ང་ཡིར་འཛིན་པར་ལྷུང་བའི་ཡིད་ཀྱིས་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་ལ་ གནས་ན། དེ་མངོན་པར་འདུ་བགྱི་བ་ལ་སྤྱོད་པ་ལགས་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་འདུ་བགྱི་བ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་མ་ལགས། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་མ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལ་སྙོམས་པར་འཇུག་པ་མ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མ་གྱུར་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་མི་འགྱུར་བའི་སླད་དུའོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་ཡོངས་སུ་བཟུང་བ་མ་མཆིས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། གཟུགས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་རང་ བཞིན་གྱིས་སྟོང་པ་ཉིད་ལགས་པས། གཟུགས་མ་ལགས་ཤིང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ། རང་བཞིན་གྱིས་སྟོང་པ་ཉིད་ལགས་པས་རྣམ་པར་ཤེས་པ་མ་ལགས་པའི་སླད་དུའོ། ། ཡང་དག་པའི་མཐའི་བར་ནི་ཡོངས་སུ་བཟུང་བ་མ་མཆིས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཡང་དག་པའི་མཐའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེའི་རང་བཞིན་གྱིས་སྟོང་པ་ཉིད་ལགས་པས་ཡང་དག་པའི་མཐའ་མ་ལགས་པའི་སླད་དུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཡོངས་སུ་བཟུང་བ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་བརྟག་པར་བགྱི་སྟེ། ཅི་ནས་ཆོས་གང་ལ་ཡང་ ཡིད་རྣམ་པར་རྒྱུ་བར་མི་འགྱུར་བ་དེ་ལྟར་ཡོངས་སུ་བརྟག་པར་བགྱིའོ། །བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བ་ཞེས་བགྱི་སྟེ། རྒྱ་ཆེ་བ་ཕུལ་དུ་བགྱི་བ། ཚད་མ་མཆིས་པ། དེས་པ་ མི་འཕྲོགས་པ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པ་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་ལགས་སོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དེ་ཡང་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་ས