Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 029_ཁྲི་བརྒྱད།_ཀ

Văn bản gốc(Tây Tạng)

Trang 2 / 19 (50.000 ký tự/trang)
 སྟེང་གི་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལྷའི་མིག་གིས་བལྟ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་དེ་
དག་ཆོས་གང་སྟོན་པའི་ཆོས་དེ་ལྷའི་རྣ་བས་མཉན་པར་འདོད་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐུགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཀྱིས་ཁོང་དུ་ཆུད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སངས་རྒྱས་བཅོམ་ལྡན་འདས་གང་དག་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཆོས་སྟོན་པ་དེ་ཐམས་ཅད་ཐོས་ནས་དྲན་པའི་སྟོབས་བསྐྱེད་པ་གཅད་དུ་མི་ཆོད་པས་ཡང་དག་པར་གཟུང་བར་འདོད་པ་དང་། བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཐམས་ཅད་ཆུད་མི་ཟ་བར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་འདས་
པ་དག་གི་སངས་རྒྱས་ཀྱི་ཞིང་རྣམས་བལྟ་བར་འདོད་པ་དང་། སངས་རྒྱས་བཅོམ་ལྡན་འདས་མ་བྱོན་པ་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་ན་བཞུགས་ཏེ། འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་

དེ་དག་གི་སངས་རྒྱས་ཀྱི་ཞིང་རྣམས་བལྟ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་།
ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། གཏན་
ལ་བབ་པར་བསྟན་པའི་སྡེ་གང་ཅི་བསྟན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་མ་ཐོས་པ་གང་ཡིན་པ་དེ་ཐམས་ཅད་ཀུན་ཆུབ་པར་བྱེད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤར་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་ཅི་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བ་དེ་དག་ཐམས་ཅད་གཟུང་བར་འདོད་པ་དང་། བཅང་བར་འདོད་པ་དང་། ཀླག་པར་འདོད་པ་དང་། དེ་བཞིན་ཉིད་དུ་སྒྲུབ་པར་འདོད་
པ་དང་། གཞན་དག་ལ་ཡང་རྒྱ་ཆེར་སྟོན་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་སུ་སངས་རྒྱས་
བཅོམ་ལྡན་འདས་རྣམས་ཀྱིས་གང་ཅི་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བ་དེ་ཐམས་ཅད་ཀྱི་རྗེས་སུ་འབྲང་བར་འདོད་པ་དང་། གཟུང་བར་འདོད་པ་དང་། བཅང་བར་འདོད་པ་དང་། ཀླག་པར་འདོད་པ་དང་། དེ་བཞིན་ཉིད་དུ་སྒྲུབ་པར་འདོད་པ་དང་།
གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། མུན་པ་མུན་

ནག་ཏུ་གྱུར་པ་གང་ན་ཉི་མ་དང་ཟླ་བའི་འོད་མི་འབབ་པ་དེ་དག་ཐམས་ཅད་སྣང་བར་བྱ་བར་འདོད་པ་དང་། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་
རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། མུན་པ་མུན་ནག་ཏུ་གྱུར་པ་གང་ན་ཉི་མ་དང་། ཟླ་བའི་འོད་ཀྱང་མི་འབབ་པ་དེ་དག་ཐམས་ཅད་འོད་ཀྱིས་སྣང་བར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། གང་ན་སངས་རྒྱས་ཀྱི་ཞིང་ཐ་དད་པ་དག་ཏུ་སྐྱེས་པའི་སེམས་ཅན་དེ་དག་ཐམས་ཅད་ལ་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་སྒྲོགས་
པར་འདོད་པ་དང་། ཡང་དག་པའི་ལྟ་བ་ལ་དགོད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་།
ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། གང་ན་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཡང་དག་པའི་ལྟ་བའི་སྒྲ་མི་གྲག་པའི་འཇིག་རྟེན་གྱི་ཁམས་དེ་དག་ཏུ་སེམས་ཅན་རྣམས་ཀྱིས་སངས་
རྒྱས་དང་། ཆོས་དང་། དགེ་འདུན་གྱི་སྒྲ་ཐོས་པར་བྱ་བར་འདོད་པ་དང་། སེམས་ཅན་དག་ཡང་དག་པའི་ལྟ་བ་ལ་དགོད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤར་
ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་གང་དག་ལོང་བར་གྱུར་པ་དེ་དག་བདག་གི་མཐུས་མིག་གིས་གཟུགས་རྣམས་མཐོང་བར་འགྱུར་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་

འོན་པ་རྣམས་རྣ་བས་སྒྲ་ཐོས་པ་དང་། སྨྱོན་པ་རྣམས་དྲན་པ་རྙེད་པར་འགྱུར་བ་དང་། གཅེར་བུ་རྣམས་གོས་དག་རྙེད་པ་དང་། སེམས་ཅན་བཀྲེས་པ་རྣམས་འགྲངས་པ་དང་། སྐོམ་པ་རྣམས་སྐོམ་ངོམས་པ་དང་། སེམས་ཅན་ངན་སོང་ན་གནས་པ་རྣམས་ངན་སོང་
ཐམས་ཅད་ལས་ཐར་ཏེ། མིར་སྐྱེ་བ་ཐོབ་པར་འགྱུར་བ་དང་། ཚུལ་ཁྲིམས་འཆལ་པ་རྣམས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང་། མཉམ་པར་མ་བཞག་པ་རྣམས་ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་
ཡེ་ཤེས་མཐོང་བའི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང་། བདེན་པ་མ་མཐོང་བ་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ་སྙམ་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་
ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་།
ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་གང་དག་ལོང་བར་གྱུར་པ་དེ་དག་བདག་གི་མཐུས་མིག་གིས་གཟུགས་རྣམས་མཐོང་བར་འགྱུར་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
བསླབ་པར་བྱའོ། །དེ་བཞིན་དུ་འོན་པ་རྣམས་རྣ་བས་སྒྲ་ཐོས་པ་དང་། སྨྱོན་པ་རྣམས་དྲན་པ་རྙེད་པར་འགྱུར་བ་དང་། གཅེར་བུ་རྣམས་གོས་དག་རྙེད་པ་དང་། སེམས་ཅན་བཀྲེས་པ་རྣམས་འགྲངས་པ་དང་། སྐོམ་པ་རྣམས་སྐོམ་ངོམས་པ་དང་། སེམས་
ཅན་ངན་སོང་ན་གནས་པ་རྣམས་ངན་སོང་ཐམས་ཅད་ལས་ཐར་ཏེ། མིར་སྐྱེ་བ་ཐོབ་པར་འགྱུར་བ་དང་། ཚུལ་ཁྲིམས་འཆལ་པ་རྣམས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང་། མཉམ་པར་མ་བཞག་པ་རྣམས་ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་

རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ལ་དགོད་པར་བྱའོ་སྙམ་པ་དང་། བདེན་པ་མ་མཐོང་བ་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་དགོད་པར་བྱའོ་སྙམ་པ་དང་། ལན་ཅིག་ཕྱིར་འོང་
བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྤྱོད་ལམ་ལ་སློབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་འདི་ལྟར་
བརྟག་པར་བྱ་སྟེ། ནམ་ཞིག་ན་བདག་གིས་གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟ་བར་བྱ་སྙམ་པ་དང་། ཇི་ལྟར་ན་བདག་ས་ཆེན་པོ་ལ་རྐང་པ་སོར་བཞི་ཙམ་གྱིས་མི་རེག་པར་འགྲོ་བར་འགྱུར་སྙམ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་འདི་ལྟར་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་
འཕྲུལ་དབང་བྱེད་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་རིས་དང་། ཚངས་འཁོར་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་དང་། གནས་གཙང་མ་དང་། གྱ་ནོམ་
སྣང་དང་། ཤིན་ཏུ་མཐོང་དང་། མི་ཆེ་དང་། མི་གདུང་དང་། འོག་མིན་གྱི་ལྷ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་དུ་མ་དག་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་འགྱུར་སྙམ་ན་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ།

ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། འདི་ལྟར་བརྟག་པར་བྱ་སྟེ། ཇི་ལྟར་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ནས། འོག་མིན་གྱི་རིས་ཀྱི་ལྷའི་བར་དག་བྱང་ཆུབ་ཀྱི་སྙིང་པོའི་ཤིང་དྲུང་དུ་བདག་གི་སྟན་འདིང་བར་
འགྱུར་སྙམ་ན་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་འདི་ལྟར་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བའི་ས་ཕྱོགས་དེ་རྡོ་རྗེའི་རང་བཞིན་དུ་འགྱུར་སྙམ་ན་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། འདི་ལྟར་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་ཉི་མ་གང་ལ་མངོན་པར་བྱུང་བའི་ཉི་མ་དེ་ཉིད་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། མངོན་པར་
རྫོགས་པར་སངས་རྒྱས་ནས། ཉི་མ་དེ་ཉིད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། འཁོར་ལོ་བསྐོར་ནས། སེམས་ཅན་ཚད་མེད་གྲངས་མེད་པ་དག་ཆོས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་། དྲི་མ་མེད་པ་རྣམ་པར་དག་པར་འགྱུར། སེམས་ཅན་ཚད་མེད་གྲངས་མེད་
པ་དག་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་འགྱུར། སེམས་ཅན་ཚད་མེད་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་སྙམ་ན་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་
གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། འདི་ལྟར་བརྟག་པར་བྱ་སྟེ། ཇི་ལྟར་ན་བདག་གི་ཉན་ཐོས་ཀྱི་དགེ་འདུན་ཚད་མེད་གྲངས་མེད་པར་འགྱུར། ཆོས་བསྟན་པ་གཅིག་གིས་སེམས་ཅན་ཚད་མེད་གྲངས་

མེད་པ་དག་སྟན་གཅིག་པའི་དགྲ་བཅོམ་པར་འགྱུར། སྟན་གཅིག་པའི་བྱང་ཆུབ་སེམས་དཔར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། བྱང་ཆུབ་སེམས་དཔའི་དགེ་འདུན་དཔག་ཏུ་མེད། གྲངས་
མེད་ཚད་མེད་པར་འགྱུར། ཚེའི་ཚད་དཔག་ཏུ་མེད་པར་འགྱུར། འོད་དཔག་ཏུ་མེད་པ་ཕུན་སུམ་ཚོགས་པར་འགྱུར་སྙམ་ན་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ན་བདག་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་སྒྲ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་གྲག་པར་འགྱུར་སྙམ་ན་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས། ཇི་ལྟར་ན་བདག་གི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་ཐམས་ཅད་སྦྱིན་པ་ནི་ལེགས་པའོ། །དུལ་བ་ནི་ལེགས་པའོ། །ལེགས་པར་སྡོམ་པ་ནི་ལེགས་པའོ། །ཚངས་པར་སྤྱོད་པ་ནི་ལེགས་པའོ། །སྲོག་ཆགས་འབྱུང་པོ་
རྣམས་ལ་རྣམ་པར་མི་འཚེ་བ་ནི་ལེགས་པའོ་ཞེས་བྱ་བར་ཤེས་པའི་ཤེས་རབ་དེ་ལྟ་བུ་དང་ལྡན་པར་འགྱུར་སྙམ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ན་བདག་ཡོངས་སུ་མྱ་ངན་ལས་འདས་ནས། དམ་པའི་ཆོས་ནུབ་པའི་སྒྲ་ཡང་མི་གྲག་པར་འགྱུར་སྙམ་
པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ན། བདག་གི་མིང་ཐོས་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་གང་དག་འཁོད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་སྙམ་ན་ཡང་།
དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཡོན་ཏན་འདི་དག་སྐྱེད་པར་བྱེད་པ་དེའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན།

རྒྱལ་པོ་ཆེན་པོ་བཞི་པོ་གང་དག་འཁོད་པ་དེ་དག་འདི་སྙམ་དུ་སེམས་ཏེ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སྔོན་གྱི་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་གིས་ལྷུང་བཟེད་དག་ཕུལ་བ་ལྟར་བདག་ཅག་གིས་ཀྱང་། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་འདི་ལ་ལྷུང་བཟེད་བཞི་དབུལ་བར་བྱའོ་སྙམ་དུ་སེམས་ཤིང་ཡིད་དགའ་བར་འགྱུར་རོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱང་འདི་སྙམ་
དུ། དེ་ལྟར་ན་ལྷ་མ་ཡིན་གྱི་རིས་རྣམས་ནི་ཡོངས་སུ་འགྲིབ་པར་འགྱུར་ཞིང་། ལྷའི་རིས་རྣམས་ནི་མངོན་པར་འཕེལ་བར་འགྱུར་བས། བདག་ཅག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལ་རིམ་གྲོ་བསྐྱེད་པར་བྱའོ་སྙམ་དུ་སེམས་ཤིང་ཡིད་དགའ་བར་འགྱུར་རོ། །སྟོང་
གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཚངས་པ་ཆེན་པོ་དག་དང་། ཚངས་རིས་ཀྱི་ལྷ་ནས་བཟུང་སྟེ། ཚངས་པ་ཐམས་ཅད་དང་། འོག་མིན་གྱི་བར་གྱི་ལྷ་དག་འདི་སྙམ་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་མངོན་པར་རྫོགས་པར་སངས་རྒྱས་ནས།
ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་བདག་ཅག་གིས་གསོལ་བ་གདབ་པར་བྱའོ་སྙམ་དུ་སེམས་ཤིང་ཡིད་དགའ་བར་འགྱུར་རོ། །ཤཱ་རིའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཕ་རོལ་ཏུ་ཕྱིན་པ་དྲུག་
གིས་རྣམ་པར་འཕེལ་བ་དེའི་ཚེ། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་རྣམས་ཀྱང་འདི་སྙམ་དུ། བདག་ཅག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིའི་ཕ་དང་། མ་དང་། ཆུང་མ་དང་། བུ་དང་། མཛའ་བཤེས་དང་། ཉེ་དུ་དང་། སྣག་གི་གཉེན་
མཚམས་དག་ཏུ་འགྱུར་རོ་སྙམ་དུ་སེམས་ཤིང་། ཡིད་དགའ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་བཞི་དང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱང་འདི་སྙམ་དུ་དེ་ནི་སེམས་ཅན་རྣམས་བྱང་ཆུབ་ལ་ངེས་པར་སྦྱར་བའི་ཕྱིར། ཀུན་ཏུ་སྦྱོར་བར་འགྱུར་བའི་

ཆོས་རྣམས་ཀྱིས་ཀུན་ཏུ་མི་སྦྱོར་ཞིང་། ཚངས་པར་སྤྱོད་པར་འགྱུར་ཏེ། དེ་འདི་སྐད་དུ་བདག་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཚངས་པར་སྤྱད་པར་བྱའི། མི་ཚངས་པར་སྤྱད་པར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདོད་པ་རྣམས་ལ་བསྟེན་པ་ནི།
ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ལ་ཡང་བར་དུ་གཅོད་པར་འགྱུར་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ལ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཁྱིམ་ནས་མངོན་པར་བྱུང་ཞིང་ཚངས་པར་སྤྱད་པ་ཉིད་
ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའི། མི་ཚངས་པར་སྤྱོད་པས་ནི་མ་ཡིན་ནོ་ཞེས་སྨོན་ལམ་འདེབས་པས་ན། བྱང་ཆུབ་སེམས་དཔའ་འཁྲིག་པ་ཀུན་ཏུ་སྦྱོར་བ་ལ་མི་འཇུག་པས། ཡིད་དགའ་བར་འགྱུར་རོ། །
དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕ་མ་དང་། མཆིས་འབྲང་དང་། བུ་དང་། མཛའ་བཤེས་དང་། ཉེ་དུ་དང་། སྣག་གི་
གཉེན་མཚམས་དག་ངེས་པར་འཚལ་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁ་ཅིག་ལ་ནི་ཕ་དང་། མ་དང་། ཆུང་མ་དང་།
བུ་དག་དགོས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁ་ཅིག་ནི་སེམས་དང་པོ་བསྐྱེད་པ་ཉིད་ནས་བཟུང་སྟེ། ཚངས་པར་སྤྱོད་པ་ཡང་དག་པར་ལེན་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་དེ་རྟག་ཏུ་
གཞོན་ནུར་གྱུར་པ་ཉིད་ཀྱིས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁ་ཅིག་ནི་ཐབས་ལ་མཁས་པས། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལྔ་ལ་སྤྱད་ནས། བཙུན་མོའི་འཁོར་གྱི་

ནང་ནས་མངོན་པར་བྱུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁ་ཅིག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་གནས་པ་ཐོབ་ནས། འདོད་པའི་ཉོན་མོངས་
པ་རྣམས་དང་བྲལ་ཡང་དེ་དག་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འདོད་པའི་ཡོན་ཏན་ལྔ་ཉེ་བར་འཛིན་པར་སྟོན་ལ། ཡོངས་སུ་སྤྱོད་པར་ནི་མི་བྱེད་དོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ། སྒྱུ་མའི་
རིག་སྔགས་དང་སྦྱོར་བ་ཤེས་པ། ལེགས་པར་བསླབས་པ་ཞིག་གིས་འདོད་པའི་ཡོན་ཏན་ལྔ་མངོན་པར་སྤྲུལ་ཏེ། འདོད་པའི་ཡོན་ཏན་ལྔ་པོ་དེ་དག་གིས་བདག་ཉིད་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་བསྟན་ན། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། སྒྱུ་མ་མཁན་ནམ་སྒྱུ་
མ་མཁན་གྱི་སློབ་མ་དེས་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་ལ་ཡོངས་སུ་སྤྱད་པ་ཡོད་སྙམ་འམ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཐབས་ལ་མཁས་པས། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འདོད་པའི་ཡོན་ཏན་ལྔ་ལ་ཡོངས་སུ་སྤྱོད་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པའི་ཡོན་ཏན་དག་གིས་གོས་པ་ཡང་མེད་དོ། །ཤཱ་རིའི་བུ་རྣམ་གྲངས་དེས་ན། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པ་རྣམས་ནི་ཀུན་ཏུ་འབར་བའོ། །འདོད་པ་རྣམས་ནི་སྨད་པའོ། །འདོད་པ་རྣམས་ནི་གསོད་པའོ། །འདོད་པ་རྣམས་ནི་ཕྱིར་རྒོལ་བའོ་ཞེས་འདོད་པ་རྣམས་ཀྱི་བསྔགས་པ་མ་ཡིན་པ་བརྗོད་དོ། །ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འདོད་པའི་ཡོན་ཏན་རྣམས་ཉེ་བར་འཛིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། སེམས་བསྐྱེད་པའི་ལེའུ་ཞེས་བྱ་སྟེ་གཉིས་པའོ།། །།དེ་ནས་བཅོམ་

ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་
ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། བྱང་ཆུབ་སེམས་དཔར་གྱུར་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་
ཆུབ་སེམས་དཔའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྤྱོད་ཅེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མི་སྤྱོད་ཅེས་བྱ་
བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྤྱོད་ཀྱང་སྤྱོད་ལ། མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྤྱོད་པ་ཡང་མ་ཡིན། མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཡང་དག་པར་
རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའི་མིང་དེ་ནི་མིང་གི་ངོ་བོ་ཉིད་ཀྱིས་སྟོང་གི །སྟོང་པ་ཉིད་
ཀྱིས་བྱང་ཆུབ་སེམས་དཔའི་མིང་སྟོང་པ་ནི་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཀྱིས་སྟོང་གི་སྟོང་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་སྟོང་པ་ནི་མ་ཡིན། བྱང་ཆུབ་ཀྱང་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱིས་སྟོང་གི །སྟོང་པ་ཉིད་ཀྱིས་བྱང་ཆུབ་སྟོང་པ་ནི་མ་
ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་སྟོང་གི །སྟོང་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ནི་མ་ཡིན། གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་གི །སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་ནི་མ་ཡིན། ཚོར་བ་དང་།

འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱིས་སྟོང་གི །སྟོང་པ་ཉིད་ཀྱིས་རྣམ་པར་ཤེས་པ་སྟོང་པ་ནི་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའི་མིང་གི་སྟོང་པ་ཉིད་གང་ཡིན་པ་དེ་ནི་བྱང་ཆུབ་
སེམས་དཔའི་མིང་མ་ཡིན་ལ། སྟོང་པ་ཉིད་ལས་གུད་ན་ཡང་བྱང་ཆུབ་སེམས་དཔའི་མིང་མེད་དེ། བྱང་ཆུབ་སེམས་དཔའི་མིང་ཉིད་སྟོང་པ་ཉིད་ཡིན་ལ་སྟོང་པ་ཉིད་ཀྱང་བྱང་ཆུབ་སེམས་དཔའི་མིང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་གང་ཡིན་པ་དེ་ནི། བྱང་
ཆུབ་སེམས་དཔའ་མ་ཡིན་ལ། སྟོང་པ་ཉིད་ལས་གུད་ན་ཡང་བྱང་ཆུབ་སེམས་དཔའ་མེད་དེ། བྱང་ཆུབ་སེམས་དཔའ་ཉིད་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱང་བྱང་ཆུབ་སེམས་དཔའ་ཡིན་པ་དང་། བྱང་ཆུབ་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་བྱང་ཆུབ་མ་ཡིན་ལ། སྟོང་པ་ཉིད་
ལས་གུད་ན་ཡང་བྱང་ཆུབ་མེད་དེ། བྱང་ཆུབ་ཉིད་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱང་བྱང་ཆུབ་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ལ། སྟོང་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
མེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པ་དང་། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ལ། སྟོང་པ་ཉིད་ལས་གུད་ན་ཡང་གཟུགས་མེད་དེ། གཟུགས་ཉིད་སྟོང་པ་ཉིད་ཡིན་ལ།
སྟོང་པ་ཉིད་ཀྱང་གཟུགས་མ་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་རྣམ་པར་ཤེས་པ་མ་ཡིན་ལ། སྟོང་པ་ཉིད་ལས་གུད་ན་ཡང་རྣམ་པར་ཤེས་པ་མེད་དེ། རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད་
ཡིན་ལ། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ནི་མིང་ཙམ་དུ་ཟད། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་མིང་ཞེས་བྱ་བ་དང་། བྱང་ཆུབ་ཅེས་བྱ་བ་དང་། ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་། གཟུགས་ཞེས་བྱ་བ་དང་། ཚོར་བ་ཞེས་བྱ་བ་དང་། འདུ་ཤེས་ཞེས་བྱ་བ་དང་། འདུ་བྱེད་རྣམས་ཞེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་མིང་ཙམ་དུ་ཟད། འདི་ལྟ་སྟེ། སྟོང་པ་ཉིད་ཅེས་བྱ་བ་དེ་ནི་མིང་ཙམ་
དུ་ཟད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་མེད་པ་ལ་ནི་སྐྱེ་བ་མེད། འགག་པ་མེད། འགྲིབ་པ་མེད། འཕེལ་བ་མེད། ཀུན་ནས་ཉོན་མོངས་པ་མེད། རྣམ་པར་བྱང་བ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་སྒྱུ་མ་ལྟ་བུ། ཚོར་བ་ནི་སྒྱུ་མ་ལྟ་
བུ། འདུ་ཤེས་ནི་སྒྱུ་མ་ལྟ་བུ། འདུ་བྱེད་རྣམས་ནི་སྒྱུ་མ་ལྟ་བུ། རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་རོ། །སྒྱུ་མ་ཡང་མིང་ཙམ་དུ་ཟད་དེ། ཡུལ་ན་མི་གནས། ཕྱོགས་ན་མི་གནས་པས་སྒྱུ་མ་མཐོང་བ་ནི་ལོག་པར་གྱུར་པ་སྟེ། ཡོད་པ་མ་ཡིན་ཞིང་ངོ་བོ་ཉིད་
དང་བྲལ་བ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཆོས་གང་ལ་ཡང་སྐྱེ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འགག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གནས་པར་ཡང་དག་པར་རྗེས་སུ་མི་མཐོང་
ངོ་། །འགྲིབ་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འཕེལ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཀུན་ནས་ཉོན་མོངས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཡང་དག་པར་རྗེས་སུ་མི་
མཐོང་ངོ་། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གང་ལ་བྱང་ཆུབ་ཅེས་བྱ་བའམ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་
མིང་ནི་བཅོས་མ་ཡིན་པའི་ཕྱིར། ཆོས་སོ་སོ་ཐ་དད་པ་དེ་དག་ནི་བཏགས་པ་སྟེ། ཡང་དག་པ་མ་ཡིན་པ། གློ་བུར་དུ་བཏགས་པའི་མིང་གིས་རྗེས་སུ་ཐ་སྙད་འདོགས་ཏེ། ཇི་ལྟ་ཇི་ལྟར་རྗེས་སུ་ཐ་སྙད་འདོགས་པ་དེ་ལྟ་དེ་ལྟར་མངོན་པར་ཞེན་ཏོ། །བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ནི། མིང་དེ་དག་ཐམས་ཅད་ངོ་བོ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡང་དག་པར་རྗེས་སུ་མ་མཐོང་བས་མངོན་པར་ཞེན་པར་མི་འགྱུར་རོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འདི་ལྟར་ཡོངས་སུ་རྟོག་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ནི་མིང་ཙམ་མོ། །འདི་ལྟ་སྟེ་བྱང་ཆུབ་ཅེས་བྱ་བ་དེ་ནི་མིང་ཙམ་མོ། །འདི་ལྟ་སྟེ་སངས་རྒྱས་ཞེས་བྱ་བ་དེ་ནི་མིང་ཙམ་མོ། །འདི་
ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ནི་མིང་ཙམ་མོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེས་བྱ་བ་དེ་ནི་མིང་ཙམ་མོ། །འདི་ལྟ་སྟེ། གཟུགས་ཞེས་བྱ་བ་དེ་ནི་མིང་ཙམ་མོ། །འདི་ལྟ་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་།
རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་མིང་ཙམ་མོ་ཞེས་ཡོངས་སུ་རྟོག་གོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། བདག་བདག་ཅེས་བརྗོད་ཀྱང་བདག་ཀྱང་མི་དམིགས་སེམས་ཅན་དང་། སྲོག་དང་། གང་ཟག་ཀྱང་མི་དམིགས་ཏེ། འདི་ལྟར་མིང་གིས་ཐ་སྙད་བཏགས་པར་ཟད་ཀྱི།
མི་དམིགས་པ་སྟོང་པ་ཉིད་ཀྱི་ཕྱིར་དེ་དག་ནི་རྣམ་པ་ཐམས་ཅད་དུ་དམིགས་སུ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པའི་
བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མིང་གང་གིས་ཐ་སྙད་འདོགས་པའི་མིང་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པས་ནི། མི་དམིགས་པ་སྟོང་པ་ཉིད་ཀྱི་ཕྱིར་
དེ་བཞིན་གཤེགས་པའི་ཤེས་རབ་མ་གཏོགས་པར་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཟིལ་གྱིས་གནོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་གིས་མངོན་པར་ཞེན་པར་འགྱུར་བ་དེ་ཡང་དེས་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་ཏེ། ཤཱ་རིའི་བུ་

དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། འཛམ་བུའི་གླིང་འདི་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ལྟ་བུའི་དགེ་སློང་ཤ་སྟག་གིས་འདམ་བུའི་ཚལ་ལམ། འོད་
མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། མདའ་རྒྱུའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ཀྱང་། དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་
རབ་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་གང་ཡིན་པ་དེ་
ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་དུ་ཉེ་བར་གནས་པའི་ཕྱིར་རོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་ཡོངས་སུ་བསྒོམས་པ་གང་ཡིན་པ་དེས་ཀྱང་ཉན་ཐོས་དང་།
རང་སངས་རྒྱས་རྣམས་ཀྱི་ཤེས་རབ་ཟིལ་གྱིས་གནོན་ཏོ། །ཤཱ་རིའི་བུ་འཛམ་བུའི་གླིང་འདི་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ལྟ་བུའི་དགེ་སློང་ཤ་སྟག་གིས་ཡོངས་སུ་གང་བ་ལྟ་ཞོག་གི །ཤཱ་རིའི་བུ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཤཱ་རིའི་བུ་དང་
མཽད་གལ་གྱི་བུ་ལྟ་བུའི་དགེ་སློང་ཤ་སྟག་གིས་ཡོངས་སུ་གང་བར་གྱུར་ཀྱང་། དེ་དག་གི་ཤེས་རབ་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས།
རྒྱུའི་བར་དུ་ཡང་མི་བཟོད་དོ། །ཤཱ་རིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཀྱི་ཁམས་འདི་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ལྟ་བུའི་དགེ་སློང་ཤ་སྟག་གིས་ཡོངས་སུ་གང་བ་ལྟ་ཡང་ཞོག་གི །ཤཱ་རིའི་བུ་གལ་ཏེ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་

མ་སྙེད་དག་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ལྟ་བུའི་དགེ་སློང་ཤ་སྟག་གིས་ཡོངས་སུ་གང་བར་གྱུར་ཅིང་། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་
ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ལྟ་བུའི་དགེ་སློང་ཤ་སྟག་གིས་ཡོངས་སུ་གང་བར་གྱུར་ཀྱང་། དེ་དག་གི་ཤེས་རབ་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་
བསྒོམས་པ་གང་ཡིན་པ་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་མི་བཟོད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉན་ཐོས་རྒྱུན་ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་
རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་ཀྱི་ཤེས་རབ་གང་ལགས་པ་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཤེས་རབ་
གང་ལགས་པའི་ཤེས་རབ་དེ་དག་ཐམས་ཅད་ནི་ཐ་དད་པ་མ་ལགས་པ། དབེན་པ། མ་སྐྱེས་པ་ངོ་བོ་ཉིད་ཀྱིས་སྟོང་པ་ལགས་ཏེ། བཅོམ་ལྡན་འདས་ཐ་དད་པ་མ་ལགས་ཤིང་། དབེན་ལ་མ་སྐྱེས་པ། རང་བཞིན་གྱིས་སྟོང་པ་ལ་ནི་ཐ་དད་དུ་དབྱེ་བ་འམ། ཁྱད་པར་མི་
དམིགས་ལགས་ན། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་གདུགས་གཅིག་བསྒོམས་པ་གང་ལགས་པ་དེས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཟིལ་གྱིས་གནོན་པར་འགྱུར་བ་ལགས། དེ་སྐད་ཅེས་
གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ།

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པ། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པས་བདག་གིས། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱས་ལ། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླའོ་
ཞེས་ཉིན་གཅིག་བསྒོམས་པའི་ཤེས་རབ་གང་གི་དོན་དུ་ཉེ་བར་གནས་པ་ལྟར་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཉེ་བར་གནས་པ་ཡིན་སྙམའམ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་འདི་སྙམ་དུ་བདག་ཅག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ལ་སེམས་ཅན་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་
དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་དུ་སེམས་སྙམ་འམ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་རྣམ་གྲངས་དེས་ན། ཁྱོད་ཀྱིས་འདི་ལྟར་ཉན་ཐོས་དང་རང་སངས་རྒྱས་ཐམས་
ཅད་ཀྱི་ཤེས་རབ་གང་ཡིན་པ་དེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཉིན་གཅིག་བསྒོམས་པའི་ཤེས་རབ་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་མི་བཟོད་དེ། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཤེས་རབ་ཟིལ་གྱིས་གནོན་པར་རིག་པར་
བྱའོ། །ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་འདི་སྙམ་དུ་བདག་ཅག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། དེ་བཞིན་
གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས་ལ། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་

རྫོགས་པར་སངས་རྒྱས་ནས། སེམས་ཅན་དཔག་ཏུ་མེད་གྲངས་མེད་ཚད་མེད་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་སྙམ་དུ་སེམས་སྙམ་འམ། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་སེམས་ཏེ། བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་
སུ་རྫོགས་པར་བྱས་ལ། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་
ཅན་དཔག་ཏུ་མེད་གྲངས་མེད་ཚད་མེད་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་དུ་སེམས་སོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། སྲོག་ཆགས་ཀྱི་རིགས་སྲིན་བུ་མེ་ཁྱེར་ནི་འདི་སྙམ་དུ་བདག་གི་འོད་ཀྱིས་འཛམ་བུའི་གླིང་སྣང་བར་བྱ་ཞིང་། བདག་གི་འོད་ཀྱིས་འཛམ་བུའི་གླིང་
ཁྱབ་པར་བྱའོ་སྙམ་དུ་མི་སེམས་སོ། །ཤཱ་རིའི་བུ་དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱང་འདི་སྙམ་དུ་བདག་ཅག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ལ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་
ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས་ལ། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་དཔག་ཏུ་མེད་གྲངས་མེད་ཚད་མེད་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་སྙམ་དུ་མི་སེམས་སོ། །ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་ཤར་བས་ནི་འཛམ་བུའི་གླིང་ཐམས་ཅད་སྣང་བས་ཁྱབ་

པར་བྱེད་ཅིང་། འཛམ་བུའི་གླིང་ཐམས་ཅད་སྣང་བས་གསལ་བར་བྱེད་དོ། །ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ལ། སངས་རྒྱས་ཀྱི་ཞིང་ཡང་
ཡོངས་སུ་དག་པར་བྱས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱས་ལ། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་དཔག་ཏུ་མེད་གྲངས་མེད་ཚད་མེད་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་ཤིན་ཏུ་འདའ་ཞིང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ཐོབ་པ་དང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་ལགས། དེ་སྐད་ཅེས་གསོལ་པ་
དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་ཕྱིན་ཆད། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་
མེད་པའི་ཆོས་རྣམས་ལ་གནས་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ལས་ཤིན་ཏུ་འདས་ནས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་འཐོབ་བོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གང་ལ་གནས་ན། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་

བཀའ་སྩལ་ཏོ། །ཤཱ་རིའི་བུ་སེམས་དང་པོ་བསྐྱེད་ཕྱིན་ཆད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནས། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྟག་པར་རྒྱུན་ཏུ་ཉན་ཐོས་དང་།
རང་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་གྱུར་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་དགེ་བའི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་བའི་ཕྱིར་ཏེ། འདི་ལྟ་སྟེ་དགེ་བ་བཅུའི་
ལས་ཀྱི་ལམ་རྣམས་དང་། ཡན་ལག་ལྔ་དང་ལྡན་པའི་ཚུལ་ཁྲིམས་དང་། ཡན་ལག་བརྒྱད་དང་ལྡན་པའི་ཚུལ་ཁྲིམས་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འཕགས་པའི་བདེན་པ་བཞི་
དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པའི་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཕ་རོལ་ཏུ་
ཕྱིན་པ་དྲུག་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དགེ་
བའི་ཆོས་དེ་དག་འཇིག་རྟེན་དུ་བྱུང་བས། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་འཇིག་རྟེན་ན་ཡོད་པ་ཡིན། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཡོད་པ་ཡིན། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཡོད་པ་ཡིན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་
རྣམས་དང་། སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་རིས་དང་། ཚངས་འཁོར་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་

ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་བ་དང་། སེམས་ཅན་འདུ་ཤེས་མེད་པ་དང་། གནས་གཙང་མ་གྱ་ནོམ་སྣང་བ་དང་། ཤིན་ཏུ་མཐོང་དང་། མི་ཆེ་བ་དང་། མི་གདུང་བ་དང་། འོག་མིན་དང་། ནམ་མཁའ་མཐའ་ཡས་སྐྱེ་
མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་པ་ཡིན་ནོ། །རྒྱུན་ཏུ་ཞུགས་པ་རྣམས་འཇིག་རྟེན་དུ་བྱུང་བ་ཡིན། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་
རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བ་ཡིན་ནོ། །ཤཱ་རིའི་བུས་གསོལ་
པ། བཅོམ་ལྡན་འདས་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་སྦྱོང་བར་བགྱིད་དམ། འོན་ཏེ་མི་བགྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་གྲངས་ཀྱིས་སྦྱིན་པ་ཡོངས་སུ་སྦྱོང་
བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པ་ནི་ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་རོ། །ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པ་པོ་ཡིན་ཏེ། ཅི་ཞིག་གི་སྦྱིན་པ་པོ་ཡིན་ཞེ་ན། དགེ་བའི་
ཆོས་རྣམས་ཀྱི་སྦྱིན་པ་པོ་ཡིན་ནོ། །དགེ་བའི་ཆོས་གང་དག་གི་སྦྱིན་པ་པོ་ཡིན་ཞེ་ན། འདི་ལྟ་སྟེ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་། བསླབ་པའི་གཞི་ལྔ་དང་། ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་གི་སྦྱིན་པ་
པོ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱིས་ན། བརྩོན་ཞེས་བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ཀྱི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །དེ་བཞིན་དུ་ཚོར་བའི་སྟོང་པ་ཉིད་དང་། འདུ་ཤེས་ཀྱི་སྟོང་པ་ཉིད་དང་། འདུ་བྱེད་རྣམས་ཀྱི་སྟོང་པ་ཉིད་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཤཱ་རིའི་
བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིག་གི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །གཟུགས་ཀྱི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །དེ་
བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་།
ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །སྡུག་བསྔལ་གྱི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་
སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །མ་རིག་པའི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་།
སྐྱེ་བ་དང་། རྒ་ཤིའི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ཀྱི་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རང་བཞིན་གྱིས་སྟོང་པ་ཉིད་ལ་བརྩོན་ན་བརྩོན་ཞེས་བྱའོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟོང་པ་ཉིད་བདུན་པོ་འདི་དག་གིས་བརྩོན་ན་བརྩོན་ཞེས་བྱའོ། །

བྱང་ཆུབ་སེམས་དཔའ་དེ་སྟོང་པ་ཉིད་བདུན་པོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རེ་ཤིག་བརྩོན་ཞེ་འམ་མི་བརྩོན་ཞེས་མི་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གཟུགས་སྐྱེ་བའི་ཆོས་ཅན་ནམ་འགག་པའི་ཆོས་ཅན་དུ་ཡང་དག་
པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བའི་ཆོས་ཅན་ནམ་འགག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནམ། རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་
དག་པར་རྗེས་སུ་མི་མཐོང་ངོ་། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནམ། རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་གཟུགས་ནི་ཚོར་བ་དང་ལྷན་ཅིག་ཡང་དག་པར་འདུ་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་ཚོར་བ་ནི་འདུ་ཤེས་དང་། འདུ་ཤེས་ནི་འདུ་བྱེད་རྣམས་དང་། འདུ་བྱེད་རྣམས་ནི་རྣམ་པར་ཤེས་པ་དང་ལྷན་ཅིག་ཡང་དག་པར་འདུ་བ་ཞེས་བྱ་བར་
ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པ་ནི་འདུ་བྱེད་རྣམས་དང་ལྷན་ཅིག་ཡང་དག་པར་འདུ་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་བའོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར། ཆོས་གང་ཡང་ཆོས་གང་དང་ཡང་ལྷན་ཅིག་ཡང་དག་པར་
འདུ་བ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་མ་ཡིན་པའི་ཕྱིར་རོ། །
དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་སུ་ཡོད་པ་མ་ཡིན། ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་ཚོར་བར་བྱེད་པ་མ་ཡིན། འདུ་ཤེས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཀུན་ཏུ་ཤེས་པར་བྱེད་པ་མ་ཡིན། འདུ་བྱེད་རྣམས་ཀྱི་སྟོང་པ་ཉིད་

གང་ཡིན་པ་དེ་མངོན་པར་འདུ་བྱེད་པ་མ་ཡིན། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་རྣམ་པར་ཤེས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་གཟུགས་ཀྱང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན། སྟོང་པ་ཉིད་ཀྱང་གཞན་
མ་ཡིན་ལ། གཟུགས་ཀྱང་གཞན་མ་ཡིན་ཏེ། གཟུགས་ཉིད་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱང་གཟུགས་ཡིན། དེ་བཞིན་དུ་ཚོར་བ་ཡང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན། འདུ་ཤེས་ཀྱང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན།
འདུ་བྱེད་རྣམས་ཀྱང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན། རྣམ་པར་ཤེས་པ་ཡང་གཞན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ཏེ། རྣམ་པར་ཤེས་པ་ཉིད་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་
རིའི་བུ་སྟོང་པ་ཉིད་གང་ཡིན་པ་དེ་ནི་མི་སྐྱེ་མི་འགག་ཅིང་། ཀུན་ནས་ཉོན་མོངས་པ་མེད། རྣམ་པར་བྱང་བ་མེད་ལ། འགྲིབ་པ་མེད་ཅིང་། འཕེལ་བ་མེད་པ་སྟེ། དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པའི་ཕྱིར་རོ། །འདི་འདྲ་བ་གང་
ཡིན་པ་དེ་ལ་ནི་གཟུགས་མེད་དོ། །ཚོར་བ་མེད་དོ། །འདུ་ཤེས་མེད་དོ། །འདུ་བྱེད་རྣམས་མེད་དོ། །རྣམ་པར་ཤེས་པ་མེད་དོ། །སའི་ཁམས་མེད་དོ། །ཆུའི་ཁམས་མེད་དོ། །མེའི་ཁམས་མེད་དོ། །རླུང་གི་ཁམས་མེད་དོ། །ནམ་མཁའི་ཁམས་མེད་དོ། །རྣམ་
པར་ཤེས་པའི་ཁམས་མེད་དོ། །མིག་གི་སྐྱེ་མཆེད་མེད་དོ། །གཟུགས་ཀྱི་སྐྱེ་མཆེད་མེད་དོ། །རྣ་བའི་སྐྱེ་མཆེད་མེད་དོ། །སྒྲའི་སྐྱེ་མཆེད་མེད་དོ། །སྣའི་སྐྱེ་མཆེད་མེད་དོ། །དྲིའི་སྐྱེ་མཆེད་མེད་དོ། །ལྕེའི་སྐྱེ་མཆེད་མེད་དོ། །རོའི་སྐྱེ་མཆེད་མེད་དོ། །ལུས་ཀྱི་སྐྱེ་མཆེད་
མེད་དོ། །རེག་བྱའི་སྐྱེ་མཆེད་མེད་དོ། །ཡིད་ཀྱི་སྐྱེ་མཆེད་མེད་དོ། །ཆོས་ཀྱི་སྐྱེ་མཆེད་མེད་དོ། །མིག་གི་ཁམས་མེད་དོ། །གཟུགས་ཀྱི་ཁམས་མེད་དོ། །མིག་གི་རྣམ་པར་ཤེས་པའི་ཁམས་མེད་དོ། །རྣ་བའི་ཁམས་མེད་དོ། །སྒྲའི་ཁམས་མེད་དོ། །རྣ་བའི་

རྣམ་པར་ཤེས་པའི་ཁམས་མེད་དོ། །སྣའི་ཁམས་མེད་དོ། །དྲིའི་ཁམས་མེད་དོ། །སྣའི་རྣམ་པར་ཤེས་པའི་ཁམས་མེད་དོ། །ལྕེའི་ཁམས་མེད་དོ། །རོའི་ཁམས་མེད་དོ། །ལྕེའི་རྣམ་པར་ཤེས་པའི་ཁམས་མེད་དོ། །ལུས་ཀྱི་ཁམས་མེད་དོ། །རེག་བྱའི་ཁམས་
མེད་དོ། །ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མེད་དོ། །ཡིད་ཀྱི་ཁམས་མེད་དོ། །ཆོས་ཀྱི་ཁམས་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མེད་དོ། །མ་རིག་པ་མེད་དོ། །མ་རིག་པ་འགག་པ་མེད་དོ། །འདུ་བྱེད་མེད་དོ། །འདུ་བྱེད་འགག་པ་མེད་དོ། །རྣམ་པར་
ཤེས་པ་མེད་དོ། །རྣམ་པར་ཤེས་པ་འགག་པ་མེད་དོ། །མིང་དང་གཟུགས་མེད་དོ། །མིང་དང་གཟུགས་འགག་པ་མེད་དོ། །སྐྱེ་མཆེད་དྲུག་མེད་དོ། །སྐྱེ་མཆེད་དྲུག་འགག་པ་མེད་དོ། །རེག་པ་མེད་དོ། །རེག་པ་འགག་པ་མེད་དོ། །ཚོར་བ་མེད་དོ། །ཚོར་བ་འགག་པ་
མེད་དོ། །སྲེད་པ་མེད་དོ། །སྲེད་པ་འགག་པ་མེད་དོ། །ལེན་པ་མེད་དོ། །ལེན་པ་འགག་པ་མེད་དོ། །སྲིད་པ་མེད་དོ། །སྲིད་པ་འགག་པ་མེད་དོ། །སྐྱེ་བ་མེད་དོ། །སྐྱེ་བ་འགག་པ་མེད་དོ། །རྒ་ཤི་མེད་དོ། །རྒ་ཤི་འགག་པ་མེད་དོ། །སྡུག་བསྔལ་མེད་དོ། །
ཀུན་འབྱུང་བ་མེད་དོ། །འགོག་པ་མེད་དོ། །ལམ་མེད་དོ། །ཐོབ་པ་མེད་དོ། །མངོན་པར་རྟོགས་པ་མེད་དོ། །རྒྱུན་ཏུ་ཞུགས་པ་མེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་མེད་དོ། །ལན་ཅིག་ཕྱིར་འོང་བ་མེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མེད་དོ། །ཕྱིར་མི་
འོང་བ་མེད་དོ། །ཕྱིར་མི་འོང་བའི་འབྲས་བུ་མེད་དོ། །དགྲ་བཅོམ་པ་ཉིད་མེད་དོ། །རང་སངས་རྒྱས་མེད་དོ། །རང་བྱང་ཆུབ་མེད་དོ། །དེ་ལ་ནི་སངས་རྒྱས་མེད་དོ། །བྱང་ཆུབ་མེད་དོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ།
བམ་པོ་གསུམ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བརྩོན་པ་ཞེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་གཟུགས་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །

ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མིག་ལ་བརྩོན་ཞེས་བྱ་བ་འམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣ་བ་དང་། སྣ་དང་། ལྕེ་དང་།
ལུས་དང་། ཡིད་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ལ་བརྩོན་ཞེས་བྱ་བའམ།
མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མིག་གི་ཁམས་ལ་བརྩོན་ཞེས་བྱ་བ་འམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་ཀྱི་བར་དང་། ཆོས་ཀྱི་ཁམས་
དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དྲན་པ་ཉེ་བར་གཞག་པ་རྣམས་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་ཡང་དག་པའི་སྤོང་བ་དང་། རྫུ་
འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བདེན་པ་བཞི་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་
གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་བརྩོན་ཞེས་བྱ་བ་འམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་བར་ལ་བརྩོན་ཞེས་བྱ་བའམ་མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤཱ་རིའི་བུ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་བརྩོན་པ་ནི་བརྩོན་པ་ཞེས་བྱ་

བར་རིག་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སྟོང་པ་ཉིད་དང་སྟོང་པ་ཉིད་དུ་སྦྱོར་བར་མི་བྱེད། མི་སྦྱོར་བར་ཡང་མི་བྱེད་དེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་དང་ཡང་མ་ཡིན་ནོ། །མཚན་མ་
མེད་པ་དང་། མཚན་མ་མེད་པར་སྦྱོར་བར་མི་བྱེད། མི་སྦྱོར་བར་ཡང་མི་བྱེད་དེ། མཚན་མ་མེད་པའི་རྣལ་འབྱོར་དང་ཡང་མ་ཡིན་ནོ། །སྨོན་པ་མེད་པ་དང་། སྨོན་པ་མེད་པར་སྦྱོར་བར་མི་བྱེད། མི་སྦྱོར་བར་ཡང་མི་བྱེད་དེ། སྨོན་པ་མེད་པའི་རྣལ་འབྱོར་དང་ཡང་མ་ཡིན་ནོ། །དེ་
ཅིའི་ཕྱིར་ཞེ་ན། འདི་ལྟར་སྟོང་པ་ཉིད་ནི་རྣལ་འབྱོར་ཡང་མ་ཡིན། རྣལ་འབྱོར་མ་ཡིན་པ་ཡང་མ་ཡིན་ཞིང་། དེ་བཞིན་དུ་མཚན་མ་མེད་པ་དང་སྨོན་པ་མེད་པ་ཡང་རྣལ་འབྱོར་ཡང་མ་ཡིན། རྣལ་འབྱོར་མ་ཡིན་པ་ཡང་མ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་ལ་འཇུག་སྟེ། དེ་ལྟར་འཇུག་པ་ན་གཟུགས་
ལ་སྦྱོར་བར་མི་བྱེད། མི་སྦྱོར་བར་ཡང་མི་བྱེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་སྦྱོར་བར་མི་བྱེད་མི་སྦྱོར་བར་ཡང་མི་བྱེད་དོ། །གཟུགས་དང་སྔོན་གྱི་མཐར་སྦྱོར་བར་མི་བྱེད་དེ། འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་
མི་མཐོང་ངོ་། །གཟུགས་དང་ཕྱི་མའི་མཐར་སྦྱོར་བར་མི་བྱེད་དེ། འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་དང་ད་ལྟར་བྱུང་བར་སྦྱོར་བར་མི་བྱེད་དེ། འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་ཚོར་བ་དང་།
འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་སྔོན་གྱི་མཐར་སྦྱོར་བར་མི་བྱེད་དེ། འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པ་དང་ཕྱི་མའི་མཐར་སྦྱོར་བར་མི་བྱེད་དེ། འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་

རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པ་དང་། ད་ལྟར་བྱུང་བར་སྦྱོར་བར་མི་བྱེད་དེ། འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་དུས་གསུམ་མཉམ་
པ་ཉིད་ཀྱི་ཕྱིར། སྔོན་གྱི་མཐའ་དང་། ཕྱི་མའི་མཐར་སྦྱོར་བར་མི་བྱེད་དེ། ཕྱི་མའི་མཐའ་དང་། སྔོན་གྱི་མཐར་སྦྱོར་བར་མི་བྱེད་དོ། །ད་ལྟར་བྱུང་བ་དང་། སྔོན་གྱི་མཐའ་འམ་ཕྱི་མའི་མཐར་སྦྱོར་བར་མི་བྱེད་དེ། སྔོན་གྱི་མཐའ་འམ། ཕྱི་མའི་མཐའ་དང་། ད་ལྟར་བྱུང་བར་སྦྱོར་
བར་མི་བྱེད་དོ། །ཤཱ་རིའི་བུ་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་འདི་ལྟར་བརྩོན་པར་བྱེད་
དེ། ཇི་ལྟར་བརྩོན་པར་བྱེད་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་འདས་པར་སྦྱོར་བར་མི་བྱེད་དེ། འདས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདས་པ་དང་སྦྱོར་བར་ཇི་ལྟར་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་
འོངས་པར་སྦྱོར་བར་མི་བྱེད་དེ། མ་འོངས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་འོངས་པ་དང་སྦྱོར་བར་ཇི་ལྟར་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ད་ལྟར་བྱུང་བར་སྦྱོར་བར་མི་བྱེད་དེ། ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་
པར་རྗེས་སུ་མི་མཐོང་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ད་ལྟར་བྱུང་བ་དང་སྦྱོར་བར་ལྟ་ག་ལ་འགྱུར་ཏེ། ཤཱ་རིའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། གཟུགས་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དེ། གཟུགས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་།

རྣམ་པར་ཤེས་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དེ། རྣམ་པར་ཤེས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་མིག་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དེ། མིག་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་
ངོ་། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དེ། ཡིད་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དེ། གཟུགས་ཉིད་ཀྱང་ཡང་དག་པར་རྗེས་སུ་
མི་མཐོང་ངོ་། །དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དེ། ཆོས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤཱ་རིའི་བུ་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་
དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དེ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དྲན་པ་ཉེ་བར་གཞག་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དེ། དྲན་པ་ཉེ་བར་གཞག་པ་རྣམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་ཡང་དག་པའི་སྤོང་བ་རྣམས་དང་།
རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། མངོན་

པར་ཤེས་པ་ལྔ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད་དེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤཱ་རིའི་བུ་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། སངས་རྒྱས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་སངས་
རྒྱས་སུ་སྦྱོར་བར་མི་བྱེད་དེ། སངས་རྒྱས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བར་མི་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། བྱང་ཆུབ་ཏུ་སྦྱོར་བར་མི་བྱེད་དེ། བྱང་ཆུབ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །
དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སངས་རྒྱས་ཡིན། བྱང་ཆུབ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་བྱང་ཆུབ་ཡིན་པའི་ཕྱིར་རོ། །ཤཱ་རིའི་བུ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བརྩོན་པ་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གཟུགས་འབྱུང་ངོ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་འཇིག་གོ་ཞེས་
བྱ་བར་མི་སྦྱོར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འབྱུང་ངོ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་འཇིག་གོ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་རྟག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །
ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་བདེ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་སྡུག་བསྔལ་ཞེས་བྱ་བར་མི་སྦྱོར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་

དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདེ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་སྡུག་བསྔལ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་བདག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་དང་། འདུ་ཤེས་དང་།
འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་ཅེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་ཞི་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་
ཤེས་པ་ཞི་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་མ་ཞི་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་ཞེས་བྱ་བའམ་མི་སྟོང་ཞེས་བྱ་བར་མི་སྦྱོར་རོ། །
གཟུགས་མཚན་མ་ཡོད་ཅེས་བྱ་བའམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མཚན་མ་ཡོད་ཅེས་བྱ་བའམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་སྨོན་པ་ཡོད་ཅེས་བྱ་བའམ་སྨོན་པ་མེད་ཅེས་བྱ་
བར་མི་སྦྱོར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྨོན་པ་ཡོད་ཅེས་བྱ་བའམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་།
རྣམ་པར་ཤེས་པ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །གཟུགས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་
པར་ཤེས་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཤེས་པ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་སྙིང་པོ་ཅན་ཞེས་བྱ་བའམ་ཉམ་ཆུང་བ་ཞེས་བྱ་བར་མི་སྦྱོར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་

བྱེད་རྣམས་དང་། རྣམ་པར་ཤེས་པ་སྙིང་པོ་ཅན་ཞེས་བྱ་བའམ་ཉམ་ཆུང་བ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་ཡོད་དོ་ཞེས་བྱ་བའམ་མེད་དོ་ཞེས་བྱ་བར་མི་སྦྱོར་རོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོད་དོ་ཞེས་བྱ་བའམ་མེད་དོ་ཞེས
བྱ་བར་མི་སྦྱོར་རོ། །གང་དེ་ལྟར་སྤྱོད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེས་བྱ་བར་ཁས་མི་ལེན། མི་སྤྱོད་ཅེས་བྱ་བར་ཁས་མི་ལེན། སྤྱོད་ཀྱང་སྤྱོད་ལ། མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་ཁས་མི་ལེན། སྤྱོད་པ་ཡང་མ་ཡིན། མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར་ཁས་མི་ལེན་ཏེ།
ཤཱ་རིའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཆེད་དུ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཕྱིར་མི་
ལྡོག་པའི་སའི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཆེད་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཆེད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུའི་ཆེད་དང་། མི་འཇིགས་པ་བཞིའི་ཆེད་དང་། སོ་སོ་ཡང་དག་པར་
རིག་པ་བཞིའི་ཆེད་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ནང་སྟོང་པ་ཉིད་ཀྱི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་
ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་གྱིས་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་།

ཆོས་ཐམས་ཅད་སྟོང་པ་ཉིད་དང་། སྐྱེ་བ་མེད་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་།
ཡང་དག་པའི་མཐའི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཆོས་གང་ལ་ཡང་ཐ་དད་པར་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་ཏེ། ཤཱ་རིའི་བུ་དེ་ལྟར་སྤྱོད་
པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་ཞེས་བྱའོ། །དེ་ལྷའི་མིག་གི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། རྫུ་འཕྲུལ་གྱི་ཡུལ་
གྱི་ཆེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ན། བྱང་ཆུབ་སེམས་དཔའ་ལྟ་ཅི་སྨོས་ཏེ། རྣམ་པ་ཐམས་ཅད་དུ་མངོན་པར་ཤེས་པ་ཐམས་ཅད་
ལྟ་ག་ལ་ཡོད། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བརྩོན་པ་ཞེས་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། འདི་སྙམ་དུ་བདག་གིས་ལྷའི་