Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 029_ཁྲི་བརྒྱད།_ཀ

Văn bản gốc(Tây Tạng)

Trang 19 / 19 (50.000 ký tự/trang)
བགྱིད། རི་མོར་བགྱིད། མཆོད་པར་བགྱིད་ན། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་
ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀཽ་ཤི་ཀ་མང་ངོ་། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་ཏེ་གླེགས་བམ་དུ་བགྱིས་ནས། འཛིན་པར་བགྱིད། འཆང་བར་བགྱིད། ཀློག་པར་བགྱིད། ཀུན་
ཆུབ་པར་བགྱིད། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་། དེ་ལ་ཡང་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བགྱིད། བླ་མར་བགྱིད། རི་མོར་བགྱིད། མཆོད་པར་

བགྱིད་པ་དེ་ཆེས་བསོད་ནམས་མང་དུ་སྐྱེད་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་དགེ་བའི་ཆོས་ཐམས་ཅད་འདུས་པའི་སླད་དུ་སྟེ། འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་
མེད་པའི་སྙོམས་པར་འཇུག་པ་བཞི་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། འཕགས་པའི་བདེན་པ་བཞི་དང་། མངོན་པར་ཤེས་པ་དྲུག་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་།
ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། ཐམས་ཅད་
ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། དགེ་བའི་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པའི་སླད་དུའོ། །བཅོམ་ལྡན་འདས་དེའི་སླད་དུ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ལགས་ཏེ། དེ་ལ་
བསླབས་ནས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་ཀྱང་ངེས་པར་བྱུང་ལགས་སོ། །ངེས་པར་འབྱུང་ལགས་སོ། །ངེས་པར་འབྱུང་བར་འགྱུར་ལགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་
བརྒྱད་སྟོང་པ་ལས། མཆོད་རྟེན་གྱི་ལེའུ་ཞེས་བྱ་སྟེ། ཉི་ཤུ་རྩ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་གིས་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་ཤིང་གླེགས་བམ་དུ་བྱས་ཏེ། འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། ཚུལ་བཞིན་དུ་ཡིད་ལ་བྱེད་ཀྱི་སྟེང་དུ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་
དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་པ་དེ་དག་ནི་གཞི་དེ་ལས་བསོད་ནམས་མང་པོ་ཚད་མེད། གྲངས་མེད། བསམ་གྱིས་མི་ཁྱབ། གཞལ་དུ་མེད། དཔག་ཏུ་མེད་པ་དག་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་བྱུང་ལ། ཀཽ་ཤི་ཀ་ཕ་རོལ་ཏུ་ཕྱིན་པ་ལྔ་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་།
མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། མིག་ལྔ་དང་། མངོན་པར་ཤེས་པ་དྲུག་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་བྱུང་ཞིང་།
ཀཽ་ཤི་ཀ་ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་བྱུང་བ་ཡིན། ཀཽ་ཤི་ཀ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་བྱུང་བ་
ཡིན་ཞིང་། ཀཽ་ཤི་ཀ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་བྱུང་བ་ཡིན་པའི་ཕྱིར་རོ། །ཀཽ་ཤི་ཀ་དེ་ལྟ་བས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་ཤིང་གླེགས་བམ་དུ་ཆུད་པར་བྱས་ཏེ། འཛིན་པ་དང་།
འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། དེ་ལ་ཡང་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་

བྱེད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་དེ་ལ་བསོད་ནམས་མངོན་པར་འདུ་བྱ་བ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། བྱེ་བ་ཕྲག་འབུམ་གྱི་བར་གྱི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་དང་། ཆ་དང་། རྒྱུ་དང་། དཔེའི་བར་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་
ཀ་ཇི་སྲིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛམ་བུའི་གླིང་ན་གནས་པར་འགྱུར་བ་དེ་སྲིད་དུ་སངས་རྒྱས་དཀོན་མཆོག་མེད་པར་མི་འགྱུར། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་མེད་པར་མི་འགྱུར་ཞིང་། དེ་སྲིད་དུ་དགེ་བ་བཅུའི་ལས་ཀྱི་ལམ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་
དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དྲན་པ་ཉེ་བར་
གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། ཐམས་
ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་ལ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་། རྒྱལ་
ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་
མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཡང་དག་པར་འབྱུང་བར་འགྱུར། སངས་རྒྱས་ཀྱི་མཁྱེན་པ་བླ་ན་མེད་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡང་

ཡོད་པའི་ཕྱིར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་། འོག་མིན་གྱི་བར་གྱི་ལྷའི་བུ་དེ་དག་ལ་སྨྲས་པ། གྲོགས་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུང་བར་བྱ། བཅང་བར་བྱ། ཀླག་པར་བྱ།
ཀུན་ཆུབ་པར་བྱའོ། །གྲོགས་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདོན་པར་བྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བཞིན་དུ་ཡིད་ལ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གྲོགས་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་ངམ། བཅངས་སམ། བླགས་སམ། ཀུན་ཆུབ་པར་བྱས་སམ། ཚུལ་བཞིན་དུ་ཡིད་ལ་
བྱས་ན། མི་དགེ་བའི་ཆོས་ཐམས་ཅད་ནི་ཡོངས་སུ་འགྲིབ་པར་འགྱུར། དགེ་བའི་ཆོས་ཐམས་ཅད་ནི་མངོན་པར་འཕེལ་བར་འགྱུར། ལྷ་མ་ཡིན་གྱི་རིས་རྣམས་ནི་ཡོངས་སུ་འགྲིབ་པར་འགྱུར། ལྷའི་རིས་རྣམས་ནི་མངོན་པར་འཕེལ་བར་འགྱུར་ཞིང་། གྲོགས་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་
ངམ། བཅངས་སམ། བླགས་སམ། ཀུན་ཆུབ་པར་བྱས་སམ། ཚུལ་བཞིན་དུ་ཡིད་ལ་བྱས་ན་སངས་རྒྱས་ཀྱི་ཚུལ་རྒྱུན་ཆད་པར་མི་འགྱུར། ཆོས་ཀྱི་ཚུལ་དང་། དགེ་འདུན་གྱི་ཚུལ་རྒྱུན་ཆད་པར་མི་འགྱུར་ཞིང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་ཆད་པར་མི་འགྱུར་ལ། གྲོགས་པོ་དག་ཕ་རོལ་ཏུ་
ཕྱིན་པ་ཐམས་ཅད་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ཡང་འཇིག་རྟེན་དུ་འབྱུང་བར་འགྱུར་ལ། བྱང་ཆུབ་སེམས་
དཔའི་སྤྱོད་པ་རྣམས་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར་ཞིང་ཡོད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་
ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟུང་ཤིག །ཀཽ་ཤི་ཀ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོངས་ཤིག །ཀློགས་ཤིག །ཀུན་ཆུབ་པར་གྱིས་ཤིག །ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་གང་གི་ཚེ་ལྷ་མ་ཡིན་རྣམས་འདི་

སྙམ་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་ལྷན་ཅིག་ཏུ་གཡུལ་སྤྲད་པར་བྱའོ་སྙམ་དུ་སེམས་ཤིང་ཤོམ་པ་དེའི་ཚེ། ཀཽ་ཤི་ཀ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡིད་ལ་སོམས་ལ་ཁ་ཏོན་དུ་གྱིས་ཤིག་དང་། དེས་ལྷ་མ་ཡིན་དེ་དག་གི་བསམ་པ་དེ་ཕྱིར་ནུབ་པར་འགྱུར་ཞིང་། ཕྱིས་ཀྱང་གཡུལ་སྤྲོད་པའི་སེམས་
སྐྱེད་པར་མི་འགྱུར་བའི་ཕྱིར་རོ། །ཀཽ་ཤི་ཀ་ལྷའི་བུའམ་ལྷའི་བུ་མོ་གང་དག་འཆི་འཕོ་བའི་ཚེ་ཡང་དེ་དག་གི་མདུན་དུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་གྱིས་ཤིག་དང་། གལ་ཏེ་དེ་དག་གིས་བདག་ཉིད་ངན་སོང་དུ་སྐྱེ་བར་མཐོང་ན་ཡང་། དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་པས། ངན་སོང་དུ་སྐྱེ་བའི་
སེམས་བསྐྱེད་པ་དེ་ནུབ་ཅིང་། ལྷའི་གནས་དེ་ཉིད་དུ་ཕྱིར་སྐྱེ་བར་འགྱུར་ཏེ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པ་ནི་དེ་ལྟར་མཐུ་ཆེ་བ་ཡིན་ནོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ། ལྷའི་བུའམ། ལྷའི་བུ་མོ་གང་ཡང་རུང་བའི་རྣ་ལམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གྲགས་པར་
གྱུར་པ་དེ་དག་ཐམས་ཅད་ནི་དགེ་བའི་རྩ་བ་དེས་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་
དང་བཅས་པ་གང་དག་བྱུང་བར་གྱུར་པ་དེ་དག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ལ། གང་དག་མ་འོངས་པའི་དུས་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་
རྣམས་དང་། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན། ད་ལྟར་བྱུང་བའི་དུས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ཏེ། འཚོ་ཞིང་གཞེས་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་
པར་འཚང་རྒྱ་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་དང་། རང་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། ཉན་ཐོས་ཀྱི་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་

པ་དང་། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་ཆེན་མོ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་བླ་ན་མ་མཆིས་
པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་མི་མཉམ་པ་དང་མཉམ་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་
རྫོགས་པར་བགྱི་བའི་ཆེད་དུ་ཡང་དག་པར་ཞུགས་པའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀཽ་ཤི་ཀ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་ཆེན་མོ་
ཡིན་ནོ། །ཀཽ་ཤི་ཀ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་བླ་ན་མེད་པ་ཡིན་ནོ། །ཀཽ་ཤི་ཀ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིག་སྔགས་མི་མཉམ་པ་དང་མཉམ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་
ནས་གང་དག་ཕྱོགས་བཅུའི་འཇིག་རྟེན་ན་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱང་མངོན་པར་རྫོགས་པར་སངས་རྒྱས་མངོན་པར་རྫོགས་པར་འཚང་རྒྱ། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་
བ་དང་། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ནས། དགེ་བ་བཅུའི་ལས་ཀྱི་ལམ་འཇིག་རྟེན་ན་ཡོད་པ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་
ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱང་འཇིག་རྟེན་ན་ཡོད་པ་དང་། རྣམ་པར་ཐར་པའི་སྒོ་རྣམས་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་།

མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་གནས་པ་ཉིད་དང་། ཆོས་མི་འགྱུར་བ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་ཀྱང་འཇིག་རྟེན་ན་ཡོད་པ་དང་། མིག་ལྔ་དང་མངོན་པར་ཤེས་པ་དྲུག་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་
བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཉིད་དང་། བྱང་ཆུབ་སེམས་དཔའ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འཇིག་རྟེན་ན་ཡོད་པ་དང་། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ལ་བརྟེན་ནས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་ན་ཡོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཀྱི་བར་དག་འཇིག་རྟེན་ན་ཡོད་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དག་འཇིག་རྟེན་ན་ཡོད་པའི་ཕྱིར་རོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ཟླ་བའི་དཀྱིལ་འཁོར་ལ་བརྟེན་ནས་རྩི་དང་། སྐར་མའི་ཚོགས་ཐམས་ཅད་ཡོད་པ་ཡིན་ནོ། །ཀཽ་ཤི་ཀ་དེ་བཞིན་དུ་བྱང་
ཆུབ་སེམས་དཔའི་ཟླ་བའི་དཀྱིལ་འཁོར་ལ་བརྟེན་ནས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་དང་། དགེ་བའི་སྤྱོད་པ་དང་། ཡང་དག་པའི་སྤྱོད་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་
པའི་ཏིང་ངེ་འཛིན་གྱི་རྩི་དག་ཀྱང་ཡོད་པ་ཡིན་ལ། སློབ་པ་དང་མི་སློབ་པ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་རྒྱུ་སྐར་དང་། སྐར་མ་དག་ཀྱང་ཡོད་པ་ཡིན། ཐམས་ཅད་ཤེས་པ་ཉིད་ཀྱང་ཡོད་པ་ཡིན། དེ་བཞིན་གཤེགས་པ་ཡང་ཡོད་པ་ཡིན་ཏེ། གང་གི་ཚེ་སངས་རྒྱས་བཅོམ་ལྡན་
འདས་འཇིག་རྟེན་དུ་མངོན་པར་རྫོགས་པར་སངས་མ་རྒྱས་ཤིང་། དེ་བཞིན་གཤེགས་པ་མ་བྱུང་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཉིད་སེམས་ཅན་རྣམས་ལ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་སྟོན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ལྷའི་
ཐེག་པ་དང་། མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ཡང་བྱང་ཆུབ་སེམས་དཔའ་ལས་ངེས་པར་བྱུང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་གང་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་དང་། སྟོང་པ་

ཉིད་ཐམས་ཅད་ལ་སྒོམ་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཐོབ་པར་བྱེད་པ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་།
དཔེ་བྱད་བཟང་པོ་བརྒྱད་ཅུ་ཐོབ་པར་བྱེད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱིས་མངོན་སུམ་དུ་མི་བྱེད་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པར་བྱེད་པ་དང་། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་ཐབས་ལ་མཁས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་བྱུང་བའི་ཕྱིར་རོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་
དུ་ཡིད་ལ་བྱེད་པ་དེ་ནི་ཚེ་འདིའི་ཡོན་ཏན་འདི་དག་དང་ཡང་ལྡན་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་
བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་ཚེ་འདིའི་ཡོན་ཏན་གང་དག་དང་ལྡན་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་།
ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་ནི་དུག་གིས་འཆི་བའི་དུས་བྱེད་པར་མི་འགྱུར། མེ་དང་མཚོན་དང་། ཆུས་ཀྱང་འཆི་བའི་དུས་བྱེད་པར་མི་འགྱུར་ཞིང་། ནད་གང་ཡང་རུང་བའི་བར་དག་གིས་ཀྱང་འཆི་བའི་དུས་བྱེད་པར་མི་འགྱུར་ཏེ། ལས་ཀྱི་རྣམ་པར་སྨིན་པ་ནི་མ་
གཏོགས་སོ། །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལ་རྒྱལ་པོའི་ཕོ་བྲང་ནས་འཚེ་བ་ཞིག་བྱུང་བར་གྱུར་ན་ཡང་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་བྱས་ཏེ་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན་དེ་ལ་གླགས་ལྟ་བ་དེ་དག་གིས་གླགས་བཙལ་ཀྱང་གླགས་རྙེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱི་གཟི་བརྗིད་ཡིན་པའི་ཕྱིར་རོ། །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁ་ཏོན་དུ་འདོན་ཅིང་རྒྱལ་པོའི་ཕོ་བྲང་དེར་སོང་ན། དེ་ལ་རྒྱལ་པོའི་བུའམ། རྒྱལ་པོའི་བློན་པོ་སྣ་ཆེན་པོ་ལ་གཏོགས་པ་དག་ཀྱང་གསོང་པོར་སྨྲ་བར་བྱའོ་
སྙམ་དུ་སེམས། སྙན་པར་སྨྲ་བར་བྱའོ་སྙམ་དུ་སེམས། དགའ་བར་བྱའོ་སྙམ་དུ་སེམས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཉེ་བར་གཞག་ཅིང་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་སེམས་ཉེ་བར་
གཞག་པའི་ཕྱིར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ནི་ཚེ་འདིའི་ཡོན་ཏན་དེ་དག་དང་ལྡན་པར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ་རིགས་
ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ནི་ཚེ་ཕྱི་མའི་ཡོན་ཏན་འདི་དག་དང་ཡང་ལྡན་པར་འགྱུར་ཏེ། འདི་ལྟ་སྟེ། ནམ་དུ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་དང་འབྲལ་བར་མི་འགྱུར། ནམ་
དུ་ཡང་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་
པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་འབྲལ་བར་མི་འགྱུར་རོ། །དེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་གྱི་དབང་མ་གཏོགས་པར་ནམ་དུ་ཡང་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་རྣམས་སུ་སྐྱེ་བར་མི་འགྱུར། ནམ་དུ་ཡང་
དབང་པོ་མ་ཚང་བར་མི་འགྱུར། ནམ་དུ་ཡང་ཡན་ལག་མ་ཚང་བར་མི་འགྱུར། ནམ་དུ་ཡང་དབུལ་པོའི་ཁྱིམ་རྣམས་སུ་སྐྱེ་བར་མི་འགྱུར། འོད་མ་མཁན་གྱི་ཁྱིམ་རྣམས་སུ་སྐྱེ་བར་མི་འགྱུར། གཡུང་པོའི་ཁྱིམ་རྣམས་སུ་སྐྱེ་བར་མི་འགྱུར། དམངས་རིགས་རྣམས་སུ་སྐྱེ་བར་མི་འགྱུར་ཞིང་། དེ་དེ་ཕྱིན་ཆད་ཀྱང་རྟག་

པར་རྒྱུན་དུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་ལུས་ཐོབ་པར་འགྱུར་ལ། འཇིག་རྟེན་གྱི་ཁམས་གང་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་དེར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱན་སྔར་པད་མ་ལས་རྫུས་ཏེ་སྐྱེ་བར་འགྱུར་ཞིང་། ནམ་དུ་ཡང་མངོན་པར་ཤེས་པ་ཉམས་པར་མི་འགྱུར་རོ། །
དེ་འདོད་ན་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྙེན་བཀུར་བྱ་བ་དང་། ཆོས་ཉན་པའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་ན་ཡང་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་པར་འགྱུར་རོ། །
ཀཽ་ཤི་ཀ་དེ་ལྟ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡོན་ཏན་ཕུན་སུམ་ཚོགས་པ་དེ་དག་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཟུང་བར་བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱ་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་མི་འབྲལ་བར་བྱ་སྟེ། དེ་ནི་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཚེ་འདིའི་ཡོན་ཏན་དང་། ཚེ་ཕྱི་མའི་ཡོན་ཏན་དེ་དག་དང་ནམ་དུ་ཡང་འབྲལ་བར་མི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་ཡོངས་སུ་བརྗོད་པའི་ལེའུ་ཞེས་བྱ་སྟེ། ཉི་ཤུ་རྩ་བརྒྱད་པའོ།། །།
དེ་ནས་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་ཀླན་ཀ་ཚོལ་བའི་བསམ་པ་ཅན་རབ་ཏུ་མང་པོ་བརྒྱ་ཞིག་ཀླན་ཀ་བཙལ་བའི་ཕྱིར། བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཀླན་ཀ་ཚོལ་བའི་བསམ་པ་ཅན་རབ་ཏུ་མང་པོ་བརྒྱ་
པོ་འདི་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་གིས། གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་འདི་དག་ཅི་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་མི་འདོང་ཞིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་བར་ཆད་བྱེད་པར་མི་འགྱུར་བར། བདག་གིས་བཅོམ་ལྡན་འདས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ཙམ་ཞིག་གཟུང་བ་དེ་བདག་གིས་ངེས་པར་ཁ་ཏོན་
དུ་བྱའོ་སྙམ་མོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ཙམ་ཞིག་གཟུང་བ་དེ་ཁ་ཏོན་དུ་བྱས་སོ། །དེ་ནས་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་དེ་དག་གིས་རྒྱང་རིང་པོ་ནས་བཅོམ་ལྡན་འདས་ལ་བསྐོར་བ་བྱས་ཏེ། ལམ་གང་ནས་ལྷགས་པའི་ལམ་དེ་ཉིད་ནས་ཕྱིར་དོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་

བུ་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་ཀླན་ཀ་ཚོལ་བའི་བསམ་པ་ཅན་འདི་དག་རྒྱང་རིང་པོ་ནས། བཅོམ་ལྡན་འདས་ལ་བསྐོར་བ་བྱས་ནས་གང་ནས་ལྷགས་པའི་ལམ་དེ་ཉིད་ནས་ཕྱིར་དོང་ཞིག་གུ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་
ཐུགས་ཀྱིས་མཁྱེན་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསམས་ཏེ། དེས་ན་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་འདི་དག་གིས་རྒྱང་རིང་པོ་ཉིད་ནས། ང་ལ་བསྐོར་བ་བྱས་ཏེ། ལམ་གང་ནས་ལྷགས་པ་དེ་ཉིད་ནས་ཕྱིར་དོང་ངོ་། །ཤཱ་རིའི་བུ་
གཞན་ཡང་མུ་སྟེགས་ཅན་ཀུན་ཏུ་རྒྱུ་འདི་དག་གི་ནང་ན་གཅིག་ལ་ཡང་དཀར་པོའི་ཆ་ཡོད་པར་ངས་མ་མཐོང་ངོ་། །གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་འདི་དག་ཐམས་ཅད་ནི་ཞེ་འགྲས་པའི་སེམས་དང་། ཀླན་ཀ་ཚོལ་བའི་བསམ་པས་འོང་བར་སེམས་ཏེ། ཤཱ་རིའི་བུ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཀླན་ཀ་བཙལ་བའི་
བསམ་པའམ། ཞེ་འགྲས་པའི་སེམས་ཀྱིས་འོང་བར་ནུས་པ་དེ་ནི་འཇིག་རྟེན་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ནང་ན་ངས་མ་མཐོང་སྟེ། དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་
འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། འོག་མིན་མན་ཆད་ཀྱི་ལྷ་རྣམས་དང་། ཉན་ཐོས་གང་དག་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་གང་དག་དང་། བྱང་ཆུབ་སེམས་དཔའ་གང་དག་འཁོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་གཟུང་
བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་ཕྱིར་རོ། །ཤཱ་རིའི་བུ་གཞན་ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་དང་། ཕྱོགས་བཅུའི་བར་དུ་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སངས་རྒྱས་
བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་གཟུང་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་ཕྱིར་རོ། །དེ་ནས་བདུད་སྡིག་ཅན་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འཁོར་བཞི་པོ་འདི་དག་སྤྱན་སྔ་ན་
འཁོད་ཅིང་། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་འདི་དག་ཀྱང་སྤྱན་སྔ་ན་འཁོད་པ་ལས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་དུ་ངེས་ཀྱིས། མིག་གིས་མི་རྩོལ་བར་བྱ་བའི་ཕྱིར་བདག་བཅོམ་ལྡན་འདས་ག་ལ་བ་དེར་
འགྲོ་བར་བྱའོ་སྙམ་མོ། །དེ་ནས་བདུད་སྡིག་ཅན་གྱིས་དཔུང་གི་ཚོགས་ཡན་ལག་བཞི་པ་མངོན་པར་སྤྲུལ་ནས། བཅོམ་ལྡན་འདས་ག་ལ་བ་དེར་འགྲོ་བར་བསམས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བདུད་སྡིག་ཅན་འདི་ནི་དཔུང་གི་ཚོགས་ཡན་ལག་བཞི་པ་མངོན་པར་སྤྲུལ་ནས། བཅོམ་ལྡན་འདས་
ག་ལ་བ་དེར་འགྲོ་བར་འདོད་དེ། བདུད་སྡིག་ཅན་འདི་དཔུང་གི་ཚོགས་ཡན་ལག་བཞི་པའི་བཀོད་པ་གང་ཡིན་པ། དཔུང་གི་ཚོགས་ཡན་ལག་བཞི་པའི་བཀོད་པ་འདི་ལྟ་བུ་འདི་ནི་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཡང་མ་ཡིན། དཔུང་གི་ཚོགས་ཡན་ལག་བཞི་པའི་བཀོད་པ་འདི་ལྟ་བུ་ནི་རྒྱལ་པོ་གསལ་རྒྱལ་གྱི་ཡང་མ་ཡིན།
ཤཱཀྱ་རྣམས་ཀྱི་ཡང་མ་ཡིན། ལིད་ཙ་བཱི་རྣམས་ཀྱི་ཡང་མ་ཡིན་གྱི། བདུད་སྡིག་ཅན་ནི་ཡུན་རིང་པོ་ནས། བཅོམ་ལྡན་འདས་ལ་གླགས་ལྟ་ཞིང་སྐབས་ཚོལ་བ་དང་། སེམས་ཅན་ཡང་དག་པ་ལ་ཞུགས་པ་རྣམས་ལ། གཙེ་བའི་བསམ་པ་དང་ལྡན་པ་ཡིན་པས། དཔུང་གི་ཚོགས་ཡན་ལག་བཞི་པ་གང་ཡིན་པ་འདི་ནི་བདུད་སྡིག་ཅན་གྱིས་
མངོན་པར་སྤྲུལ་པ་ཡིན་གྱིས། བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསམ་པར་བྱའོ། །དྲན་ནས་ཀྱང་ཁ་ཏོན་དུ་བྱའོ་སྙམ་མོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསམས་སོ། །དྲན་ནས་ཀྱང་ཁ་ཏོན་དུ་བྱས་ཏེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་
ཙམ་དུ་ཁ་ཏོན་བྱེད་པ་དེ་ཙམ་དུ། བདུད་སྡིག་ཅན་ལམ་དེ་ཉིད་དང་། སྒོ་དེ་ཉིད་ནས་ཕྱིར་ལོག་གོ། །དེ་ནས་འཁོར་དེར་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང་། འོག་མིན་མན་ཆད་ཀྱི་ལྷ་གང་ཡིན་པ་དེ་དག་གིས་ལྷའི་མེ་ཏོག་རྣམས་མངོན་པར་སྤྲུལ་ནས། བར་སྣང་ལ་འཁོད་བཞིན་དུ་བཅོམ་ལྡན་

འདས་ག་ལ་བ་དེ་ལོགས་སུ་འདོར་ཞིང་འཐོར་བར་བྱེད་ལ། ཚིག་འདི་སྐད་ཅེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་སྲིད་དུ་འཛམ་བུའི་གླིང་གི་མི་རྣམས་ལ་གནས་པ་དེ་སྲིད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེད་པར་མི་འགྱུར་ཞིང་། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་
པར་འགྱུར་ལ། དགེ་འདུན་ཡང་འཇིག་རྟེན་དུ་འབྱུང་བར་འགྱུར་བ་དང་། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པའི་ཁྱད་པར་ཡང་གྲགས་པར་འགྱུར་ལ། ཕྱོགས་
གང་ལོགས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་ཏེ། གླེགས་བམ་དུ་བྱས་ནས་འཆང་བའི་ཕྱོགས་དེ་སྣང་བ་དང་ལྡན་པར་འགྱུར་ལ། གང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྤྱོད་པའི་ས་ཕྱོགས་དེ་ཡང་མགོན་ཡོད་ཅིང་མུན་པ་དང་བྲལ་བར་འགྱུར་བས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་འདི་འཛམ་བུ་གླིང་པའི་མི་རྣམས་ཡུན་རིང་དུ་སྤྱོད་པར་གྱུར་ཅིག་ཅེས་སྨྲས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ཏེ། ཀཽ་ཤི་ཀ་ཕྱོགས་གང་དང་། གང་གི་འཇིག་རྟེན་གྱི་ཁམས་རབ་འབྱམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་འདི་སྤྱོད་ཅིང་གླེགས་བམ་ལ་བྲིས་པ་ཡོད་པའི་ས་ཕྱོགས་དེ་ནི་སྣང་བར་གྱུར་པ་ཡིན་ཏེ། ས་ཕྱོགས་དེ་ནི་མགོན་ཡོད་ཅིང་། མུན་པ་མུན་ནག་དང་བྲལ་བར་འགྱུར་རོ། །དེ་ནས་ལྷའི་བུ་དེ་དག་གིས་ལྷའི་མེ་ཏོག་རྣམས་མངོན་པར་སྤྲུལ་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་གཏོར་ཏེ། ཚིག་འདི་སྐད་ཅེས་
གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་ལ་ནི་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་ལགས་སོ། །བཅོམ་
ལྡན་འདས་བདག་ཅག་གིས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལ་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ། །བདག་ཅག་ནི་རིགས་ཀྱི་བུ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀུན་ཆུབ་པར་བྱེད་པ་དང་། ཀློག་པ་དང་། ཚུལ་བཞིན་དུ་ཡིད་

ལ་བགྱིད་པ་དེ་ལ་སྟོན་པ་ལགས་སོ་སྙམ་དུ་འཛིན་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་
པར་བགྱིད་དམ། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་ནི་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ལགས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་སྔོན་གྱི་རྒྱལ་བ་ཐམས་ཅད་ལ་ལྷག་པར་བགྱི་བ་བགྱིས་པ་ལགས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་།
ཚུལ་བཞིན་དུ་ཡིད་ལ་བགྱིད་པའི་བར་དག་ཏུ་བགྱིད་པ་དེ་དག་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བགྱིད་བགྱིད་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་བ་ལགས་ལ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་བྱུང་བ་ལགས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ལགས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་མ་ལགས་པའི་སླད་དུ་སྟེ། དེ་ལྟར་ན་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཉིས་སུ་མ་མཆིས་ཏེ་གཉིས་སུ་དབྱེར་མ་མཆིས་ཤིང་ཐ་མི་དད་དེ། གཅད་དུ་མ་མཆིས་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །
ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་ཅིང་ཐ་མི་དད་དེ་གཅད་དུ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་གཞན་མུ་སྟེགས་ཅན་གྱི་ལེའུ་ཞེས་བྱ་སྟེ། ཉི་ཤུ་
རྩ་དགུ་པའོ།། །། །། །།