Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 029_ཁྲི་བརྒྱད།_ཀ

Văn bản gốc(Tây Tạng)

Trang 9 / 19 (50.000 ký tự/trang)
ས་
དཔའ་ཆེན་པོ་མི་དམིགས་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་པ་ཞེས་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་
གནས་པ་ཡང་དེ་བཞིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ལ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མི་དམིགས། བྱང་ཆུབ་སེམས་དཔའ་
ཡང་མི་དམིགས། ཡིད་ལ་བྱེད་པ་ཡང་མི་དམིགས་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་པ་ཞེས་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་མ་འདྲེས་པས་བསྒོམ་པ་རྣམ་པར་གཞིག་པའི་ཕྱིར་ནང་སྟོང་པ་ཉིད་སྒོམ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་མ་འདྲིས་པ་དག་གིས་བསྒོམ་པ་

རྣམ་པར་གཞིག་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྒོམ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྒོམ་མོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་བྱའོ། །ཚེ་དང་ལྡན་
པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་མ་འདྲེས་པ་དག་གིས་བསྒོམ་པ་རྣམ་པར་གཞིག་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྒོམ་མོ། །
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་མ་འདྲེས་པ་དག་གིས་བསྒོམ་པ་རྣམ་པར་གཞིག་པའི་ཕྱིར་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་སྒོམ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་
ལྡན་པའི་སེམས་མ་འདྲེས་པ་དག་གིས་བསྒོམ་པ་རྣམ་པར་གཞིག་པའི་ཕྱིར་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་སྒོམ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྒོམ་མོ། །ཚེ་དང་
ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་གྱི་ཁམས་དམིགས་སུ་མེད་པའི་ཕྱིར། འདི་ལྟ་སྟེ། བྱང་ཆུབ་
སེམས་དཔའ་ཞེས་བྱ་བ་དེ་ནི་ཐ་སྙད་ཙམ་དུ་ཟད་པར་ཤེས་སོ། །གཟུགས་དམིགས་སུ་མེད་པའི་ཕྱིར། འདི་ལྟ་སྟེ། གཟུགས་ཞེས་བྱ་བ་དེ་ཡང་མིང་ཙམ་དུ་ཟད་དོ། །རྣམ་པར་ཤེས་པའི་བར་དུ་དམིགས་སུ་མེད་པའི་ཕྱིར། འདི་ལྟ་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་
བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་མིང་ཙམ་དུ་ཟད་དོ། །མིག་དམིགས་སུ་མེད་པའི་ཕྱིར། འདི་ལྟ་སྟེ། མིག་ཅེས་བྱ་བ་དེ་ནི་མིང་ཙམ་དུ་ཟད་དོ། །ཡིད་དམིགས་སུ་མེད་པའི་ཕྱིར། འདི་ལྟ་སྟེ། ཡིད་ཅེས་བྱ་བའི་བར་དེ་ནི་མིང་ཙམ་དུ་ཟད་དོ། །ཁམས་རྣམས་དང་

སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱང་དེ་བཞིན་ནོ། །
ནང་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར། འདི་ལྟ་སྟེ། ནང་སྟོང་པ་ཉིད་ཅེས་བྱ་བ་དེ་ནི་མིང་ཙམ་དུ་ཟད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དེ་ནི་མིང་ཙམ་དུ་ཟད་དོ། །སངས་རྒྱས་ཀྱི་ཆོས་དམིགས་
སུ་མེད་པའི་ཕྱིར། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བ་དེ་ནི་མིང་ཙམ་དུ་ཟད་དོ། །ཡང་དག་པའི་མཐའ་དམིགས་སུ་མེད་པའི་ཕྱིར། འདི་ལྟ་སྟེ། དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་ཞེས་བྱ་བ་དེ་
ནི་མིང་ཙམ་དུ་ཟད་དོ། །སངས་རྒྱས་དམིགས་སུ་མེད་པའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་དང་། སངས་རྒྱས་ཞེས་བྱ་བ་དེ་ནི་མིང་ཙམ་དུ་ཟད་དོ་ཞེས་བྱ་བར་ཤེས་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་
ཞེས་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པའི་ཕྱིར་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་
རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །སངས་རྒྱས་ཀྱི་ཞིང་དང་། སངས་རྒྱས་ཀྱི་ཞིང་ན་གང་ལ་གང་འོས་པའི་མཆོད་པ་དང་། རིམ་གྲོ་བྱ་བ་དག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྟི་སྟང་དུ་བྱེད་དོ། །བླ་མར་བྱེད་དོ། །རི་མོར་བྱེད་དོ། །མཆོད་པ་བྱེད་
དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་འདི་ལྟ་སྟེ། ཐེག་པ་ཆེན་པོ་འདི་ཉིད་ཀྱི་ཆོས་ཉན་ཏོ། །དེ་ཐེག་པ་ཆེན་པོ་དེ་ལ་ཞོན་ཏེ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད། སེམས་ཅན་རྣམས་ཀྱང་

ཡོངས་སུ་སྨིན་པར་བྱེད་ལ། དེ་ལ་སངས་རྒྱས་ཀྱི་ཞིང་གི་འདུ་ཤེས་ཀྱང་མི་འབྱུང་། སེམས་ཅན་གྱི་འདུ་ཤེས་ཀྱང་མི་འབྱུང་ངོ་། །དེ་གཉིས་སུ་མེད་པའི་ས་ལ་གནས་ཏེ། ལུས་ཅི་ལྟ་བུས་སེམས་ཅན་རྣམས་ཀྱི་དོན་བྱེད་ནུས་པ་དེ་ལྟ་བུའི་ལུས་བསམས་བཞིན་དུ་ཡོངས་སུ་འཛིན་ཏོ། །
དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་གྱུར་གྱི་བར་དུ་ནམ་ཡང་ཐེག་པ་དེ་དང་བྲལ་བར་མི་འགྱུར་རོ། །དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་
མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དང་བཅས་པའི་འཇིག་རྟེན་གྱིས་བསྐོར་བར་མི་ནུས་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན། ཤར་
ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དག་ཀྱང་དེའི་བསྔགས་པ་རྗོད་དེ། འཇིག་རྟེན་གྱི་ཁམས་རབ་འབྱམ་ག་གེ་མོ་ཞེས་བྱ་བ་ཞིག་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ཞེས་བྱ་བ་ཞིག་ཐེག་པ་
ཆེན་པོ་ལ་ཞོན་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་སྙན་པ་སྒྲོགས་ཤིང་དབྱངས་རྗོད་པ་མཛད་དོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་
ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དེའི་བསྔགས་པ་རྗོད་དེ། འཇིག་རྟེན་གྱི་ཁམས་ག་གེ་མོ་ཞེས་བྱ་བ་ཞིག་ན་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་འདི་ཞེས་བྱ་བ་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་སྙན་པ་སྒྲོགས་ཤིང་དབྱངས་རྗོད་པ་མཛད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལེའུ་ཞེས་བྱ་སྟེ་བཅུ་གསུམ་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་
པོ་བཅུ་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གོ་ཆ་ཆེན་པོ་བགོས། གོ་ཆ་ཆེན་པོ་བགོས་ཞེས་བགྱི་ན། བཅོམ་ལྡན་འདས་ཅི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་
པོ་བགོས་ཞེས་བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོའི་གོ་ཆ་བགོས་པ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་
ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་བགོས། དྲན་པ་ཉེ་བར་གཞག་པའི་གོ་ཆ་བགོས། ཡང་དག་པའི་སྤོང་བ་དང་། རྫུ་འཕྲུལ་གྱི་
རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱི་གོ་ཆ་བགོས། ནང་སྟོང་པ་ཉིད་ཀྱི་གོ་ཆ་བགོས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་གོ་ཆ་བགོས། སྟོབས་ཀྱི་གོ་ཆ་བགོས། མི་འཇིགས་པའི་གོ་ཆ་བགོས། སོ་སོ་ཡང་
དག་པར་རིག་པའི་གོ་ཆ་བགོས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་གོ་ཆ་བགོས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་ཆ་བགོས། སངས་རྒྱས་ཀྱི་སྐུའི་གོ་ཆ་བགོས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བས་ཁྱབ་པར་བྱེད་ཅིང་གཡོ་བར་ཡང་
བྱེད་དེ། སེམས་ཅན་དམྱལ་བ་ཐམས་ཅད་ཀྱི་གནས་རྣམས་སུ་མེ་རབ་ཏུ་ཞི་བར་བྱས་ནས། སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་རྣམས་རབ་ཏུ་ཞི་བར་བྱས་ཏེ། སེམས་ཅན་དེ་དག་ལ་སྡུག་བསྔལ་རྣམས་ཞི་བར་རིག་པར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་དེ་

འདི་སྐད་ཅེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་རྗོད་ཅིང་དབྱངས་སྒྲོག་གོ། །དེ་ནས་སེམས་ཅན་དམྱལ་བ་པ་དེ་དག་གིས་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས་བདེ་བ་དང་། ཡིད་བདེ་བ་ཐོབ་སྟེ། བདེ་བ་དང་། ཡིད་
བདེ་བ་དེ་ཉིད་ཀྱིས་སེམས་ཅན་དམྱལ་བ་དེ་དག་ནས་བྱུང་ནས། གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཏེ་མཐོང་ཞིང་མཉེས་པར་བྱར་ཡོད་པ་དང་། ལྷ་དང་མིར་སྐྱེ་བར་འགྱུར་བའི་འཇིག་རྟེན་གྱི་ཁམས་དེ་དང་དེར་སྐྱེའོ། །དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་དང་།
གཤིན་རྗེའི་འཇིག་རྟེན་ནས་སེམས་ཅན་རྣམས་བྱུང་ནས། གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པ་དེ་དང་དེར་སྐྱེའོ། །དེ་བཞིན་དུ་ཤར་དང་། ལྷོ་དང་། ནུབ་དང་། བྱང་ཕྱོགས་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་།
འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་སྣང་བས་ཁྱབ་པར་བྱེད་ཅིང་། རྣམ་པ་དྲུག་ཏུ་གཡོ་བར་ཡང་བྱེད་དེ། སེམས་ཅན་དམྱལ་བ་ཐམས་ཅད་ཀྱི་གནས་རྣམས་སུ་མེ་རབ་ཏུ་ཞི་བར་བྱས་ནས། སེམས་ཅན་དམྱལ་བ་པའི་སེམས་ཅན་
རྣམས་ཀྱི་སྡུག་བསྔལ་རྣམས་རབ་ཏུ་ཞི་བར་བྱས་ཏེ། སེམས་ཅན་དེ་དག་ལ་སྡུག་བསྔལ་རྣམས་ཞི་བར་རིག་པར་བྱེད་ཅིང་། བྱང་ཆུབ་སེམས་དཔའ་དེ་འདི་སྐད་ཅེས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་བྱ་བའི་
སྒྲ་རྗོད་ཅིང་དབྱངས་སྒྲོག་གོ། །དེ་ནས་སེམས་ཅན་དམྱལ་བ་པ་དེ་དག་གིས་སངས་རྒྱས་ཀྱི་སྒྲ་དེ་ཐོས་ནས་བདེ་བ་དང་། ཡིད་བདེ་བ་ཐོབ་སྟེ། བདེ་བ་དང་། ཡིད་བདེ་བ་དེ་ཉིད་ཀྱིས་སེམས་ཅན་དམྱལ་བ་དེ་དག་ནས་བྱུང་ནས། གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་
རྣམས་བཞུགས་ཏེ། མཐོང་ཞིང་། བསྙེན་བཀུར་བྱར་ཡོད་པ་དང་། ལྷ་དང་མིར་སྐྱེ་བར་འགྱུར་བའི་འཇིག་རྟེན་གྱི་ཁམས་དེ་དང་དེར་སྐྱེའོ། །མིར་སྐྱེས་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་མཉེས་པར་བྱེད་དོ། །དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་རྣམས་དང་། གཤིན་

རྗེའི་འཇིག་རྟེན་རྣམས་ནས་སེམས་ཅན་དེ་དག་ཤི་འཕོས་ཏེ། གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པའི་འཇིག་རྟེན་གྱི་ཁམས་དེ་དང་དེར་སྐྱེའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་
བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་སྐྱེ་བོ་ཕལ་པོ་ཆེའི་མདུན་དུ་སེམས་ཅན་དམྱལ་བ་དག་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་མངོན་པར་སྤྲུལ་ལ། དེས་
མངོན་པར་སྤྲུལ་ནས། སེམས་ཅན་དེ་དག་ལ་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་བསྒྲགས་ཏེ། དེ་ནས་སྤྲུལ་པ་དེ་དག་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དེས་སེམས་ཅན་དམྱལ་བ་དེ་དག་དང་། དུད་འགྲོའི་སྐྱེ་གནས་དང་།
གཤིན་རྗེའི་འཇིག་རྟེན་ནས་བྱུང་བར་གྱུར་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་དེས་སེམས་ཅན་འགའ་ཡང་སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ནས་ཕྱུང་བ་ཡོད་
སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་རྣམས་སུ་སེམས་ཅན་རྣམས་ངན་
འགྲོ་གསུམ་པོ་དག་ལས་ཡོངས་སུ་བཀྲོལ་ཡང་སེམས་ཅན་འགའ་ཡང་ཡོངས་སུ་བཀྲོལ་བར་གྱུར་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན་ཆོས་རྣམས་ཀྱི་ཆོས་ཉིད་འདི་ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། གོ་ཆ་ཆེན་པོ་བགོས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཻ་དཱུརྱའི་རང་བཞིན་དུ་མངོན་པར་སྤྲུལ་ཏེ།

སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བཻ་དཱུརྱའི་རང་བཞིན་དུ་མངོན་པར་སྤྲུལ་ནས། འཁོར་ལོས་སྒྱུར་བའི་བཀོད་པ་མངོན་པར་སྤྲུལ་པ་བྱེད་དོ། །དེས་འཁོར་ལོས་སྒྱུར་བའི་བཀོད་པ་མངོན་པར་སྤྲུལ་ནས། ཟས་འདོད་པ་རྣམས་ལ་ཟས་སྦྱིན་པར་བྱེད་དོ། །དེ་བཞིན་
དུ་བཏུང་བ་དང་། གོས་དང་། བཞོན་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། མེ་ཏོག་དང་། བདུག་པ་དང་། བྱུག་པ་དང་། ཕྱེ་མ་དང་། ཡོ་བྱད་དང་། གནས་དང་། མལ་ཆ་དང་། བགོ་བ་དང་། འཚོ་བའི་ཡོ་བྱད་དང་། རྩི་སྨན་དང་། གསེར་དང་།
དངུལ་དང་། ནོར་བུ་དང་། རིན་པོ་ཆེ་དང་། བྱི་རུ་དང་། དུང་དང་། མན་ཤེལ་དང་། མུ་ཏིག་དང་། རྒྱན་དག་དང་། ཡོ་བྱད་གང་ཡང་རུང་བ་དག་སྦྱིན་པར་བྱེད་དོ། །དེས་ཟས་འདོད་པ་རྣམས་ལ་ཟས་སྦྱིན་ཞིང་ཡོ་བྱད་གང་ཡང་རུང་བའི་བར་དག་བྱིན་ནས་སེམས་ཅན་དེ་
དག་ལ་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་ཀྱི་ཆོས་སྟོན་ཏོ། །སེམས་ཅན་དེ་དག་གིས་ཀྱང་ཆོས་བསྟན་པ་དེ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ནམ་ཡང་
འབྲལ་བར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་སྐྱེ་བོ་ཕལ་པོ་ཆེའི་མདུན་དུ་སྐྱེ་བོའི་ཚོགས་ཆེན་པོ་ཞིག་མངོན་པར་སྤྲུལ་ཏེ། ཟས་འདོད་པ་རྣམས་ལ་ཟས་བྱིན་ཞིང་། མིའི་ཡོ་
བྱད་གང་ཡང་རུང་བའི་བར་དུ་བྱིན་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་དེས་སེམས་ཅན་གང་ལ་ཡང་ཅི་ཡང་བྱིན་པ་ཡོད་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཁོར་ལོས་སྒྱུར་བའི་བཀོད་པ་མངོན་པར་སྤྲུལ་ཏེ། ཟས་འདོད་པ་རྣམས་ལ་ཟས་བྱིན་ཞིང་། མིའི་ཡོ་བྱད་གང་ཡང་རུང་བའི་བར་དུ་བྱིན་ཡང་། སེམས་ཅན་གང་ལ་ཡང་ཅི་ཡང་བྱིན་པ་མེད་དོ། །དེ་

ཅིའི་ཕྱིར་ཞེ་ན། སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་འདི་ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། བསམས་བཞིན་དུ་སྐྱེ་བ་ཡོངས་སུ་འཛིན་ཅིང་འཁོར་ལོས་སྒྱུར་བའི་རིགས་སུ་སྐྱེ་སྟེ། འཁོར་ལོས་སྒྱུར་བའི་དབང་ཕྱུག་དེ་ལ་གནས་ནས། སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་འགོད་པར་བྱེད། བསམ་
གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་འགོད་པར་བྱེད། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བར་དག་ལ་འགོད་པར་བྱེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་འགོད་པར་བྱེད་ཅིང་།
སེམས་ཅན་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་ཆོས་བསྟན་པ་དེ་དང་འབྲལ་བར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་
ལམ་པོ་ཆེའི་བཞི་མདོར་སྐྱེ་བོ་ཕལ་པོ་ཆེའི་མདུན་དུ་སྐྱེ་བོའི་ཚོགས་ཆེན་པོ་ཞིག་མངོན་པར་སྤྲུལ་ནས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་ཅིང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་བཀོད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་མཁན་ནམ། སྒྱུ་མ་
མཁན་གྱི་སློབ་མ་དེས་སེམས་ཅན་འགའ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་བཀོད་པ་ཡོད་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་གྲངས་མེད་ཚད་མེད་པ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་ཅིང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་བཀོད་ཀྱང་། སེམས་ཅན་འགའ་ཡང་དགེ་བ་བཅུའི་

ལས་ཀྱི་ལམ་ལ་བཀོད་པའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ནས་ཆོས་རྣམས་ཀྱི་ཆོས་ཉིད་འདི་ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་ཐམས་ཅད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་ཞིང་འགོད་པར་བྱེད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་རྣམས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་ཞིང་འགོད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་ཕྱིན་ཆད་འདི་ལྟར་གོ་ཆ་ཆེན་པོ་བགོས་ཏེ། གལ་ཏེ་
སེམས་ཅན་ཐམས་ཅད་ཀྱིས་བདག་ལ་དབྱིག་པ་དང་། བོང་བ་དང་། ཁུ་ཚུར་དང་། ལག་ཆ་དང་། མཚོན་གྱིས་འདེབས་ཀྱང་དེ་ལ་བདག་གིས་འཁྲུག་པའི་སེམས་འགའ་ཡང་བསྐྱེད་པར་མི་བྱའོ་སྙམ་ཞིང་། སེམས་ཅན་ཐམས་ཅད་ཀྱང་བཟོད་པ་དེ་ལྟ་བུ་ལ་འགོད་དོ། །རབ་འབྱོར་
འདི་ལྟ་སྟེ་དཔེར་ན་སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་སྐྱེ་བོ་ཕལ་པོ་ཆེའི་མདུན་དུ་སྐྱེ་བོའི་ཚོགས་ཆེན་པོ་ཞིག་མངོན་པར་སྤྲུལ་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་ཅིང་བཀོད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་མཁན་ནམ།
སྒྱུ་མ་མཁན་གྱི་སློབ་མ་དེས་སེམས་ཅན་འགའ་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་ཡོད་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་སེམས་ཅན་གྲངས་མེད་ཚད་མེད་པ་དག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ཀྱང་། སེམས་ཅན་འགའ་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་

འདི་ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་ཐམས་ཅད་
བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་འགོད་པར་བྱེད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་འགོད་ཅེ་ན། རབ་
འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དག་གིས་སེམས་ཅན་ཐམས་ཅད་ལུས་དང་སེམས་ཀྱི་བརྩོན་འགྲུས་ཡང་དག་པར་འཛིན་དུ་འཇུག་ཅིང་
འཛུད་དེ་འགོད་པར་བྱེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་སྐྱེ་བོ་ཕལ་པོ་ཆེའི་མདུན་དུ། སྐྱེ་བོའི་ཚོགས་ཆེན་པོ་ཞིག་མངོན་པར་སྤྲུལ་ནས། ལུས་དང་། སེམས་ཀྱི་བརྩོན་
འགྲུས་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་བཀོད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་དེས་སེམས་ཅན་འགའ་ཡང་ལུས་དང་། སེམས་ཀྱི་བརྩོན་འགྲུས་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་བཀོད་པ་ཡོད་སྙམ་འམ།
རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལུས་དང་། སེམས་ཀྱི་བརྩོན་འགྲུས་ཡང་དག་པར་འཛིན་དུ་
བཅུག་ཅིང་བཙུད་དེ་བཀོད་ཀྱང་། སེམས་ཅན་འགའ་ཡང་ལུས་དང་སེམས་ཀྱི་བརྩོན་འགྲུས་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་འདི་ཡིན་པའི་ཕྱིར་ཏེ། རབ་

འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་
པ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་འགོད་པར་བྱེད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་
དེ་འགོད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་གནས་ཤིང་། ཆོས་གང་ལ་ཡང་རྣམ་པར་གཡེང་བ་འམ། རྣམ་པར་གཡེང་བ་མེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ཏེ། དེས་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་འགོད་པར་བྱེད་དོ། །ཡང་དག་པར་འཛིན་དུ་བཅུག་པ་དེ་དག་ཀྱང་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་འབྲལ་བར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་
མདོར་སྐྱེ་བོ་ཕལ་པོ་ཆེའི་མདུན་དུ་སྐྱེ་བོའི་ཚོགས་ཆེན་པོ་ཞིག་མངོན་པར་སྤྲུལ་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་བཀོད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་དེས་སེམས་ཅན་འགའ་ཡང་
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་བཀོད་པ་ཡོད་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོས་སེམས་ཅན་ཐམས་ཅད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་བཀོད་ཀྱང་། སེམས་ཅན་འགའ་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་
ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་འདི་ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་
ཏེ། སེམས་ཅན་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་འགོད་པར་བྱེད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་འགོད་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཆོས་གང་ལ་ཡང་སྐྱེ་བ་འམ། འགག་པ་འམ། ཀུན་ནས་ཉོན་མོངས་པ་འམ།
རྣམ་པར་བྱང་བ་འམ། ཚུ་རོལ་ལམ། ཕ་རོལ་མི་དམིགས་སོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ཏེ། དེས་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་
པར་འཛིན་དུ་འཇུག་ཅིང་འཛུད་དེ་འགོད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་སྐྱེ་བོ་ཕལ་པོ་ཆེའི་མདུན་དུ་སྐྱེ་བོའི་ཚོགས་ཆེན་པོ་ཞིག་མངོན་པར་སྤྲུལ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་བཀོད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་དེས་སེམས་ཅན་འགའ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་ཡོད་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་

འདས་དེ་ནི་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ཀྱང་། སེམས་ཅན་འགའ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་འདི་ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གཞན་ཡང་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ནི་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། དེ་ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་བཞིན་དུ། འཇིག་རྟེན་གྱི་ཁམས་དེ་དག་ན་སེམས་ཅན་གང་དག་
འཁོད་པའི་སེམས་ཅན་དག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་འགོད་པར་བྱེད་དོ། །དེ་བཞིན་དུ་ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་བཞིན་དུ་སེམས་ཅན་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་འགོད་པར་བྱེད་ལ། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་
འདི་ཉིད་ཀྱི་ཆོས་ཀྱང་སྟོན་ཏོ། །སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་འབྲལ་བར་མི་འགྱུར་རོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་།
བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། དེ་ཇི་ལྟར་བདག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་བཞིན་དུ་འཇིག་

རྟེན་གྱི་ཁམས་དེ་དག་ན་སེམས་ཅན་གང་དག་འཁོད་པའི་སེམས་ཅན་དེ་དག་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་འགོད་དོ། །དེ་བཞིན་དུ་ཇི་ལྟར་བདག་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་།
བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་བཞིན་དུ་སེམས་ཅན་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དག་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་འགོད་ལ་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་
དྲུག་དང་ལྡན་པ་འདི་ཉིད་ཀྱི་ཆོས་ཀྱང་སྟོན་ཏོ། །སེམས་ཅན་དེ་དག་ཀྱང་ཆོས་དེ་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་འབྲལ་བར་མི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན་
སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་སྐྱེ་བོ་ཕལ་པོ་ཆེའི་མདུན་དུ་སྐྱེ་བོའི་ཚོགས་ཆེན་པོ་ཞིག་མངོན་པར་སྤྲུལ་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་བཀོད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས།
སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་དེས་སེམས་ཅན་འགའ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་བཀོད་པ་ཡོད་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤར་ཕྱོགས་དང་། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་སེམས་ཅན་དེ་དག་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་ཀྱང་སེམས་ཅན་འགའ་ཡང་ཕ་རོལ་ཏུ་ཕྱིན་པ་
དྲུག་ལ་བཀོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་འདི་ཡིན་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་དེ་གཞན་ཡང་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་གནས་ཤིང་། སེམས་བསྐྱེད་པ་གཞན་གྱི་སྐབས་མི་འབྱེད་དེ། བདག་གིས་སེམས་ཅན་འདི་སྙེད་ཅིག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །འདི་
སྙེད་ཅིག་ནི་དགོད་པར་མི་བྱའོ། །སེམས་ཅན་འདི་སྙེད་ཅིག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དགོད་པར་བྱའོ། །
འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །སེམས་ཅན་འདི་སྙེད་ཅིག་ནི་དྲན་པ་ཉེ་བར་གཞག་པ་རྣམས་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །སེམས་ཅན་འདི་སྙེད་ཅིག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་དགོད་པར་བྱའོ། །འདི་སྙེད་
ཅིག་ནི་དགོད་པར་མི་བྱའོ། །སེམས་ཅན་འདི་སྙེད་ཅིག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །སེམས་ཅན་འདི་སྙེད་ཅིག་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་
དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །སེམས་ཅན་འདི་སྙེད་ཅིག་ནི་རང་བྱང་ཆུབ་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་པར་མི་བྱའོ། །སེམས་ཅན་འདི་སྙེད་ཅིག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དགོད་པར་བྱའོ། །འདི་སྙེད་ཅིག་ནི་དགོད་
པར་མི་བྱའོ་སྙམ་དུ་མི་སེམས་ཀྱི་གཞན་དུ་ན་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་ཚད་མེད་གྲངས་མེད་པ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དགོད་པར་བྱའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་དགོད་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་།
མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་དགོད་པར་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་

བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་དགོད་པར་བྱའོ། །བདག་གིས་སེམས་ཅན་ཚད་མེད་གྲངས་མེད་པ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ལ་དགོད་པར་བྱའོ་སྙམ་དུ་སེམས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་
མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས་ལམ་པོ་ཆེའི་བཞི་མདོར་སྐྱེ་བོ་ཕལ་པོ་ཆེའི་མདུན་དུ་སྐྱེ་བོའི་ཚོགས་ཆེན་པོ་ཞིག་མངོན་པར་སྤྲུལ་ནས། འདི་སྙམ་དུ་བདག་གིས་སེམས་ཅན་ཚད་མེད་གྲངས་མེད་པ་འདི་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དགོད་པར་བྱའོ། །དྲན་པ་ཉེ་བར་གཞག་
པ་བཞི་ལ་དགོད་པར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་དགོད་པར་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ། །དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ཀྱི་བར་ལ་དགོད་པར་བྱའོ། །
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་ན། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་དེས་སེམས་ཅན་འགའ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བཀོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་བཀོད་པ་
ཡོད་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཚད་མེད་གྲངས་མེད་པ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་དང་།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་བར་དག་ལ་དགོད་པར་སེམས་བསྐྱེད་ཀྱང་སེམས་ཅན་འགའི་དོན་གྱི་ཕྱིར་ཡང་སེམས་བསྐྱེད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། ཆོས་རྣམས་ཀྱི་ཆོས་ཉིད་འདི་ཡིན་པའི་ཕྱིར་ཏེ།
རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། ཆོས་རྣམས་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་

ཀྱི་སླད་དུ་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གོ་ཆ་མ་མཆིས་པའི་གོ་ཆ་འཚལ་བར་རིག་པར་བགྱི་བ་ལགས་པ་སྙམ་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་། ཚོར་བ་དང་།
འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་། མིག་ནི་མིག་གིས་སྟོང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་ཡིད་ཀྱིས་སྟོང་། གཟུགས་ནི་གཟུགས་ཀྱིས་སྟོང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་།
ཆོས་ནི་ཆོས་ཀྱིས་སྟོང་། མིག་གི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པས་སྟོང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་། མིག་གི་འདུས་ཏེ་རེག་པ་ནི་མིག་གི་འདུས་ཏེ་རེག་པས་སྟོང་། རྣ་བ་དང་།
སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ནི་ཡིད་ཀྱི་འདུས་ཏེ་རེག་པས་སྟོང་། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་
ཚོར་བ་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་གྱིས་སྟོང་། ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ཀྱིས་སྟོང་། དངོས་པོ་མེད་པའི་
ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་སྟོང་། དྲན་པ་ཉེ་བར་གཞག་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱིས་སྟོང་
ལ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔས་སྟོང་། གོ་ཆ་ཆེན་པོ་ཡང་གོ་ཆ་ཆེན་པོས་སྟོང་པའི་སླད་དུ་སྟེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་མ་མཆིས་པའི་གོ་ཆ་འཚལ་བར་རིག་པར་

བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ནི་མ་བྱས། མ་བཤིག །མངོན་པར་འདུས་མ་བྱས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་དག་གི་དོན་དུ་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་དེ་དག་ཀྱང་མ་བྱས། མ་བཤིག །མངོན་པར་འདུས་མ་བྱས་པའི་ཕྱིར་རོ། །རབ་འབྱོར་
གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བགྱིས། མ་བཤིག །མངོན་པར་འདུས་མ་བགྱིས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་དག་གི་དོན་དུ་གོ་ཆ་ཆེན་པོ་འཚལ་བའི་སེམས་ཅན་དེ་དག་ཀྱང་མ་བགྱིས། མ་
བཤིག །མངོན་པར་འདུས་མ་བགྱིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱེད་པ་པོ་མི་དམིགས་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བྱས། མ་བཤིག །མངོན་པར་འདུས་མ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་གང་དག་གི་དོན་དུ་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་དེ་དག་ཀྱང་མ་བྱས། མ་བཤིག །མངོན་པར་འདུས་མ་བྱས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་ནི་མི་བྱེད། མི་འཇིག །མངོན་པར་འདུ་མི་བྱེད། ཚོར་བ་དང་། འདུ་ཤེས་དང་།
འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མི་བྱེད། མི་འཇིག །མངོན་པར་འདུ་མི་བྱེད། མིག་ནི་མི་བྱེད། མི་འཇིག །མངོན་པར་འདུ་མི་བྱེད། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་མི་བྱེད། མི་འཇིག །མངོན་པར་འདུ་མི་བྱེད། གཟུགས་ནི་མི་
བྱེད། མི་འཇིག །མངོན་པར་འདུ་མི་བྱེད། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ནི་མི་བྱེད། མི་འཇིག །མངོན་པར་འདུ་མི་བྱེད། མིག་གི་རྣམ་པར་ཤེས་པ་ནི་མི་བྱེད། མི་འཇིག །མངོན་པར་འདུ་མི་བྱེད། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་

དང་། ཡིད་ཀྱི་རྣམ་པར་ཤེས་པ་ནི་མི་བྱེད། མི་འཇིག །མངོན་པར་འདུ་མི་བྱེད། མིག་གི་འདུས་ཏེ་རེག་པ་ནི་མི་བྱེད། མི་འཇིག །མངོན་པར་འདུ་མི་བྱེད། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ནི་མི་བྱེད། མི་འཇིག །མངོན་པར་འདུ་མི་
བྱེད། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་མི་བྱེད། མི་འཇིག །མངོན་པར་འདུ་མི་བྱེད། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་མི་བྱེད། མི་འཇིག །མངོན་པར་འདུ་མི་བྱེད་པའི་ཕྱིར་རོ། །རབ་འབྱོར་བདག་
ནི་མི་བྱེད། མི་འཇིག །མངོན་པར་འདུ་མི་བྱེད། སེམས་ཅན་དང་། སྲོག་དང་། ཤེས་པ་པོ་དང་། །མཐོང་བ་པོའི་བར་ནི་མི་བྱེད། མི་འཇིག །མངོན་པར་འདུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་གཏན་མེད་ཅིང་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་
རྨི་ལམ་ནི་མི་བྱེད། མི་འཇིག །མངོན་པར་འདུ་མི་བྱེད་དོ། །སྒྱུ་མ་དང་། བྲག་ཅ་དང་། མིག་ཡོར་དང་། གཟུགས་བརྙན་དང་། སྨིག་རྒྱུ་དང་། སྤྲུལ་པ་ནི་མི་བྱེད། མི་འཇིག །མངོན་པར་འདུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་གཏན་མེད་ཅིང་མི་
དམིགས་པའི་ཕྱིར་རོ། །རབ་འབྱོར་ནང་སྟོང་པ་ཉིད་ནི་མི་བྱེད། མི་འཇིག །མངོན་པར་འདུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་གཏན་མེད་ཅིང་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་མི་བྱེད། མི་འཇིག །མངོན་
པར་འདུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་གཏན་མེད་ཅིང་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་མི་བྱེད། མི་འཇིག །མངོན་པར་འདུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་གཏན་མེད་ཅིང་མི་དམིགས་
པའི་ཕྱིར་རོ། །སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ནི་མི་བྱེད་མི་འཇིག །མངོན་པར་འདུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་གཏན་མེད་ཅིང་མི་དམིགས་

པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་ཉིད་ནི་མི་བྱེད། མི་འཇིག །མངོན་པར་འདུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་གཏན་མེད་ཅིང་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་།
ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་ནི་མི་བྱེད། མི་འཇིག །མངོན་པར་འདུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་གཏན་མེད་ཅིང་མི་དམིགས་པའི་ཕྱིར་རོ། །རབ་འབྱོར་བྱང་
ཆུབ་ནི་མི་བྱེད། མི་འཇིག །མངོན་པར་འདུ་མི་བྱེད་དོ། །ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མི་བྱེད། མི་འཇིག །མངོན་པར་འདུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་གཏན་མེད་ཅིང་མི་དམིགས་
པའི་ཕྱིར་ཏེ། རབ་འབྱོར་རྣམ་གྲངས་དེས་ན། ཁྱོད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་བྱས། མ་བཤིག །མངོན་པར་འདུས་མ་བྱས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་དག་གི་དོན་དུ་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་དེ་དག་ཀྱང་མ་བྱས།
མ་བཤིག །མངོན་པར་འདུས་མ་བྱས་པ་ཡིན་པར་རིག་པར་བྱའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ཞེས་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་
དོན་འཚལ་བ་ལྟར་ན། བཅོམ་ལྡན་འདས་གཟུགས་ནི་མ་བཅིངས་མ་གྲོལ་བ་ལགས་སོ། །བཅོམ་ལྡན་འདས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བ་ལགས་སོ། །བྱམས་མའི་བུ་གང་པོས་སྨྲས་པ། ཚེ་དང་ལྡན་
པ་རབ་འབྱོར་གཟུགས་ནི་མ་བཅིངས་མ་གྲོལ་བ་ཞེས་སྨྲའམ། ཚེ་དང་ལྡན་པ་རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་བ་ཞེས་སྨྲའམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་གང་པོ་དེ་དེ་བཞིན་ནོ། །ཚེ་དང་

ལྡན་པ་གང་པོ་དེ་དེ་བཞིན་ཏེ། ཚེ་དང་ལྡན་པ་གང་པོ་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །གང་པོས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གཟུགས་མ་བཅིངས་མ་
གྲོལ་བ་གང་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་གང་པོ་རྨི་ལམ་ལྟ་བུའི་གཟུགས་གང་ཡིན་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །རྨི་ལམ་ལྟ་བུའི་
ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྨི་ལམ་ལྟ་བུའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་བྲག་ཅ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། གཟུགས་བརྙན་ལྟ་བུ་དང་། སྤྲུལ་
པ་ལྟ་བུའི་གཟུགས་གང་ཡིན་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །སྤྲུལ་པ་ལྟ་བུའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་འདས་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །
ཚེ་དང་ལྡན་པ་གང་པོ་འདས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། འདས་པའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་དུ་མ་འོངས་པའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་མ་འོངས་པའི་ཚོར་བ་དང་།
འདུ་ཤེས་དང་། འདུ་བྱེད་རྣམས་དང་། མ་འོངས་པའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ད་ལྟར་བྱུང་བའི་གཟུགས་ནི་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ད་ལྟར་བྱུང་བའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། ད་
ལྟར་བྱུང་བའི་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་གང་པོ་གཟུགས་ཉིད་མེད་པའི་ཕྱིར། གཟུགས་དེ་མ་བཅིངས་མ་གྲོལ་བའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་མེད་པ་དང་། རྣམ་པར་ཤེས་པ་ཉིད་མེད་པའི་ཕྱིར།

རྣམ་པར་ཤེས་པ་དེ་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དབེན་པ་དང་། ཞི་བ་དང་། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་
བྱ་བ་མེད་པ་དང་། སྐྱེ་བ་མེད་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་གཟུགས་དགེ་བ་དང་། མི་དགེ་བ་དང་། ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མེད་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་
པ་དང་། ཟག་པ་མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ནི་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཉིད་མེད་པའི་ཕྱིར་གཟུགས་དེ་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་
པོ་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དགེ་བའམ་མི་དགེ་བ་ནས་རྣམ་པར་བྱང་བའི་བར་ཡང་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་ཉིད་མེད་པའི་ཕྱིར་རྣམ་པར་ཤེས་པ་དེ་མ་བཅིངས་མ་གྲོལ་བའོ། །ཚེ་
དང་ལྡན་པ་གང་པོ་ཆོས་ཐམས་ཅད་ཀྱང་མ་བཅིངས་མ་གྲོལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མེད་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །དེ་བཞིན་དུ་དབེན་པ་ལ་སོགས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་
མ་གྲོལ་བའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མ་བཅིངས་མ་གྲོལ་བ་སྟེ། མེད་པའི་ཕྱིར་
མ་བཅིངས་མ་གྲོལ་བའོ། །དབེན་པ་ལ་སོགས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་ནང་སྟོང་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡང་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་

གང་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞིའི་བར་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ཡང་མ་བཅིངས་མ་གྲོལ་
བ་སྟེ། མེད་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །དབེན་པ་ལ་སོགས་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་བྱང་ཆུབ་ཀྱང་མ་བཅིངས་མ་གྲོལ་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་བཅིངས་མ་གྲོལ་བ། བྱང་ཆུབ་སེམས་དཔའ་ཡང་མ་བཅིངས་མ་
གྲོལ་བ་སྟེ། མེད་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །སྐྱེ་བ་མེད་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་བཞིན་ཉིད་ཀྱང་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་མ་ནོར་བ་དེ་བཞིན་ཉིད་
དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་ཡང་མ་བཅིངས་མ་གྲོལ་བ་སྟེ། མེད་པ་དང་། དབེན་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །
སྐྱེ་བ་མེད་པའི་ཕྱིར་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མ་བཅིངས་མ་གྲོལ་བའོ། །དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཀྱང་མ་བཅིངས་མ་གྲོལ་བའོ། །རྣམ་པ་ཐམས་ཅད་མཁྱེན་པའི་བར་དག་ཀྱང་
མ་བཅིངས་མ་གྲོལ་བའོ། །སེམས་ཅན་གང་དག་ཡོངས་སུ་མྱ་ངན་ལས་བཟླ་བར་འགྱུར་བ་དེ་དག་ཀྱང་མ་བཅིངས་མ་གྲོལ་བའོ། །སངས་རྒྱས་ཀྱི་ཞིང་གང་དག་དག་པར་བྱ་བར་འགྱུར་བ་དེ་དག་ཀྱང་མ་བཅིངས་མ་གྲོལ་བའོ། །བསྙེན་བཀུར་བྱ་བར་འགྱུར་བའི་སངས་རྒྱས་བཅོམ་
ལྡན་འདས་རྣམས་ཀྱང་མ་བཅིངས་མ་གྲོལ་བའོ། །ཐོས་པར་འགྱུར་བའི་ཆོས་ཀྱང་མ་བཅིངས་མ་གྲོལ་བའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ནམ་ཡང་བྲལ་བར་མི་འགྱུར་བའང་མ་བཅིངས་མ་གྲོལ་བའོ། །མངོན་པར་ཤེས་པ་རྣམས་དང་བྲལ་བར་མི་འགྱུར་བ་

དང་། མིག་ལྔ་དང་བྲལ་བར་མི་འགྱུར་བ་དང་། ཏིང་ངེ་འཛིན་རྣམས་དང་བྲལ་བར་མི་འགྱུར་བ་ཡང་མ་བཅིངས་མ་གྲོལ་བའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་བསྐྱེད་པར་འགྱུར་བ་ཡང་མ་བཅིངས་མ་གྲོལ་བའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པར་
འགྱུར་བ་ཡང་མ་བཅིངས་མ་གྲོལ་བའོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བ་ཡང་མ་བཅིངས་མ་གྲོལ་བའོ། །ཐེག་པ་གསུམ་པོ་དག་གིས་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་འགྱུར་བ་ཡང་མ་བཅིངས་མ་གྲོལ་བའོ། །ཚེ་དང་ལྡན་པ་གང་པོ་མེད་པ་དང་།
དབེན་པ་དང་། སྐྱེ་བ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་མ་བཅིངས་མ་གྲོལ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གིས་ཆོས་ཐམས་ཅད་མངོན་པར་རྟོགས་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་མ་བཅིངས་མ་གྲོལ་བའི་ལེའུ་
ཞེས་བྱ་སྟེ། བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་ལགས། བཅོམ་ལྡན་འདས་ཇི་ཙམ་
གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་རིག་པར་བགྱི། ཐེག་པ་དེ་ནི་གང་ལ་ཡང་དག་པར་ཞུགས་པ་ལགས། ཐེག་པ་དེ་ནི་གང་དུ་གནས་པར་འགྱུར་བ་ལགས། ཐེག་པ་དེས་ནི་སུ་ཞིག་ངེས་པར་འབྱུང་བར་འགྱུར་བ་ལགས།
དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཁྱོད་གང་འདི་སྐད་དུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་ལགས་ཞེས་ཟེར་བ་ནི། རབ་འབྱོར་ཕ་
རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ཏེ། དྲུག་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པ་དག་གིས་འདི་ལྟ་སྟེ། ཕྱི་དང་
ནང་གི་དངོས་པོ་རྣམས་སྦྱིན་པ་སྦྱིན་པར་བྱེད་ཅིང་། དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པ་དག་གིས་མི་དམིགས་པའི་ཚུལ་གྱིས་བདག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཤིང་གནས་ལ་སེམས་ཅན་གཞན་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་ཅིང་
འཛུད་དེ་རབ་ཏུ་འགོད་པར་བྱེད་པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནག་ནོག་མེད་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་
གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པ་དག་གིས། བདག་ཀྱང་བཟོད་པ་ཕུན་སུམ་ཚོགས་པ་དང་ལྡན་ལ། གཞན་དག་ཀྱང་བཟོད་པ་
ཡང་དག་པར་འཛིན་དུ་འཇུག་ཅིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་པ་དེ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་བདག་གིས་བདག་ཀྱང་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་
བརྩོན་པ་མི་འདོར་ཞིང་། གཞན་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་ལྔ་ཡང་དག་པར་འཛིན་དུ་འཇུག་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་པ་དེ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ།
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་
པ་དག་གིས་ཐབས་ལ་མཁས་པས་བདག་ཀྱང་བསམ་གཏན་ལ་སྙོམས་པར་འཇུག་ཅིང་། དེ་དག་གི་དབང་གིས་ཀྱང་མི་སྐྱེ་ལ། གཞན་དག་ཀྱང་བསམ་གཏན་རྣམས་ཡང་དག་པར་འཛིན་དུ་འཇུག་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་པ་དེ་ནི་རབ་འབྱོར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་
ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པ་དག་གིས་མི་དམིགས་པའི་ཚུལ་གྱིས་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ལ་སོ་སོར་རྟོག་པར་བྱེད་ཅིང་། གཞན་དག་ཀྱང་
ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ལ་སོ་སོར་རྟོག་པ་ཡང་དག་པར་འཛིན་དུ་འཇུག་པ་དེ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བཅུ་གཅིག་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་
དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་
མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་
པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་ནོ། །དེ་ལ་ནང་སྟོང་པ་ཉིད་གང་ཞེ་ན། ནང་གི་ཆོས་རྣམས་ཏེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དེ། དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། མིག་ནི་མིག་གིས་
སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། རྣ་བ་ནི་རྣ་བས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་
པ་མེད་པའི་ཕྱིར། སྣ་ནི་སྣས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། ལྕེ་ནི་ལྕེས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །ཐེར་ཟུག་ཏུ་
གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། ལུས་ནི་ལུས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། ཡིད་ནི་ཡིད་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་

རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ནང་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཕྱི་སྟོང་པ་ཉིད་གང་ཞེ་ན། ཕྱི་རོལ་གྱི་ཆོས་རྣམས་ཏེ། འདི་ལྟ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་སོ། །དེ་ལ་ཐེར་ཟུག་ཏུ་གནས་
པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་།
ཆོས་ནི་ཆོས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ཕྱི་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཕྱི་ནང་སྟོང་པ་ཉིད་གང་ཞེ་ན། ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་པོ་དེ་དག་ནི་ཕྱི་དང་ནང་གི་ཆོས་རྣམས་ཞེས་བྱའོ། །དེ་
ལ་ནང་གི་ཆོས་རྣམས་ཕྱིའི་ཆོས་རྣམས་ཀྱིས་སྟོང་པ་གང་ཞེ་ན། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། ནང་གི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྣམས་ནི་ཕྱིའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་
དང་། ཆོས་རྣམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། ཕྱི་རོལ་གྱི་ཆོས་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ནི་ནང་གི་ཆོས་མིག་དང་།
རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྣམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ཕྱི་ནང་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་སྟོང་པ་ཉིད་སྟོང་པ་ཉིད་གང་ཞེ་ན། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། ཆོས་
ཐམས་ཅད་ཀྱི་སྟོང་པ་ཉིད་གང་ཡིན་པའི་སྟོང་པ་ཉིད་དེས་སྟོང་པ་ཉིད་སྟོང་པའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཆེན་པོ་སྟོང་པ་ཉིད་གང་ཞེ་ན། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར།

ཤར་ཕྱོགས་ནི། ཤར་ཕྱོགས་ཀྱིས་སྟོང་ངོ་། །ལྷོ་ཕྱོགས་ནི་ལྷོ་ཕྱོགས་ཀྱིས་སྟོང་ངོ་། །ནུབ་ཕྱོགས་ནི་ནུབ་ཕྱོགས་ཀྱིས་སྟོང་ངོ་། །བྱང་ཕྱོགས་ནི་བྱང་ཕྱོགས་ཀྱིས་སྟོང་ངོ་། །འོག་གི་ཕྱོགས་ནི་འོག་གི་ཕྱོགས་ཀྱིས་སྟོང་ངོ་། །སྟེང་གི་ཕྱོགས་ནི་སྟེང་གི་ཕྱོགས་ཀྱིས་སྟོང་ངོ་། །
དེ་བཞིན་དུ་ཕྱོགས་མཚམས་རྣམས་ནི་ཕྱོགས་མཚམས་རྣམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དོན་དམ་པ་སྟོང་པ་ཉིད་གང་ཞེ་ན། དོན་དམ་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། ཐེར་ཟུག་ཏུ་གནས་
པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། མྱ་ངན་ལས་འདས་པ་དེ་ཡང་མྱ་ངན་ལས་འདས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་དོན་དམ་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་འདུས་བྱས་སྟོང་པ་ཉིད་གང་ཞེ་ན། འདུས་བྱས་ཞེས་བྱ་བ་ནི་འདོད་
པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཏེ། དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། འདོད་པའི་ཁམས་ནི་འདོད་པའི་ཁམས་ཀྱིས་སྟོང་། གཟུགས་ཀྱི་ཁམས་ནི་གཟུགས་ཀྱི་ཁམས་ཀྱིས་སྟོང་། གཟུགས་
མེད་པའི་ཁམས་ནི་གཟུགས་མེད་པའི་ཁམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་འདུས་བྱས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་འདུས་མ་བྱས་སྟོང་པ་ཉིད་གང་ཞེ་ན། དེ་ལ་འདུས་མ་བྱས་ཞེས་བྱ་བ་ནི་གང་ལ་སྐྱེ་བ་མེད་པ་དང་།
འགག་པ་མེད་པ་དང་། འཇིག་པ་མེད་པ་དང་། གནས་པ་མེད་པ་དང་། གཞན་དུ་འགྱུར་བ་མེད་པ་དེ་ནི་འདུས་མ་བྱས་པ་སྟེ། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། འདུས་མ་བྱས་དེ་ཡང་འདུས་མ་བྱས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་
བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་འདུས་མ་བྱས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་མཐའ་ལས་འདས་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་མཐའ་མི་དམིགས་པ་དེ་ནི་མཐའ་ལས་འདས་པ་སྟེ། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། མཐའ་ནི་མཐས་

སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་ཐོག་མ་དང་ཐ་མ་མི་དམིགས་པ་དེ་ལ་དབུས་མེད་ཅིང་། གང་ལ་ཐོག་མ་
དང་ཐ་མ་དང་དབུས་མེད་པ་དེ་ལ་འོང་བ་དང་འགྲོ་བ་མེད་པ་སྟེ། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། ཐོག་མ་དང་དབུས་དང་ཐ་མ་རྣམས་ནི། ཐོག་མ་དང་དབུས་དང་ཐ་མ་རྣམས་ཀྱིས་སྟོང་སྟེ། དེ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །
དེ་ལ་དོར་བ་མེད་པ་སྟོང་པ་ཉིད་གང་ཞེ་ན། ཆོས་གང་ལ་ཡང་དོར་དུ་མེད་པ་སྟེ། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། དོར་བ་མེད་པ་ནི་དོར་བ་མེད་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་དོར་བ་མེད་པ་སྟོང་པ་
ཉིད་ཅེས་བྱའོ། །དེ་ལ་རང་བཞིན་གྱིས་སྟོང་པ་ཉིད་གང་ཞེ་ན། འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི་ཉན་ཐོས་རྣམས་ཀྱིས་མ་བྱས། རང་སངས་རྒྱས་རྣམས་ཀྱིས་མ་བྱས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མ་བྱས། དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མ་མཛད་པ་སྟེ། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་རང་བཞིན་
གྱིས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་གང་ཞེ་ན། ཆོས་ཐམས་ཅད་ཅེས་བྱ་བ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་
གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་དང་། མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་

གི་འདུས་ཏེ་རེག་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། གཟུགས་ཅན་གྱི་
ཆོས་རྣམས་དང་། གཟུགས་མེད་པའི་ཆོས་རྣམས་དང་། འདུས་བྱས་ཀྱི་ཆོས་རྣམས་དང་། འདུས་མ་བྱས་ཀྱི་ཆོས་དེ་དག་ནི་ཆོས་ཐམས་ཅད་ཅེས་བྱ་སྟེ། དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་ངོ་། །དེ་
ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་རང་གི་མཚན་ཉིད་སྟོང་པ་ཉིད་གང་ཞེ་ན་གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་རུང་བ། ཚོར་བའི་མཚན་ཉིད་ནི་མྱོང་བ། འདུ་ཤེས་ཀྱི་མཚན་ཉིད་ནི་འཛིན་པར་བྱེད་པ། འདུ་བྱེད་
རྣམས་ཀྱི་མཚན་ཉིད་ནི་མངོན་པར་འདུ་བྱེད་པ། རྣམ་པར་ཤེས་པའི་མཚན་ཉིད་ནི་རྣམ་པར་ཤེས་པར་བྱེད་པ་སྟེ། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། འདུས་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པ་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་མཚན་
ཉིད་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་རང་རང་གི་མཚན་ཉིད་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་མི་དམིགས་པ་སྟོང་པ་ཉིད་གང་ཞེ་ན། འདས་པ་དང་། མ་འོངས་པ་དང་། ད་ལྟར་
བྱུང་བའི་ཆོས་གང་ཡིན་པ་དེ་དག་ནི་དམིགས་སུ་མེད་པ་སྟེ། འདས་པ་རྣམས་ནི་མ་འོངས་པ་ལ་མི་དམིགས། མ་འོངས་པ་རྣམས་ཀྱང་འདས་པ་ལ་མི་དམིགས། ད་ལྟར་བྱུང་བ་རྣམས་ཀྱང་འདས་པ་དང་མ་འོངས་པ་ལ་མི་དམིགས་སོ། །ཐེར་ཟུག་ཏུ་གནས་པ་མེད་པ་དང་།
འཇིག་པ་མེད་པའི་ཕྱིར། མི་དམིགས་པ་ནི་མི་དམིགས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་མི་དམིགས་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དངོས་པོ་མེད་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་དངོས་པོ་འགའ་ཡང་མི་དམིགས་པ་སྟེ།

ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ངོ་བོ་ཉིད་སྟོང་པ་ཉིད་གང་ཞེ་ན།
གང་ལ་ངོ་བོ་ཉིད་འགའ་ཡང་མི་དམིགས་པ་སྟེ། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། ངོ་བོ་ཉིད་ནི་ངོ་བོ་ཉིད་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དངོས་པོ་མེད་པའི་ངོ་
བོ་ཉིད་སྟོང་པ་ཉིད་གང་ཞེ་ན། ཆོས་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་འདུས་པ་ལས་བྱུང་བའི་ཆོས་ཀྱི་ངོ་བོ་ཉིད་མེད་པ་སྟེ། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར། འདུས་པ་ནི་འདུས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་
ཡིན་པའི་ཕྱིར་ཏེ། དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །རབ་འབྱོར་གཞན་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི། དངོས་པོ་ནི་དངོས་པོས་སྟོང་། དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་། ངོ་བོ་ཉིད་ནི་ངོ་བོ་ཉིད་ཀྱིས་སྟོང་། གཞན་གྱི་
དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་པ་སྟེ། དེ་ལ་དངོས་པོ་གང་ཞེ་ན། དངོས་པོ་ཞེས་བྱ་བ་ནི་ཕུང་པོ་ལྔ་སྟེ། དེ་ལ་ཕུང་པོ་ལྔ་པོ་དག་ནི་མ་སྐྱེས་པའི་ཕྱིར་དམིགས་སུ་མེད་པས། དེ་ལྟར་ན་དངོས་པོ་ནི་དངོས་པོས་སྟོང་ངོ་། །དངོས་པོ་མེད་པ་ཡང་དངོས་པོ་མེད་པས་ཇི་ལྟར་སྟོང་
ཞེ་ན། དངོས་པོ་མེད་པ་ཞེས་བྱ་བ་ནི་འདུས་མ་བྱས་པ་སྟེ། དེ་ལ་འདུས་མ་བྱས་པ