Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 029_ཁྲི་བརྒྱད།_ཀ
Văn bản gốc(Tây Tạng)
Trang 15 / 19 (50.000 ký tự/trang)
བར་ཉེ་བར་མི་ རྟོག་གོ། །གཟུགས་སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བར་ཉེ་བར་མི་རྟོག་གོ། །གཟུགས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བར་ཉེ་བར་མི་རྟོག་གོ། །གཟུགས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་ཉེ་བར་མི་རྟོག་གོ། ། གཟུགས་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་ཉེ་བར་མི་རྟོག་གོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་ཉེ་བར་མི་རྟོག་གོ། །རྣམ་པར་ཤེས་པ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཉེ་བར་མི་རྟོག་གོ། །རྣམ་པར་ཤེས་པ་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་ཉེ་བར་མི་རྟོག་གོ། །རྣམ་པར་ཤེས་པ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཉེ་བར་མི་རྟོག་གོ། །རྣམ་པར་ཤེས་པ་སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བར་ཉེ་བར་མི་ རྟོག་གོ། །རྣམ་པར་ཤེས་པ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བར་ཉེ་བར་མི་རྟོག་གོ། །རྣམ་པར་ཤེས་པ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བར་ཉེ་བར་མི་རྟོག་གོ། །རྣམ་པར་ཤེས་པ་དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་ཉེ་བར་མི་ རྟོག་གོ། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བ་དང་། མི་ རྟག་ཅེས་བྱ་བར་ཉེ་བར་མི་རྟོག་གོ། །དེ་བཞིན་དུ་སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བ་དང་། མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་ཉེ་བར་མི་རྟོག་གོ། །དེ་བཞིན་དུ་ནང་སྟོང་པ་ཉིད་རྟག་ཅེས་བྱ་བ་དང་། མི་རྟག་ ཅེས་བྱ་བར་ཉེ་བར་མི་རྟོག་གོ། །དེ་བཞིན་དུ་སྦྱར་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་ཉེ་བར་མི་རྟོག་གོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བའི་བར་དུ་ཉེ་བར་མི་རྟོག་ གོ། །དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བའི་བར་དུ་ཉེ་བར་མི་རྟོག་གོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་ཉེ་བར་མི་རྟོག་གོ། །དེ་བཞིན་དུ་སྦྱར་ཏེ། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟག་ཅེས་བྱ་བ་དང་། མི་རྟག་ཅེས་བྱ་བར་ཉེ་བར་མི་རྟོག་གོ། །བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་ བྱ་བ་དང་། མ་ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བ་དང་། མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་ཉེ་བར་མི་རྟོག་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ཆོས་དེ་དག་ལ་དེ་ལྟར་ཉེ་བར་རྟོག་པར་བྱེད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ཁྱོད་འདི་སྐད་དུ། བཅོམ་ལྡན་འདས་འདི་ལྟར་གཟུགས་ ཀྱི་མ་སྐྱེས་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་མ་སྐྱེས་པ་གང་ལགས་པ་དེ་ནི་རྣམ་པར་ཤེས་པ་མ་ལགས་སོ། །དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་ བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ལགས་སོ་ཞེས་སྨྲ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་། །ཚེ་དང་ལྡན་ པ་ཤཱ་རིའི་བུ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཏེ། སྐྱེ་བ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། གཟུགས་ཀྱི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་ངོ་། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ཏེ། སྐྱེ་བ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། རྣམ་པར་ཤེས་པའི་སྐྱེ་བ་མེད་པ་གང་ ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ། སྐྱེ་བ་མེད་དོ། །ཚེ་དང་ལྡན་ པ་ཤཱ་རིའི་བུ་དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ། སྐྱེ་བ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། ། ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ་། །ནང་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ནང་སྟོང་པ་ཉིད་མ་ཡིན་ཏེ། སྐྱེ་བ་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དངོས་ པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན་ཏེ། སྐྱེ་བ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི། དངོས་པོ་མེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དྲན་པ་ཉེ་བར་གཞག་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་ངོ་། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་དྲན་པ་ཉེ་བར་གཞག་པ་རྣམས་མ་ཡིན་ཏེ། སྐྱེ་བ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་ དུ་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། སངས་རྒྱས་ཀྱི་ ཆོས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཏེ། སྐྱེ་བ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ཁྱོད་འདི་སྐད་དུ། འདི་ལྟར་གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་སོ། །ཚོར་བ་ དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་ནི་རྣམ་པར་ཤེས་པ་མ་ལགས་སོ། །དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། སྟོང་པ་ཉིད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འགྲིབ་པ་གང་ལགས་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ མ་ལགས་ཞེས་ཟེར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་འགྲིབ་པ་གང་ཡིན་པ་དང་། གཟུགས་གང་ཡིན་པ་དང་། གཉིས་སུ་དབྱེར་མེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། གཉིས་སུ་དབྱེར་མེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཞིང་། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་ གཅིག་པའོ། །ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་ རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དེ་བཞིན་ཏེ། །དེ་ལྟར་ན་འགྲིབ་པ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དང་། གཉིས་སུ་དབྱེར་མེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཞིང་། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། གཟུགས་ཀྱི་འགྲིབ་པ་གང་ཡིན་ པ་དེ་ནི་གཟུགས་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ནོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འགྲིབ་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་མ་ཡིན་ནོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར། ཁྱོད་འདི་སྐད་དུ་གང་ཡང་གཟུགས་ཞེས་བགྱི་བ་དེ་ནི་གཉིས་སུ་མ་མཆིས་པའི་གྲངས་སུ་བགྱིས་པ་ལགས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེས་བགྱི་བ་དེ་ནི་གཉིས་སུ་མ་མཆིས་པའི་གྲངས་སུ་བགྱིས་པ་ལགས་སོ། །གང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བགྱི་བའི་བར་དེ་ཡང་གཉིས་སུ་མ་མཆིས་པའི་གྲངས་སུ་བགྱིས་པ་ལགས་སོ་ཞེས་སྨྲ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ འདི་ལྟར་སྐྱེ་བ་མེད་པ་ཡང་གཞན་མ་ཡིན་ལ་གཟུགས་ཀྱང་གཞན་མ་ཡིན་ཏེ། སྐྱེ་བ་མེད་པ་ཉིད་ཀྱང་གཟུགས་སོ། །གཟུགས་ཉིད་ཀྱང་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པ་ཡང་གཞན་མ་ཡིན་ལ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་ གཞན་མ་ཡིན་ཏེ། སྐྱེ་བ་མེད་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་ཉིད་ཀྱང་སྐྱེ་བ་མེད་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། གང་ཡང་གཟུགས་ཞེས་བྱ་བ་དེ་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པ་ཡིན་ནོ། །གང་ཡང་ཚོར་བ་དང་། འདུ་ཤེས་ དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པ་ཡིན་ནོ། །ཁམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོང་པ་ ཉིད་ཐམས་ཅད་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་དེ་བཞིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ཡིན་ལ། སྐྱེ་བ་མེད་པ་ཡང་ གཞན་མ་ཡིན་ཏེ། སྐྱེ་བ་མེད་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྐྱེ་བ་མེད་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། གང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་དེ་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པ་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་དེ་དག་ལ་དེ་ལྟར་ཉེ་བར་རྟོག་པར་བགྱིད་པ་དེའི་ཚེ་ཤིན་ཏུ་རྣམ་པར་དག་ པའི་སླད་དུ། གཟུགས་ཀྱི་སྐྱེ་བ་མ་མཆིས་པ་མཐོང་ལགས་སོ། །ཤིན་ཏུ་རྣམ་པར་དག་པའི་སླད་དུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྐྱེ་བ་མ་མཆིས་པ་མཐོང་ལགས་སོ། །ཤིན་ཏུ་རྣམ་པར་དག་པའི་སླད་དུ། བདག་ གི་སྐྱེ་བ་མ་མཆིས་པ་མཐོང་ལགས་སོ། །ཤིན་ཏུ་རྣམ་པར་དག་པའི་སླད་དུ། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་ པོའི་སྐྱེ་བ་མ་མཆིས་པ་མཐོང་ལགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་སླད་དུ། ཁམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་སྐྱེ་བ་མ་མཆིས་པ་མཐོང་ལགས་སོ། །ཤིན་ཏུ་རྣམ་པར་དག་པའི་སླད་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ སྐྱེ་བ་མ་མཆིས་པ་མཐོང་ལགས་སོ། །དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་སླད་དུ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའི་སྐྱེ་བ་མ་མཆིས་པ་མཐོང་ལགས་སོ། །ཤིན་ཏུ་རྣམ་པར་དག་པའི་སླད་དུ། ནང་སྟོང་པ་ཉིད་ཀྱི་སྐྱེ་བ་མ་མཆིས་པ་མཐོང་ལགས་སོ། །ཤིན་ཏུ་རྣམ་པར་དག་པའི་སླད་དུ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་སྐྱེ་བ་མ་མཆིས་པ་མཐོང་ལགས་སོ། ། ཤིན་ཏུ་རྣམ་པར་དག་པའི་སླད་དུ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྐྱེ་བ་མ་མཆིས་པ་མཐོང་ལགས་སོ། །ཤིན་ཏུ་རྣམ་པར་དག་པའི་སླད་དུ། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། གཟུངས་དང་། ཏིང་ངེ་འཛིན་གྱི་སྒོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐྱེ་བ་མ་མཆིས་པ་མཐོང་ལགས་སོ། །ཤིན་ཏུ་རྣམ་ པར་དག་པའི་སླད་དུ། སོ་སོའི་སྐྱེ་བོའི་སྐྱེ་བ་མ་མཆིས་པ་མཐོང་ལགས་སོ། །ཤིན་ཏུ་རྣམ་པར་དག་པའི་སླད་དུ། སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱི་སྐྱེ་བ་མ་མཆིས་པ་མཐོང་ལགས་སོ། །ཤིན་ཏུ་རྣམ་པར་དག་པའི་སླད་དུ། རྒྱུན་དུ་ཞུགས་པ་དང་། རྒྱུན་དུ་ཞུགས་པའི་ ཆོས་རྣམས་དང་། ལན་ཅིག་ཕྱིར་འོང་བ་དང་། ལན་ཅིག་ཕྱིར་འོང་བའི་ཆོས་རྣམས་དང་། ཕྱིར་མི་འོང་བ་དང་། ཕྱིར་མི་འོང་བའི་ཆོས་རྣམས་དང་། དགྲ་བཅོམ་པ་དང་། དགྲ་བཅོམ་པའི་ཆོས་རྣམས་དང་། རང་སངས་རྒྱས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་སྐྱེ་བ་མ་མཆིས་པ་མཐོང་ལགས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྐྱེ་བ་མ་མཆིས་པ་མཐོང་ལགས་སོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་པའི་དོན་ཁོ་བོས་ཤེས་པ་ལྟར་ ན། གཟུགས་ནི་སྐྱེ་བ་མེད་པ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་སྐྱེ་བ་མེད་པ་ཡིན། ཁམས་རྣམས་སྐྱེ་བ་མེད་པ་ཡིན། སྐྱེ་མཆེད་རྣམས་སྐྱེ་བ་མེད་པ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པ་ཡིན། ཕ་རོལ་ཏུ་ཕྱིན་པ་ རྣམས་སྐྱེ་བ་མེད་པ་ཡིན། སྟོང་པ་ཉིད་ཐམས་ཅད་སྐྱེ་བ་མེད་པ་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྐྱེ་བ་མེད་པ་ཡིན། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་སྐྱེ་བ་མེད་པ་ཡིན། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་སྐྱེ་བ་མེད་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྐྱེ་བ་མེད་པ་ཡིན། སོ་སོའི་སྐྱེ་བོ་ཡང་སྐྱེ་བ་མེད་པ་ཡིན། སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་སྐྱེ་བ་མེད་པ་ཡིན། རྒྱུན་དུ་ཞུགས་པ་དང་། རྒྱུན་དུ་ཞུགས་པའི་ཆོས་རྣམས་དང་། ལན་ཅིག་ཕྱིར་འོང་བ་དང་། ལན་ཅིག་ཕྱིར་འོང་བའི་ཆོས་རྣམས་དང་། ཕྱིར་མི་འོང་བ་དང་། ཕྱིར་མི་འོང་བའི་ཆོས་རྣམས་དང་། དགྲ་བཅོམ་པ་དང་། དགྲ་བཅོམ་པའི་ཆོས་རྣམས་དང་། རང་སངས་རྒྱས་དང་། རང་སངས་རྒྱས་ཀྱི་ ཆོས་རྣམས་དང་། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱང་སྐྱེ་བ་མེད་པ་ཡིན། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་སྐྱེ་བ་མེད་པ་ཡིན་ནོ། །ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་གཟུགས་ཀྱང་སྐྱེ་བ་མེད་ལ། སངས་རྒྱས་ཀྱི་ཆོས་ རྣམས་ཀྱི་བར་དུ་ཡང་སྐྱེ་བ་མེད་པ་ཡིན་ན་ནི། ཚེ་དང་ལྡན་པ་རབ་འབྱོར་ཉན་ཐོས་ཀྱིས་ཀྱང་། ཉན་ཐོས་ཀྱི་བྱང་ཆུབ་ཐོབ་ཟིན་པར་མི་འགྱུར་རམ། དེ་བཞིན་དུ་སོ་སོའི་སྐྱེ་བོས་ཀྱང་། རང་སངས་རྒྱས་ཀྱི་བྱང་ཆུབ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཐོབ་ཟིན་པར་མི་འགྱུར་རམ། འགྲོ་བ་རྣམ་པ་ལྔ་ཡང་ཐ་དད་པ་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་རྣམ་པ་ལྔ་ཡང་ཐོབ་ཟིན་པར་འགྱུར་རོ། །ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཡིན་ ན། ཅིའི་ཕྱིར་རྒྱུན་དུ་ཞུགས་པས་ནི་ཀུན་ཏུ་སྦྱོར་བ་གསུམ་སྤང་བའི་ཕྱིར་ལམ་བསྒོམ་པར་བྱ། ལན་ཅིག་ཕྱིར་འོང་བས་ནི་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་བསྲབ་པའི་ཕྱིར་ལམ་བསྒོམ་པར་བྱ། ཕྱིར་མི་འོང་བས་ནི་ཐ་མའི་ཆ་དང་འཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤང་བའི་ ཕྱིར་ལམ་བསྒོམ་པར་བྱ། དགྲ་བཅོམ་པས་ནི་གོང་མའི་ཆ་དང་འཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤང་བའི་ཕྱིར་ལམ་བསྒོམ་པར་བྱ། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་ནི་རང་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་ལམ་བསྒོམ་པར་བྱ། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི་སེམས་ཅན་རྣམས་ཀྱི་ཆེད་དུ་དཀའ་བ་སྤྱད་པ་སྤྱོད་ཅིང་སྡུག་བསྔལ་གང་ཡིན་པ་དེ་དག་ཉམས་སུ་མྱོང་བར་བྱེད། ཅིའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ སངས་རྒྱས། ཅིའི་ཕྱིར་དེ་བཞིན་གཤེགས་པས་ནི་ཆོས་ཀྱི་འཁོར་ལོ་བསྐོར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་ཆོས་མ་སྐྱེས་པ་ལ་འཐོབ་པ་དང་། མངོན་པར་རྟོགས་པ་ཡོད་པར་མི་འདོད་དོ། །ཁོ་བོ་ནི་མ་སྐྱེས་པ་ལ་རྒྱུན་དུ་ཞུགས་པ་ཉིད་ཡོད་པར་ མི་འདོད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཡོད་པར་མི་འདོད་དོ། །ལན་ཅིག་ཕྱིར་འོང་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དང་། སྐྱེ་བ་ མེད་པ་ལ་རང་བྱང་ཆུབ་དང་། རང་སངས་རྒྱས་ཡོད་པར་མི་འདོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི། བྱང་ཆུབ་སེམས་དཔའ་དཀའ་བ་སྤྱད་པ་སྤྱོད་པར་མི་འདོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དཀའ་བའི་འདུ་ཤེས་ཀྱིས་མི་སྤྱོད་དོ། །དེ་ཅིའི་ ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་དཀའ་བའི་འདུ་ཤེས་ལ་གནས་པས་ནི། སེམས་ཅན་དཔག་ཏུ་མེད། གྲངས་མེད་པ་རྣམས་ཀྱི་དོན་བྱེད་པར་མི་ནུས་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འོན་ཀྱང་ཕར་འདུ་ཤེས་བསྐྱེད་པ་དང་། མར་འདུ་ཤེས་བསྐྱེད་ པ་དང་། བུར་འདུ་ཤེས་བསྐྱེད་པ་དང་། བདག་ཏུ་འདུ་ཤེས་བསྐྱེད་པས་སེམས་ཅན་དཔག་ཏུ་མེད། གྲངས་མེད་པ་རྣམས་ཀྱི་དོན་བྱེད་པར་ནུས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། ཇི་ ལྟར་བདག་བདག་ཅེས་བྱ་བ་ཡང་དེ་ནི་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་ཅིང་མི་དམིགས་པ་དེ་བཞིན་དུ་ཕྱི་དང་ནང་གི་ཆོས་རྣམས་ལ་ཡང་དེ་ལྟར་སེམས་བསྐྱེད་པར་བྱའོ། །གལ་ཏེ་དེ་ལྟ་བུའི་འདུ་ཤེས་བསྐྱེད་པར་འགྱུར་ན། དཀའ་བའི་འདུ་ཤེས་ བསྐྱེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐམས་ཅད་ཀྱི་ཐམས་ཅད། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཆོས་འགའ་ཡང་མི་ལེན་ཅིང་མི་དམིགས་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་སྐྱེ་བ་མེད་ པ་ལ་དེ་བཞིན་གཤེགས་པ་ཡོད་པར་མི་འདོད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡོད་པར་མི་འདོད་དོ། །ཆོས་མ་སྐྱེས་པས་ཀྱང་འཐོབ་པ་མ་སྐྱེས་པ་འཐོབ་པར་མི་འདོད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་ དང་ལྡན་པ་རབ་འབྱོར་ཅི་མ་སྐྱེས་པའི་ཆོས་ཀྱིས་འཐོབ་པ་སྐྱེས་པ་འཐོབ་བམ། འོན་ཏེ་སྐྱེས་པའི་ཆོས་ཀྱིས་འཐོབ་པ་མ་སྐྱེས་པ་འཐོབ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་སྐྱེས་པའི་ཆོས་ཀྱིས་འཐོབ་པ་མ་སྐྱེས་པ་འཐོབ་པར་ཡང་མི་འདོད་ལ། མ་སྐྱེས་པའི་ཆོས་ཀྱིས་འཐོབ་པ་སྐྱེས་པ་འཐོབ་པར་ཡང་མི་འདོད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅི་འཐོབ་པ་ཡང་མེད་ལ། མངོན་པར་རྟོགས་པ་ཡང་མེད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འཐོབ་པ་ཡང་ཡོད། མངོན་པར་རྟོགས་པ་ཡང་ཡོད་དེ་གཉིས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འཐོབ་པ་དང་། མངོན་པར་རྟོགས་པ་དག་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་གདགས་པའོ། །རྒྱུན་དུ་ཞུགས་པའམ། ལན་ཅིག་ཕྱིར་འོང་བའམ། ཕྱིར་མི་འོང་ བའམ། དགྲ་བཅོམ་པའམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའའམ། སངས་རྒྱས་ཀྱང་འཇིག་རྟེན་གྱི་ཐ་སྙད་ཀྱིས་གདགས་པ་ཡིན་ཏེ། དོན་དམ་པར་ནི་འཐོབ་པ་ཡང་མེད། མངོན་པར་རྟོགས་པ་ཡང་མེད། རྒྱུན་དུ་ཞུགས་པ་ཡང་ མེད། ལན་ཅིག་ཕྱིར་འོང་བ་ཡང་མེད། ཕྱིར་མི་འོང་བ་ཡང་མེད། དགྲ་བཅོམ་པ་ཡང་མེད། རང་སངས་རྒྱས་ཀྱང་མེད། བྱང་ཆུབ་སེམས་དཔའ་ཡང་མེད། སངས་རྒྱས་ཀྱང་མེད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་ འབྱོར་འཐོབ་པ་དང་། མངོན་པར་རྟོགས་པ་ཇི་ལྟར་འཇིག་རྟེན་གྱི་ཐ་སྙད་དུ་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་བཞིན་དུ། སྐྱེ་བ་མེད་པའང་དེ་ལྟ་ཡིན་ནམ། རབ་འབྱོར་གྱིས་ སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། སྐྱེ་བའང་མི་སྐྱེ་ལ་སྐྱེ་བ་མེད་པའང་མི་སྐྱེའོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཆོས་མ་སྐྱེས་སོ་ཆོས་མ་སྐྱེས་སོ་ཞེས་བྱ་བར་བརྗོད་པར་ཁྱོད་སྤོབས་ སམ། ཚེ་དང་ལྡན་པ་རབ་འབྱོར་ཆོས་མ་སྐྱེས་པ་རྣམས་ཀྱི་སྐྱེ་བ་མེད་པ་ཡང་བརྗོད་པར་སྤོབས་སམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཆོས་མ་སྐྱེས་སོ་ཆོས་མ་སྐྱེས་སོ་ཞེས་བྱ་བར་བརྗོད་པར་ཁྱོད་སྤོབས་སམ་ཞེས་ཟེར་བ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་ཆོས་ མ་སྐྱེས་སོ་ཆོས་མ་སྐྱེས་སོ་ཞེས་བྱ་བར་བརྗོད་པའི་སྤོབས་པ་ཡང་ཁོ་བོ་ལ་མེད་དོ། །ཆོས་མ་སྐྱེས་པ་རྣམས་ཀྱི་སྐྱེ་བ་མེད་པར་བརྗོད་པའི་སྤོབས་པ་ཡང་ཁོ་བོ་ལ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་ཆོས་མ་སྐྱེས་པ་གང་ཡིན་པ་དང་། སྐྱེ་བ་མེད་པ་ གང་ཡིན་པ་དང་། སྤོབས་པ་གང་ཡིན་པ་དང་། བརྗོད་པ་གང་ཡིན་པ་དང་། མི་སྐྱེ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཞིང་། གཟུགས་ཅན་མ་ཡིན་པ་བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར་རོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བརྗོད་པ་ཡང་སྐྱེ་བ་མེད། སྤོབས་པ་ཡང་སྐྱེ་བ་མེད། ཆོས་ཀྱང་སྐྱེ་བ་མེད་དེ། གང་དག་ལས་བརྩམས་ཏེ། བརྗོད་པར་བྱ་བའི་ཆོས་དེ་དག་ཀྱང་ སྐྱེ་བ་མེད་པ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ། བརྗོད་པ་ནི་སྐྱེ་བ་མེད་པའོ། །སྤོབས་པ་ནི་སྐྱེ་བ་མེད་པའོ། །ཆོས་ནི་སྐྱེ་བ་མེད་པའོ། །གང་དག་ལས་བརྩམས་ཏེ། བརྗོད་པར་སྤོབས་པའི་ཆོས་དེ་དག་ཀྱང་སྐྱེ་བ་མེད་ པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་སྐྱེ་བ་མེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བ་མེད་པ་དང་། དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་ དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱང་སྐྱེ་བ་མེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་སྐྱེ་བ་མེད་པའི་ཕྱིར་རོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་དེ་བཞིན་ཏེ། བརྗོད་པ་སྐྱེ་བ་མེད་དོ། ། སྤོབས་པ་སྐྱེ་བ་མེད་དོ། །ཆོས་སྐྱེ་བ་མེད་དོ། །གང་དག་ལས་བརྩམས་ཏེ། བརྗོད་པར་སྤོབས་པའི་ཆོས་དེ་དག་ཀྱང་སྐྱེ་བ་མེད་དོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་སྐྱེ་བ་མེད་དོ། །དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྐྱེ་བ་མེད་དོ། །དེ་ལྟར་ན་འཇིག་རྟེན་གྱི་ཐ་སྙད་ཀྱིས་འགྲོ་བ་ལྔ་པོ་དག་ཐ་དད་པ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །རབ་འབྱོར་གྱིས་ སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཇི་ལྟར་འཐོབ་པ་དང་། མངོན་པར་རྟོགས་པ་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་དེ་བཞིན་དུ། འགྲོ་བ་ལྔ་པོ་དག་ཀྱང་འཇིག་རྟེན་གྱི་ཐ་སྙད་ཀྱིས་ཐ་དད་ ཀྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་དོན་དམ་པར་ནི་ལས་ཀྱི་རྣམ་པར་སྨིན་པ་ཡང་མེད། སྐྱེ་བ་ཡང་མེད། འགག་པ་ཡང་མེད། ཀུན་ནས་ཉོན་མོངས་པ་ཡང་མེད། རྣམ་པར་བྱང་བ་ཡང་མེད་པའི་ ཕྱིར་རོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅི་ཆོས་མ་སྐྱེས་པ་སྐྱེ་འམ། འོན་ཏེ་ཆོས་སྐྱེས་པ་སྐྱེ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་ཆོས་མ་སྐྱེས་པ་སྐྱེ་བར་ཡང་མི་འདོད་ལ། ཆོས་སྐྱེས་པ་སྐྱེ་བར་ཡང་མི་ འདོད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཁྱོད་ཆོས་མ་སྐྱེས་པ་གང་སྐྱེ་བར་མི་འདོད། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་གཟུགས་མ་སྐྱེས་པ་སྐྱེ་བར་མི་འདོད་དོ། །ཁོ་བོ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མ་སྐྱེས་པ་སྐྱེ་བར་མི་འདོད་དོ། །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སྟོང་ པ་ཉིད་ཐམས་ཅད་དང་། སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། བྱང་ཆུབ་མ་སྐྱེས་པ་འཐོབ་པར་མི་འདོད། མངོན་པར་རྟོགས་པར་མི་འདོད་དོ། ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཆོས་སྐྱེས་པ་གང་སྐྱེ་བར་མི་འདོད། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་གཟུགས་སྐྱེས་པ་ངོ་བོ་ཉིད་ཀྱིས་སྟོང་པ་སྐྱེ་བར་མི་འདོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེས་པ་ངོ་བོ་ཉིད་ཀྱིས་སྟོང་པ་སྐྱེ་བར་མི་འདོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་སྦྱར་ཏེ། ཁོ་བོ་ནི་བྱང་ཆུབ་ཀྱི་བར་དུ་སྐྱེས་པ་ངོ་བོ་ཉིད་ཀྱིས་སྟོང་པ་སྐྱེ་བར་མི་འདོད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅི་མ་སྐྱེས་པའི་ཆོས་སྐྱེའམ། སྐྱེས་པའི་ཆོས་སྐྱེ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་མ་སྐྱེས་པ་ཡང་མི་སྐྱེ་ལ། སྐྱེས་པ་ཡང་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་སྐྱེས་པ་གང་ཡིན་པ་དང་མ་ སྐྱེས་པའི་ཆོས་གང་ཡིན་པ་དེ་གཉི་ག་ཡང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཏེ་སྐྱེ་བ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་གཟུགས་སྐྱེ་བ་མེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བ་ མེད་པ་དང་། དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། དེ་བཞིན་དུ་སྦྱར་ཏེ། ལུས་ཀྱི་འདུ་བྱེད་རྣམས་དང་། ངག་གི་འདུ་བྱེད་རྣམས་དང་། ཡིད་ཀྱི་འདུ་བྱེད་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྐྱེ་བ་མེད་པའི་ཕྱིར་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། བརྗོད་པ་སྐྱེ་བ་མེད། སྤོབས་པ་སྐྱེ་བ་མེད། ཆོས་སྐྱེ་བ་མེད། གང་དག་ལས་བརྩམས་ཏེ། བརྗོད་པར་ སྤོབས་པའི་ཆོས་དེ་དག་ཀྱང་སྐྱེ་བ་མེད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ནི་ཆོས་སྨྲ་བ་རྣམས་ཀྱི་མཆོག་ཏུ་བཞག་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚེ་དང་ལྡན་པ་རབ་འབྱོར་ནི་གང་དང་གང་ཡོངས་སུ་དྲིས་པ་དེ་དང་དེ་ཉིད་ལས་ངེས་པར་འབྱུང་བའི་ ཕྱིར་རོ། །རབ་འབྱོར་གྱིས་སྨྲས་པ། འདི་ལྟར་ཆོས་ཐམས་ཅད་ལ་མི་གནས་པའི་ཕྱིར་རོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ན། ཆོས་ཐམས་ཅད་ལ་མི་གནས་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་ པ་ཤཱ་རིའི་བུ་གཟུགས་ནི་རང་བཞིན་གྱིས་སྟོང་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རང་ བཞིན་གྱིས་སྟོང་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་མིག་ནི་རང་བཞིན་གྱིས་སྟོང་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་ པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་རང་བཞིན་གྱིས་སྟོང་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ ལྡན་པ་ཤཱ་རིའི་བུ་གཟུགས་ནི་རང་བཞིན་གྱིས་སྟོང་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ནི་རང་བཞིན་གྱིས་སྟོང་ སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་ པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ རང་བཞིན་གྱིས་སྟོང་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་སྟོང་པ་ཉིད་ནི་རང་བཞིན་གྱིས་སྟོང་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་རང་བཞིན་གྱིས་སྟོང་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་ རིའི་བུ་དྲན་པ་ཉེ་བར་གཞག་པ་རྣམས་ནི་རང་བཞིན་གྱིས་སྟོང་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་ པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་ནི་རང་བཞིན་གྱིས་སྟོང་སྟེ། དེ་དག་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །སྟོབས་རྣམས་དང་། མི་ འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ནི་རང་བཞིན་གྱིས་སྟོང་སྟེ། དེ་དག་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཚེ་ དང་ལྡན་པ་ཤཱ་རིའི་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་རང་བཞིན་གྱིས་སྟོང་སྟེ། དེ་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་ངེས་ན། ཆོས་ཐམས་ཅད་ནི་རང་ བཞིན་གྱིས་སྟོང་པའི་ཕྱིར་མི་གནས་པ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པས་གཟུགས་ཡོངས་སུ་སྦྱང་བར་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་ པར་ཤེས་པ་ཡོངས་སུ་སྦྱང་བར་བྱའོ། །ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ཏིང་ ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་སྦྱང་བར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ ཡོངས་སུ་སྦྱང་བར་བྱའོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ། ཇི་ལྟར་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བར་བྱེད། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་ བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཡིན། འཇིག་རྟེན་ལས་འདས་པ་ནི་གང་ཡིན། རབ་ འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པ་པོ་དང་། སྦྱིན་བདག་ཏུ་གྱུར་ཅིང་། དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། སྡུག་ཕོངས་པ་དང་། འདྲོན་པ་དང་། སློངས་མོ་པ་ཟས་ འདོད་པ་རྣམས་ལ་ནི་ཟས། སྐོམ་འདོད་པ་རྣམས་ལ་ནི་སྐོམ། བཞོན་པ་འདོད་པ་རྣམས་ལ་ནི་བཞོན་པ། གོས་འདོད་པ་རྣམས་ལ་ནི་གོས། མེ་ཏོག་འདོད་པ་རྣམས་ལ་ནི་མེ་ཏོག །མེ་ཏོག་ཕྲེང་འདོད་པ་རྣམས་ལ་ནི་མེ་ཏོག་ཕྲེང་། སྤོས་འདོད་པ་རྣམས་ལ་ནི་ སྤོས། བྱུག་པ་འདོད་པ་རྣམས་ལ་ནི་བྱུག་པ། གནས་འདོད་པ་རྣམས་ལ་ནི་གནས། མལ་ཆ་དང་སྟན་འདོད་པ་རྣམས་ལ་ནི་མལ་ཆ་དང་སྟན། འཚོག་ཆས་འདོད་པ་རྣམས་ལ་ནི་འཚོག་ཆས། སྨན་འདོད་པ་རྣམས་ལ་ནི་སྨན། མིའི་ཡོ་བྱད་གང་ཡང་རུང་བའི་ བར་དག་སྦྱིན་པར་བྱེད་ཅིང་། བུ་འདོད་པ་རྣམས་ལ་ནི་བུ་སྦྱིན་པར་བྱེད། བུ་མོ་འདོད་པ་རྣམས་ལ་ནི་བུ་མོ་སྦྱིན་པར་བྱེད། ཆུང་མ་འདོད་པ་རྣམས་ལ་ནི་ཆུང་མ་སྦྱིན་པར་བྱེད། རྒྱལ་སྲིད་འདོད་པ་རྣམས་ལ་ནི་རྒྱལ་སྲིད་སྦྱིན་པར་བྱེད། མགོ་འདོད་པ་རྣམས་ལ་ནི་མགོ་ སྦྱིན་པར་བྱེད། མིག་འདོད་པ་རྣམས་ལ་ནི་མིག་སྦྱིན་པར་བྱེད། ཡན་ལག་དང་ཉིང་ལག་འདོད་པ་རྣམས་ལ་ནི་ཡན་ལག་དང་ཉིང་ལག་སྦྱིན་པར་བྱེད། ཤ་དང་། ཁྲག་དང་། རྐང་འདོད་པ་རྣམས་ལ་ནི་ཤ་དང་ཁྲག་དང་རྐང་སྦྱིན་པར་བྱེད་ལ་དེ་ཡང་གནས་ཤིང་ ཡོངས་སུ་གཏོང་བར་བྱེད་དེ། དེ་འདི་སྙམ་དུ་བདག་ནི་སྦྱིན་པ་བྱེད་པའོ། །འདི་ནི་ལེན་པའོ། །འདི་ནི་སྦྱིན་པའོ། །བདག་ནི་སེར་སྣ་མེད་པའོ། །བདག་ནི་སྦྱིན་བདག་གོ། །བདག་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའོ། །བདག་ནི་སངས་རྒྱས་ ཀྱི་བཀའ་བཞིན་བྱེད་པའོ། །བདག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་སྙམ་དུ་སེམས་ཤིང་སྦྱིན་པ་དེ་ཡང་བྱིན་ནས། དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བདག་གི་སྦྱིན་པའི་འབྲས་བུ་འདིས་སེམས་ཅན་འདི་དག་ཚེ་འདི་ལ་ཡང་ བདེ་བར་འགྱུར་ཞིང་། ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག་ཅེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །དེ་ནི་ཆགས་པ་གསུམ་ལ་ཆགས་ཤིང་སྦྱིན་པ་སྦྱིན་པར་བྱེད་དེ། གསུམ་གང་ཞེ་ན། འདི་ལྟ་སྟེ། བདག་ཏུ་འདུ་ཤེས་པ་དང་། གཞན་དུ་འདུ་ཤེས་པ་དང་། སྦྱིན་པར་འདུ་ཤེས་པ་སྟེ། ཆགས་པ་གསུམ་པོ་དེ་དག་ལ་ཆགས་ཤིང་སྦྱིན་པ་སྦྱིན་པར་བྱེད་དེ། དེ་ནི་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཅིའི་ཕྱིར་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་ཞེས་བྱ་ཞེ་ན། འདི་ལྟར་འཇིག་རྟེན་ལས་མི་གཡོ་མི་འཕགས་ཤིང་མི་འདའ་སྟེ། དེའི་ཕྱིར་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལ་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། འདི་ལྟ་སྟེ། འཁོར་ གསུམ་ཡོངས་སུ་དག་པའོ། །དེ་ལ་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་པ་ན། བདག་ཏུ་མི་དམིགས། ལེན་པར་མི་དམིགས། སྦྱིན་པར་མི་དམིགས་ཤིང་། དེ་ དེའི་རྣམ་པར་སྨིན་པ་ལ་ཡང་མངོན་པར་དགའ་བ་མེད་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་གསུམ་ཡོངས་སུ་དག་པ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྦྱིན་ པ་ན། སྦྱིན་པ་དེ་སེམས་ཅན་ཐམས་ཅད་ལ་སྙོམས་པར་བྱེད་ཀྱང་སེམས་ཅན་ཐམས་ཅད་ཀྱང་མི་དམིགས། བདག་ཀྱང་མི་དམིགས། སྦྱིན་པ་ཡང་མི་དམིགས་ལ། སྦྱིན་པ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ཅིང་། བྱང་ ཆུབ་ཀྱང་མི་དམིགས་པ་དེ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཅིའི་ཕྱིར་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་འཇིག་རྟེན་ལས་གཡོ་ཞིང་འཕགས་ ལ་འདའ་སྟེ། དེའི་ཕྱིར་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན་ནོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བཅྭ་བརྒྱད་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་འཇིག་རྟེན་པའི་ཡང་ཡོད། འཇིག་རྟེན་ལས་འདས་པའི་ཡང་ཡོད་དེ། དེ་ལ་འཇིག་རྟེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་གིས་སེར་སྣའི་སེམས་ཚར་བཅད་དོ། །ཞེས་དམིགས་པ་ལ་གནས་ནས་སྦྱིན་པ་སྦྱིན་པར་བྱེད་དེ། དེ་ཡང་བདག་དང་། སེམས་ཅན་དང་། སྦྱིན་པའི་འདུ་ཤེས་ལ་གནས་ཤིང་། དེ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་སྟེ། དམིགས་པ་ལ་གནས་ནས། ཕྱི་དང་ནང་གི་དངོས་པོའམ། ཟིན་པའམ། མ་ཟིན་པའམ། ཅི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། དེ་སྦྱངས་པའི་ཡོན་ཏན་ལ་གནས་ཤིང་། ལུས་དང་། ངག་དང་སེམས་ ཀྱི་དམིགས་པ་ལ་གནས་ཏེ། བདག་ཏུ་ལྟ་བ་ལ་གནས། སེམས་ཅན་དུ་ལྟ་བ་དང་། དགེ་བར་ལྟ་བ་ལ་གནས་ཤིང་། ཚུལ་ཁྲིམས་དང་། དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་ལ་བསྟེན་པ་ཚུལ་ཁྲིམས་དག་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བྱང་ཆུབ་ དམིགས་ནས། དམིགས་པའི་ཚུལ་གྱིས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། དེ་བདག་ལ་སྟོད་ཅིང་གཞན་ལ་སྨོད་པ་དང་། བདག་དང་སེམས་ཅན་དང་། བཟོད་པར་ལྟ་བ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་ཀྱིས་ཉེས་པར་བྱས་པ་བཟོད་པར་བྱེད་ལ། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། དེ་ལུས་དམིགས་ཤིང་། བསོད་ནམས་ཀྱི་ཚོགས་དམིགས་ལ། ཡེ་ཤེས་ཀྱི་ཚོགས་ དམིགས་ཤིང་། བདག་དམིགས་ལ་སེམས་ཅན་རྣམས་དམིགས་ཏེ། བྱང་ཆུབ་དམིགས་ཤིང་བརྩོན་འགྲུས་རྩོམ་སྟེ། དེ་བརྩོན་འགྲུས་རྩོམ་པ་དེས་རློམ་སེམས་སུ་བྱེད་པ་དང་། དེ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སྒོམ་ པར་བྱེད་ཅིང་། བསམ་གཏན་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། སྙོམས་པར་འཇུག་པ་རྣམས་ལ་ཡང་སྙོམས་པར་འཇུག་ལ། ལྡང་བར་ཡང་བྱེད་ཅིང་། དེ་དག་གི་རོ་མྱོང་བར་ཡང་བྱེད་ལ། དེ་དག་གིས་ རློམ་སེམས་སུ་ཡང་བྱེད་ཅིང་། དམིགས་པའི་ལྟ་བ་ཅན་དུ་གྱུར་ནས། དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དེ་ནི་འཇིག་རྟེན་པའིའོ། །དེ་གཟུགས་སྟོང་ངོ་ཞེས་བྱ་བར་དམིགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་ངོ་ཞེས་བྱ་བར་དམིགས་ཤིང་། དེ་བཞིན་དུ་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་བར་དུ་དམིགས་ནས། སྟོང་པ་ཉིད་སྒོམ་སྟེ། དེ་དམིགས་པ་ལ་སྤྱོད་ཅིང་། དགེ་བའི་རྩ་བ་དེ་དག་ཀྱང་སེམས་ ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། དེ་ཡང་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། དམིགས་པའི་ཚུལ་གྱིས་སྡིག་པ་ཐམས་ཅད་སོ་སོར་འཆགས་པ་དང་། བདག་དང་གཞན་གྱི་བསོད་ནམས་ཐམས་ཅད་ལ་ རྗེས་སུ་ཡི་རང་བ་དང་། བདག་དང་གཞན་གྱི་དོན་གྱི་ཕྱིར་དམིགས་ནས། ཐབས་མ་ཡིན་པས་སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་པ་དང་། ཕུང་པོ་གསུམ་པའི་བསོད་ནམས་ཐབས་མ་ཡིན་པས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བ་དེ་ནི་འཇིག་རྟེན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། བདག་དང་། སེམས་ཅན་དང་། སྦྱིན་པར་བྱ་བ་མི་དམིགས་པའི་ཤེས་རབ་འཁོར་ གསུམ་ཡོངས་སུ་དག་པས་བྱང་ཆུབ་ཀྱི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བར་བྱེད་པ་དང་། བདག་དང་། སེམས་ཅན་དང་། ཚུལ་ཁྲིམས་དང་། བྱང་ཆུབ་མི་དམིགས་ཏེ། འཁོར་གསུམ་ཡོངས་སུ་དག་པས་བྱང་ཆུབ་ཀྱི་ཕྱིར་ཚུལ་ཁྲིམས་ ཡོངས་སུ་སྦྱོང་བར་བྱེད་པ་དང་། བདག་དང་། བཟོད་པ་དང་། བྱང་ཆུབ་མི་དམིགས་ཏེ། འཁོར་གསུམ་ཡོངས་སུ་དག་པས། བྱང་ཆུབ་ཀྱི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བར་བྱེད་པ་དང་། བདག་དང་། ལུས་དང་། སེམས་དང་། བརྩོན་འགྲུས་དང་། བསོད་ནམས་དང་། ཡེ་ཤེས་མི་དམིགས་ཏེ། འཁོར་གསུམ་ཡོངས་སུ་དག་པས་བྱང་ཆུབ་ཀྱི་ཕྱིར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བར་བྱེད་པ་དང་། བདག་དང་། སེམས་ཅན་དང་། བསམ་གཏན་དང་། ཏིང་ ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་མི་དམིགས་ཏེ། འཁོར་གསུམ་ཡོངས་སུ་དག་པས་བྱང་ཆུབ་ཀྱི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བར་བྱེད་པ་དང་། སེམས་ཅན་ཐམས་ཅད་མི་དམིགས་པས་བྱང་ཆུབ་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བར་བྱེད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་ཡོངས་སུ་བསྔོ་བ་དུག་མེད་པ་དང་། ཡོངས་སུ་བསྔོ་བ་བླ་ན་མེད་པ་དང་། ཡོངས་སུ་བསྔོ་བ་མི་མཉམ་པ་དང་མཉམ་པ་དང་། ཡོངས་སུ་བསྔོ་བ་བསམ་གྱིས་མི་ཁྱབ་པ་དང་། ཡོངས་ སུ་བསྔོ་བ་མཚུངས་པ་མེད་པ་དང་། ཡོངས་སུ་བསྔོ་བ་དཔག་ཏུ་མེད་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་སྟེ། དེ་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཅིའི་ཕྱིར་ན། འཇིག་ རྟེན་པ་ཞེས་བྱ། ཅིའི་ཕྱིར་ན། འཇིག་རྟེན་ལས་འདས་པ་ཞེས་བྱ་ཞེ་ན། དེ་ལ་འཇིག་རྟེན་པ་ཞེས་བྱ་བ་ནི། གང་དག་གིས་འཇིག་རྟེན་དུ་འགྱུར་བ་དང་། གང་དག་འཇིག་རྟེན་འགྲུབ་པར་བྱེད་པ་དང་། གང་དག་གིས་འཇིག་རྟེན་དང་མཉམ་པ་དང་། གང་དག་གིས་འཇིག་རྟེན་གྱི་ཕྱིར་སྦྱིན་པ་དང་། གང་དག་གིས་འཇིག་རྟེན་ལས་འབྱུང་བར་མི་འགྱུར་བ་དང་། གང་དག་འཇིག་རྟེན་འབྱུང་བར་འགྱུར་བ་དང་། གང་དག་འཇིག་རྟེན་དུ་འབྱུང་བར་འགྱུར་བ་སྟེ། དེ་དག་ནི་འཇིག་རྟེན་པ་ཞེས་བྱའོ། །དེ་ལ་ འཇིག་རྟེན་ལས་འདས་པ་གང་ཞེ་ན། གང་དག་གིས་འཇིག་རྟེན་སྒྲོལ་བ་དང་། གང་དག་འཇིག་རྟེན་སེལ་བར་བྱེད་པ་དང་། འཇིག་རྟེན་གང་དག་གིས་སྒྲོལ་བར་བྱེད་པ་དང་། གང་དག་འཇིག་རྟེན་མ་ཡིན་པར་འགྱུར་བ་དང་། གང་དག་གིས་ འཇིག་རྟེན་ལས་འབྱུང་བར་འགྱུར་བ་དང་། གང་དག་འཇིག་རྟེན་ལས་སྒྲོལ་བ་དང་། གང་དག་འཇིག་རྟེན་དུ་སྒྲོལ་བར་བྱེད་པ་སྟེ། དེ་དག་ནི་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ནི། དེ་ལྟར་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བར་བྱེད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་གང་ཡིན། རབ་འབྱོར་གྱིས་ སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དྲན་པ་ཉེ་བར་གཞག་པ་བཞི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་ཡིན་ནོ། །ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་ དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། བྱམས་ པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་ཞེས་བྱའོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ཕ་རོལ་ཏུ་ཕྱིན་པ་གང་གི་སྐྱེས་བུའི་ རྩལ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེས་བུའི་རྩལ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཉན་ཐོས་ཀྱི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། དགེ་བའི་ཆོས་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཉན་ཐོས་ཀྱི་ ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་འཛིན་ཞིང་། ཡང་དག་པར་འཛིན་པར་བྱེད་པ་ཡིན་ནོ། །ཚེ་དང་ ལྡན་པ་ཤཱ་རིའི་བུ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ པར་གྱུར་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་མ་བྱོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་བཞུགས་ཏེ། འཚོ་ཞིང་གཞེས་པ་དེ་ དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པ་ན། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནེམ་ནུར་མེད་ཅིང་རྨོངས་པ་མེད་པར་གྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་བསྐྱབ་པ་དང་སེམས་ཅན་ཐམས་ཅད་ཡོངས་སུ་མི་ གཏང་བའི་ཕྱིར། འདི་ལྟར་གནས་པ་འདིས་གནས་པ་ཡིན་པར་རིག་པར་བྱ་སྟེ། དེ་ཡང་མི་གནས་པའི་ཚུལ་གྱིས་གནས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པ་དེ་དང་མ་བྲལ་བར་རིག་པར་བྱའོ། ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཡིད་ལ་བྱེད་པའི་ཡིད་ལ་བྱེད་པ་དེ་དང་མ་བྲལ་བར་གནས་པ་དེས་གནས་པ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་འདོད་ན། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་ན་སེམས་ཅན་ཐམས་ཅད་ཀྱང་ བྱང་ཆུབ་སེམས་དཔའ་ཡིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་རབ་འབྱོར་འདི་ལྟར་སེམས་ཅན་ཐམས་ཅད་ནི་ཡིད་ལ་བྱེད་པ་དང་མ་བྲལ་བའི་ཕྱིར་རོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ལེགས་སོ་ལེགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་ ཡང་དག་པའི་ཚིག་བརྗོད་པས་དོན་དེ་ཉིད་ཡོངས་སུ་བཟུང་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་དམིགས་སུ་ཕེབས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་མེད་པའི་ཕྱིར་ཡིད་ལ་བྱེད་པ་མེད་པར་རིག་པར་བྱ། སེམས་ཅན་སྟོང་པ་ཉིད་ཀྱི་ཕྱིར་ཡིད་ལ་བྱེད་པ་སྟོང་ པ་ཉིད་དུ་རིག་པར་བྱ། སེམས་ཅན་དབེན་པའི་ཕྱིར་ཡིད་ལ་བྱེད་པ་དབེན་པར་རིག་པར་བྱ། སེམས་ཅན་ངོ་བོ་ཉིད་མེད་པའི་ཕྱིར་ཡིད་ལ་བྱེད་པ་ངོ་བོ་ཉིད་མེད་པར་རིག་པར་བྱ་ཞིང་སེམས་ཅན་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པའི་ཕྱིར་ཡིད་ལ་བྱེད་པ་མངོན་པར་རྫོགས་པར་ འཚང་རྒྱ་བ་མེད་པར་རིག་པར་བྱ་བའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་མེད་པའི་ཕྱིར། ཡིད་ལ་བྱེད་པ་མེད་པར་རིག་པར་བྱ། གཟུགས་སྟོང་པ་ཉིད་ཀྱི་ཕྱིར་ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱ། གཟུགས་དབེན་པ་ཉིད་ཀྱི་ཕྱིར་ཡིད་ལ་བྱེད་པ་དབེན་པ་ ཉིད་དུ་རིག་པར་བྱ། གཟུགས་ངོ་བོ་ཉིད་མེད་པའི་ཕྱིར་ཡིད་ལ་བྱེད་པ་ངོ་བོ་ཉིད་མེད་པར་རིག་པར་བྱ། གཟུགས་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པའི་ཕྱིར་ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པར་རིག་པར་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མེད་པའི་ཕྱིར་ཡིད་ལ་བྱེད་པ་མེད་པར་རིག་པར་བྱའོ། །རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར་ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །རྣམ་པར་ཤེས་པ་དབེན་པ་ཉིད་ཀྱི་ཕྱིར་ཡིད་ལ་བྱེད་པ་དབེན་པ་ཉིད་དུ་རིག་པར་བྱའོ། །རྣམ་པར་ཤེས་པ་ ངོ་བོ་ཉིད་མེད་པའི་ཕྱིར་ཡིད་ལ་བྱེད་པ་ངོ་བོ་ཉིད་མེད་པར་རིག་པར་བྱའོ། །རྣམ་པར་ཤེས་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པའི་ཕྱིར་ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པར་རིག་པར་བྱའོ། །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ ཅིང་འབྲེལ་པར་འབྱུང་བ་དང་། བདེན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་། ཕ་རོལ་ཏུ་ཕྱིན་པ་དང་། སྟོང་པ་ཉིད་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མེད་པའི་ཕྱིར། ཡིད་ལ་ བྱེད་པ་མེད་པར་རིག་པར་བྱའོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ངོ་བོ་ཉིད་མེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པའི་ཕྱིར་ ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པར་རིག་པར་བྱ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གནས་པ་འདི་དང་། ཡིད་ལ་བྱེད་པ་འདི་དང་མ་བྲལ་ལོ་ཞེས་ཁོ་བོ་སྨྲའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རབ་འབྱོར་ལེགས་སོ་ལེགས་སོ། །འདི་ལྟར་དེ་བཞིན་གཤེགས་པའི་མཐུས། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་བྱ་ སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཚེ་དང་ལྡན་པ་རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་འདི་བཤད་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ ཁམས་འདི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ཏེ། གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་སོ། །འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ཏོ། །ལྡེག་རབ་ཏུ་ལྡེག །ཀུན་ཏུ་རབ་ཏུ་ལྡེག་གོ། །འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་སོ། ། འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་རོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ། ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོ། ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ། བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་ མཐོ། །དབུས་དམའ་ན་མཐའ་མཐོ། མཐའ་དམའ་ན་དབུས་མཐོ་བར་གྱུར་ཏོ། །དེ་ནས་དེའི་ཚེ། བཅོམ་ལྡན་འདས་འཛུམ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཇི་ལྟར་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ནང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་དེ་བཞིན་དུ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད། གྲངས་མེད་པ་དག་ན་ཡང་། དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པར་མཛད་དོ། །དེ་བཞིན་དུ་ཕྱོགས་བཅུ་ཁོ་ར་ཡུག་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད། གྲངས་མེད་པ་དག་ན། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པར་མཛད་དོ། །ཚེ་དང་ལྡན་པ་རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བཤད་པ་ན། ལྷ་དང་མིའི་སྐྱེ་དགུ་རྣམས་ལས་ སྲོག་ཆགས་འབུམ་ཉི་ཁྲིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་སྟོན་པ་མཛད་ན་ཡང་སེམས་ཅན་ དཔག་ཏུ་མེད། གྲངས་མེད་པ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡུམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། གནས་བརྟན་རབ་འབྱོར་གྱི་ ལེའུ་ཞེས་བྱ་སྟེ། ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་པོ་ཆེན་པོ་གང་དག་འཁོད་པ་དེ་དག་ཐམས་ཅད་ལྷའི་བུ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ། ། དེ་བཞིན་དུ་ལྷའི་དབང་པོ་བརྒྱ་བྱིན་རྣམས་དང་། རབ་འཐབ་བྲལ་རྣམས་དང་། ཡོངས་སུ་དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། ཚངས་པའི་མདུན་ན་འདོན་རྣམས་ཀྱང་། ཚངས་པའི་བར་དག་དང་ལྷན་ཅིག་ཏུ་ འདུས་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཚངས་པ་དང་། གནས་གཙང་མའི་རིས་ཀྱི་བར་གྱི་ལྷའི་བུ་གང་དག་ཇི་སྙེད་འཁོད་པ་རྣམས་ཀྱང་ལྷའི་བུ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་འདུས་པར་གྱུར་ཏོ། །རྒྱལ་ཆེན་ བཞིའི་རིས་ཀྱི་ལྷའི་བུ་དེ་དག་གི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལུས་ཀྱི་འོད་གང་ཡིན་པ་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་པ་དང་། གནས་གཙང་མའི་རིས་ཀྱི་ བར་གྱི་ལྷའི་བུ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལུས་ཀྱི་འོད་གང་ཡིན་པ་དེ་དག་ནི་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། བྱེ་བ་ཕྲག་འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་དོ། །དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱི་གན་ན། ལྷ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལུས་ཀྱི་འོད་དེ་དག་ཐམས་ཅད་ནི་ལྷམ་མེ་མ་ཡིན། ལྷན་ནེ་མ་ཡིན། ལྷང་ངེ་མ་ཡིན་ནོ། །དེ་ བཞིན་གཤེགས་པའི་འོད་ནི་དེ་དག་གི་ནང་ན་མཆོག་ཏུ་སྣང་ངོ་། །ཕུལ་དུ་སྣང་ངོ་། །ཁྱད་པར་དུ་འཕགས་པར་སྣང་ངོ་། །རབ་དང་། རབ་མཆོག་དང་། གྱ་ནོམ་པ་དང་། བླ་ན་མེད་པ་དང་། གོང་ན་མེད་པར་སྣང་ངོ་། །འདི་ལྟ་སྟེ་དཔེར་ན། འཛམ་བུ་ཆུ་བོའི་ གསེར་གྱི་གནན་ལྕགས་ནག་པོ་ནི་ཀ་བ་ཚིག་པ་བཞིན་དུ་ལྷམ་མེ་མ་ཡིན། ལྷན་ནེ་མ་ཡིན། ལྷང་ངེ་མ་ཡིན་ནོ། །དེ་བཞིན་དུ། དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱི་གནན་ལྷ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལུས་ཀྱི་འོད་དེ་དག་ཐམས་ཅད་ཀྱང་ལྷམ་མེ་མ་ ཡིན། ལྷན་ནེ་མ་ཡིན། ལྷང་ངེ་མ་ཡིན་ཏེ། དེ་བཞིན་གཤེགས་པའི་འོད་ནི་དེ་དག་གི་ནང་ན་མཆོག་ཏུ་སྣང་ངོ་། །ཕུལ་དུ་སྣང་ངོ་། །ཁྱད་པར་དུ་འཕགས་པར་སྣང་ངོ་། །རབ་དང་། རབ་མཆོག་དང་། གྱ་ནོམ་པ་དང་། བླ་ན་མེད་པ་དང་། གོང་ན་མེད་པར་སྣང་ངོ་། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ལྡན་ རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། གནས་གཙང་མའི་རིས་ཀྱི་བར་གྱི་ལྷའི་བུ་གང་དག་འཁོད་པ་དེ་དག་ཐམས་ཅད་བཙུན་པ་རབ་འབྱོར་ལ་ཆོས་ཉན་པའི་ཕྱིར་འདུས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཉན་པར་འདོད་ན། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཡིན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་ནི་ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ། ཡིད་ལ་ཟུང་ཤིག་དང་། སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ ཀྱི་བྱིན་གྱི་རླབས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་བ་དག་བསྟན་པར་བྱས། ལྷའི་བུ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་གིས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱིས་ཤིག །གང་ དག་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་འཁོར་བའི་རྒྱུན་གྱི་མཚམས་བཅད་པའི་ཕྱིར་རོ། །འོན་ཀྱང་གལ་ཏེ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཁོ་བོ་ནི་དགེ་བའི་ཕྱོགས་ཀྱི་བར་ཆད་མི་བྱེད་པས་དེ་དག་ལ་ཡང་རྗེས་སུ་ཡི་རང་སྟེ། ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལས་ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལ་ལྷག་པར་དམིགས་པར་བྱའོ། །ཀཽ་ཤི་ཀ་དེ་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་གཟུགས་མི་རྟག་པར་ཡིད་ལ་བྱའོ། །སྡུག་བསྔལ་བ་དང་། བདག་མེད་པ་དང་། སྟོང་པ་དང་། ནད་དང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། གཞན་ལ་རག་ལས་པ་དང་། འཇིག་པའི་ཆོས་ཅན་དང་། མི་བརྟན་པ་དང་། རབ་ཏུ་འཇིག་པའི་ངང་ཚུལ་ཅན་དང་། འཇིགས་པ་དང་། འཚེ་བ་དང་། འགོ་བའི་ནད་ལྟ་བུར་ཡིད་ལ་བྱ་སྟེ། དེ་ཡང་ མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། དེ་བཞིན་དུ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། དེ་བཞིན་དུ་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་མི་རྟག་པར་ཡིད་ལ་བྱའོ། །སྡུག་བསྔལ་བ་དང་། བདག་མེད་པ་དང་། སྟོང་པ་དང་། ནད་དང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། གཞན་ ལ་རག་ལས་པ་དང་། འཇིག་པའི་ཆོས་ཅན་དང་། མི་བརྟན་པ་དང་། རབ་ཏུ་འཇིག་པའི་ངང་ཚུལ་ཅན་དང་། འཇིགས་པ་དང་། འཚེ་བ་དང་། འགོ་བའི་ནད་ལྟ་བུར་ཡིད་ལ་བྱ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བར་ཡིད་ལ་བྱ་སྟེ། དེ་ཡང་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་དང་། དབེན་པ་དང་། སྟོང་པར་ཡིད་ལ་བྱའོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་ གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་ཏེ། དེ་ཡང་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་དང་། དབེན་པ་དང་། སྟོང་པར་ཡིད་ལ་བྱ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དག་གིས་མ་རིག་པ་འགགས་པས་འདུ་བྱེད་འགག་སྟེ། དེ་ཡང་ མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་དང་། དབེན་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པར་ཡིད་ལ་བྱའོ། །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་སྟེ། དེ་ལྟར་ན་སྡུག་བསྔལ་ གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་ཏེ། དེ་ཡང་བདག་མེད་པ་དང་། ཞི་བ་དང་། དབེན་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡིད་ལ་བྱ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱའོ། ། ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྒོམ་མོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་ གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་བསྒོམ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྒོམ་མོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། དེ་ཡང་མི་ དམིགས་པའི་ཚུལ་གྱིས་སྤྱོད་དོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པ་དག་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྤྱོད་དོ། །ཀཽ་ཤི་ཀ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཆོས་དང་། ཆོས་རྣམས་སྦྱོར་བར་བྱེད་ཅིང་། རྟོག་སྦྱོར་དུ་བྱེད་ལ། ཡོངས་སུ་རྫོགས་པར་བྱེད་ཅིང་། ཡོངས་སུ་ཁྱབ་པར་བྱེད་དེ། ཆོས་འདི་དག་ཐམས་ཅད་ནི་བདག་མེད་ཅིང་། བདག་དང་བདག་གི་དང་བྲལ་བའོ་ཞེས་སོ་སོར་རྟོག་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བའི་སེམས་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་དང་འགྲོགས་པ་མ་ཡིན་ལ། ཡོངས་སུ་བསྔོ་བའི་སེམས་གང་ཡིན་པ་དེ་ཡང་དགེ་བའི་རྩ་བའི་སེམས་དང་འགྲོགས་པ་མ་ཡིན་པའི་ཕྱིར་ཏེ། ཀཽ་ཤི་ཀ་དགེ་བའི་རྩ་བའི་ སེམས་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་ལ་མེད་ཅིང་མི་དམིགས། བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ཡང་དགེ་བའི་རྩ་བའི་སེམས་ལ་མེད་ཅིང་མི་དམིགས། བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ནི་ཡོ