Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 029_ཁྲི་བརྒྱད།_ཀ

Văn bản gốc(Tây Tạng)

Trang 17 / 19 (50.000 ký tự/trang)
་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་
པ་ཉིད་དང་། རང་སངས་རྒྱས་ཉིད་དང་། དེ་བཞིན་དུ་རྒྱུན་དུ་ཞུགས་པ་ཡང་བཏགས་པ་ཙམ་མོ། །ཀཽ་ཤི་ཀ་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་ཀྱང་བཏགས་པ་ཙམ་སྟེ། བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་ཡིན་པས། རབ་འབྱོར་ནི་དེ་དང་མི་འགལ་བར་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཆོས་ཉིད་གང་ཡིན་པ་དེ་ནི་འགལ་བ་མེད་པ་ཡིན་ལ། འགལ་བ་མེད་པ་གང་ཡིན་པ་དེ་ནི། རབ་
འབྱོར་སྟོན་པར་བྱེད་ཅིང་མི་འགལ་བར་བྱེད་པའི་ཕྱིར་ཏེ། ཀཽ་ཤི་ཀ་དེ་ལྟར་ན། རབ་འབྱོར་ནི་བཏགས་པ་དང་ཡང་མི་འགལ་ལ། ཆོས་ཉིད་ཀྱང་སྟོན་ཏོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་དེ་བཞིན་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བཏགས་པ་ཙམ་
དུ་བསྟན་པ་དེ་ནི་དེ་བཞིན་ནོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཆོས་ཐམས་ཅད་བཏགས་པ་ཙམ་དུ་རིག་པར་བྱས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཀཽ་ཤི་ཀ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ནི་གཟུགས་ལ་མི་སློབ་བོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་སློབ་བོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་ཞིང་། གང་ལ་བསླབ་པར་བྱ་བའི་
ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །ཀཽ་ཤི་ཀ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་སློབ་བོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་
བསླབ་པར་བྱ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ལ་མི་སློབ་བོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །ནང་སྟོང་པ་ཉིད་ལ་ཡང་མི་སློབ་བོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཡང་མི་སློབ་བོ། །དེ་ཅིའི་ཕྱིར་
ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ནང་སྟོང་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ལ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡང་མི་སློབ་བོ། །ཡང་དག་པར་སྤོང་བ་རྣམས་དང་།
རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་
ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་ཡང་མི་སློབ་བོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཉིད་ལ་ཡང་མི་སློབ་བོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་

བར་ལ་ཡང་མི་སློབ་བོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་
འབྱོར་དེ་ཅིའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་། དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་
ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་རྗེས་སུ་མི་མཐོང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་
མ་འདྲེས་པ་བཅྭ་བརྒྱད་ཡང་དག་པར་རྗེས་སུ་མི་མཐོང་། ཅིའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ཡང་དག་པར་རྗེས་སུ་མི་མཐོང་། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་འདི་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་།
རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་། དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་
ཀྱིས་སྟོང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི། རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཀྱི་བར་གྱིས་སྟོང་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་གཟུགས་སྟོང་པ་ཉིད་ནི་གཟུགས་སྟོང་པ་ཉིད་ལ་མི་སློབ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་སྟོང་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་སྟོང་པ་ཉིད་ལ་མི་སློབ་པའི་ཕྱིར་རོ། །ཀཽ་ཤི་ཀ་

གང་སྟོང་པ་ཉིད་ལ་མི་སློབ་པ་དེ་ནི་གཉིས་སུ་དབྱེར་མེད་པར་སྟོང་པ་ཉིད་ལ་སློབ་པ་ཡིན་ནོ། །དེ་ནི་གཉིས་སུ་དབྱེར་མེད་པར་གཟུགས་སྟོང་པ་ཉིད་ལ་སློབ་པ་ཡིན་ནོ། །དེ་བཞིན་དུ་དེ་ནི་གཉིས་སུ་དབྱེར་མེད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སློབ་པ་ཡིན་ནོ། །
ཀཽ་ཤི་ཀ་གང་གཉིས་སུ་དབྱེར་མེད་པར་གཟུགས་སྟོང་པ་ཉིད་ལ་སློབ་པ་དང་། གཉིས་སུ་དབྱེར་མེད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སློབ་པ་དེ་ནི་གཉིས་སུ་དབྱེར་མེད་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སློབ་པ་ཡིན་ནོ། །དེ་བཞིན་དུ་གཉིས་སུ་དབྱེར་མེད་པར་ཚུལ་ཁྲིམས་
ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སློབ་པ་ཡིན་ནོ། །གཉིས་སུ་དབྱེར་མེད་པར་ནང་སྟོང་པ་ཉིད་ལ་ཡང་སློབ་པ་ཡིན་ནོ། །དངོས་པོ་
མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཡང་སློབ་པ་ཡིན་ནོ། །དེ་ནི་གཉིས་སུ་དབྱེར་མེད་པར་དྲན་པ་ཉེ་བར་གཞག་པ་རྣམས་ལ་སློབ་པ་ཡིན་ནོ། །གཉིས་སུ་དབྱེར་མེད་པར་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་།
བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་རྣམས་ལ་སློབ་པ་ཡིན་ནོ། །དེ་ནི་གཉིས་སུ་དབྱེར་མེད་པར་སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སློབ་པ་ཡིན་ནོ། །དེ་ནི་གཉིས་སུ་དབྱེར་
མེད་པར་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སློབ་པ་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཉིད་དང་། སངས་རྒྱས་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན་ནོ། །གཉིས་
སུ་དབྱེར་མེད་པར་སངས་རྒྱས་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་དེ་ནི། སངས་རྒྱས་ཀྱི་ཆོས་གྲངས་མེད་དཔག་ཏུ་མེད་པ་རྣམས་ལ་སློབ་པ་ཡིན་ནོ། །གང་སངས་རྒྱས་ཀྱི་ཆོས་གྲངས་མེད་དཔག་ཏུ་མེད་པ་རྣམས་ལ་སློབ་པ་དེ་ནི་གཟུགས་འཕེལ་བར་བྱ་བ་དང་།

འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །རྟེན་
ཅིང་འབྲེལ་བར་འབྱུང་བ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་
དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །དྲན་པ་ཉེ་བར་གཞག་པ་རྣམས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་དང་།
རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །ནང་སྟོང་པ་ཉིད་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །དངོས་པོ་མེད་
པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཕེལ་བར་བྱ་བ་
དང་། འགྲིབ་པར་བྱ་བའི་ཕྱིར་མི་སློབ་བོ། །གང་གཟུགས་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མི་སློབ་པ་དང་། གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཕེལ་བར་བྱ་བ་དང་། འགྲིབ་པར་བྱ་བའི་ཕྱིར་མི་སློབ་པ་དེ་ནི་གཟུགས་ཡོངས་སུ་གཟུང་བ་དང་། མེད་པར་བྱ་
བའི་ཕྱིར་མི་སློབ་བོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མེད་པར་བྱ་བའི་ཕྱིར་མི་སློབ་བོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་གཟུང་བ་དང་། མེད་པར་བྱ་བའི་

ཕྱིར་མི་སློབ་བོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ཉི་ཤུ་པ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ཡོངས་སུ་གཟུང་བ་དང་། མེད་པར་
བྱ་བའི་ཕྱིར་མི་སློབ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་གཟུང་བ་དང་། མེད་པར་བྱ་བའི་ཕྱིར་མི་སློབ། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་གཟུང་བ་དང་། མེད་པར་བྱ་བའི་ཕྱིར་མི་སློབ། རབ་འབྱོར་
གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་གཟུགས་ལ་ཡོངས་སུ་གཟུང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ནང་སྟོང་པ་ཉིད་ཀྱི་ཕྱིར་གཟུགས་ལ་གཟུགས་ཡོངས་སུ་མི་འཛིན་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་།
རྣམ་པར་ཤེས་པ་ལ་ཡོངས་སུ་གཟུང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ནང་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡང་ཡོངས་སུ་གཟུང་བ་
མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མི་འཛིན་པའི་ཕྱིར་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཆོས་ཐམས་ཅད་ཡོངས་སུ་གཟུང་བ་མེད་པའི་ཚུལ་གྱིས། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ལ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ཡོངས་སུ་གཟུང་བ་མེད་པའི་ཚུལ་

གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ན་ཆོས་ཐམས་ཅད་ཡོངས་སུ་གཟུང་བར་བྱ་བའི་ཕྱིར་
མ་ཡིན་ཞིང་མེད་པར་བྱ་བའི་ཕྱིར་མ་ཡིན་པར་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། གཟུགས་ཀྱི་
སྐྱེ་བ་དང་། འགག་པ་དང་། བླང་བ་དང་། དོར་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འགྲིབ་པ་དང་། འཕེལ་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་མེད་པའི་
ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྐྱེ་བ་དང་། འགག་པ་དང་། བླང་བ་དང་། དོར་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་
བྱང་བ་དང་། འགྲིབ་པ་དང་། འཕེལ་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱིས་མེད་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ། ཁམས་རྣམས་དང་། སྐྱེ་
མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་
ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐྱེ་བ་དང་། འགག་པ་དང་། བླང་བ་དང་། དོར་བ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འགྲིབ་པ་དང་། འཕེལ་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན།

ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་མེད་པའི་ཕྱིར་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པ་དང་། ཀུན་
ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། འགྲིབ་པ་མེད་པ་དང་། འཕེལ་བ་མེད་པར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སློབ་པ་མེད་པ་དང་། ངེས་པར་འབྱུང་བ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ཅིང་། རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ནས་བཙལ་བར་བྱ། ཤཱ་རིའི་བུས་སྨྲས་པ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རབ་
འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་འཕགས་པ་ཤཱ་རིའི་བུ་འདི་སྐད་དུ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཚེ་དང་ལྡན་པ་རབ་འབྱོར་གྱི་ལེའུ་ལས་བཙལ་བར་
བྱའོ་ཞེས་ཟེར་ན་ཅི་དེ་འཕགས་པ་ཁྱོད་ཀྱི་བྱིན་གྱི་རླབས་ཡིན་ནམ། དེ་ཁྱོད་ཀྱི་མཐུ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་ནི་ཁོ་བོའི་མཐུ་མ་ཡིན་ནོ། །དེ་ནི་ཁོ་བོའི་བྱིན་གྱི་རླབས་མ་ཡིན་ནོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་འོ་ན་དེ་སུའི་མཐུ་ཡིན། དེ་སུའི་བྱིན་
གྱི་རླབས་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་འདི་ནི་དེ་བཞིན་གཤེགས་པའི་མཐུ་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཡིན་ནོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་ཆོས་ཐམས་ཅད་ནི་བྱིན་གྱི་རླབས་མེད་པ་ཡིན་ན། ཅིའི་ཕྱིར་འདི་སྐད་
དུ་འདི་ནི་དེ་བཞིན་གཤེགས་པའི་མཐུ་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཡིན་ནོ། །ཞེས་སྨྲ། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱིན་གྱི་རླབས་མེད་པའི་ཆོས་ཉིད་ལ་དེ་བཞིན་གཤེགས་པ་དམིགས་སུ་མེད། བྱིན་གྱི་

རླབས་མེད་པའི་ཆོས་ཉིད་ལས་གུད་ན་ཡང་དེ་བཞིན་གཤེགས་པ་དམིགས་སུ་མེད། དེ་བཞིན་གཤེགས་པ་ལ་ཡང་བྱིན་གྱི་རླབས་མེད་པའི་ཆོས་ཉིད་དམིགས་སུ་མེད། དེ་བཞིན་གཤེགས་པ་ལས་གུད་ན་ཡང་བྱིན་གྱི་རླབས་མེད་པའི་ཆོས་ཉིད་དམིགས་སུ་མེད་དོ། །དེ་བཞིན་ཉིད་ལ་ཡང་དེ་བཞིན་
གཤེགས་པ་དམིགས་སུ་མེད་ལ། དེ་བཞིན་གཤེགས་པ་ལ་ཡང་དེ་བཞིན་ཉིད་དམིགས་སུ་མེད་དོ། །གཟུགས་ཀྱི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་དམིགས་སུ་མེད་ལ། དེ་བཞིན་གཤེགས་པ་ལ་ཡང་གཟུགས་ཀྱི་དེ་བཞིན་ཉིད་དམིགས་སུ་མེད་དོ། །གཟུགས་ཀྱི་ཆོས་ཉིད་
ལ་ཡང་དེ་བཞིན་གཤེགས་པ་དམིགས་སུ་མེད་ལ། དེ་བཞིན་གཤེགས་པ་ལ་ཡང་གཟུགས་ཀྱི་ཆོས་ཉིད་དམིགས་སུ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་དམིགས་སུ་མེད་ལ། དེ་བཞིན་
གཤེགས་པ་ལ་ཡང་རྣམ་པར་ཤེས་པའི་དེ་བཞིན་ཉིད་དམིགས་སུ་མེད་དོ། །རྣམ་པར་ཤེས་པའི་ཆོས་ཉིད་ལ་ཡང་དེ་བཞིན་གཤེགས་པ་དམིགས་སུ་མེད་ལ། དེ་བཞིན་གཤེགས་པ་ལ་ཡང་རྣམ་པར་ཤེས་པའི་ཆོས་ཉིད་དམིགས་སུ་མེད་དོ། །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་
རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། རྣམ་པར་ཐར་པའི་སྒོ་རྣམས་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་
དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་དམིགས་སུ་མེད་ལ། དེ་བཞིན་གཤེགས་པ་ལ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་དམིགས་སུ་མེད་དོ། །རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་ལ་ཡང་དེ་བཞིན་གཤེགས་པ་དམིགས་སུ་མེད་ལ། དེ་བཞིན་གཤེགས་པ་ལ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་བཞིན་གཤེགས་པའི་ཆོས་ཉིད་གང་ཡིན་པ་དེ་ནི་གཟུགས་

ཀྱི་ཆོས་ཉིད་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ལ། ཀཽ་ཤི་ཀ་དེ་བཞིན་གཤེགས་པའི་ཆོས་ཉིད་གང་ཡིན་པ་དེ་ནི། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཆོས་ཉིད་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན།
གཟུགས་ཀྱི་ཆོས་ཉིད་མ་ཡིན་པ་གཞན་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཆོས་ཉིད་མ་ཡིན་པ་གཞན་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། གཟུགས་ཀྱི་དེ་བཞིན་ཉིད་དང་ལྡན་
པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། གཟུགས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་
མ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་མ་ཡིན་པ་གཞན་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ལ། དེ་བཞིན་དུ་དེ་བཞིན་གཤེགས་པའི་ཆོས་ཉིད་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་
བར་གྱི་ཆོས་ཉིད་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་ཉིད་མ་ཡིན་པ་གཞན་དང་ལྡན་པ་ཡང་མ་ཡིན། མི་ལྡན་
པ་ཡང་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་མ་ཡིན་པ་གཞན་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པའི་ཕྱིར་ཏེ། ཀཽ་ཤི་ཀ་དེ་ལྟར་ཆོས་ཐམས་ཅད་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པས་ན། བྱིན་གྱི་རླབས་མེད་པའི་ཚུལ་
གྱིས་དེ་ནི་དེའི་མཐུ་ཡིན་ནོ། །དེ་ནི་དེའི་བྱིན་གྱི་རླབས་ཡིན་ནོ། །ཀཽ་ཤི་ཀ་གང་ཁྱོད་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ནས་བཙལ་བར་བྱ་ཞེས་ཟེར་བ་ནི། ཀཽ་ཤི་ཀ་གཟུགས་ལས་ཀྱང་བཙལ་བར་མི་བྱའོ། །གཟུགས་ལས་

གཞན་དུ་ཡང་བཙལ་བར་མི་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལས་ཀྱང་བཙལ་བར་མི་བྱའོ། །རྣམ་པར་ཤེས་པ་ལས་གཞན་དུ་ཡང་བཙལ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་
ཡིན་པ་དང་། གཟུགས་གང་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཞིང་། གཟུགས་ཅན་མ་ཡིན་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ།
འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར་རོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལས་ཀྱང་བཙལ་བར་མི་བྱའོ། །རྟེན་ཅིང་འབྲེལ་པར་
འབྱུང་བ་ལས་གཞན་དུ་ཡང་བཙལ་བར་མི་བྱའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལས་ཀྱང་བཙལ་བར་མི་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གཞན་དུ་ཡང་བཙལ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཞིང་། གཟུགས་ཅན་མ་ཡིན་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་
པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་གཟུགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ལ། གཟུགས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ལ། རྣམ་པར་ཤེས་པ་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གུད་ན་ཡང་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད། དེ་བཞིན་དུ་གཟུགས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ལ། གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱང་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ལ། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད། གཟུགས་ཀྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ལ། གཟུགས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་མ་ཡིན་ལ། རྣམ་པར་ཤེས་པའི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་ཆོས་འདི་དག་ཐམས་ཅད་ནི་ཡོད་པ་མ་ཡིན་ཞིང་དམིགས་སུ་མེད་པའི་ཕྱིར་ཏེ། དེ་ལྟར་ཆོས་ཐམས་ཅད་ཡོད་པ་མ་ཡིན་ཞིང་དམིགས་སུ་མེད་པས་ན། གཟུགས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
མ་ཡིན་ནོ། །གཟུགས་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ། །གཟུགས་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ། །གཟུགས་ཀྱི་ཆོས་ཉིད་ཀྱང་ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །གཟུགས་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་ཀྱང་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་ཉིད་ལས་གུད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེ་བའོ། །བཙུན་པ་རབ་འབྱོར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མེད་པའོ། །བཙུན་པ་རབ་འབྱོར་འདི་ལྟ་སྟེ། བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་དཔག་ཏུ་མེད་པའོ། །བཙུན་པ་རབ་འབྱོར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པ་སྟེ།
དེ་ལ་བསླབས་ནས་རྒྱུན་དུ་ཞུགས་པ་རྣམས་ཀྱིས་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །འཐོབ་བོ། །འཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་ཀྱིས་ཀྱང་དགྲ་བཅོམ་པ་ཉིད་ཐོབ་བོ། །འཐོབ་བོ། །འཐོབ་པར་
འགྱུར་རོ། །རང་སངས་རྒྱས་རྣམས་ཀྱིས་ཀྱང་། རང་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་སེམས་ཅན་རྣམས་

ཡོངས་སུ་སྨིན་པར་བྱས་ཤིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རབ་འབྱོར་
གྱིས་སྨྲས་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེ་བའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཚད་མེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་དཔག་ཏུ་མེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་མཐའ་ཡས་པ་སྟེ།
དེ་ལ་བསླབས་ནས་རྒྱུན་ཏུ་ཞུགས་པ་རྣམས་ཀྱིས་ཀྱང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བོ། །འཐོབ་བོ། །འཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་ཀྱིས་ཀྱང་དགྲ་བཅོམ་པ་ཉིད་ཐོབ་བོ། །འཐོབ་བོ། །འཐོབ་པར་འགྱུར་
རོ། །རང་སངས་རྒྱས་རྣམས་ཀྱིས་ཀྱང་། རང་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་
པར་བྱས་ཏེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་གཟུགས་
ཆེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ཆེ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་གཟུགས་ཀྱི་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་པའི་ཕྱིར་རོ། །ཀཽ་ཤི་ཀ་ཚོར་བ་དང་།

འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཆེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ཆེ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་རྣམ་པར་ཤེས་པའི་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་
མི་དམིགས་པའི་ཕྱིར་རོ། །ཀཽ་ཤི་ཀ་དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ཆེ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྔོན་གྱི་
མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་པའི་ཕྱིར་ཏེ། ཀཽ་ཤི་ཀ་རྣམ་གྲངས་དེས་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེ་བ་ཡིན་ནོ། །ཀཽ་ཤི་ཀ་གཟུགས་ཚད་མེད་
པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ཚད་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་གཟུགས་ཀྱི་ཚད་དམིགས་སུ་མེད་པའི་ཕྱིར་རོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཚད་ནི་དམིགས་སུ་མེད་དོ། །དེ་བཞིན་
དུ་གཟུགས་ཀྱི་ཚད་ཀྱང་དམིགས་སུ་མེད་དོ། །ནམ་མཁའ་ཚད་མེད་པའི་ཕྱིར་གཟུགས་ཚད་མེད་དོ། །གཟུགས་ཚད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ཚད་མེད་དོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཀྱི་བར་དུ་ཚད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ཚད་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚད་དམིགས་སུ་མེད་པའི་ཕྱིར་རོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་
ཚད་ནི་དམིགས་སུ་མེད་དོ། །ཀཽ་ཤི་ཀ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚད་ཀྱང་དམིགས་སུ་མེད་དོ། །ནམ་མཁའ་ཚད་མེད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཚད་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཚད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ཚད་མེད་པ་ཡིན་ཏེ། ཀཽ་ཤི་ཀ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚད་མེད་པ་ཡིན་ནོ། །ཀཽ་ཤི་ཀ་གཟུགས་དཔག་ཏུ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་དཔག་ཏུ་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་གཟུགས་དཔག་ཏུ་མེད་པའི་ཕྱིར་རོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་དཔག་ཏུ་མེད་དོ། །དེ་བཞིན་དུ་གཟུགས་ཀྱང་དཔག་ཏུ་མེད་དོ། །ནམ་མཁའ་
དཔག་ཏུ་མེད་པའི་ཕྱིར་གཟུགས་དཔག་ཏུ་མེད་དོ། །གཟུགས་དཔག་ཏུ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་དཔག་ཏུ་མེད་དོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དཔག་ཏུ་མེད་པའི་ཕྱིར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་དཔག་ཏུ་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དཔག་ཏུ་མེད་པའི་ཕྱིར་རོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་དཔག་ཏུ་མེད་དོ། །དེ་བཞིན་དུ་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ཀྱང་དཔག་ཏུ་མེད་དོ། །ནམ་མཁའ་དཔག་ཏུ་མེད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དཔག་ཏུ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དཔག་ཏུ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་དཔག་ཏུ་མེད་པ་
ཡིན་ཏེ། ཀཽ་ཤི་ཀ་རྣམ་གྲངས་དེས་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དཔག་ཏུ་མེད་པ་ཡིན་ནོ། །ཀཽ་ཤི་ཀ་གཟུགས་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་མཐའ་
ཡས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་གཟུགས་ཀྱི་མཐའ་དང་། དབུས་མི་དམིགས་པའི་ཕྱིར་རོ། །ཀཽ་ཤི་ཀ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་

རོལ་ཏུ་ཕྱིན་པ་འདི་ཡང་མཐའ་ཡས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་རྣམ་པར་ཤེས་པའི་མཐའ་དང་། དབུས་མི་དམིགས་པའི་ཕྱིར་རོ། །ཀཽ་ཤི་ཀ་དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་མཐའ་ཡས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐའ་དང་། དབུས་མི་དམིགས་པའི་ཕྱིར་ཏེ། ཀཽ་ཤི་ཀ་རྣམ་གྲངས་དེས་ན། གཟུགས་མཐའ་ཡས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་
མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་མཐའ་ཡས་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་དམིགས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་མཐའ་ཡས་པ་ཡིན་ནོ། །ལྷའི་
དབང་པོས་སྨྲས་པ། བཙུན་པ་རབ་འབྱོར་ཇི་ལྟར་ན་དམིགས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཐའ་ཡས་པའི་ཕྱིར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་མཐའ་ཡས་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་ཆོས་ཀྱི་དམིགས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་མཐའ་ཡས་པ་ཡིན་ནོ། །ལྷའི་དབང་
པོས་སྨྲས་པ། བཙུན་པ་རབ་འབྱོར་ཇི་ལྟར་ན། ཆོས་ཀྱི་དམིགས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་ཆོས་ཀྱི་དབྱིངས་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་མཐའ་ཡས་པ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་དེ་བཞིན་ཉིད་ཀྱི་དམིགས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་མཐའ་ཡས་པ་ཡིན་ནོ། །ལྷའི་དབང་པོས་སྨྲས་པ།

བཙུན་པ་རབ་འབྱོར་ཅི་ལྟར་ན། དེ་བཞིན་ཉིད་ཀྱི་དམིགས་པ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་འདི་ལྟར་དེ་བཞིན་ཉིད་མཐའ་ཡས་པའི་ཕྱིར། དམིགས་
པ་མཐའ་ཡས་པ་ཡིན་ནོ། །དམིགས་པ་མཐའ་ཡས་པའི་ཕྱིར་དེ་བཞིན་ཉིད་མཐའ་ཡས་པ་ཡིན་ཏེ། ཀཽ་ཤི་ཀ་དེ་བཞིན་ཉིད་ཀྱི་དམིགས་པ་མཐའ་ཡས་པའི་ཕྱིར། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་མཐའ་ཡས་པ་ཡིན་
ནོ། །ཀཽ་ཤི་ཀ་གཞན་ཡང་སེམས་ཅན་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་མཐའ་ཡས་པ་ཡིན་ནོ། །ལྷའི་དབང་པོས་སྨྲས་པ། བཙུན་པ་རབ་འབྱོར་ཅི་ལྟར་ན། སེམས་ཅན་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་མཐའ་ཡས་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། འདི་ལྟ་སྟེ་སེམས་ཅན་སེམས་ཅན་ཞེས་བྱ་བ་དེ་ཆོས་གང་གི་ཚིག་བླ་དགས་ཡིན་སྙམ། ལྷའི་དབང་པོས་སྨྲས་པ། བཙུན་པ་རབ་འབྱོར་
དེ་ནི་ཆོས་ཀྱི་ཚིག་བླ་དགས་ཀྱང་མ་ཡིན་ཆོས་མ་ཡིན་པའི་ཚིག་བླ་དགས་ཀྱང་མ་ཡིན་ཏེ། འདི་ལྟ་སྟེ་སེམས་ཅན་སེམས་ཅན་ཞེས་བྱ་བ་དེ་ནི་གློ་བུར་དུ་མིང་དུ་བཏགས་པའོ། །དེ་ནི་དངོས་པོ་མེད་པར་མིང་དུ་བཏགས་པའོ། །དེ་ནི་དམིགས་པ་མེད་པར་མིང་དུ་བཏགས་པའོ། །རབ་འབྱོར་གྱིས་སྨྲས་
པ། ཀཽ་ཤི་ཀ་འདི་ཇི་སྙམ་དུ་སེམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་འགའ་ཡང་སེམས་ཅན་དུ་ཡོངས་སུ་བརྗོད་པ་ཡོད་སྙམ་འམ། ལྷའི་དབང་པོས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མེད་དོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་ལ་འགའ་ཡང་སེམས་ཅན་དུ་ཡོངས་སུ་
བརྗོད་པ་མེད་པ་དེ་ལ་སེམས་ཅན་མཐའ་ཡས་པ་ཅི་ཞིག་ཡོད། ཀཽ་ཤི་ཀ་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བཞུགས་ཏེ། སེམས་ཅན་སེམས་ཅན་ཞེས་གསུང་དུ་བརྗོད་ན། ཀཽ་ཤི་ཀ་འདི་ཇི་སྙམ་དུ་

སེམས། དེ་ལ་སེམས་ཅན་འགའ་ཡང་སྐྱེས་པའམ། འགགས་པ་ཡོད་སྙམའམ། ལྷའི་དབང་པོས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གཟོད་མ་ནས་རྣམ་པར་དག་པའི་ཕྱིར་རོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་རྣམ་གྲངས་དེས་
ན། སེམས་ཅན་མཐའ་ཡས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། མཐའ་ཡས་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་བཞི་པའོ།། །།དེ་ནས་དབང་པོ་དང་བཅས་པའི་ལྷ་རྣམས་དང་།
ཚངས་པ་དང་བཅས་པ་རྣམས་དང་། སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང་། སྐྱེས་པ་དང་། བུད་མེད་རྣམས་དང་། དྲང་སྲོང་གི་ཚོགས་རྣམས་ཀྱིས་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་མཐུ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས། གནས་བརྟན་རབ་འབྱོར་
གྱིས་གང་བཤད་པ་དང་། བརྗོད་པ་དང་། བསྟན་པ་དང་། ཡང་དག་པར་རབ་ཏུ་བསྟན་པའི་ཆོས་འདི་ནི་ཨ་ལ་ལ་ལེགས་པར་བཤད་པའོ། །ཨ་ལ་ལ་ཆོས་འདི་ནི་ལེགས་པར་བཤད་པའོ། །ཨ་ལ་ལ་ཆོས་ཀྱི་ཆོས་ཉིད་འདི་ནི་ལེགས་པར་བཤད་པའོ་ཞེས་ཆེད་དུ་བརྗོད་པ་ལན་གསུམ་
ཆེད་དུ་བརྗོད་དེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མི་འབྲལ་བ་དེ་དག་ནི་བདག་ཅག་གིས་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བགྱིའོ། །གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་
སམ། རྣམ་པར་ཤེས་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཆོས་གང་ཡང་དམིགས་སུ་མ་མཆིས་ཀྱང་། ཐེག་པ་གསུམ་པོ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་དག་རྣམ་པར་དགོད་པ་ཡང་མཛད་དོ་ཞེས་ཀྱང་གསོལ་ཏོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་བཀའ་སྩལ་པ། ལྷའི་བུ་དག་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་རྣམས་སམ། རྣམ་པར་ཤེས་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཆོས་

གང་ཡང་དམིགས་སུ་མེད་ཀྱང་ཐེག་པ་གསུམ་པོ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་དག་རྣམ་པར་དགོད་པ་ཡང་མཛད་དོ། །ལྷའི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་མི་དམིགས་པའི་ཚུལ་གྱིས་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མི་འབྲལ་བར་དེ་དག་ཀྱང་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བྱ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་
དག་རྒྱ་ཆེར་བསྟན་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་དེ་བཞིན་གཤེགས་པ་དམིགས་སུ་མེད་ལ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཡང་དེ་བཞིན་གཤེགས་པ་དམིགས་སུ་མེད། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལས་གུད་ན་ཡང་དེ་བཞིན་གཤེགས་པ་དམིགས་སུ་མེད། དྲན་པ་ཉེ་བར་གཞག་པ་རྣམས་ལས་གུད་ན་ཡང་དེ་བཞིན་
གཤེགས་པ་དམིགས་སུ་མེད། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ལས་གུད་ན་ཡང་དེ་བཞིན་གཤེགས་པ་དམིགས་སུ་མེད། སྟོབས་བཅུ་དང་། མི་འཇིགས་པ་
རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་གུད་ན་ཡང་དེ་བཞིན་གཤེགས་པ་དམིགས་སུ་མེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལས་གུད་ན་ཡང་དེ་བཞིན་གཤེགས་པ་དམིགས་སུ་མེད་ལ། ལྷའི་བུ་དག་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཆོས་དེ་དག་ལ་སློབ་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ལ་ཡང་སློབ་པར་བྱེད་པའི་ཕྱིར་ཏེ། ལྷའི་བུ་དག་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་མི་འབྲལ་བར་སྤྱོད་པ་དེ་དག་ནི་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་པར་བྱ་བ་ཡིན་ནོ། །ལྷའི་བུ་དག་གང་གི་ཚེ་ང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་ཐད་ན་རྒྱལ་པོའི་ཕོ་བྲང་འཁོར་པད་
མ་ཅན་ཞེས་བྱ་བའི་ཚོང་དུས་ཀྱི་དབུས་ན་འདུག་ཅིང་མི་དམིགས་པའི་ཚུལ་གྱིས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་
པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་མ་གྱུར། ནང་སྟོང་པ་ཉིད་དང་བྲལ་བར་མ་གྱུར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་བྲལ་བར་མ་གྱུར། དྲན་པ་ཉེ་བར་གཞག་པ་རྣམས་དང་བྲལ་བར་མ་གྱུར། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་
དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་དང་བྲལ་བར་མ་གྱུར། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་།
དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་གཞན་དག་དང་ཡང་
བྲལ་བར་མ་གྱུར་པ་དེའི་ཚེ། ལྷའི་བུ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་དེས་ང་ལ་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ཀྱི་བསྐལ་པ་གྲངས་མེད་པ་འདས་པའི་འོག་ཏུ་བསྐལ་པ་བཟང་པོ་ལ་འཇིག་རྟེན་གྱི་ཁམས་འདི་
ཉིད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་

པ། སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ཙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་འདི་ནི་གཟུགས་ཡོངས་སུ་མི་འཛིན། མི་འདོར་བའི་ཚུལ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མི་འཛིན། མི་འདོར་བའི་ཚུལ་དང་། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་མི་འཛིན།
མི་འདོར་བའི་ཚུལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐུན་པར་ཡོངས་སུ་འཛིན་པ་ནི་ངོ་མཚར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་།
དགེ་བསྙེན་མ་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང་། འོག་མིན་གྱི་བར་གྱི་ལྷའི་བུ་རྣམས་འདུས་ཏེ། འདུག་པར་ཐུགས་སུ་ཆུད་ནས་དེ་དག་ཐམས་ཅད་དཔང་
པོར་བཞག་སྟེ། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། ལྷའི་
བུའམ། ལྷའི་བུ་མོ་གང་ལ་ལ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། སྒོམ་པ་དང་། གཞན་དག་ལ་ཡང་ཡང་དག་པར་རབ་ཏུ་སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་སེམས་དང་བྲལ་བར་མི་འགྱུར་བ་དེ་དག་ལ་ནི་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་གཟུགས་སྟོང་པ་ཉིད་དུ་ལེགས་པར་གནས་སུ་བྱས་པར་འགྱུར་ཞིང་།

ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་དུ་ལེགས་པར་གནས་སུ་བྱས་པར་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱིས་གླགས་མི་རྙེད་ཅིང་། མཚན་མ་མེད་པ་ལ་ཡང་མཚན་མ་མེད་པས་གླགས་མི་
རྙེད་ལ། སྨོན་པ་མེད་པ་ལ་ཡང་སྨོན་པ་མེད་པས་གླགས་མི་རྙེད་པའི་ཕྱིར་རོ། །དེ་བཞིན་དུ་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟོང་པ་ཉིད་དུ་ལེགས་པར་གནས་སུ་བྱས་པར་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྟོང་པ་
ཉིད་ལ་སྟོང་པ་ཉིད་ཀྱིས་གླགས་མི་རྙེད་ཅིང་། མཚན་མ་མེད་པ་ལ་ཡང་མཚན་མ་མེད་པས་གླགས་མི་རྙེད་ལ། སྨོན་པ་མེད་པ་ལ་ཡང་སྨོན་པ་མེད་པས་གླགས་མི་རྙེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་གིས་གླགས་རྙེད་པར་འགྱུར་བ་དང་། གང་དུ་གླགས་རྙེད་པར་འགྱུར་
བ་དང་། གང་ལ་གླགས་རྙེད་པར་འགྱུར་བ་དེ་དག་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་མི་དང་། མི་མ་ཡིན་པ་རྣམས་ཀྱིས་ཀྱང་གླགས་རྙེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་སེམས་
ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཤིན་ཏུ་བསྒོམས་ཤིང་། དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྒོམས་པའི་ཕྱིར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ནི། གཤིས་ངན་དུ་འཆི་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།
འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སེམས་ཅན་ཐམས་ཅད་ལ་ཡང་དག་པར་ཡོངས་སུ་སྤྱད་པ་དག་གིས་བསྙེན་བཀུར་བྱས་པའི་ཕྱིར་རོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་རྒྱལ་ཆེན་
བཞིའི་རིས་ཀྱི་ལྷའི་བུ་རྣམས་དང་། སུམ་ཅུ་རྩ་གསུམ་པའི་རིས་ཀྱི་ལྷ་རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། ཚངས་རིས་རྣམས་དང་། འོད་གསལ་རྣམས་དང་། དགེ་

རྒྱས་རྣམས་དང་། འབྲས་བུ་ཆེ་བའི་ལྷའི་བུ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་དང་། ལྷའི་བུ་གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མ་ཐོས་པ་དང་། མ་བཟུང་བ་དང་། མ་བཅངས་པ་དང་། ཀུན་
ཆུབ་པར་མ་བྱས་པ་དང་། ཚུལ་བཞིན་དུ་ཡིད་ལ་མ་བྱས་པའི་ལྷའི་བུ་དེ་དག་གིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ། ཚུལ་
བཞིན་དུ་ཡིད་ལ་བྱའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་
དང་འབྲལ་བར་མི་འགྱུར་ན། ཀཽ་ཤི་ཀ་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི་ཁྱིམ་སྟོང་པ་ན་འདུག་ཀྱང་རུང་། བླ་གབ་མེད་པ་ན་འདུག་ཀྱང་རུང་། ལམ་གོལ་བ་ན་འདུག་ཀྱང་རུང་སྟེ། འཇིགས་པའམ། བག་ཚ་བར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་
འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དག་གིས་མི་དམིགས་པའི་ཚུལ་གྱིས་ནང་སྟོང་པ་ཉིད་ཤིན་ཏུ་བསྒོམས་ཤིང་མི་དམིགས་པའི་ཚུལ་གྱིས་ཕྱི་སྟོང་པ་ཉིད་ཀྱང་ཤིན་ཏུ་བསྒོམས་ལ། མི་དམིགས་པའི་ཚུལ་གྱིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་ཀྱང་ཤིན་ཏུ་
བསྒོམས་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་། སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་
དང་། གནས་གཙང་མའི་རིས་ཀྱི་བར་གྱི་ལྷའི་བུ་ཇི་སྙེད་འཁོད་པ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ལ་མོས་པ་དང་། འཛིན་པ་དང་། འཆང་

བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་འབྲལ་བར་མི་འགྱུར་བ་དེ་དག་རྟག་པར་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ། །དེ་ཅིའི་སླད་དུ་
ཞེ་ན། བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་སེམས་ཅན་དམྱལ་བ་རྣམས་རྒྱུན་ཆད་པར་འགྱུར། དུད་འགྲོའི་སྐྱེ་གནས་རྣམས་དང་། གཤིན་རྗེའི་འཇིག་རྟེན་རྣམས་དང་། ལྷ་དབུལ་པོ་རྣམས་དང་། མི་དབུལ་པོ་རྣམས་
དང་། ཡམས་ཀྱི་བྲོ་ནད་རྣམས་དང་། བྲོ་ནད་འགོ་བ་རྣམས་དང་། གནོད་པ་དང་། འཚེ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱང་འཇིག་རྟེན་དུ་འབྱུང་བ་དང་། བསམ་གཏན་བཞི་
དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་
དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་ཀྱང་འཇིག་རྟེན་དུ་འབྱུང་བ་དང་། བྱང་ཆུབ་སེམས་དཔའ་ལ་བརྟེན་ནས་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་
གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར་བའི་སླད་དུའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་

རྣམས་འཇིག་རྟེན་ན་མཆིས་ལགས་སོ། །བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་འཇིག་རྟེན་ན་མཆིས་ལགས་སོ། །ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་འཇིག་རྟེན་ན་མཆིས་ལགས་སོ། །འཁོར་ལོས་སྒྱུར་བའི་རྒྱལ་རིགས་དག་
འཇིག་རྟེན་ན་མཆིས་ལགས་སོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་འཇིག་རྟེན་ན་མཆིས་ལགས་སོ། །འོག་མིན་གྱི་རིས་ཀྱི་བར་གྱི་ལྷའི་བུ་དག་འཇིག་རྟེན་ན་མཆིས་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་རྒྱུན་དུ་
ཞུགས་པའི་འབྲས་བུ་འཇིག་རྟེན་ན་མཆིས་ལགས་སོ། །རྒྱུན་དུ་ཞུགས་པ་འཇིག་རྟེན་ན་མཆིས་ལགས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་དང་། དགྲ་བཅོམ་པ་འཇིག་
རྟེན་ན་མཆིས་ལགས་སོ། །རང་བྱང་ཆུབ་དང་རང་སངས་རྒྱས་འཇིག་རྟེན་ན་མཆིས་ལགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་འཇིག་རྟེན་ན་མཆིས་ལགས་སོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འཇིག་རྟེན་ན་
མཆིས་ལགས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ན་བཞུགས་ལགས་སོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་འཇིག་རྟེན་ན་མཆིས་ལགས་སོ། །སངས་རྒྱས་དཀོན་མཆོག་འཇིག་རྟེན་ན་བཞུགས་ལགས་སོ། །ཆོས་དཀོན་
མཆོག་འཇིག་རྟེན་ན་མཆིས་ལགས་སོ། །དགེ་འདུན་དཀོན་མཆོག་འཇིག་རྟེན་ན་མཆིས་ལགས་སོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བསྲུང་བ་དང་། བསྐྱབ་པ་དང་། སྦ་
བར་བགྱི་བ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་

སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་རྒྱུན་ཆད་པར་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་གི་བར་དུ་འཇིག་རྟེན་ན་ཡོད་པ་ཡིན་ནོ། །ཀཽ་ཤི་ཀ་དེ་ལྟ་བས་ན། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་
འཇིག་རྟེན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རྒྱུན་མི་འཆད་པར་བཀུར་སྟིར་བྱ། བླ་མར་བྱ། རྗེད་པར་བྱ། མཆོད་པར་བྱ་ཞིང་། བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བྱའོ། །ཀཽ་ཤི་ཀ་གང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བསྟི་སྟང་དུ་བྱ་བ་
དང་། བླ་མར་བྱ་བ་དང་། རྗེད་པར་བྱ་བ་དང་། མཆོད་པར་བྱ་བར་སེམས་པ་དེ་དག་ནི་ང་ལ་བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། རྗེད་པར་བྱ་བ་དང་། མཆོད་པར་བྱ་བར་སེམས་པ་ཡིན་ཏེ། ཀཽ་ཤི་ཀ་དེ་ལྟ་བས་ན། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་
རྟེན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རྟག་ཏུ་རྒྱུན་མི་འཆད་པར་བསྟི་སྟང་དུ་བྱ། བླ་མར་བྱ། རྗེད་པར་བྱ། མཆོད་པར་བྱ་ཞིང་། བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བྱའོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉན་ཐོས་དང་།
རང་སངས་རྒྱས་ཤ་སྟག་གིས། འདི་ལྟ་སྟེ་དཔེར་ན། བུ་རམ་ཤིང་གི་ཚལ་ལམ། འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། མདའ་རྒྱུའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཡོངས་སུ་གང་བར་གྱུར་ནས་དེ་དག་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་
ཞིག་གིས་ཇི་སྲིད་འཚོའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱས། བླ་མར་བྱས། རྗེད་པར་བྱས། མཆོད་པར་བྱས་པ་བས་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་མ་བྲལ་བ་གཅིག་ཅིག་ལ་བསྟི་
སྟང་དུ་བྱས། བླ་མར་བྱས། རྗེད་པར་བྱས། མཆོད་པར་བྱས་ན། དེ་ཉིད་སྔ་མ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་ཉན་ཐོས་དང་། རང་སངས་རྒྱས་རྣམས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་

དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་ན་ཡོད་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས། ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་། དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་ན་ཡོད་པ་ཡིན་པའི་ཕྱིར་རོ། །ཀཽ་ཤི་ཀ་དེ་ལྟ་བས་ན། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རྟག་ཏུ་རྒྱུན་མི་འཆད་པར་བསྟི་སྟང་དུ་བྱ། བླ་མར་བྱ།
རྗེད་པར་བྱ། མཆོད་པར་བྱ་ཞིང་། བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། བརྒྱ་བྱིན་གྱི་ལེའུ་གཉིས་པ་སྟེ། ཉི་ཤུ་རྩ་ལྔ་པ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་ཉི་ཤུ་
རྩ་གཅིག་པ། དེ་ནས་བཅོམ་ལྡན་འདས་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ཙམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཟུང་ངམ། བཅངས་སམ། ཀླགས་སམ། ཀུན་ཆུབ་པར་
བགྱིས་སམ། ཚུལ་བཞིན་དུ་ཡིད་ལ་བགྱིས་ན། ཚེ་འདི་ལ་ཡོན་ཏན་འདི་དག་ཡོངས་སུ་འཛིན་པར་འགྱུར་ཏེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་
བགྱི་བའི་སླད་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བ་དང་། དགེ་བའི་རྩ་བ་གང་དག་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྟི་སྟང་དུ་བགྱི་བ་དང་། བླ་མར་བགྱི་བ་དང་། རྗེད་པར་བགྱི་བ་དང་། མཆོད་པར་བགྱིད་པར་འཚལ་ན་ཡང་། དགེ་བའི་རྩ་བ་དེ་དག་
གིས་དེ་བཞིན་དུ་འགྲུབ་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྤྱན་སྔར་མཆིས་ཤིང་ཆོས་ཉན་པར་བགྱིད་པ་དང་། དེ་དག་གི་ཆོས་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་བསྐྱུད་པར་མི་འགྱུར་

བ་དང་། རིགས་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། མིང་ཕུན་སུམ་ཚོགས་པ་དང་། ཚེ་རབས་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། མཚན་ཕུན་སུམ་ཚོགས་པ་དང་། འོད་ཕུན་སུམ་ཚོགས་པ་དང་། མིག་ཕུན་སུམ་ཚོགས་པ་དང་། དབྱངས་
ཕུན་སུམ་ཚོགས་པ་དང་། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་དང་། གཟུངས་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། ཐབས་ལ་མཁས་པས་བདག་ཉིད་སངས་རྒྱས་ཀྱི་སྐུར་མངོན་པར་སྤྲུལ་ནས་གང་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་མི་འབྱུང་བའི་འཇིག་རྟེན་གྱི་ཁམས་ནས་
འཇིག་རྟེན་གྱི་ཁམས་སུ་མཆི་ཞིང་དེར་མཆིས་ནས་ཀྱང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བསྔགས་པ་རྗོད་པར་བགྱིད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྔགས་པ་རྗོད་པར་བགྱིད། ནང་སྟོང་པ་ཉིད་ཀྱི་བསྔགས་པ་རྗོད་པར་བགྱིད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་བསྔགས་པ་རྗོད་པར་བགྱིད། བསམ་གཏན་རྣམས་ཀྱི་བསྔགས་པ་རྗོད་པར་བགྱིད། ཚད་མེད་པ་རྣམས་དང་། གཟུགས་
མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་བསྔགས་པ་རྗོད་པར་བགྱིད། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་བསྔགས་པ་རྗོད་པར་བགྱིད། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་
ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བསྔགས་པ་རྗོད་པར་བགྱིད། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་བསྔགས་པ་རྗོད་པར་བགྱིད་ཅིང་།
ཐབས་ལ་མཁས་པས་སེམས་ཅན་རྣམས་ཐེག་པ་གསུམ་པོ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོས་འདུལ་ལ། ཆོས་སྟོན་པར་བགྱིད་པ་ནི་ངོ་མཚར་ལགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་

སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་བས། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ཐམས་ཅད་ཀྱང་ཡོངས་སུ་བཟུང་བར་འགྱུར་ཞིང་། དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དང་། ཏིང་ངེ་འཛིན་
ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཡོངས་སུ་བཟུང་བར་འགྱུར་བ་དང་། རྒྱུན་དུ་
ཞུགས་པའི་འབྲས་བུ་ཡོངས་སུ་བཟུང་བར་འགྱུར་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ཡོངས་སུ་བཟུང་བར་འགྱུར་བ་དང་། བཅོམ་
ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བཟུང་བས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བཟུང་བར་འགྱུར་བ་ནི་ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བཟུང་བས། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ཐམས་ཅད་ཀྱང་ཡོངས་སུ་བཟུང་བར་འགྱུར་ལ། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ཀྱང་ཡོངས་སུ་བཟུང་བར་འགྱུར་
བ་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་བཟུང་ངམ། བཅངས་སམ། བླགས་སམ། ཀུན་ཆུབ་པར་བྱས་སམ། ཚུལ་བཞིན་དུ་ཡིད་ལ་བྱས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་ཚེ་འདི་ཉིད་ལ་ཡོན་ཏན་གང་དག་ཐོབ་
པར་འགྱུར་བ་དེ་དག་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་པར་བྱའོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་

སྩལ་ཏོ། །ཀཽ་ཤི་ཀ་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུའམ། བདུད་དམ། བདུད་ཀྱི་རིས་ཀྱི་ལྷའམ། གང་ཟག་ལྷག་པའི་ང་རྒྱལ་ཅན་གང་ལ་ལ་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའམ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ལ་འཐབ་པར་འདོད། རྩོད་པར་
འདོད། དབྲལ་བར་འདོད། འགལ་བར་བྱ་བར་འདོད་ཀྱང་དེ་དག་གི་འཐབ་པར་འདོད་པ་དང་། རྩོད་པར་འདོད་པ་དང་། དབྲལ་བར་འདོད་པ་དང་། འགལ་བར་བྱ་བར་འདོད་པ་དེ་དག་མྱུར་བ་ཉིད་དུ་མེད་པར་འགྱུར་ཞིང་། འཐབ་པར་འདོད་པ་དང་། རྩོད་པར་འདོད་པ་དང་། དབྲལ་
བར་འདོད་པ་དང་། འགལ་བར་བྱ་བར་འདོད་པ་དེ་དག་གི་བསམ་པ་དེ་དག་ཡོངས་སུ་རྫོགས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡུན་རིང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ཅིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་
པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པས་གང་དག་གི་ཆེད་དུ་སེམས་ཅན་རྣམས་ཡུན་རིང་པོ་ནས་འཐབ་པ་དང་། རྩོད་པ་དང་། འབྲལ་བ་དང་། འགལ་
བར་བྱེད་པར་གྱུར་པའི་ཕྱི་དང་ནང་གི་ཆོས་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་པར་ཡོངས་སུ་བཏང་སྟེ། སེམས་ཅན་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་དང་། གང་དག་གི་ཆེད་དུ་སེམས་ཅན་རྣམས་ཡུན་རིང་པོ་ནས་འཆལ་པའི་ཚུལ་ཁྲིམས་ཅན་
དུ་གྱུར་པའི་ཕྱི་དང་། ནང་གི་ཆོས་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་པར་ཡོངས་སུ་བཏང་སྟེ། སེམས་ཅན་རྣམས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་དང་། གང་དག་གི་ཆེད་དུ་སེམས་ཅན་རྣམས་ཡུན་རིང་པོ་ནས་འཐབ་མོ་དང་། འཐབ་པ་
དང་། རྩོད་པར་གྱུར་པའི་ཕྱི་དང་ནང་གི་ཆོས་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་པར་ཡོངས་སུ་བཏང་སྟེ། སེམས་ཅན་རྣམས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་དང་། གང་དག་གི་ཆེད་དུ་སེམས་ཅན་རྣམས་ཡུན་རིང་པོ་ནས་ལེ་ལོ་ཅན་དུ་གྱུར་པའི་ཕྱི་

དང་ནང་གི་ཆོས་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་པར་ཡོངས་སུ་བཏང་སྟེ། སེམས་ཅན་རྣམས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་དང་། གང་དག་གི་ཆེད་དུ་སེམས་ཅན་རྣམས་ཡུན་རིང་པོ་ནས་རྒྱུན་དུ་སེམས་རྣམ་པར་གཡེངས་
པར་གྱུར་པའི་ཕྱི་དང་ནང་གི་ཆོས་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་པར་ཡོངས་སུ་བཏང་སྟེ། སེམས་ཅན་རྣམས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་པ་དང་། གང་དག་གི་ཆེད་དུ་སེམས་ཅན་རྣམས་ཡུན་རིང་པོ་ནས་འཆལ་བའི་ཤེས་རབ་ཅན་དུ་གྱུར་
པའི་ཕྱི་དང་ནང་གི་ཆོས་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་པར་ཡོངས་སུ་བཏང་སྟེ། སེམས་ཅན་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀོད་ཅིང་། ཡང་དག་པར་འཛིན་དུ་བཅུག་པ་དང་། ཀཽ་ཤི་ཀ་གང་དག་གི་ཆེད་དུ་སེམས་ཅན་རྣམས་འདི་ལྟ་སྟེ།
རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ཀུན་ནས་དཀྲིས་པས་ཡུན་རིང་པོར་འཁོར་བ་ན་འཁོར་བར་གྱུར་པའི་སེམས་ཅན་དེ་དག་གི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་ཀུན་ནས་དཀྲིས་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐབས་ལ་མཁས་པས་རྣམ་པར་བསལ་
ནས་བསམ་གཏན་བཞི་ཡང་དག་པར་འཛིན་དུ་བཅུག །ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཡང་དག་པར་འཛིན་དུ་བཅུག །དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་
དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ལ་བཀོད་ཅིང་ཡང་དག་
པར་འཛིན་དུ་བཅུག །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་བཀོད་ཅིང་ཡང་དག་པར་འཛིན་དུ་བཅུག །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་

ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ལ་བཀོད་ཅིང་ཡང་དག་པར་འཛིན་དུ་བཅུག་པའི་ཕྱིར་ཏེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཚེ་འདིའི་ཡོན་ཏན་དེ་
ལྟ་བུ་དག་ཀྱང་འབྱུང་བར་འགྱུར་ལ། ཚེ་ཕྱི་མ་ལ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་། ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་རྣམས་སྨོན་ལམ་ཇི་ལྟ་བ་བཞིན་དུ་བཀོད་ཅིང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་
དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པར་འགྱུར་ཏེ། ཀཽ་ཤི་ཀ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚེ་ཕྱི་མ་ལ་འབྱུང་བར་འགྱུར་བའི་ཡོན་ཏན་དང་། ཕན་ཡོན་ཡིན་ནོ། །ཀཽ་ཤི་ཀ་གཞན་ཡང་ས་ཕྱོགས་