Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 029_ཁྲི་བརྒྱད།_ཀ

Văn bản gốc(Tây Tạng)

Trang 16 / 19 (50.000 ký tự/trang)
ངས་སུ་བསྔོ་བའི་སེམས་ལ་མེད་ཅིང་མི་དམིགས། ཡོངས་སུ་བསྔོ་
བའི་སེམས་གང་ཡིན་པ་དེ་ཡང་བྱང་ཆུབ་ཀྱི་སེམས་ལ་མེད་ཅིང་མི་དམིགས་ལ། དགེ་བའི་རྩ་བའི་སེམས་གང་ཡིན་པ་དེ་ཡང་དགེ་བའི་རྩ་བའི་སེམས་ལ་མེད། བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ཡང་བྱང་ཆུབ་ཀྱི་སེམས་ལ་མེད། ཡོངས་སུ་བསྔོ་བའི་སེམས་གང་
ཡིན་པ་དེ་ཡང་ཡོངས་སུ་བསྔོ་བའི་སེམས་ལ་མེད་དེ། ཀཽ་ཤི་ཀ་གང་དེ་ལྟར་ཆོས་ཐམས་ཅད་ལ་སོ་སོར་རྟོག་ཀྱང་། ཆོས་གང་ལ་ཡང་མངོན་པར་ཞེན་པ་མེད་ཅིང་མི་དམིགས་པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཡིན་ནོ། །དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཇི་ལྟར་ན་ཡོངས་སུ་བསྔོ་བའི་སེམས་བྱང་ཆུབ་ཀྱི་སེམས་དང་མི་འགྲོགས་པ་ཡིན། ཇི་ལྟར་ན་བྱང་ཆུབ་ཀྱི་སེམས་

ཡོངས་སུ་བསྔོ་བའི་སེམས་དང་མི་འགྲོགས་པ་ཡིན། ཇི་ལྟར་ན་ཡོངས་སུ་བསྔོ་བའི་སེམས་བྱང་ཆུབ་ཀྱི་སེམས་ལ་མེད་ཅིང་མི་དམིགས་པ་ཡིན། ཇི་ལྟར་ན་བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྔོ་བའི་སེམས་ལ་མེད་ཅིང་མི་དམིགས་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་
ཀ་ཡོངས་སུ་བསྔོ་བའི་སེམས་གང་ཡིན་པ་དེ་ནི་སེམས་མ་ཡིན་ལ། བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ཡང་སེམས་མ་ཡིན་ཏེ། དེ་ལྟར་ན་སེམས་མ་ཡིན་པ་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ལ། བསམ་གྱིས་མི་ཁྱབ་པ་གང་ཡིན་པ་དེ་ཡང་སེམས་མ་ཡིན་
པས་སེམས་མ་ཡིན་པས་ནི། སེམས་མ་ཡིན་པར་ཡོངས་སུ་སྔོ་བར་མི་བྱེད་ལ། བསམ་གྱིས་མི་ཁྱབ་པས་ནི། བསམ་གྱིས་མི་ཁྱབ་པར་ཡོངས་སུ་སྔོ་བར་མི་བྱེད་དེ། དེ་ལྟར་ན་སེམས་མ་ཡིན་པ་གང་ཡིན་པ་དེ་ནི། བསམ་གྱིས་མི་ཁྱབ་པ་ཡིན་ལ། བསམ་གྱིས་
མི་ཁྱབ་པ་གང་ཡིན་པ་དེ་ཡང་སེམས་མ་ཡིན་ཏེ། ཀཽ་ཤི་ཀ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ལེགས་སོ་
ལེགས་སོ། །རབ་འབྱོར་གང་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཅིང་། སྤྲོ་བ་སྐྱེད་པ་ནི་ཡང་ཁྱོད་ལེགས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་ནི་བྱས་པ་གཟོ་བར་བགྱི་སྟེ། བྱས་
པ་མི་གཟོ་བར་མི་བགྱི་ལགས་སོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་མཛད་པ་ན། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐད་ན་དེ་དག་གི་ཉན་ཐོས་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་
དྲུག་ལ་གདམས་ཤིང་རྗེས་སུ་བསྟན་ཏེ། ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགྱེས་པར་བགྱིས་ཤིང་གཞུག་པ་བགྱིས་ཏེ་བཞག་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པས་ཕ་

རོལ་ཏུ་ཕྱིན་པ་དྲུག་པོ་དེ་ལ་བསླབས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བདག་ཅག་གིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཕ་རོལ་ཏུ་ཕྱིན་པ་
དྲུག་ལ་གདམས་པར་བགྱི། རྗེས་སུ་བསྟན་པར་བགྱི། ཡང་དག་པར་བསྟན་པར་བགྱི། ཡང་དག་པར་འཛིན་དུ་སྩལ་བར་བགྱི། ཡང་དག་པར་གཟེངས་བསྟོད་པར་བགྱི། ཡང་དག་པར་རབ་ཏུ་དགའ་བར་བགྱི། གཟུད་པར་བགྱི་ཞིང་གཞུག་པར་བགྱི་ལགས་སོ། །བདག་
ཅག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གདམས་ཤིང་རྗེས་སུ་བསྟན་ཏེ། ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་སྩལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བགྱིས་ཤིང་བཙུད་དེ་བཞག་པ་རྣམས་
ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་བ་དང་། ཇི་ལྟར་གནས་པར་མི་བྱ་བ་དག་བཤད་པར་བྱའོ། །ཀཽ་ཤི་ཀ་གཟུགས་ནི་གཟུགས་ཀྱིས་སྟོང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་
པ་ནི་རྣམ་པར་ཤེས་པས་སྟོང་། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་སྟེ། ཀཽ་ཤི་ཀ་དེ་ལྟར་ན་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དང་། བྱང་
ཆུབ་སེམས་དཔའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་མིག་ནི་མིག་གིས་སྟོང་། རྣ་བ་དང་། སྣ་

དང་། ལྕེ་དང་། ལུས་དང་། ཡིད་ནི་ཡིད་ཀྱིས་སྟོང་། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་སྟེ། དེ་ལྟར་ན་མིག་གི་སྟོང་པ་ཉིད་གང་ཡིན་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དང་། བྱང་ཆུབ་སེམས་
དཔའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་སའི་ཁམས་ནི་སའི་ཁམས་ཀྱིས་སྟོང་། ཆུའི་ཁམས་དང་།
མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ནི་རྣམ་པར་ཤེས་པའི་ཁམས་ཀྱིས་སྟོང་། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་སྟེ། དེ་ལྟར་ན་སའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དང་། ཆུའི་ཁམས་དང་།
མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་མ་རིག་པ་ནི་མ་རིག་པས་སྟོང་། དེ་བཞིན་དུ་འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་།
ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་ནི་རྒ་ཤིས་སྟོང་། མ་རིག་པ་འགག་པ་ནི་མ་རིག་པ་འགག་པས་སྟོང་། དེ་བཞིན་དུ་འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་།
ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་འགག་པ་ནི་རྒ་ཤི་འགག་པས་སྟོང་། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་སྟེ། དེ་ལྟར་ན་མ་རིག་པའི་སྟོང་པ་ཉིད་གང་ཡིན་པ་དང་། མ་རིག་པ་འགག་པའི་སྟོང་པ་ཉིད་གང་ཡིན་པ་དང་། རྒ་ཤིའི་བར་གྱི་

སྟོང་པ་ཉིད་གང་ཡིན་པ་དང་། རྒ་ཤི་འགག་པའི་བར་གྱི་སྟོང་པ་ཉིད་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་
གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་སྟེ། དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ཡིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །
ཀཽ་ཤི་ཀ་གཞན་ཡང་ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ཀྱིས་སྟོང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་སྟོང་། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་སྟེ། དེ་ལྟར་ན་ནང་སྟོང་པ་ཉིད་ཀྱི་སྟོང་པ་
ཉིད་གང་ཡིན་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་སྟོང་པ་ཉིད་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །ཀཽ་ཤི་ཀ་གཞན་ཡང་དྲན་པ་ཉེ་བར་གཞག་པ་རྣམས་ནི་དྲན་པ་ཉེ་
བར་གཞག་པ་རྣམས་ཀྱིས་སྟོང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སྟོབས་བཅུ་

དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་སྟེ། དེ་ལྟར་ན་དྲན་པ་ཉེ་
བར་གཞག་པ་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་གྱི་སྟོང་པ་ཉིད་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །ཀཽ་ཤི་ཀ་གཞན་ཡང་ཏིང་ངེ་འཛིན་རྣམས་
ནི་ཏིང་ངེ་འཛིན་རྣམས་ཀྱིས་སྟོང་། གཟུངས་ཀྱི་སྒོ་རྣམས་ནི་གཟུངས་ཀྱི་སྒོ་རྣམས་ཀྱིས་སྟོང་། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་སྟེ། དེ་ལྟར་ན་ཏིང་ངེ་འཛིན་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དང་། གཟུངས་ཀྱི་སྒོ་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དང་།
བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །ཀཽ་ཤི་ཀ་གཞན་ཡང་ཉན་ཐོས་ཀྱི་ཐེག་པ་ནི་ཉན་ཐོས་ཀྱི་ཐེག་པས་སྟོང་། རང་སངས་རྒྱས་ཀྱི་ཐེག་པ་ནི་རང་སངས་རྒྱས་ཀྱི་ཐེག་པས་སྟོང་། ཐེག་པ་ཆེན་པོ་ནི་ཐེག་པ་ཆེན་པོས་སྟོང་།
ཉན་ཐོས་ནི་ཉན་ཐོས་ཉིད་ཀྱིས་སྟོང་། རང་སངས་རྒྱས་ནི་རང་སངས་རྒྱས་ཉིད་ཀྱིས་སྟོང་། སངས་རྒྱས་ནི་སངས་རྒྱས་ཉིད་ཀྱིས་སྟོང་། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་སྟེ། དེ་ལྟར་ན་ཉན་ཐོས་ཀྱི་ཐེག་པའི་སྟོང་པ་ཉིད་གང་ཡིན་པ་དང་། ཉན་ཐོས་ཀྱི་
སྟོང་པ་ཉིད་གང་ཡིན་པ་དང་། ཐེག་པ་ཆེན་པོའི་བར་གྱི་སྟོང་པ་ཉིད་གང་ཡིན་པ་དང་། སངས་རྒྱས་ཀྱི་སྟོང་པ་ཉིད་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །ཀཽ་ཤི་ཀ་གཞན་ཡང་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་བར་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་སྟོང་། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་སྟེ། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་སྟོང་པ་ཉིད་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་གང་ཡིན་པ་

དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་
སོ། །བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མི་བྱ་བ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ལ་དམིགས་པའི་ཚུལ་གྱིས་
གནས་པར་མི་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །མིག་ལ་གནས་པར་མི་བྱའོ། །གཟུགས་ལ་གནས་པར་མི་བྱའོ། །མིག་གི་རྣམ་པར་ཤེས་པ་ལ་གནས་པར་མི་བྱའོ། །
མིག་གི་འདུས་ཏེ་རེག་པ་ལ་གནས་པར་མི་བྱའོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་གནས་པར་མི་བྱའོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་གནས་པར་མི་བྱའོ། །ཆོས་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་
འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །སའི་ཁམས་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་
དང་། རྣམ་པར་ཤེས་པའི་ཁམས་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་
རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པའི་ཚུལ་གྱིས་

གནས་པར་མི་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཉིད་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་
བྱའོ། །སངས་རྒྱས་ཉིད་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཀཽ་ཤི་ཀ་དེ་ལྟར་ན་གཟུགས་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་བར་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་ལྟར་
ན་རྒྱུན་དུ་ཞུགས་པའི་འབྲས་བུ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །སངས་རྒྱས་ཉིད་ཅེས་བྱ་བའི་བར་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །གཟུགས་རྟག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་བཞིན་དུ་མི་རྟག་
ཅེས་བྱ་བ་དང་། བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བ་དང་།
མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་ཅེས་བྱ་བ་
དང་། མི་རྟག་ཅེས་བྱ་བ་དང་། བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་།
མི་སྟོང་ཞེས་བྱ་བ་དང་། མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་

བར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
རྣམས་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བ་དང་། སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བའི་བར་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཀཽ་ཤི་ཀ་གཞན་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་བྱ་བར་དམིགས་
པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ཀྱི་བར་དུ་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །རྒྱུན་དུ་ཞུགས་པ་ནི་སྦྱིན་གནས་སོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་།
དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྦྱིན་གནས་སོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་
དང་པོ་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་བཞིན་དུ་ས་བཅུ་པའི་བར་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གནས་པ་ཡོད་ན་གཡོ་བར་འགྱུར་བའི་ཕྱིར་རོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
སེམས་དང་པོ་བསྐྱེད་པ་ལ་གནས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་

དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་
བྱའོ། །ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་རྣམས་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ནས་ཕྱིར་མི་ལྡོག་པའི་ས་ལ་གནས་པར་བྱའོ་སྙམ་དུ་
དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་སེམས་དཔའི་
མངོན་པར་ཤེས་པ་ལྔ་ལ་གནས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་གྲངས་མེད་པ་རྣམས་སུ་འགྲོ་བར་བྱ་ཞིང་། ཆོས་ཐོས་ནས་ཀྱང་དེ་བཞིན་ཉིད་དུ་བསྒྲུབ་
ཅིང་། གཞན་དག་ལ་ཡང་བསྟན་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་ཀྱི་ཞིང་ཅི་འདྲ་བ་དེ་ལྟ་བུ་དག་བསྒྲུབ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་
གྱིས་གནས་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་དེ། སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ཏུ་སོང་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མེ་ཏོག་དང་། སྤོས་དང་། བདུག་པ་དང་། མེ་ཏོག་
ཕྲེང་དང་། བྱུག་པ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་བཀུར་སྟིར་བྱ། བླ་མར་བྱ། བརྗེད་པར་བྱ། མཆོད་པར་བྱ་ཞིང་། རས་བཅོས་བུ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་དུ་མ་དག་གིས། དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་སྐུ་ལ་གསོལ་བར་བྱའོ་སྙམ་དུ་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་དཔག་ཏུ་མེད་གྲངས་མེད། ཚད་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ལ་དགོད་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མིག་ལྔ་བསྒྲུབ་པར་བྱ་སྟེ། ཤའི་མིག་དང་། ལྷའི་མིག་དང་། ཤེས་རབ་ཀྱི་མིག་དང་། ཆོས་ཀྱི་མིག་དང་། སངས་རྒྱས་ཀྱི་མིག་
བསྒྲུབ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཏིང་ངེ་འཛིན་ཐམས་ཅད་བསྒྲུབ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཏིང་ངེ་འཛིན་གང་དང་གང་གིས་རྣམ་པར་རྩེ་བར་འདོད་པའི་ཏིང་ངེ་འཛིན་དེ་དང་དེས་རྣམ་པར་རྩེ་བར་བྱའོ་སྙམ་དུ་
དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །གཟུངས་ཀྱི་སྒོ་ཐམས་ཅད་བསྒྲུབ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒྲུབ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་
གྱིས་གནས་པར་མི་བྱའོ། །མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་

བསྒྲུབ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལུས་ལ་བསྒྲུབ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ལུས་ལ་བསྒྲུབ་པར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་
པར་མི་བྱའོ། །དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་ནི་བརྒྱད་པའོ་ཞེས་བྱ་བ་དང་། རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ནི་རྒྱུན་དུ་ཞུགས་པའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །རིགས་ནས་རིགས་སུ་སྐྱེ་བ་དང་། བར་ཆད་གཅིག་
པ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཚེ་ཟད་པ་དང་། ཉོན་མོངས་པ་ཟད་པ་ནི་གང་ཟག་མགོ་མཉམ་པའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །རྒྱུན་དུ་ཞུགས་པ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བྱ་
བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ལན་ཅིག་ཕྱིར་འོང་བ་ནི་འཇིག་རྟེན་འདིར་ལན་ཅིག་འོངས་ནས་སྡུག་བསྔལ་མཐར་ཕྱིན་པར་འགྱུར་བའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པའོ་ཞེས་བྱ་
བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཕྱིར་མི་འོང་བ་ནི་དེར་ཡོངས་སུ་མྱ་ངན་ལས་འདའ་བའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་
མི་བྱའོ། །དགྲ་བཅོམ་པ་ནི་འདི་ཉིད་ལ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །རང་སངས་རྒྱས་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བྱང་
ཆུབ་སེམས་དཔའ་ནི་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལས་ཤིན་ཏུ་འདས་ནས་བྱང་ཆུབ་སེམས་དཔའི་ས་ལ་གནས་པར་འགྱུར་རོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ལམ་གྱི་རྣམ་པ་ཤེས་པའི་ཡེ་ཤེས་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་

བྱའོ། །ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་བག་ཆགས་དང་། མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་ཟད་དོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་དུ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །སངས་རྒྱས་ཀྱི་མཛད་པ་བྱས་ནས་སེམས་ཅན་དཔག་ཏུ་མེད།
གྲངས་མེད་པ་དག་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་སྙམ་དུ་དེ་ལྟ་བུར་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་ཏེ། ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་པས། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་པར་འགྱུར་བ་དེ་
ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱའོ་སྙམ་དུ་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བདག་གི་ཚེའི་ཚད་ནི་དཔག་ཏུ་མེད་པར་འགྱུར་རོ་ཞེས་བྱ་བར་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བདག་གི་མཚན་སུམ་ཅུ་རྩ་གཉིས་ཀྱི་མཚན་རེ་རེ་ཡང་བསོད་
ནམས་བརྒྱས་ཡོངས་སུ་གྲུབ་པར་འབྱུང་བར་འགྱུར་རོ་སྙམ་དུ་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བདག་གི་སངས་རྒྱས་ཀྱི་ཞིང་གཅིག་གི་ཁྱོན་ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་དང་། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་
ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་ཁྱོན་ཅི་ཙམ་པ་དེ་ཙམ་དུ་འགྱུར་རོ་ཞེས་བྱ་བར་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བདག་གི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྡོ་རྗེ་ལས་གྲུབ་པར་འགྱུར་རོ་ཞེས་བྱ་བར་ཡང་དམིགས་
པའི་ཚུལ་གྱིས་གནས་པར་མི་བྱའོ། །བདག་གི་བྱང་ཆུབ་ཀྱི་ཤིང་ལས་སེམས་ཅན་གང་དག་གིས་དྲི་བསྣམས་པ་དེ་དག་འདོད་ཆགས་ཀྱི་གནོད་པ་མེད་པ་དང་། ཞེ་སྡང་དང་། གཏི་མུག་གི་གནོད་པ་མེད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་འགའ་ཡང་བསྐྱེད་པར་

མི་འགྱུར་བར་སེམས་ཅན་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དང་། སེམས་ཅན་གང་དག་དྲི་དེ་ལ་སྣོམ་པར་འགྱུར་བ་དེ་དག་ལ་ལུས་དང་། སེམས་ཀྱི་ནད་འགའ་ཡང་འབྱུང་བར་མི་འགྱུར་བ་དེ་ལྟ་བུའི་དྲི་དག་འབྱུང་བར་གྱུར་ཅིག་ཅེས་བྱ་
བར་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །བདག་གི་སངས་རྒྱས་ཀྱི་ཞིང་དེར་གཟུགས་ཀྱི་སྒྲ་འབྱུང་བར་མི་འགྱུར་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྒྲ་འབྱུང་བར་མི་འགྱུར་རོ་ཞེས་བྱ་བར་ཡང་དམིགས་པའི་ཚུལ་
གྱིས་གནས་པར་མི་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྒྲ་འབྱུང་བར་མི་འགྱུར་བ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པའི་སྒྲ་འབྱུང་བར་མི་འགྱུར་རོ་ཞེས་བྱ་བར་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྒྲ་འབྱུང་བར་མི་འགྱུར་བ་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་
དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་སྒྲ་འབྱུང་བར་མི་འགྱུར་ཞེས་བྱ་བ་དང་། རྒྱུན་དུ་
ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་སྒྲ་འབྱུང་བར་མི་འགྱུར་རོ་ཞེས་བྱ་བར་ཡང་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན།
འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཐམས་ཅད་མ་དམིགས་པའི་ཕྱིར་རོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སེམས་ཏེ། འོ་ན་ཅི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་སྙམ་མོ། །དེ་ནས་
ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་ཅི་ལ་གནས་སྙམ། ཤཱ་རིའི་བུས་སྨྲས་པ། ཚེ་
དང་ལྡན་པ་རབ་འབྱོར་དེ་བཞིན་གཤེགས་པ་ནི་ཅི་ལ་ཡང་མི་གནས་པ་ཡིན་ལ། ཚེ་དང་ལྡན་པ་རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་ཀྱང་ཅི་ལ་ཡང་གནས་པ་མ་ཡིན་ཏེ། དེ་ནི་གཟུགས་ལ་ཡང་མི་གནས། ཚོར་བ་དང་། འདུ་
ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་མི་གནས། འདུས་བྱས་ཀྱི་ཁམས་ལ་ཡང་མི་གནས། འདུས་མ་བྱས་ཀྱི་ཁམས་ལ་ཡང་མི་གནས་ཤིང་། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་ཡང་མི་གནས། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་བར་ལ་ཡང་མི་གནས་པ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
གཟུགས་ལ་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡང་གནས་པ་
ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་པ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་

གནས་པའི་ཚུལ་གྱིས་གནས་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བཅུ་དགུ་པ། དེ་ནས་འཁོར་དེ་ལས་ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་ཏེ། གནོད་སྦྱིན་རྣམས་ཀྱིས་གནོད་སྦྱིན་གྱི་སྐད་དང་། གནོད་སྦྱིན་
གྱིས་སྨྲས་པ་དང་། གནོད་སྦྱིན་གྱིས་བརྗོད་པ་དང་། གནོད་སྦྱིན་གྱི་ཚིག་གང་དག་ཡོད་པ་དེ་དག་ནི་བརྗོད་ན་ཤེས་པར་ཡང་རུང་གི །འདི་ལྟ་སྟེ། གནས་བརྟན་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨྲ་བ་དང་། བརྗོད་པ་དང་། འཆད་པ་དང་། སྟོན་པ་འདི་ནི་ཤེས་པར་མི་རུང་ངོ་
སྙམ་མོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་བུ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས་ལྷའི་བུ་དེ་དག་ལ་སྨྲས་པ། ལྷའི་བུ་དག་གང་སྨྲས་པ་ཤེས་པར་མི་རུང་ངམ། ལྷའི་བུ་རྣམས་ཀྱིས་སྨྲས་པ། འཕགས་པ་རབ་འབྱོར་ཤེས་པར་མི་རུང་ངོ་། །རབ་
འབྱོར་གྱིས་སྨྲས་པ། ལྷའི་བུ་དག་འདི་ལྟར་ཡི་གེ་གཅིག་ཀྱང་མ་བརྗོད་དེ། གང་མ་བརྗོད་པ་དེ་ནི་ཐོས་པར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡི་གེ་མེད་པ་སྟེ། དེ་ལ་ནི་ཉན་པའམ་སྟོན་པ་འང་མེད་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ལ་ཡང་ཡི་གེ་མེད་པའི་ཕྱིར་རོ། །ལྷའི་བུ་དག་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སངས་རྒྱས་སྤྲུལ་པ་སྤྲུལ་པ་མཛད་དེ།
འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་ཀྱང་མངོན་པར་སྤྲུལ་ལ། སྤྲུལ་པ་དེས་སྤྲུལ་པའི་འཁོར་བཞི་པོ་དེ་དག་ལ་ཆོས་བསྟན་པར་གྱུར་ན་ལྷའི་བུ་དག་འདི་ཇི་སྙམ་དུ་སེམས། དེ་ལ་སུས་ཀྱང་ཅི་ཡང་བསྟན་པའམ། མཉན་པ་
ཡོད་སྙམ་འམ། ལྷའི་བུ་རྣམས་ཀྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མེད་དོ། །རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྤྲུལ་པ་ལྟ་བུ་སྟེ། དེ་ལ་སུས་ཀྱང་བཤད་པ་མེད་ཅིང་། སུས་ཀྱང་མཉན་པ་མེད་ལ། སུས་ཀྱང་ཤེས་པ་མེད་དོ། །

ལྷའི་བུ་དག་འདི་ལྟ་སྟེ་དཔེར་ན། མི་གཉིད་ཀྱིས་ལོག་པའི་རྨི་ལམ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྟོན་པ་ཞིག་མཐོང་བར་གྱུར་ན་ལྷའི་བུ་དག་འདི་ཇི་སྙམ་དུ་སེམས། དེ་ལ་སུས་ཀྱང་བཤད་པའམ།
མཉན་པའམ། ཤེས་པ་ཡོད་སྙམའམ། ལྷའི་བུ་རྣམས་ཀྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མེད་དོ། །རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རྨི་ལམ་ལྟ་བུ་སྟེ། དེ་ལ་སུས་ཀྱང་བཤད་པ་མེད་ཅིང་། སུས་ཀྱང་མཉན་པ་མེད་ལ།
སུས་ཀྱང་ཤེས་པ་མེད་དོ། །ལྷའི་བུ་དག་འདི་ལྟ་སྟེ་དཔེར་ན། མི་གཉིས་ཤིག་རི་ཁྲོད་ཅིག་ཏུ་འཁོད་དེ། སངས་རྒྱས་ཀྱི་བསྔགས་པ་བརྗོད། ཆོས་ཀྱི་བསྔགས་པ་བརྗོད། དགེ་འདུན་གྱི་བསྔགས་པ་བརྗོད་ནས་དེ་གཉིས་ཀྱི་སྐད་ཀྱི་བྲག་ཅ་བྱུང་བར་གྱུར་ན། ལྷའི་བུ་དག་འདི་ཇི་
སྙམ་དུ་སེམས། དེ་ལ་གཅིག་གི་བྲག་ཅེས། ཅིག་ཤོས་ཀྱི་བྲག་ཅའི་སྒྲ་ཤེས་པར་གྱུར་སྙམའམ། ལྷའི་བུ་རྣམས་ཀྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་བྲག་ཅ་ལྟ་བུ་སྟེ། དེ་ལ་སུས་
ཀྱང་བཤད་པ་མེད་ཅིང་། སུས་ཀྱང་མཉན་པ་མེད་ལ། སུས་ཀྱང་ཤེས་པ་མེད་དོ། །ལྷའི་བུ་དག་འདི་ལྟ་སྟེ་དཔེར་ན། སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་མཁས་པ་ཞིག་གིས། ལམ་པོ་ཆེའི་བཞི་མདོར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་ཤིག་མངོན་པར་སྤྲུལ་ནས། དེས་སྤྲུལ་པའི་འཁོར་བཞི་པོ་དག་ལ་ཆོས་བསྟན་པར་གྱུར་ན། ལྷའི་བུ་དག་འདི་ཇི་སྙམ་དུ་སེམས། དེ་ལ་སུས་ཀྱང་བཤད་པའམ། མཉན་པའམ། ཤེས་པ་ཡོད་སྙམའམ། ལྷའི་བུ་རྣམས་ཀྱིས་སྨྲས་པ།
བཙུན་པ་རབ་འབྱོར་དེ་ནི་མེད་དོ། །རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུ་སྟེ། དེ་ལ་སུས་ཀྱང་བཤད་པ་མེད་ཅིང་། སུས་ཀྱང་ཉན་པ་མེད་ལ། སུས་ཀྱང་ཤེས་པ་མེད་དོ། །དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་

འཕགས་པ་རབ་འབྱོར་འདི་ནི་ཟབ་པ་བས་ཀྱང་ཆེས་ཟབ་པ་སྟོན། ཕྲ་བ་བས་ཀྱང་ཆེས་ཕྲ་བ་ལ་འཇུག་པས། ཀྱེ་མ་འཕགས་པ་རབ་འབྱོར་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསལ་བར་བྱེད་པའོ། །ཀྱེ་མ་འཕགས་པ་རབ་འབྱོར་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསལ་བར་
བྱེད་པའོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་གཟུགས་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་
རྣམས་དང་། རྣམ་པར་ཤེས་པ་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དག་འདི་ལྟར་གཟུགས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་རང་བཞིན་ནི་
ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །མིག་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །གཟུགས་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །སྒྲ་དང་། དྲི་དང་། རོ་དང་། རེག་བྱ་
དང་། ཆོས་རྣམས་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན། སའི་ཁམས་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན།
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པ་མ་
ཡིན། ཕྲ་བ་མ་ཡིན། ནང་སྟོང་པ་ཉིད་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན། དེ་བཞིན་དུ་ཡང་དག་པར་སྤོང་བ་

རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་
རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་
ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་རང་བཞིན་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་པའི་ཕྱིར་རོ། །དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་ཏེ། འོ་ན་ཆོས་བསྟན་པ་འདི་ལ་གཟུགས་སུ་བཏགས་པ་ཡང་མེད་དམ། ཚོར་བ་དང་། འདུ་ཤེས་
དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པར་བཏགས་པ་ཡང་མེད་དམ། ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བར་བཏགས་པ་ཡང་མེད་དམ། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སུ་བཏགས་པ་ཡང་
མེད་དམ། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དུ་བཏགས་པ་ཡང་མེད་དམ། ཆོས་
བསྟན་པ་འདི་ལ་རྒྱུན་དུ་ཞུགས་པའི་འབྲས་བུར་བཏགས་པ་ཡང་མེད་དམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཉིད་དུ་བཏགས་པ་ཡང་མེད་དམ། བྱང་ཆུབ་སེམས་དཔར་བཏགས་པ་ཡང་
མེད་དམ། སངས་རྒྱས་ཉིད་དུ་བཏགས་པ་ཡང་མེད་དམ། ཡི་གེ་རྣམས་སུ་བཏགས་པ་ཡང་མེད་དམ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས། ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །

ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་བརྗོད་དུ་མེད་ཅིང་། བསྙད་དུ་མེད་པ་སྟེ། དེ་ནི་སུས་ཀྱང་མཉན་དུ་མེད་ཅིང་ཤེས་པར་བྱར་མེད་དོ། །ལྷའི་བུ་དག་དེ་ལྟར་ན་གང་དག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པར་འདོད་པ་
དང་། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བར་འདོད་པ་དེ་དག་གིས་ཀྱང་བཟོད་པ་འདི་ལ་མི་བརྟེན་དུ་མི་རུང་ངོ་། །གང་དག་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། གང་དག་ཕྱིར་མི་འོང་བའི་འབྲས་བུ་དང་། གང་དག་དགྲ་བཅོམ་པ་ཉིད་དང་། གང་དག་རང་སངས་
རྒྱས་ཉིད་དང་། གང་དག་སངས་རྒྱས་ཉིད་མངོན་སུམ་དུ་བྱ་བར་འདོད་པ་དེ་དག་གིས་ཀྱང་བཟོད་པ་འདི་ལ་མི་བརྟེན་དུ་མི་རུང་སྟེ། ལྷའི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་ཕྱིན་ཆད་བསྙད་དུ་མེད་པ་དང་། མཉན་དུ་མེད་པར་དེ་ལྟར་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། བརྒྱ་བྱིན་གྱི་ལེའུ་དང་པོ་ཞེས་བྱ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་ཏེ། གནས་བརྟན་རབ་འབྱོར་ལ་ཆོས་ཉན་པ་ཇི་ལྟ་བུ་དག་ཏུ་འདོད་པར་བྱ་སྙམ་
མོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་བུ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས། ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་བདག་ལ་ཆོས་ཉན་པ་ནི་སྒྱུ་མའི་སྐྱེས་བུ་ལྟ་བུར་འདོད་པར་བྱའོ། །བདག་ལ་ཆོས་ཉན་པ་ནི་སྤྲུལ་པ་ལྟ་
བུར་འདོད་པར་བྱ་སྟེ། དེ་དག་ནི་ཅུང་ཟད་ཀྱང་ཉན་པ་མེད་ཅིང་། ཀུན་ཆུབ་པར་བྱེད་པ་མེད་ལ། མངོན་སུམ་དུ་བྱེད་པ་མེད་དོ། །དེ་ནས་ལྷའི་བུ་དེ་དག་གིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཅི་སེམས་ཅན་དེ་དག་ཀྱང་སྒྱུ་མ་ལྟ་བུ་ཡིན་ལ།
ཆོས་ཉན་པ་དེ་དག་ཀྱང་སྒྱུ་མ་ལྟ་བུ་ཡིན་ནམ། སེམས་ཅན་དེ་དག་ཀྱང་སྤྲུལ་པ་ལྟ་བུ་ཡིན་ལ། ཆོས་ཉན་པ་དེ་དག་ཀྱང་སྤྲུལ་པ་ལྟ་བུ་ཡིན་ནམ། ལྷའི་བུ་དག་སེམས་ཅན་རྣམས་ནི་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ཏེ། ལྷའི་བུ་དག་གཟུགས་ཀྱང་རྨི་ལམ་ལྟ་བུ་དང་། སྒྱུ་མ་

ལྟ་བུ་ཡིན་ནོ། །ལྷའི་བུ་དག་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །ལྷའི་བུ་དག་མིག་ཀྱང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་།
ལྕེ་དང་། ལུས་དང་། ཡིད་ཀྱང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །ལྷའི་བུ་དག་གཟུགས་ཀྱང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ཀྱང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །ལྷའི་བུ་དག་
མིག་གི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་དང་། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་འདུས་ཏེ་རེག་
པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རྨ་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་
ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །ནང་སྟོང་པ་ཉིད་ཀྱང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡང་རྨི་
ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་
དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །རྒྱུན་དུ་ཞུགས་པའི་འབྲས་བུ་

ཡང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །རྒྱུན་དུ་ཞུགས་པ་ཡང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་དང་། དགྲ་
བཅོམ་པ་ཡང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །རང་བྱང་ཆུབ་ཀྱང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །རང་སངས་རྒྱས་ཀྱང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་
ནོ། །སངས་རྒྱས་ཉིད་ཀྱང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །དེ་ནས་ལྷའི་བུ་དེ་དག་གིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་སངས་རྒྱས་ཉིད་ཀྱང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །ཅི་མྱ་ངན་ལས་འདས་པ་ཡང་རྨི་ལམ་
ལྟ་བུ་དང་། སྒྱུ་མ་ལྟ་བུའོ་ཞེས་སྨྲའམ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་ཁོ་བོ་ནི་མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུའོ་ཞེས་སྨྲ་སྟེ། ལྷའི་བུ་དག་གལ་ཏེ། མྱ་ངན་ལས་འདས་པ་བས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་འགའ་ཞིག་ཡོད་
ན་ཡང་དེ་ཡང་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུའོ་ཞེས་ཁོ་བོ་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དག་འདི་ལྟར་རྨི་ལམ་གང་ཡིན་པ་དང་། སྒྱུ་མ་གང་ཡིན་པ་དང་། མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་
ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་གསུས་པོ་ཆེ་དང་། ཚེ་དང་ལྡན་པ་ཀཱ་ཏྱཱའི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་ཕྲག་དུ་མ་དག་
གིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་མཐོང་བར་དཀའ་བ། འདི་ལྟར་རྟོགས་པར་དཀའ་བ། འདི་ལྟར་ཞི་བ། འདི་ལྟར་གྱ་ནོམ་པ། འདི་ལྟར་ཕྲ་བ། འདི་ལྟར་གཞན་

མ་ཡིན་པ། འདི་ལྟར་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། འདི་ལྟར་མཁས་པ། འདི་ལྟར་ཤིན་ཏུ་འཕགས་པ། འདི་ལྟར་མཁས་པ་དང་། མཛངས་པས་རིག་པར་བྱ་བ་འདི་ལེན་པར་བྱེད་པར་འགྱུར་བ་སུ་དག་ཡོད། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་
འབྱོར་གྱིས་ཉན་ཐོས་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་མཐོང་བར་
དཀའ་བ། འདི་ལྟར་རྟོགས་པར་དཀའ་བ། འདི་ལྟར་ཞི་བ། འདི་ལྟར་གྱ་ནོམ་པ། འདི་ལྟར་ཕྲ་བ། འདི་ལྟར་གཞན་མ་ཡིན་པ། འདི་ལྟར་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། འདི་ལྟར་མཁས་པ། འདི་ལྟར་ཤིན་ཏུ་འཕགས་པ། འདི་ལྟར་མཁས་པ་དང་། མཛངས་
པས་རིག་པར་བྱ་བ་འདི་ལེན་པར་བྱེད་པར་འགྱུར་རོ། །བདེན་པ་མཐོང་བའི་གང་ཟག་གམ། དགྲ་བཅོམ་པ་ཟག་པ་ཟད་པ་འམ། བརྣག་པ་ཡོངས་སུ་རྫོགས་པའམ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པའམ། སངས་རྒྱས་བྱེ་བ་ཕྲག་མང་པོ་ལས་དགེ་བའི་རྩ་བ་བསྐྱེད་
པའམ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་མཐོང་བར་དཀའ་བ། འདི་ལྟར་རྟོགས་པར་དཀའ་བ། འདི་ལྟར་ཞི་བ། འདི་ལྟར་གྱ་ནོམ་པ། འདི་ལྟར་ཕྲ་བ།
འདི་ལྟར་གཞན་མ་ཡིན་པ། འདི་ལྟར་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། འདི་ལྟར་མཁས་པ། འདི་ལྟར་ཤིན་ཏུ་འཕགས་པ། འདི་ལྟར་མཁས་པ་དང་། མཛངས་པས་རིག་པར་བྱ་བ་འདི་ལེན་པར་བྱེད་པར་འགྱུར་ཏེ། དེ་དག་ནི་གཟུགས་སྟོང་ངོ་ཞེས་བྱ་བར་རྣམ་པར་རྟོག་པར་
མི་འགྱུར་རོ། །སྟོང་པ་ཉིད་གཟུགས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་ངོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །སྟོང་པ་ཉིད་རྣམ་པར་ཤེས་པའོ་ཞེས་བྱ་བར་རྣམ་པར་རྟོག་པར་

མི་འགྱུར་རོ། །གཟུགས་མཚན་མ་མེད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །མཚན་མ་མེད་པ་གཟུགས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མཚན་མ་མེད་དོ་ཞེས་བྱ་བར་རྣམ་
པར་རྟོག་པར་མི་འགྱུར་རོ། །མཚན་མ་མེད་པ་རྣམ་པར་ཤེས་པའོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །གཟུགས་སྨོན་པ་མེད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །སྨོན་པ་མེད་པ་གཟུགས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །གཟུགས་སྐྱེ་བ་མེད་
དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །སྐྱེ་བ་མེད་པ་གཟུགས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །གཟུགས་འགག་པ་མེད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འགག་པ་མེད་པ་གཟུགས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་བཞིན་
དུ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྨོན་པ་མེད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །སྨོན་པ་མེད་
པ་རྣམ་པར་ཤེས་པ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་བཞིན་དུ་སྐྱེ་བ་མེད་ཅེས་བྱ་བ་དང་། འགག་པ་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་
ཅིང་འབྲེལ་པར་འབྱུང་བ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་
རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་

དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཉིད་ཀྱང་
དེ་བཞིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་ངོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཚན་མ་མེད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་
འགྱུར་རོ། །མཚན་མ་མེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྨོན་པ་མེད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །སྨོན་པ་མེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བར་རྣམ་པར་རྟོག་
པར་མི་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེ་བ་མེད་ཅེས་བྱ་བ་དང་། འགག་པ་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་བྱས་ཀྱི་ཁམས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །སྟོང་པ་ཉིད་
འདུས་བྱས་ཀྱི་ཁམས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་བྱས་ཀྱི་ཁམས་མཚན་མ་མེད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །མཚན་མ་མེད་པ་འདུས་བྱས་ཀྱི་ཁམས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་བྱས་ཀྱི་ཁམས་སྨོན་
པ་མེད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །སྨོན་པ་མེད་པ་འདུས་བྱས་ཀྱི་ཁམས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་བཞིན་དུ་འདུས་བྱས་ཀྱི་ཁམས་སྐྱེ་བ་མེད་ཅེས་བྱ་བ་དང་། འགག་པ་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བར་
རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་མ་བྱས་ཀྱི་ཁམས་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །སྟོང་པ་ཉིད་འདུས་མ་བྱས་ཀྱི་ཁམས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་མ་བྱས་ཀྱི་ཁམས་མཚན་མ་མེད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་

རོ། །མཚན་མ་མེད་པ་འདུས་མ་བྱས་ཀྱི་ཁམས་སོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །འདུས་མ་བྱས་ཀྱི་ཁམས་སྨོན་པ་མེད་དོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །སྨོན་པ་མེད་པ་འདུས་མ་བྱས་ཀྱི་ཁམས་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །དེ་བཞིན་དུ་
འདུས་མ་བྱས་ཀྱི་ཁམས་སྐྱེ་བ་མེད་ཅེས་བྱ་བ་དང་། འགག་པ་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་རོ། །ལྷའི་བུ་དག་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་ཤིན་ཏུ་འཕགས་པ།
འདི་ལྟར་མཁས་པ་དང་། མཛངས་པས་རིག་པར་བྱ་བའི་བར་འདི་ལ་ལེན་པར་བྱེད་པ་འདི་སུ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདིར་ཆོས་འགའ་ཡང་མ་བཤད་མ་བརྗོད། མ་བསྟན་པའི་ཕྱིར་ཏེ། ཇི་ལྟར་འདིར་ཆོས་འགའ་ཡང་མ་བཤད། མ་བརྗོད། མ་བསྟན་པ་
དེ་ལྟར་འདི་ལེན་པར་བྱེད་པའི་སེམས་ཅན་སུ་ཡང་མེད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་
ཀྱི་ཐེག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་རྒྱ་ཆེར་བསྟན་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བའི་ཕྱིར་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སེམས་བཅུ་པ་བསྐྱེད་པའི་བར་དག་ཀྱང་བསྟན་ལ། བྱང་
ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སྟོབས་བཅུ་དང་། མི་འཇིགས་

པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཀྱང་བསྟན་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བའི་ཕྱིར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་རྣམས་རྫུས་ཏེ་སྐྱེ་བར་འགྱུར་བ་དང་། དེ་བཞིན་དུ་མངོན་པར་ཤེས་པ་ཡོངས་སུ་མི་ཉམས་པའི་ཆོས་ཅན་དུ་འགྱུར་ཞིང་། དགེ་བའི་རྩ་བ་གང་དག་གིས་འདོད་ན། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཞིང་།
སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བསྟི་སྟང་དུ་བྱ་བ་དང་། བླ་མར་བྱ་བ་དང་། བརྗེད་པར་བྱ་བ་དང་། མཆོད་པར་བྱེད་པར་འགྱུར་བའི་དགེ་བའི་རྩ་བ་དེ་ལྟ་བུ་དག་འགྲུབ་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་དེ། བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་བརྗེད་པར་མི་འགྱུར་བ་དང་། རྣམ་པར་གཡེང་བ་མེད་ཅིང་། མཉམ་པར་གཞག་པའི་ཚུལ་གྱིས་རྟག་ཏུ་མཉམ་པར་གཞག་པར་འགྱུར་བ་དང་། ཐོགས་པ་མེད་པའི་སྤོབས་པ་དང་། རྒྱུན་མི་
འཆད་པའི་སྤོབས་པ་དང་། མཉམ་པར་གཞག་པའི་སྤོབས་པ་དང་། རིགས་པའི་སྤོབས་པ་དང་། འབྲེལ་པའི་སྤོབས་པ་དང་། དོན་དང་ལྡན་པའི་སྤོབས་པ་དང་། འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སྤོབས་པ་ཅན་དུ་འགྱུར་བ་དག་ཀྱང་བསྟན་པ་མ་ཡིན་
ནམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཡང་དག་པར་
རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་ཡང་རྒྱ་ཆེར་བསྟན་ཏོ། །དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་

སྤོབས་པ་ཅན་དུ་འགྱུར་བའི་བར་དག་ཀྱང་བསྟན་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྟན་ཏོ། །ཅི་ཞིག་མི་དམིགས་པའི་ཚུལ་གྱིས་ཞེ་ན། བདག་མི་དམིགས་པའི་ཚུལ་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་མི་དམིགས་པའི་ཚུལ་དང་། གཟུགས་མི་
དམིགས་པའི་ཚུལ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་དམིགས་པའི་ཚུལ་དང་། མིག་མི་དམིགས་པའི་ཚུལ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་མི་དམིགས་པའི་ཚུལ་དང་། སའི་ཁམས་མི་
དམིགས་པའི་ཚུལ་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་མི་དམིགས་པའི་ཚུལ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པའི་ཚུལ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པའི་ཚུལ་དང་། ནང་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མི་
དམིགས་པའི་ཚུལ་དང་། དྲན་པ་ཉེ་བར་གཞག་པ་རྣམས་མི་དམིགས་པའི་ཚུལ་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་
ལག་བརྒྱད་པ་མི་དམིགས་པའི་ཚུལ་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་མི་དམིགས་པའི་ཚུལ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་པའི་
ཚུལ་གྱིས་བསྟན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་དག་མི་དམིགས་པའི་ཚུལ་གྱིས་རྒྱ་ཆེར་བསྟན། ཅིའི་ཕྱིར་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སྤོབས་པ་ཅན་དུ་འགྱུར་བའི་བར་དག་ཀྱང་མི་དམིགས་པའི་ཚུལ་གྱིས་བསྟན།
རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་སྟོང་པ་ཉིད་ཀྱི་ཕྱིར། ཐེག་པ་གསུམ་པོ་དག་མི་དམིགས་པའི་ཚུལ་གྱིས་རྒྱ་ཆེར་བསྟན་ཏོ། །ཕྱི་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར། ཐེག་པ་གསུམ་པོ་དག་མི་དམིགས་པའི་ཚུལ་
གྱིས་རྒྱ་ཆེར་བསྟན་ཏོ། །ནང་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བའི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སྤོབས་པ་ཅན་དུ་འགྱུར་བའི་བར་དག་ཀྱང་བསྟན་
ཏོ། །ཕྱི་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བའི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སྤོབས་པ་ཅན་དུ་
འགྱུར་བའི་བར་དག་ཀྱང་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། རྟོགས་པར་དཀའ་བ་ཞེས་བྱ་བའི་ལེའུ་སྟེ། ཉི་ཤུ་གསུམ་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། གནས་བརྟན་རབ་འབྱོར་གྱིས་ཆོས་ཀྱི་
ཆར་ཕབ་ཅིང་བསྟན་པ་འདི་ལ་མཆོད་པ་བྱ་བའི་ཕྱིར་བདག་གིས་མེ་ཏོག་དག་ཅིག་མངོན་པར་སྤྲུལ་ལ། མེ་ཏོག་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དགེ་སློང་གི་དགེ་འདུན་དང་། གནས་བརྟན་རབ་འབྱོར་
དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཏོར་བར་བྱའོ། །མངོན་པར་གཏོར་བར་བྱའོ། །མངོན་པར་རབ་ཏུ་གཏོར་བར་བྱའོ་སྙམ་མོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་། འོག་མིན་གྱི་བར་གྱི་ལྷའི་བུ་ཇི་སྙེད་འཁོད་པ་

དེ་དག་ཐམས་ཅད་ཀྱང་འདི་སྙམ་དུ་སེམས་ཏེ། གནས་བརྟན་རབ་འབྱོར་གྱིས་ཆོས་ཀྱི་ཆར་ཕབ་ཅིང་། བསྟན་པ་འདི་ལ་མཆོད་པ་བྱ་བའི་ཕྱིར། བདག་ཅག་གིས་མེ་ཏོག་དག་ཅིག་མངོན་པར་སྤྲུལ་ལ། མེ་ཏོག་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དགེ་སློང་གི་དགེ་འདུན་དང་། གནས་བརྟན་རབ་འབྱོར་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཏོར་བར་བྱའོ། །མངོན་པར་གཏོར་བར་བྱའོ། །མངོན་པར་རབ་ཏུ་གཏོར་བར་བྱའོ་སྙམ་མོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་། སྟོང་
གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་། འོག་མིན་གྱི་བར་གྱི་ལྷའི་བུ་ཇི་སྙེད་འཁོད་པ་དེ་དག་གིས་ལྷའི་མེ་ཏོག་མན་དཱ་ར་བ་དག་མངོན་པར་སྤྲུལ་ནས། མེ་ཏོག་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དགེ་སློང་གི་དགེ་འདུན་དང་། གནས་བརྟན་རབ་འབྱོར་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ། །ལྷའི་དབང་པོ་བརྒྱ་བྱིན་དང་། འོག་མིན་གྱི་བར་གྱི་ལྷའི་བུ་དེ་དག་
གིས་མེ་ཏོག་དེ་དག་མངོན་པར་གཏོར་མ་ཐག་ཏུ། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མེ་ཏོག་གིས་ཆལ་པར་བཀྲམ་པར་གྱུར་ཅིང་། སྟེང་གི་བར་སྣང་ལ་ཡང་མེ་ཏོག་གི་ཁང་པ་བརྩེགས་པ་ཉམས་དགའ་བ། ཡིད་དུ་འོང་བ་ཞིག་ཏུ་ཡང་ཀུན་ནས་
གནས་པར་གྱུར་ཏོ། །དེ་ནས་གནས་བརྟན་རབ་འབྱོར་འདི་སྙམ་དུ་སེམས་ཏེ། གང་དག་ལྷའི་བུ་དག་གིས་མངོན་པར་གཏོར་བའི་མེ་ཏོག་འདི་ལྟ་བུ་དག་ནི་བདག་གིས་སྔོན་ཆད་ལྷའི་གནས་ཐམས་ཅད་ན་ཡང་སྤྱོད་པར་མ་མཐོང་ངོ་། །གང་དག་ལྷའི་བུ་དག་གིས་མངོན་པར་གཏོར་
བའི་མེ་ཏོག་འདི་དག་ནི་ཡལ་ག་འགེལ་བ་ལས་སྐྱེས་པ་ཡང་མ་ཡིན། ཆུ་ལས་སྐྱེས་པ་ཡང་མ་ཡིན། ཐང་ལས་སྐྱེས་པ་ཡང་མ་ཡིན་ཏེ། མེ་ཏོག་འདི་དག་ནི་སྤྲུལ་པ་ཡིན་ནོ། །གང་དག་ལྷའི་བུ་དག་གིས་མངོན་པར་གཏོར་བའི་མེ་ཏོག་འདི་དག་ནི་ཡིད་ལས་

བྱུང་བ་ཡིན་ཏེ། ཡལ་ག་འགེལ་བ་ལས་སྐྱེས་པ་ནི་མ་ཡིན་ནོ་སྙམ་མོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་མེ་ཏོག་འདི་དག་ནི་ཡིད་ལས་བྱུང་བ་ཡང་མ་ཡིན། ཡལ་ག་འགེལ་བ་
ལས་སྐྱེས་པ་ཡང་མ་ཡིན་ཏེ། མེ་ཏོག་འདི་དག་ནི་མ་སྐྱེས་པ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་འདི་སྐད་དུ། མེ་ཏོག་འདི་དག་ནི་ཡིད་ལས་བྱུང་བ་ཡང་མ་ཡིན་ལ། ཡལ་ག་འགེལ་བ་ལས་སྐྱེས་པ་ཡང་མ་ཡིན་ཏེ། མེ་ཏོག་འདི་དག་ནི་ངེས་པར་མ་སྐྱེས་པ་ཡིན་ནོ་
ཞེས་ཟེར་བ་ནི། ཀཽ་ཤི་ཀ་གང་དག་ངེས་པར་མ་སྐྱེས་པ་དེ་དག་ནི་མེ་ཏོག་མ་ཡིན་ནོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་ཅི་མེ་ཏོག་འདི་དག་ཉི་ཚེ་ངེས་པར་མ་སྐྱེས་པར་ཟད་དམ། འོན་ཏེ་གཟུགས་ཀྱང་ངེས་པར་མ་སྐྱེས་པ་ཡིན་ལ། ཚོར་བ་དང་། འདུ་ཤེས་དང་།
འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ངེས་པར་མ་སྐྱེས་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་མེ་ཏོག་འདི་དག་ཉི་ཚེ་མ་སྐྱེས་པར་མ་ཟད་ཀྱི། ཀཽ་ཤི་ཀ་གཟུགས་ཀྱང་ངེས་པར་མ་སྐྱེས་པ་སྟེ། ངེས་པར་མ་སྐྱེས་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་
ནོ། །ཀཽ་ཤི་ཀ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ངེས་པར་མ་སྐྱེས་པ་སྟེ། ངེས་པར་མ་སྐྱེས་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ནོ། །ཀཽ་ཤི་ཀ་མིག་ཀྱང་ངེས་པར་མ་སྐྱེས་པ་སྟེ། ངེས་པར་མ་སྐྱེས་པ་གང་ཡིན་པ་དེ་
ནི་མིག་མ་ཡིན་ནོ། །ཀཽ་ཤི་ཀ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་ངེས་པར་མ་སྐྱེས་པ་སྟེ། ངེས་པར་མ་སྐྱེས་པ་གང་ཡིན་པ་དེ་ནི་ཡིད་མ་ཡིན་ནོ། །ཀཽ་ཤི་ཀ་སའི་ཁམས་ཀྱང་ངེས་པར་མ་སྐྱེས་པ་སྟེ། ངེས་པར་མ་སྐྱེས་པ་གང་ཡིན་པ་དེ་ནི་སའི་
ཁམས་མ་ཡིན་ནོ། །ཀཽ་ཤི་ཀ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཀྱང་ངེས་པར་མ་སྐྱེས་པ་སྟེ། ངེས་པར་མ་སྐྱེས་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་ཁམས་མ་ཡིན་ནོ། །ཀཽ་ཤི་

ཀ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ངེས་པར་མ་སྐྱེས་པ་སྟེ། ངེས་པར་མ་སྐྱེས་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཀཽ་ཤི་ཀ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་
གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ངེས་པར་མ་སྐྱེས་པ་སྟེ། ངེས་པར་མ་སྐྱེས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །ཀཽ་ཤི་ཀ་ནང་སྟོང་པ་ཉིད་ཀྱང་ངེས་པར་མ་སྐྱེས་པ་སྟེ། ངེས་པར་མ་སྐྱེས་པ་གང་ཡིན་པ་དེ་ནི་ནང་སྟོང་པ་
ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡང་ངེས་པར་མ་སྐྱེས་པ་སྟེ། ངེས་པར་མ་སྐྱེས་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་ངེས་པར་མ་སྐྱེས་པ་སྟེ། ངེས་པར་
མ་སྐྱེས་པ་གང་ཡིན་པ་དེ་ནི་དྲན་པ་ཉེ་བར་གཞག་པ་རྣམས་མ་ཡིན་ནོ། །ཀཽ་ཤི་ཀ་དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་
ཡན་ལག་བརྒྱད་པ་ཡང་ངེས་པར་མ་སྐྱེས་པ་སྟེ། ངེས་པར་མ་སྐྱེས་པ་གང་ཡིན་པ་དེ་ནི་ལམ་མ་ཡིན་ནོ། །ཀཽ་ཤི་ཀ་དེ་བཞིན་དུ་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱང་ངེས་
པར་མ་སྐྱེས་པ་སྟེ། ངེས་པར་མ་སྐྱེས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་རྣམས་མ་ཡིན་ནོ། །ཀཽ་ཤི་ཀ་རྒྱུན་དུ་ཞུགས་པའི་འབྲས་བུ་ངེས་པར་མ་སྐྱེས་པ་སྟེ། ངེས་པར་མ་སྐྱེས་པ་གང་ཡིན་པ་དེ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མ་ཡིན་ནོ། །ཀཽ་ཤི་ཀ་ལན་ཅིག་ཕྱིར་འོང་བའི་
འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཉིད་ཀྱང་ངེས་པར་མ་སྐྱེས་པ་སྟེ། ངེས་པར་མ་སྐྱེས་པ་གང་ཡིན་པ་དེ་ནི་རང་སངས་རྒྱས་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་

དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་ངེས་པར་མ་སྐྱེས་པ་སྟེ། ངེས་པར་མ་སྐྱེས་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །ཀཽ་ཤི་ཀ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་
བཅོམ་པ་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ངེས་པར་མ་སྐྱེས་པ་སྟེ། ངེས་པར་མ་སྐྱེས་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་ནོ། །
དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། ཀྱེ་མ་གནས་བརྟན་རབ་འབྱོར་འདི་ནི་བཏགས་པ་དང་ཡང་མི་འགལ་ལ། ཆོས་ཉིད་ཀྱང་སྟོན་པ་ནི་ཤེས་རབ་ཟབ་པ་ཡིན་ནོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀྱེ་མ་གནས་བརྟན་རབ་འབྱོར་འདི་བཏགས་པ་དང་ཡང་མི་འགལ་ལ། ཆོས་ཉིད་ཀྱང་སྟོན་པ་ནི་ཤེས་རབ་ཟབ་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་
ལྟར་ན། གནས་བརྟན་རབ་འབྱོར་འདི་བཏགས་པ་དང་ཡང་མི་འགལ་ལ། ཆོས་ཉིད་ཀྱང་སྟོན་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་གཟུགས་ནི་བཏགས་པ་ཙམ་སྟེ། བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་ཡིན་པས། རབ་
འབྱོར་ནི་དེ་དང་མི་འགལ་བར་སྟོན་ཏོ། །ཀཽ་ཤི་ཀ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་བཏགས་པ་ཙམ་སྟེ། བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་ཡིན་པས། རབ་འབྱོར་ནི་དེ་དང་མི་འགལ་བར་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན།
ཆོས་ཉིད་གང་ཡིན་པ་དེ་ནི་འགལ་བ་མེད་པ་ཡིན་ལ། གང་འགལ་བ་མེད་པ་དེ་ནི་རབ་འབྱོར་སྟོན་པར་བྱེད་ཅིང་། མི་འགལ་བར་བྱེད་པའི་ཕྱིར་རོ། །ཀཽ་ཤི་ཀ་དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་

ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་དུ་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་།
དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་དང་། སྟོབས་
བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། དེ་བཞིན