Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 029_ཁྲི་བརྒྱད།_ཀ

Văn bản gốc(Tây Tạng)

Trang 4 / 19 (50.000 ký tự/trang)
་གྲོལ་བ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མེད་པ་དང་།
བླ་ན་ཡོད་པའི་སེམས་ལ་ཡང་བླ་ན་ཡོད་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བླ་ན་མེད་པའི་སེམས་ལ་ཡང་བླ་ན་མེད་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ལྟར་སེམས་དེ་ཡང་སེམས་མ་ཡིན་པ་སྟེ། བསམ་གྱིས་མི་ཁྱབ་པའི་ཕྱིར་དེས་རློམ་སེམས་

སུ་མི་བྱེད་དོ། །དེས་གང་གིས་རློམ་སེམས་སུ་མི་བྱེད་པའི་སེམས་དེ་ཉིད་ཀྱང་མི་དམིགས་ཏེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དང་། ངོ་བོ་ཉིད་ཀྱིས་དབེན་པ་ཉིད་དང་། ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར་བདག་གིས་ཤེས་སོ་སྙམ་དུ་རློམ་སེམས་སུ་མི་བྱེད་དོ། །དེ་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཡིད་ལ་བྱེད་པ་མ་གཏོགས་པར་སེམས་ལ་སེམས་པ་ཡང་མི་སྐྱེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པའི་ཤེས་
པ་མངོན་པར་སྒྲུབ་བོ། །དེ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་པའི་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པའི་ཤེས་པ་མངོན་པར་སྒྲུབ་སྟེ། དེས་སེམས་གཅིག་གམ། སེམས་བརྒྱའི་བར་དུ་ཡང་རྗེས་སུ་དྲན་ནོ། །ཞག་གཅིག་དང་། ཞག་བརྒྱའི་བར་དང་། ཟླ་
བ་གཅིག་དང་། ཟླ་བ་བརྒྱའི་བར་དང་། ལོ་གཅིག་དང་། ལོ་བརྒྱའི་བར་དང་། བསྐལ་པ་གཅིག་དང་། བསྐལ་པ་བརྒྱའི་བར་དང་། བསྐལ་པ་བརྒྱ་ཕྲག་དུ་མ་འམ། བསྐལ་པ་སྟོང་ཕྲག་དུ་མའམ། བསྐལ་པ་འབུམ་ཕྲག་དུ་མའམ། བསྐལ་པ་བྱེ་བ་ཁྲག་ཁྲིག་
ཕྲག་འབུམ་ཕྲག་དུ་མའི་བར་དུ་རྗེས་སུ་དྲན་ཞིང་། སྔོན་གྱི་མཐའི་མུར་ཐུག་པའི་བར་དུ་ཡང་རྗེས་སུ་དྲན་ཏེ། བདག་ནི་ག་གེ་མོ་ཞིག་ན་འདུག་འདུག་སྟེ། མིང་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། འཚོ་བ་ནི་འདི་འདྲ་
བ་ཞིག །ཡུན་ནི་འདི་སྲིད་ཅིག་ཏུ་འདུག་འདུག །ཚེའི་མཐའ་ནི་འདི་ཙམ་ཞིག་ཏུ་གྱུར། དེ་ནས་ཤི་འཕོས་ནས་ནི་ག་གེ་མོ་ཞིག་ཏུ་སྐྱེས། དེ་ནས་ཤི་འཕོས་ནས་ནི་འདིར་སྐྱེས་སོ་ཞེས་དེ་ལྟར་རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས། གཞི་ཅི་ལས་གྱུར་པ་དང་བཅས་པར་བདག་
དང་གཞན་དག་གི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །འདི་ལྟར་ཤེས་པ་དེ་ཡང་ཤེས་པ་མ་ཡིན་པ་སྟེ། བསམ་གྱིས་མི་ཁྱབ་པའི་ཕྱིར་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པའི་ཤེས་པ་དེས་ཀྱང་རློམ་སེམས་སུ་མི་བྱེད་དོ། །དེས་གང་གིས་རློམ་སེམས་སུ་མི་བྱེད་པའི་

ཤེས་པ་དེ་ཉིད་ཀྱང་མི་དམིགས་ཏེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དང་། ངོ་བོ་ཉིད་ཀྱིས་དབེན་པ་ཉིད་དང་། ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར། བདག་གིས་ཤེས་སོ་སྙམ་དུ་རློམ་སེམས་སུ་མི་བྱེད་དོ། །དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་མ་གཏོགས་
པར་རྗེས་སུ་དྲན་པའི་ཤེས་པར་སེམས་པ་ཡང་མི་སྐྱེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པའི་ཤེས་པ་མངོན་པར་སྒྲུབ་བོ། །དེ་ལྷའི་མིག་རྣམ་པར་དག་པ་མིའི་ལས་
འདས་པས་སེམས་ཅན་རྣམས་མཐོང་སྟེ། སེམས་ཅན་འཆི་འཕོ་བ་དང་། སྐྱེ་བ་དང་། ཁ་དོག་སྡུག་པ་དང་། ཁ་དོག་མི་སྡུག་པ་དང་། བཟང་པོ་དང་། ངན་པ་དང་། བདེ་འགྲོ་དང་། ངན་འགྲོ་དང་། ལས་ཅི་ལྟ་བ་བཞིན་དུ་འགྲོ་བ་དག་རབ་ཏུ་ཤེས་སོ། །སེམས་ཅན་འདི་དག་ནི་ལུས་
ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ། ངག་གི་ཉེས་པར་སྤྱོད་པ་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ་འདེབས་པ་ལོག་པར་ལྟ་བ་ཅན་ཡིན་ཏེ། ལོག་པར་ལྟ་བའི་ལས་ཀྱི་གཞི་དང་རྒྱུས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་སྐྱེ་
བར་འགྱུར་རོ། །སེམས་ཅན་འདི་དག་ནི་ལུས་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ། ངག་གི་ལེགས་པར་སྤྱོད་པ་དང་། ཡིད་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ་ཡང་དག་པའི་ལྟ་བ་ཅན་ཏེ། དེ་དག་ལུས་དང་ངག་དང་ཡིད་ཀྱི་ལེགས་པར་
སྤྱོད་པའི་གཞི་དང་རྒྱུས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཞེས་ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་འཇིག་རྟེན་གྱི་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་ཁམས་ཀྱི་
མཐས་གཏུགས་པ་དག་ན། འགྲོ་བ་དྲུག་གི་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ལྟར་མིག་དེ་ནི་མིག་མ་ཡིན་པ་སྟེ། བསམ་གྱིས་མི་ཁྱབ་པའི་ཕྱིར་དེས་ཀྱང་རློམ་སེམས་སུ་མི་བྱེད་དོ། །དེས་གང་གིས་རློམ་སེམས་སུ་བྱེད་པའི་མིག་དེ་

ཉིད་མི་དམིགས་ཏེ། དེ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དང་། ངོ་བོ་ཉིད་ཀྱིས་དབེན་པ་ཉིད་དང་། ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར། བདག་གིས་ཤེས་སོ་སྙམ་དུ་རློམ་སེམས་སུ་མི་བྱེད་དོ། །དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་མ་གཏོགས་པར་མིག་ཏུ་སེམས་པ་ཡང་མི་སྐྱེད་
དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ལྷའི་མིག་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པའི་ཤེས་པ་མངོན་པར་སྒྲུབ་བོ། །དེ་ཟག་པ་ཟད་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པའི་ཤེས་པ་ཡང་མངོན་པར་སྒྲུབ་ལ།
ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་མ་གཏོགས་པར་ཆོས་གཞན་གང་ལ་ཡང་སྨོན་པ་མེད་དོ། །དེ་མངོན་པར་ཤེས་པ་དེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས། བག་
ཆགས་དང་། མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་དོ། །འདི་ལྟར་ཤེས་པ་དེ་ནི་ཤེས་པ་མ་ཡིན་པ་སྟེ། བསམ་གྱིས་མི་ཁྱབ་པའི་ཕྱིར། ཟག་པ་ཟད་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པའི་ཤེས་པ་མངོན་པར་བསྒྲུབས་པའི་དགེ་བ་དེས་རློམ་སེམས་སུ་མི་
བྱེད་དོ། །དེ་ཤེས་པ་དེ་ཉིད་མི་དམིགས་ཏེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དང་། ངོ་བོ་ཉིད་ཀྱིས་དབེན་པ་ཉིད་དང་། ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར། བདག་གིས་ཤེས་སོ་སྙམ་དུ་རློམ་སེམས་སུ་མི་བྱེད་དོ། །དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་མ་གཏོགས་པར་ཤེས་པ་
དེ་ལ་སེམས་པ་ཡང་མི་སྐྱེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཟག་པ་ཟད་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པའི་ཤེས་པ་མངོན་པར་སྒྲུབ་བོ། །ཤཱ་རིའི་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་མངོན་པར་ཤེས་པ་དྲུག་ཡོངས་སུ་རྫོགས་པར་འགྱུར། ཡོངས་སུ་དག་པར་འགྱུར་ཏེ། མངོན་པར་ཤེས་པ་རྣམས་ཡོངས་སུ་དག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་དག་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་འཛིན་པ་མེད་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ལྟུང་བ་མི་འབྱུང་བ་དང་། ལྷག་པར་ལྟུང་བ་མི་འབྱུང་བའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བདག་ཀྱང་ཡོད་དོ། །
ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་འཁྲུག་པ་མེད་པའི་ཕྱིར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །
ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ལུས་དང་སེམས་ཀྱི་བརྩོན་འགྲུས་མ་བཏང་བའི་ཕྱིར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་
སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་རྣམ་པར་གཡེང་བ་མེད་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་
སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཤེས་རབ་འཆལ་པའི་སེམས་མི་དམིགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་དག་ཀྱང་ཡོད་དོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་འགྲོ་བ་དང་། འོང་བ་མེད་པ་དང་། འཛིན་པ་མེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་

གནས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བར་བྱེད་དོ། །སྦྱིན་པ་ནི་ཡོངས་སུ་འཛིན་པ་ཡོད་པའི་ཕྱིར་གདགས་སོ། །ཚུལ་ཁྲིམས་ནི་འཆལ་པའི་ཚུལ་ཁྲིམས་ཡོད་པའི་ཕྱིར་གདགས་སོ། །བཟོད་པ་ནི་འཁྲུག་པ་ཡོད་པའི་ཕྱིར་གདགས་སོ། །བརྩོན་འགྲུས་
ནི་ལེ་ལོ་ཡོད་པའི་ཕྱིར་གདགས་སོ། །ཏིང་ངེ་འཛིན་ནི་མཉམ་པར་མ་བཞག་པ་ཡོད་པའི་ཕྱིར་གདགས་སོ། །ཤེས་རབ་ནི་འཆལ་པའི་ཤེས་རབ་ཡོད་པའི་ཕྱིར་གདགས་ཏེ། དེ་ནི་བརྒལ་ཏོ་ཞེས་བྱ་བར་རློམ་སེམས་མེད་དོ། །མ་བརྒལ་ཏོ་ཞེས་བྱ་བར་རློམ་སེམས་མེད་དོ། །སྦྱིན་
པ་དང་སེར་སྣ་ཞེས་བྱ་བར་རློམ་སེམས་མེད་དོ། །ཚུལ་ཁྲིམས་དང་ཚུལ་ཁྲིམས་མ་ཡིན་པ་ཞེས་བྱ་བར་རློམ་སེམས་མེད་དོ། །བཟོད་པ་དང་འཁྲུག་པ་ཞེས་བྱ་བར་རློམ་སེམས་མེད་དོ། །བརྩོན་འགྲུས་དང་ལེ་ལོ་ཞེས་བྱ་བར་རློམ་སེམས་མེད་དོ། །མཉམ་པར་བཞག་པ་དང་།
མཉམ་པར་མ་བཞག་པ་ཞེས་བྱ་བར་རློམ་སེམས་མེད་དོ། །ཤེས་རབ་དང་། ཤེས་རབ་འཆལ་པ་ཞེས་བྱ་བར་རློམ་སེམས་མེད་དོ། །བདག་ལ་སྤྱོས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །བདག་ལ་ཕྱག་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །བདག་ལ་བསྟི་སྟང་བྱས་སོ་
ཞེས་བྱ་བར་རློམ་སེམས་མེད་དོ། །བདག་ལ་བསྟི་སྟང་མ་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་སྐྱེ་བ་མེད་པ་ནི་བདག་ལ་སྤྱོས་སོ་ཞེས་བྱ་བར་རློམ་སེམས་སུ་མི་བྱེད། ཕྱག་བྱས་སོ་ཞེས་རློམ་སེམས་སུ་མི་བྱེད། བདག་ལ་བསྟི་སྟང་བྱས་
སོ་ཞེས་རློམ་སེམས་སུ་མི་བྱེད། བདག་ལ་བསྟི་སྟང་མ་བྱས་སོ་ཞེས་རློམ་སེམས་སུ་མི་བྱེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རློམ་སེམས་ཐམས་ཅད་གཅོད་པའི་ཕྱིར་རོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཡོན་ཏན་གང་ཡིན་པ་དེ་དག་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མེད་དེ། དེ་ནི་ཡོན་ཏན་དེ་དག་ཡོངས་སུ་རྫོགས་པར་བྱེད་ཅིང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་

བྱེད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་བྱེད་དོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་སེམས་སྐྱེད་པར་བྱེད་དེ། དེས་སེམས་ཅན་
ཐམས་ཅད་ལ་མཉམ་པ་ཉིད་ཀྱི་སེམས་བསྐྱེད་པས་ཆོས་ཐམས་ཅད་མཉམ་པ་ཉིད་ཐོབ་པར་འགྱུར་རོ། །དེས་ཆོས་ཐམས་ཅད་མཉམ་པ་ཉིད་ཐོབ་པས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་མཉམ་པ་ཉིད་ལ་འགོད་པར་བྱེད་དོ། །དེ་ཚེ་འདི་ཉིད་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་
ལ་སྡུག་ཅིང་ཐུགས་སུ་བྱོན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཉན་ཐོས་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་ལ་ཡང་སྡུག་ཅིང་ཡིད་དུ་འོང་བར་འགྱུར་རོ། །དེ་གང་དང་གང་དུ་སྐྱེས་པ་དེ་དང་དེར་ནམས་ཀྱང་མིག་གིས་གཟུགས་ཡིད་དུ་མི་འོང་བ་རྣམས་
མཐོང་བར་མི་འགྱུར་རོ། །རྣ་བས་སྒྲ་ཡིད་དུ་མི་འོང་བ་རྣམས་ཐོས་པར་མི་འགྱུར་རོ། །སྣས་དྲི་ཡིད་དུ་མི་འོང་བ་རྣམས་ཚོར་བར་མི་འགྱུར་རོ། །ལྕེས་རོ་ཡིད་དུ་མི་འོང་བ་རྣམས་མྱོང་བར་མི་འགྱུར་རོ། །ལུས་ཀྱིས་རེག་བྱ་ཡིད་དུ་མི་འོང་བ་རྣམས་རེག་པར་མི་འགྱུར་རོ། །ཡིད་ཀྱིས་
ཆོས་ཡིད་དུ་མི་འོང་བ་རྣམས་ཤེས་པར་མི་འགྱུར་རོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
བསྟན་པ་འདི་བཤད་པ་ན། དགེ་སློང་སུམ་བརྒྱས་གོས་ཅི་གྱོན་པ་རྣམས་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ཀྱང་བསྐྱེད་དོ། །དེ་ནས་དེའི་ཚེ། བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་
དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མ་མཆིས། རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། འཛུམ་པ་མཛད་པའི་རྒྱུ་གང་ལགས་རྐྱེན་གང་ལགས་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་
ཏོ། །ཀུན་དགའ་བོ་དགེ་སློང་སུམ་བརྒྱ་པོ་འདི་དག་ནི་འདི་ནས་ཤི་འཕོས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་བཞུགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་ཏེ། དེ་དག་བསྐལ་པ་དྲུག་ཅུ་རྩ་གཅིག་ན་བསྐལ་པ་སྐར་མ་
ལྟ་བུ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཆེན་པོ་ཞེས་བྱ་བ་དག་ཏུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འདོད་པ་ན་སྤྱོད་པའི་ལྷའི་བུ་དྲུག་ཁྲིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་དག་ནི་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་ཡང་མཉེས་པར་བྱེད་པར་འགྱུར་ཏེ། དེ་ཉིད་དུ་རབ་ཏུ་བྱུང་ནས། ཚངས་པར་སྤྱད་པ་སྤྱོད་པར་འགྱུར་ཞིང་། དེ་བཞིན་གཤེགས་པ་བྱམས་པ་དེས་ཀྱང་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
ལུང་སྟོན་པར་འགྱུར་རོ། །དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་འཁོར་བཞི་པོ་དག་གིས་འདི་ནས་ཤར་ཕྱོགས་ན་སངས་རྒྱས་ཁྲི་བཞུགས་པ་མཐོང་ངོ་། །ཕྱོགས་བཅུ་ཁོར་ཡུག་གི་བར་དུ་ཡང་སངས་རྒྱས་ཁྲི་ཁྲི་མཐོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་འཇིག་རྟེན་གྱི་ཁམས་
དེ་དག་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་གང་དག་སྣང་བའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་དག་ནི་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་མི་སྣང་ངོ་། །དེ་ནས་འཁོར་དེ་ལས་སྲོག་ཆགས་ཁྲིས་བདག་ཅག་ཀྱང་ལས་འདི་ལྟ་བུ་བྱས་ཏེ། ལས་དེ་བྱས་པས། སངས་རྒྱས་ཀྱི་
ཞིང་དེ་དག་ཏུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེ་དག་གི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་

བཅོམ་ལྡན་འདས་རྣམས་ནི་རྒྱུ་མ་མཆིས། རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྲོག་ཆགས་ཁྲི་པོ་འདི་དག་ཁྱོད་ཀྱིས་མཐོང་ངམ། གསོལ་
པ། བཅོམ་ལྡན་འདས་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྲོག་ཆགས་ཁྲི་པོ་འདི་དག་ནི་འདི་ནས་ཤི་འཕོས་ནས། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བར་འགྱུར་ཏེ། ནམས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་རྣམས་དང་འབྲལ་བར་མི་འགྱུར་ལ། ཕྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཀོད་པའི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ཉེ་བར་བརྟག་པའི་ལེའུ་སྟེ་གསུམ་
པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། དེ་དག་དང་གཞན་
ཡང་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་མངོན་པར་ཤེས་པ་མངོན་པར་ཤེས་པ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡངས་པ་ལགས་སོ། །བཅོམ་
ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལགས་སོ། །འདི་ནི་ཕ་རོལ་ཏུ་ཕྱིན་པ་ཁྱད་པར་དུ་འཕགས་པ་ལགས་སོ། །འདི་ནི་ཕ་རོལ་ཏུ་ཕྱིན་པ་རབ་དང་། རབ་མཆོག་དང་། གྱ་ནོམ་པ་

ལགས་སོ། །འདི་ནི་ཕ་རོལ་ཏུ་ཕྱིན་པ་བླ་ན་མ་མཆིས་པ་ལགས་སོ། །འདི་ནི་ཕ་རོལ་ཏུ་ཕྱིན་པ་གོང་ནམ་མཆིས་པ་ལགས་སོ། །འདི་ནི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་མ་མཆིས་པ་ལགས་སོ། །འདི་ནི་ཕ་རོལ་ཏུ་ཕྱིན་པ་མི་མཉམ་པ་དང་མཉམ་པ་ལགས་སོ། །འདི་ནི་ཕ་རོལ་
ཏུ་ཕྱིན་པ་ཞི་བ་དང་དུལ་བ་ལགས་སོ། །འདི་ནི་ཕ་རོལ་ཏུ་ཕྱིན་པ་མཚུངས་པ་མ་མཆིས་པ་ལགས་སོ། །འདི་ནི་ཕ་རོལ་ཏུ་ཕྱིན་པ་དཔེ་མ་མཆིས་པ་ལགས་སོ། །འདི་ནི་ཕ་རོལ་ཏུ་ཕྱིན་པ་ནམ་མཁའ་ལྟ་བུ་ལགས་སོ། །འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལགས་སོ། །འདི་ནི་ཡོན་ཏན་ཐམས་ཅད་དང་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐུབ་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་ལགས་སོ། །བཅོམ་ལྡན་
འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་རྣམས་ཀྱིས་ནི་མི་མཉམ་པ་དང་མཉམ་པའི་སྦྱིན་པ་སྩལ་ལགས་སོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིས་ལགས་སོ། །དེ་
དག་གིས་ནི་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་ལགས་སོ། །དེ་དག་གིས་ནི་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆོས་མི་མཉམ་པ་དང་མཉམ་པ་ཐོབ་པར་འགྱུར་ལགས་སོ། །དེ་བཞིན་དུ་མི་མཉམ་པ་དང་མཉམ་པའི་ཚུལ་ཁྲིམས་དང་། བཟོད་པ་དང་།
བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་བསྒོམས་ལགས་སོ། །དེ་དག་གིས་ནི་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་ལགས་སོ། །དེ་དག་གིས་ནི་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆོས་མི་མཉམ་པ་དང་མཉམ་པ་ཐོབ་པར་འགྱུར་ལགས་
སོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སྤྱོད་པས་མི་མཉམ་པ་དང་མཉམ་པའི་གཟུགས་བརྙེས་པར་གྱུར་ལགས་སོ། །མི་མཉམ་པ་དང་མཉམ་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། མི་མཉམ་པ་དང་མཉམ་པའི་རྣམ་པར་

ཤེས་པ་བརྙེས་པར་གྱུར་ལགས་སོ། །མི་མཉམ་པ་དང་མཉམ་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ལགས་སོ། །མི་མཉམ་པ་དང་མཉམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ལགས་སོ། །དེ་བཞིན་དུ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་
བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སྤྱད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ལགས་སོ། །མངོན་པར་རྫོགས་པར་སངས་རྒྱས་ལགས་སོ། །མངོན་པར་རྫོགས་པར་
འཚང་རྒྱ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་དེ་ལྟ་ལགས་བས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་འཚལ་བ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་གང་ལགས་པ་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བའི་གནས་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་རབ་ཏུ་མང་པོ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །རིགས་ཀྱི་བུ་དག་ཁྱེད་ཇི་སྐད་ཟེར་བ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་ཡིན་པ་དེ་དག་ནི་ལྷ་དང་མི་དང་ལྷ་མ་
ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བའི་གནས་ཡིན་ནོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས། འཇིག་རྟེན་དུ་མིའི་འཇིག་རྟེན་འབྱུང་ངོ་། །འཇིག་རྟེན་དུ་ལྷའི་འཇིག་རྟེན་འབྱུང་ངོ་། །དེ་བཞིན་དུ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་དང་
བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་དག་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་།

གཞན་འཕྲུལ་དབང་བྱེད་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་རིས་དང་། ཚངས་འཁོར་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་དང་། སེམས་ཅན་འདུ་ཤེས་མེད་
པ་དང་། གནས་གཙང་མ་མི་ཆེ་བ་དང་། ཤིན་ཏུ་མཐོང་དང་། གྱ་ནོམ་སྣང་དང་། མི་གདུང་དང་། འོག་མིན་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་དང་། འདུ་ཤེས་
མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་འཇིག་རྟེན་དུ་འབྱུང་ངོ་། །རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་།
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་ངོ་། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ལ་བརྟེན་ནས། དཀོན་མཆོག་གསུམ་འཇིག་རྟེན་དུ་འབྱུང་ངོ་། །འཇིག་རྟེན་པའི་འཚོ་བའི་ཡོ་བྱད་ཟས་དང་། སྐོམ་དང་། མལ་ཆ་དང་།
སྟན་དང་། ན་བའི་གསོ་སྨན་དང་། འཚོག་ཆས་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་། གསེར་འཇིག་རྟེན་དུ་འབྱུང་ངོ་། །ཤཱ་རིའི་བུ་ལྷ་རྣམས་དང་། མི་རྣམས་ཀྱི་བདེ་བའི་ཡོ་བྱད་ཇི་སྙེད་པ་རྣམས་དང་།
སྲིད་པའི་བདེ་བ་རྣམས་དང་། མྱ་ངན་ལས་འདས་པའི་བདེ་བ་དེ་དག་ཐམས་ཅད་ཀྱང་། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ཏེ་འཇིག་རྟེན་དུ་འབྱུང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ནི། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་
ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་གནས་ཏེ། བདག་ཉིད་ཀྱང་སྦྱིན་པ་སྦྱིན་པར་བྱེད་ལ། གཞན་དག་ཀྱང་སྦྱིན་པ་ལ་སྦྱོར་བར་བྱེད། བདག་ཉིད་ཀྱང་ཚུལ་ཁྲིམས་སྲུང་ལ། གཞན་དག་ཀྱང་ཚུལ་ཁྲིམས་ལ་སྦྱོར་བར་བྱེད། བདག་ཉིད་ཀྱང་བཟོད་པ་སྒོམ་ལ། གཞན་དག་ཀྱང་བཟོད་པ་ལ་

སྦྱོར་བར་བྱེད། བདག་ཉིད་ཀྱང་བརྩོན་འགྲུས་རྩོམ་ལ། གཞན་དག་ཀྱང་བརྩོན་འགྲུས་ལ་སྦྱོར་བར་བྱེད། བདག་ཉིད་ཀྱང་བསམ་གཏན་རྣམས་སྐྱེད་ལ། གཞན་དག་ཀྱང་བསམ་གཏན་རྣམས་ལ་སྦྱོར་བར་བྱེད། བདག་ཉིད་ཀྱང་ཤེས་རབ་སྒོམ་ལ། གཞན་
དག་ཀྱང་ཤེས་རབ་སྒོམ་པ་ལ་སྦྱོར་བར་བྱེད་པའི་ཕྱིར་རོ། །ཤཱ་རིའི་བུ་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བྱ་བའི་ཕྱིར་ཞུགས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་མི་མཉམ་པ་དང་
མཉམ་པའི་ལེའུ་ཞེས་བྱ་སྟེ། བཞི་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ལྔ་པ། དེ་ནས་དེའི་ཚེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་ཕྱུང་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་
འདི་ཁྱབ་པར་མཛད་དོ། །དེ་ནས་ལྗགས་ཀྱི་དབང་པོ་དེ་ལས་འོད་འཕྲོ་བ་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་བྱུང་ངོ་། །དེ་བྱུང་ནས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་།
བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དཔག་ཏུ་མེད་གྲངས་མེད་པ་དག་གིས་འོད་ཀྱི་བཀོད་པ་དེ་མཐོང་ནས། རང་རང་གི་སངས་རྒྱས་ཀྱི་ཞིང་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཞུས་པ། བཅོམ་ལྡན་འདས་འདི་ལྟར་འཇིག་རྟེན་གྱི་ཁམས་འདི་དག་སྣང་བ་ཆེན་པོས་ཁྱབ་པར་གདའ་བ་འདི་སུའི་མཐུ་
ལགས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་འདི་ནི་ནུབ་ཕྱོགས་ལོགས་ན། འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་

རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་ཏེ། དེས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ཕྱིར། ལྗགས་ཀྱི་དབང་པོ་ཕྱུང་སྟེ། ཕྱོགས་བཅུ་དག་ཏུ་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་གང་
གཱའི་ཀླུང་གི་བྱེ་མ་སྙེད་པོ་འདི་དག་སྣང་བ་ཆེན་པོས་ཁྱབ་པར་མཛད་དོ། །དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་དང་། ཕྱོགས་བཅུ་ཀུན་གྱི་བར་གྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ནས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང་།
ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་ནས་འདུས་པ་དེ་དག་ཀྱང་བལྟ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མཉན་པའི་སླད་དུ་འཇིག་རྟེན་གྱི་ཁམས་མི་མཇེད་དེར་མཆི་བར་འཚལ་ལོ། །སངས་རྒྱས་བཅོམ་ལྡན་
འདས་དེ་དག་གིས་བཀའ་སྩལ་པ། རིགས་ཀྱི་བུ་དག་དེའི་དུས་ལ་དབབ་པར་ཤེས་ན་དེང་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་ཞབས་ལ་མགོ་བོས་ཕྱག་འཚལ་ནས།
ལན་བདུན་བསྐོར་བ་བྱས་ཏེ། ཕྱོགས་བཅུ་ནས་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མེ་ཏོག་དང་། མེ་ཏོག་ཕྲེང་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གསེར་གྱི་མེ་ཏོག་དང་། དངུལ་གྱི་མེ་ཏོག་རྣམ་པ་དུ་མ་དག་ཁྱེར་ནས། སིལ་
སྙན་དང་། ཕེག་རྡོབ་པ་དང་། རོལ་མོའི་སྒྲ་དང་ཆས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་དོང་ངོ་། །དེ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱིས་ལྷའི་མེ་ཏོག་

དང་། མེ་ཏོག་ཕྲེང་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། ཀླུ་ཤིང་གི་མེ་ཏོག་དང་། ཏ་མ་ལའི་ལོ་མ་རྣམས་ཁྱེར་
ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར་དོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ལྷ་དེ་དག་གིས་མེ་ཏོག་དང་། མེ་ཏོག་ཕྲེང་དང་། སྤོས་དང་། བྱུག་པ་དང་།
ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དེ་དག་གིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ། །
དེ་ནས་མེ་ཏོག་ལ་སོགས་པ་དེ་དག་ནི་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་མེ་ཏོག་གི་ཁང་པ་བརྩེགས་པ། གྲུ་བཞི་ལྷམ་པ། ཀ་བ་བཞི་ཟུག་པ། ཆ་མཉམ་པ། ཤིན་ཏུ་རྣམ་པར་ཕྱེ་བ། ཉམས་དགའ་བ་ཡིད་དུ་
འོང་བ་ཞིག་ཏུ་རེད་དེ་འདུག་པར་གྱུར་ཏོ། །དེ་ནས་འཁོར་དེ་ལས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཅི་ལྟ་བུ་དག་བརྙེས་པའི་ཆོས་དེ་ལྟ་བུ་དག་བདག་ཅག་གིས་ཀྱང་མ་འོངས་པའི་དུས་ན་ཐོབ་པར་གྱུར་ཅིག །ད་ལྟར་དེ་བཞིན་གཤེགས་པ་ཇི་ལྟར་ཆོས་སྟོན་པ་དེ་བཞིན་དུ་ཉན་ཐོས་ཀྱི་དགེ་འདུན་ལ་ལུང་འབོགས་ཤིང་། འཁོར་འདི་
ལྟ་བུ་དག་ལ་ཆོས་སྟོན་པར་ཡང་གྱུར་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེ་དག་གི་བསམ་པ་ཐུགས་སུ་ཆུད་དེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། ཆོས་ཐམས་ཅད་འབྱུང་བ་མེད་པར་བཟོད་པར་གྱུར་པར་མཁྱེན་ནས་འཛུམ་པ་མཛད་

དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འཁོར་འདི་ལས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་
ཕྲག་འབུམ་གྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། འདི་དག་ནི་མ་འོངས་པའི་དུས་ན་བསྐལ་པ་བྱེ་བ་ཕྲག་དྲུག་ཅུ་རྩ་བཞི་ན། བསྐལ་པ་མེ་ཏོག་འབྱུང་གནས་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི་ཡན་ལག་གི་
མེ་ཏོག་ཅེས་བྱ་བ་དག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ལྗགས་ཀྱི་དབང་པོའི་ལེའུ་ཞེས་བྱ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཅི་
ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཆོས་ཀྱི་གཏམ་བྱ་བར་ཁྱོད་སྤོབས་པར་གྱིས་ཤིག །དེ་ནས་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷའི་བུ་དེ་དག་འདི་སྙམ་དུ་སེམས་ཏེ། ཅི་ཚེ་དང་ལྡན་པ་རབ་འབྱོར་འདི་རང་གི་ཤེས་རབ་དང་། སྤོབས་པའི་སྟོབས་བསྐྱེད་པའི་གོ་ཆས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་དམ། འོན་ཏེ་སངས་རྒྱས་ཀྱི་མཐུས་སྟོན་པར་བྱེད་སྙམ་མོ། །དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་རབ་འབྱོར་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷའི་བུ་དེ་དག་གི་
སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་སྨྲ་བ་དང་། སྟོན་པ་དང་། རྗོད་པ་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་མཐུ་ཡིན་ནོ། །དེ་བཞིན་

གཤེགས་པས་ཆོས་བསྟན་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་ཆོས་ཉིད་དང་མི་འགལ་ལོ། །རིགས་ཀྱི་བུ་དེ་དག་ཆོས་བསྟན་པ་དེ་ལ་སློབ་ན་ཡང་ཆོས་ཉིད་དེ་མངོན་སུམ་དུ་བྱེད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་འདི་ཉིད་ཐབས་ལ་མཁས་པའི་ཚུལ་གྱིས་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་གྱི། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་མི་ནུས་ཏེ།
ཡུལ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ཆོས་གང་
གི་ཚིག་བླ་དགས་ལགས། བཅོམ་ལྡན་འདས་བདག་གིས་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་མིང་གི་ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དང་
བྱང་ཆུབ་སེམས་དཔའི་མིང་དེ་ཡང་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གདམས་པར་བགྱི། རྗེས་སུ་བསྟན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་མིང་དེ་ནི་མིང་ཙམ་དུ་ཟད་དེ། མིང་དེ་ཡང་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད་གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སེམས་
ཅན་སེམས་ཅན་ཞེས་བྱ་བར་མིང་དུ་བརྗོད་ཀྱང་། སེམས་ཅན་གང་ཡང་མི་དམིགས་ཏེ། དེ་ནི་མིང་དུ་བཏགས་པ་ཙམ་དུ་ཟད་ལ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་མིང་དང་བརྡ་ཙམ་གྱིས་ཐ་སྙད་གདགས་པ་མ་གཏོགས་པར་སྐྱེ་བ་མེད་འགག་པ་མེད་དོ། །དེ་བཞིན་དུ་བདག་དང་།

སྲོག་དང་། སྐྱེ་བ་པོ་དང་། གསོ་བ་པོ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་པ་དང་། ཤེད་བུ་དང་། བྱེད་པ་པོ་དང་། བྱེད་དུ་འཇུག་པ་པོ་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་དུ་འཇུག་པ་པོ་དང་། ཤེས་པ་
པོ་དང་། མཐོང་བ་པོ་དེ་དག་ཐམས་ཅད་ཀྱང་བཏགས་པའི་ཆོས་ཡིན་ལ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་སྐྱེ་བ་མེད་འགག་པ་མེད་དེ། འདི་ལྟར་མིང་དང་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པར་ཟད་དོ། །མིང་དེ་ཡང་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་ག་
མེད་པར་ཡང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་མིང་གང་ཡིན་པ་དེ་དག་ཐམས་ཅད་ནི་བཏགས་པའི་ཆོས་ཡིན་ལ། བཏགས་པའི་ཆོས་དེ་ལ་ནི་མིང་དང་
བརྡས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་འགག་པ་མེད་དེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནང་གི་ལུས་གང་ཡིན་པ་དེ་ལ། གཟུགས་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་དུ་ཟད་ལ། ཆོས་སུ་བཏགས་པ་དེ་ལ་ནི་མིང་དང་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་
པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། མིང་དེ་ཡང་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད་གཉི་ག་མེད་པར་ཡང་མི་དམིགས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་ཆོས་སུ་བཏགས་པ་ཙམ་དུ་ཟད་
ལ། ཆོས་སུ་བཏགས་པ་དེ་ལ་ནི་མིང་དང་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་འགག་པ་མེད་དེ། མིང་དེ་ཡང་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
དང་། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་མིང་ཞེས་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་ནི་བཏགས་པའི་ཆོས་ཡིན་ལ། བཏགས་པའི་ཆོས་གང་ཡིན་པ་དེ་ལ་ནི་མིང་དང་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་འགག་པ་མེད་དོ། །རབ་འབྱོར་འདི་ལྟ་

སྟེ་མིག་ཅེས་བྱ་བ་དེ་ནི་ཆོས་སུ་བཏགས་པ་ཙམ་དུ་ཟད་ལ། ཆོས་སུ་བཏགས་པ་དེ་ལ་ནི་མིང་དང་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། །འདི་ལྟ་སྟེ་མིག་ཅེས་བྱ་བའི་མིང་དེ་ཡང་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད། གཉི་
ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཅེས་བྱ་བ་དེ་ནི། འདི་ལྟ་སྟེ། ཆོས་སུ་བཏགས་པ་ཙམ་དུ་ཟད་ལ། ཆོས་སུ་བཏགས་པ་དེ་ལ་ནི་མིང་དང་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་
སྐྱེ་བ་མེད་འགག་པ་མེད་དོ། །འདི་ལྟ་སྟེ་ཡིད་ཅེས་བྱ་བའི་མིང་དེ་ཡང་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད་གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་གཟུགས་ཞེས་བྱ་བ་དེ་ནི་ཆོས་སུ་བཏགས་པ་ཙམ་དུ་ཟད་ལ། ཆོས་སུ་བཏགས་པ་དེ་ལ་ནི་མིང་དང་བརྡ་ཙམ་གྱིས་ཐ་སྙད་དུ་
གདགས་པ་མ་གཏོགས་པར་སྐྱེ་བ་མེད་འགག་པ་མེད་དེ། མིང་དེ་ཡང་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཞེས་བྱ་བ་དེ་ནི་ཆོས་སུ་བཏགས་པ་ཙམ་དུ་ཟད་ལ་
ཆོས་སུ་བཏགས་པ་དེ་ལ་ནི་མིང་དང་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། ཆོས་ཞེས་བྱ་བའི་མིང་དེ་ཡང་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་མིག་གི་ཁམས་ཞེས་བྱ་བ་དེ་ནི་ཆོས་
སུ་བཏགས་པ་ཙམ་དུ་ཟད་ལ། ཆོས་སུ་བཏགས་པ་དེ་ལ་ནི་མིང་དང་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་འགག་པ་མེད་དེ། མིག་གི་ཁམས་ཞེས་བྱ་བའི་མིང་དེ་ཡང་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་
གཟུགས་ཀྱི་ཁམས་ཞེས་བྱ་བ་དེ་ནི་ཆོས་སུ་བཏགས་པ་ཙམ་དུ་ཟད་ལ། ཆོས་སུ་བཏགས་པ་དེ་ལ་ནི་མིང་དང་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་འགག་པ་མེད་དོ། །གཟུགས་ཀྱི་ཁམས་ཞེས་བྱ་བའི་མིང་དེ་ཡང་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་ག་

མེད་པར་ཡང་མི་དམིགས་སོ། །རབ་འབྱོར་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་དེ་ནི་ཆོས་སུ་བཏགས་པ་ཙམ་དུ་ཟད་ལ། ཆོས་སུ་བཏགས་པ་དེ་ལ་ནི་མིང་དང་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། མིག་གི་རྣམ་པར་ཤེས་པའི་
ཁམས་ཞེས་བྱ་བའི་མིང་དེ་ཡང་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་
རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་
རྣམ་པར་ཤེས་པའི་ཁམས་ཞེས་བྱ་བ་དེ་ནི་ཆོས་སུ་བཏགས་པ་ཙམ་དུ་ཟད་ལ། ཆོས་སུ་བཏགས་པ་དེ་ལ་ནི་མིང་དང་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བྱ་བའི་མིང་དེ་ཡང་ནང་ན་ཡང་མེད།
ཕྱི་རོལ་ན་ཡང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་མིང་ཞེས་བྱ་བ་དེ་ནི་འདི་ལྟར་བཏགས་པའི་ཆོས་ཡིན་ལ།
བཏགས་པའི་ཆོས་དེ་ལ་ནི་མིང་དང་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་མིང་ཞེས་བྱ་བ་དེ་ཡང་ནང་ན་ཡང་མེད། ཕྱི་
རོལ་ན་ཡང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནང་གི་ལུས་ཞེས་བྱ་བ་འདི་ནི་མིང་ཙམ་གྱིས་ཐ་སྙད་གདགས་པ་སྟེ། མགོ་བོ་དང་། མཇིང་བ་དང་། ཕྲག་པ་དང་། ལག་པ་དང་། རྒལ་ཚིགས་དང་། རྩིབ་མ་དང་། དཔྱི་དང་། བརླ་དང་།

རྗེ་ངར་དང་། རྐང་པའི་རུས་པ་ཞེས་བྱ་བར་མིང་གིས་ཐ་སྙད་དུ་འདོགས་པ་དེ་དག་ནི་ཆོས་སུ་བཏགས་པ་ཙམ་དུ་ཟད་ལ། ཆོས་སུ་བཏགས་པ་དེ་དག་ནི་མིང་དང་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་འགག་པ་མེད་དེ། མིང་དེ་ཡང་
ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་མིང་ཞེས་བྱ་བ་དེ་དག་ཐམས་ཅད་ནི་བཏགས་པའི་
ཆོས་ཡིན་ལ། བཏགས་པའི་ཆོས་དེ་དག་ལ་ནི་མིང་དང་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། མིང་དེ་ཡང་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཕྱི་རོལ་གྱི་
རྩྭ་དང་། ཤིང་དང་། ཡལ་ག་དང་། ལོ་མ་དང་། འདབ་མ་ཞེས་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་ནི་མིང་སྣ་ཚོགས་ཀྱིས་ཐ་སྙད་དུ་གདགས་པར་ཟད་ལ། མིང་དེ་དག་ཀྱང་མིང་དང་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། མིང་དེ་དག་
ཀྱང་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་མིང་ཞེས་བྱ་བ་དེ་དག་ཐམས་ཅད་ནི་བཏགས་
པའི་ཆོས་ཡིན་ལ། བཏགས་པའི་ཆོས་དེ་དག་ལ་ནི་མིང་དང་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། མིང་དེ་ཡང་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་འདས་
པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་ནི་མིང་དང་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད། འགག་པ་མེད་དེ། མཚན་དེ་དག་ཀྱང་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན།

རྨི་ལམ་དང་། བྲག་ཅ་དང་། མིག་ཡོར་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱ་བའི་ཆོས་དེ་དག་ཐམས་ཅད་ནི་བཏགས་པ་ཙམ་དུ་ཟད་ལ། བཏགས་པ་དེ་དག་ལ་ནི་མིང་དང་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་
སྐྱེ་བ་མེད། འགག་པ་མེད་དེ། མིང་དེ་ཡང་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་མིང་
ཞེས་བྱ་བའི་ཆོས་འདི་དག་ཐམས་ཅད་ནི་བཏགས་པ་ཙམ་དུ་ཟད་ལ། བཏགས་པའི་ཆོས་དེ་ལ་ནི་མིང་དང་བརྡ་ཙམ་གྱིས་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་མེད་འགག་པ་མེད་དེ། མིང་དེ་ཡང་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་ག་མེད་པར་ཡང་མི་དམིགས་སོ། །
རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པས་མིང་གི་བརྡར་བཏགས་པ་དང་། གདམས་ངག་ཏུ་བཏགས་པ་དང་། ཆོས་སུ་བཏགས་པ་ལ་བསླབ་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་གཟུགས་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་ཡོད་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་།
ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བ་དང་། མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། འདུས་བྱས་ཞེས་བྱ་བ་དང་། འདུས་མ་བྱས་ཞེས་བྱ་བ་དང་།
སྐྱེ་བ་ཞེས་བྱ་བ་དང་། འགག་པ་ཅེས་བྱ་བ་དང་། དབེན་པ་ཞེས་བྱ་བ་དང་། མི་དབེན་པ་ཞེས་བྱ་བ་དང་། དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་།

ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། གཟུགས་འཁོར་བ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་
མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །
དེ་བཞིན་དུ་བདེ་བ་དང་། སྡུག་བསྔལ་བ་དང་། བདག་ཡོད་པ་དང་། བདག་མེད་པ་དང་། ཞི་བ་དང་། མ་ཞི་བ་དང་། སྟོང་པ་དང་། མི་སྟོང་པ་དང་། མཚན་མ་ཡོད་པ་དང་། མཚན་མ་མེད་པ་དང་། སྨོན་པ་ཡོད་པ་དང་། སྨོན་པ་མེད་པ་དང་། འདུས་བྱས་དང་། འདུས་
མ་བྱས་དང་། སྐྱེ་བ་དང་། འགག་པ་དང་། དབེན་པ་དང་། མི་དབེན་པ་དང་། དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་
མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་མིག་གི་ཁམས་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བ་དང་།
གཟུགས་ཀྱི་ཁམས་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བ་དང་། མིག་གི་རྣམ་པར་ཤེས་པའི་ཁམས་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འཁོར་བ་ཞེས་བྱ་བ་དང་། མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །
དེ་བཞིན་དུ་རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་

དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འཁོར་བ་ཞེས་བྱ་བ་དང་། མྱ་ངན་ལས་འདས་
པ་ཞེས་བྱ་བའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ཡང་རྟག་ཅེས་བྱ་བ་
དང་། མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འཁོར་བ་དང་། མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་རྣ་བ་དང་། སྒྲ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་། དྲི་དང་། སྣའི་རྣམ་པར་ཤེས་པ་དང་།
ལྕེ་དང་། རོ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་། རེག་བྱ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་དང་། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་
བ་ཡང་མ་ཡིན་པ་དེ་ཡང་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འཁོར་བ་ཞེས་བྱ་བ་དང་། མྱ་ངན་ལས་འདས་པ་ཞེས་བྱ་བའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་ལ་སྤྱོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དང་། བྱང་ཆུབ་སེམས་དཔའི་མིང་དེ་འདུས་བྱས་ཀྱི་ཁམས་སམ། འདུས་མ་བྱས་ཀྱི་ཁམས་ན་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཆོས་དེ་དག་ཐམས་ཅད་ལ་མི་རྟོག་ཅིང་རྣམ་པར་མི་རྟོག་པའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཆོས་ལ་གནས་ཏེ། དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ། ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་། ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་།
དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་སྒོམ་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་མ་གཏོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའི་མིང་དང་། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེས་ཆོས་རྣམས་ཀྱི་མཚན་ཉིད་ཤིན་ཏུ་རྟོགས་པར་འགྱུར་ཏེ། ཆོས་རྣམས་
ཀྱི་ཆོས་ཀྱི་མཚན་ཉིད་གང་ཡིན་པ་དེ་ཡང་ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་བྱང་བར་མི་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པས་ཆོས་སུ་བཏགས་པའི་མིང་དང་བརྡ་ཙམ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །
དེས་ཆོས་སུ་བཏགས་པའི་མིང་དང་བརྡ་ཙམ་ཡིན་པར་ཁོང་དུ་ཆུད་ན་གཟུགས་ལ་མངོན་པར་ཞེན་པར་མི་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མངོན་པར་ཞེན་པར་མི་འགྱུར་རོ། །མིག་ལ་མངོན་པར་ཞེན་པར་མི་འགྱུར་རོ། །
གཟུགས་དང་། མིག་གི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་ལ་མངོན་པར་ཞེན་པར་མི་འགྱུར་རོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བ་འམ་སྡུག་བསྔལ་བ་འམ། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དེ་ལ་ཡང་མངོན་པར་ཞེན་པར་མི་འགྱུར་

རོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལ་མངོན་པར་ཞེན་པར་མི་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ།
སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ལ་ཡང་མངོན་པར་ཞེན་པར་མི་འགྱུར་རོ། །འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ལ་ཡང་མངོན་པར་ཞེན་པར་མི་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མངོན་པར་ཞེན་པར་མི་འགྱུར་རོ། །
ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མངོན་པར་ཞེན་པར་མི་འགྱུར་རོ། །དེ་དག་གི་མིང་དང་། མཚན་ཉིད་ལ་ཡང་མངོན་པར་ཞེན་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའི་ལུས་ལ་ཡང་མངོན་
པར་ཞེན་པར་མི་འགྱུར་རོ། །ཤའི་མིག་དང་། ལྷའི་མིག་དང་། ཤེས་རབ་ཀྱི་མིག་དང་། ཆོས་ཀྱི་མིག་དང་། སངས་རྒྱས་ཀྱི་མིག་ལ་ཡང་མངོན་པར་ཞེན་པར་མི་འགྱུར་རོ། །དེ་བཞིན་དུ་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་
པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ལ་ཡང་མངོན་པར་ཞེན་པར་མི་འགྱུར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཡང་མངོན་པར་ཞེན་པར་མི་འགྱུར་རོ། །དེ་བཞིན་ཉིད་ལ་ཡང་མངོན་པར་ཞེན་པར་མི་འགྱུར་རོ། །ཡང་དག་པའི་མཐའ་ལ་ཡང་མངོན་པར་ཞེན་པར་མི་
འགྱུར་རོ། །ཆོས་ཀྱི་དབྱིངས་ལ་ཡང་མངོན་པར་ཞེན་པར་མི་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། ཐབས་ལ་མཁས་པ་ལ་ཡང་མངོན་པར་ཞེན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་མངོན་པར་
ཞེན་པར་འགྱུར་བ་དང་། གང་གིས་མངོན་པར་ཞེན་པར་འགྱུར་བ་དང་། གང་ལ་མངོན་པར་ཞེན་པར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མེད་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཆོས་ཐམས་ཅད་ལ་མངོན་

པར་ཞེན་པ་མེད་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ཏེ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་
ཅིང་། ཕྱིར་མི་ལྡོག་པའི་ས་གནོན་ཏེ། མངོན་པར་ཤེས་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་མངོན་པར་ཤེས་པ་ཡོངས་སུ་རྫོགས་པར་བྱས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བལྟ་བའི་ཕྱིར་སེམས་ཅན་རྣམས་ནི་ཡོངས་
སུ་སྨིན་པར་བྱེད། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ནི་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས་ཀྱང་། དགེ་བའི་རྩ་བ་གང་དག་
གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པ་བྱ་བར་འདོད་པའི་དགེ་བའི་རྩ་བ་དེ་དག་ཀྱང་དེ་ལ་འབྱུང་བར་འགྱུར་ཏེ། དགེ་བའི་རྩ་བ་དེ་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཐད་དུ་སྐྱེ་བར་འགྱུར་རོ། །
སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཀྱང་ཐོས་པར་འགྱུར་རོ། །དེས་ཆོས་ཐོས་པ་དེ་དག་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ནམས་ཀྱང་རྒྱུན་ཆད་པར་མི་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་ཀྱང་འཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་འཐོབ་པར་འགྱུར་རོ། །
རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པས་ཆོས་སུ་བཏགས་པ་མིང་དང་བརྡ་ཅན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་གཟུགས་བྱང་ཆུབ་སེམས་དཔའ་
ཡིན་སྙམ་འམ། གཟུགས་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གཟུགས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་འམ། བྱང་ཆུབ་སེམས་དཔའ་ལ་གཟུགས་ཡོད་སྙམ་འམ། གཟུགས་ཅན་མ་ཡིན་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ།

བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། རྣམ་པར་ཤེས་པ་ལས་གཞན་ཞིག་བྱང་ཆུབ་
སེམས་དཔའ་ཡིན་སྙམ་འམ། རྣམ་པར་ཤེས་པ་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་འམ། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཤེས་པ་ཡོད་སྙམ་འམ། རྣམ་པར་ཤེས་པ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། མིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། མིག་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། མིག་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་འམ། བྱང་ཆུབ་སེམས་དཔའ་ལ་མིག་ཡོད་
སྙམ་འམ། མིག་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་བྱང་ཆུབ་སེམས་
དཔའ་ཡིན་སྙམ་འམ། ཡིད་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། ཡིད་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་འམ། བྱང་ཆུབ་སེམས་དཔའ་ལ་ཡིད་ཡོད་སྙམ་འམ། ཡིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་
འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། གཟུགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གཟུགས་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གཟུགས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་འམ།
བྱང་ཆུབ་སེམས་དཔའ་ལ་གཟུགས་ཡོད་སྙམ་འམ། གཟུགས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སྒྲ་དང་། དྲི་དང་། རོ་དང་།

རེག་བྱ་དང་། ཆོས་རྣམས་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། ཆོས་རྣམས་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། ཆོས་རྣམས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་འམ། བྱང་ཆུབ་སེམས་དཔའ་ལ་ཆོས་རྣམས་ཡོད་སྙམ་འམ། ཆོས་
རྣམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པ་རྣམས་བྱང་ཆུབ་སེམས་དཔའ་
ཡིན་སྙམ་འམ། དེ་དག་ལས་གཞན་ཞིག་ཡིན་སྙམ་འམ། དེ་དག་ལ་དེ་ཡོད་སྙམ་འམ། དེ་ལ་དེ་དག་ཡོད་སྙམ་འམ། མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པ་རྣམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་
མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། རྣ་བ་དང་། སྒྲ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་། དྲི་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེ་དང་། རོ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་། རེག་བྱ་དང་།
ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་དང་། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པ་རྣམས་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། དེ་དག་ལས་གཞན་ཞིག་ཡིན་སྙམ་འམ། དེ་དག་ལ་དེ་ཡོད་སྙམ་འམ། དེ་ལ་དེ་དག་ཡོད་སྙམ་འམ། ཡིད་དང་། ཆོས་དང་། ཡིད་ཀྱི་རྣམ་པར་
ཤེས་པ་རྣམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། སའི་ཁམས་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། སའི་ཁམས་ལས་གཞན་
ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། སའི་ཁམས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་འམ། བྱང་ཆུབ་སེམས་དཔའ་ལ་སའི་ཁམས་ཡོད་སྙམ་འམ། སའི་ཁམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། རྣམ་པར་ཤེས་པའི་ཁམས་
ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། རྣམ་པར་ཤེས་པའི་ཁམས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་འམ། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཤེས་པའི་ཁམས་ཡོད་སྙམ་འམ། རྣམ་པར་ཤེས་པའི་ཁམས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་
སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། མ་རིག་པ་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། མ་རིག་པ་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། མ་
རིག་པ་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་འམ། བྱང་ཆུབ་སེམས་དཔའ་ལ་མ་རིག་པ་ཡོད་སྙམ་འམ། མ་རིག་པ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
རབ་འབྱོར་འདི་ཇི་སྙམ་དུ་སེམས། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། རྒ་ཤི་ལས་
གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། རྒ་ཤི་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་འམ། བྱང་ཆུབ་སེམས་དཔའ་ལ་རྒ་ཤི་ཡོད་སྙམ་འམ། རྒ་ཤི་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གཟུགས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་

ཡོད་སྙམ་འམ། བྱང་ཆུབ་སེམས་དཔའ་ལ་གཟུགས་ཀྱི་དེ་བཞིན་ཉིད་ཡོད་སྙམ་འམ། གཟུགས་ཀྱི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་
ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་འམ། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡོད་སྙམ་འམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྒ་ཤིའི་བར་གྱི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། རྒ་ཤིའི་དེ་བཞིན་ཉིད་ལས་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། རྒ་ཤིའི་དེ་བཞིན་
ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་འམ། བྱང་ཆུབ་སེམས་དཔའ་ལ་རྒ་ཤིའི་དེ་བཞིན་ཉིད་ཡོད་སྙམ་འམ། རྒ་ཤིའི་དེ་བཞིན་ཉིད་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་དོན་གྱི་དབང་གང་ཉེ་བར་བཟུང་ནས་གཟུགས་བྱང་ཆུབ་སེམས་དཔའ་མ་ཡིན། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྒ་ཤིའི་བར་གྱི་དེ་བཞིན་ཉིད་བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། རབ་
འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་གཏན་མ་མཆིས་ཤིང་མི་དམིགས་ན། གཟུགས་དེ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། གཟུགས་ལས་གཞན་ཞིག་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། གཟུགས་ལ་བྱང་ཆུབ་སེམས་དཔའ་

མཆིས་པར་འགྱུར་བ་ལྟ་ག་ལ་མཆིས། བྱང་ཆུབ་སེམས་དཔའ་ལ་གཟུགས་མཆིས་པར་འགྱུར་བ་ལྟ་ག་ལ་མཆིས། གཟུགས་མ་མཆིས་པ་ཞིག་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་
བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྣམ་པར་ཤེས་པ་ལས་གཞན་ཞིག་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྣམ་པར་ཤེས་པ་ལ་བྱང་ཆུབ་སེམས་དཔའ་མཆིས་པར་འགྱུར་བ་ལྟ་ག་ལ་མཆིས། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཤེས་པ་
མཆིས་པར་འགྱུར་བ་ལྟ་ག་ལ་མཆིས། རྣམ་པར་ཤེས་པ་མ་མཆིས་པ་ཞིག་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་ཏེ། བཅོམ་ལྡན་འདས་སེམས་ཅན་གཏན་མ་
མཆིས་ཤིང་མི་དམིགས་ན། རྒ་ཤི་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྒ་ཤི་ལས་གཞན་ཞིག་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྒ་ཤི་ལ་བྱང་ཆུབ་སེམས་དཔའ་མཆིས་པར་འགྱུར་བ་ལྟ་ག་ལ་མཆིས། བྱང་ཆུབ་སེམས་དཔའ་ལ་རྒ་ཤི་མཆིས་
པར་འགྱུར་བ་ལྟ་ག་ལ་མཆིས། རྒ་ཤི་མ་མཆིས་པ་ཞིག་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་སེམས་ཅན་གཏན་མ་མཆིས་ཤིང་མི་དམིགས་ན། འདི་ལ་གཟུགས་ཀྱི་དེ་བཞིན་ཉིད་དམིགས་པར་འགྱུར་བ་ལྟ་ག་ལ་མཆིས། ཕུང་པོ་དང་།
ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་ཏེ། བཅོམ་ལྡན་འདས་སེམས་ཅན་གཏན་མ་མཆིས་ཤིང་མི་དམིགས་ན། དེ་ལ་རྒ་ཤིའི་དེ་བཞིན་ཉིད་དམིགས་པར་འགྱུར་བ་ལྟ་ག་ལ་མཆིས་ཏེ། དེ་ནི་གནས་མ་མཆིས་སོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་མི་དམིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་བསླབ་པར་བྱའོ། །རབ་འབྱོར་ཁྱོད་གང་ཡང་འདི་སྐད་དུ། བཅོམ་ལྡན་འདས་

འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ཆོས་གང་གི་ཚིག་བླ་དགས་ལགས་ཞེས་ཟེར་བ་ལ། རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་གཟུགས་ཀྱི་
ཚིག་བླ་དགས་ཡིན་སྙམ་འམ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཚིག་བླ་དགས་ཡིན་སྙམ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་གཟུགས་རྟག་པ་ཉིད་ཀྱི་ཚིག་བླ་དགས་ཡིན་སྙམ་འམ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་གཟུགས་མི་རྟག་པ་ཉིད་ཀྱི་ཚིག་བླ་དགས་ཡིན་སྙམ་འམ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་
གཟུགས་བདེ་བ་ཉིད་དང་། གཟུགས་སྡུག་བསྔལ་བ་ཉིད་དང་། གཟུགས་བདག་ཡོད་པ་ཉིད་དང་། གཟུགས་བདག་མེད་པ་ཉིད་དང་། གཟུགས་ཞི་བ་ཉིད་དང་། གཟུགས་མ་ཞི་བ་ཉིད་ཀྱི་ཚིག་བླ་དགས་ཡིན་སྙམ་འམ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ཚོར་བ་དང་།
འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་པ་ཉིད་དང་། རྣམ་པར་ཤེས་པ་མི་རྟག་པ་ཉིད་དང་། རྣམ་པར་ཤེས་པ་བདེ་བ་ཉིད་དང་། རྣམ་པར་ཤེས་པ་སྡུག་བསྔལ་བ་ཉིད་དང་། རྣམ་པར་ཤེས་པ་བདག་ཡོད་པ་ཉིད་དང་། རྣམ་པར་ཤེས་པ་བདག་མེད་པ་ཉིད་དང་།
རྣམ་པར་ཤེས་པ་ཞི་བ་ཉིད་དང་། རྣམ་པར་ཤེས་པ་མ་ཞི་བ་ཉིད་ཀྱི་ཚིག་བླ་དགས་ཡིན་སྙམ་འམ། རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་གཟུགས་སྟོང་པ་ཉིད་དང་། གཟུགས་མི་སྟོང་པ་ཉིད་དང་། གཟུགས་མཚན་མ་ཡོད་པ་ཉིད་དང་། གཟུགས་
མཚན་མ་མེད་པ་ཉིད་དང་། གཟུགས་སྨོན་པ་ཡོད་པ་ཉིད་དང་། གཟུགས་སྨོན་པ་མེད་པ་ཉིད་ཀྱི་ཚིག་བླ་དགས་ཡིན་སྙམ་འམ། རབ་འབྱོར་འདི་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་

པ་ཉིད་དང་། རྣམ་པར་ཤེས་པ་མི་སྟོང་པ་ཉིད་དང་། རྣམ་པར་ཤེས་པ་མཚན་མ་ཡོད་པ་ཉིད་དང་། རྣམ་པར་ཤེས་པ་མཚན་མ་མེད་པ་ཉིད་དང་། རྣམ་པར་ཤེས་པ་སྨོན་པ་ཡོད་པ་ཉིད་དང་། རྣམ་པར་ཤེས་པ་སྨོན་པ་མེད་པ་ཉིད་ཀྱི་ཚིག་བླ་དགས་ཡིན་སྙམ་འམ། རབ་འབྱོར་གྱིས་གསོལ་
པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་དོན་གྱི་དབང་གང་ཉེ་བར་བཟུང་ནས། འདི་སྐད་དུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་གཟུགས་རྟག་པའི་ཚིག་བླ་དགས་མ་ཡིན། མི་རྟག་པའི་ཚིག་བླ་དགས་མ་ཡིན།
དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་གཟུགས་བདེ་བ་དང་། སྡུག་བསྔལ་བའི་ཚིག་བླ་དགས་མ་ཡིན། བདག་ཡོད་པའི་ཚིག་བླ་དགས་མ་ཡིན། བདག་མེད་པའི་ཚིག་བླ་དགས་མ་ཡིན། ཞི་བའི་ཚིག་བླ་དགས་མ་ཡིན། མ་ཞི་བའི་ཚིག་བླ་དགས་མ་ཡིན། སྟོང་པ་
ཉིད་ཀྱི་ཚིག་བླ་དགས་མ་ཡིན། མི་སྟོང་པའི་ཚིག་བླ་དགས་མ་ཡིན། མཚན་མ་ཡོ