Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 029_ཁྲི་བརྒྱད།_ཀ

Văn bản gốc(Tây Tạng)

Trang 14 / 19 (50.000 ký tự/trang)
པར་མ་གྲུབ་པ་ལས་གུད་ན་ཡང་གང་བྱང་ཆུབ་ཀྱི་སླད་དུ་

སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་སུ་མ་མཆིས་པ་ལགས་སོ་ཞེས་སྨྲ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་འདི་སྐད་དུ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་བསྟན་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་ཞུམ། མི་འགོང་ཞིང་
ཡིད་འགྱོད་པར་མི་འགྱུར་ལ། མི་སྐྲག་མི་དངང་ཞིང་། དངང་བར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས་པར་རིག་པར་བགྱིའོ་ཞེས་སྨྲ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་
མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་ཁས་མི་ལེན་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་སྟོང་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་ཁས་མི་ལེན་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་ཁས་
མི་ལེན་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་དངོས་པོ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་ཁས་མི་ལེན་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་ཁས་མི་ལེན་ཏོ། །གཟུགས་སྟོང་པ་དང་། གཟུགས་
དབེན་པ་དང་། གཟུགས་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་ཁས་མི་ལེན་ཏོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་ཁས་མི་ལེན་ཏོ། །རྣམ་པར་
ཤེས་པ་སྟོང་པ་དང་། རྣམ་པར་ཤེས་པ་དབེན་པ་དང་། རྣམ་པར་ཤེས་པ་ངོ་བོ་ཉིད་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་ཁས་མི་ལེན་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་ཁས་
མི་ལེན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དབེན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་ཁས་མི་ལེན་ཏོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་

ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་ཁས་མི་ལེན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་
དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་ཁས་མི་ལེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་སྟོང་པ་ཉིད་ལ་སྔོན་གྱི་མཐའ་དང་། ཕྱི་མའི་
མཐའ་དང་། དབུས་རྣམས་ཀྱང་མི་དམིགས་ཏེ། སྟོང་པ་ཉིད་ཀྱང་གཞན་ལ། བྱང་ཆུབ་སེམས་དཔའ་ཡང་གཞན་ཞིང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་ཀྱང་གཞན་མ་ཡིན་པས། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་སྟོང་པ་ཉིད་གང་ཡིན་པ་དང་།
བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་གང་ཡིན་པ་དེ་དག་ཐམས་ཅད་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་།
ཕྱི་མའི་མཐའ་དང་། དབུས་རྣམས་སུ་ཁས་མི་ལེན་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ། མེད་པ་ཡང་གཞན། སྟོང་པ་ཉིད་ཀྱང་གཞན། དབེན་པ་ཡང་གཞན། ངོ་བོ་ཉིད་མེད་པ་ཡང་གཞན། བྱང་ཆུབ་སེམས་དཔའ་ཡང་གཞན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་
གཞན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ཞིང་། སྔོན་གྱི་མཐའ་དང་། ཕྱི་
མའི་མཐའ་དང་། དབུས་རྣམས་ཀྱང་གཞན་པ་མ་ཡིན་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་མེད་པ་གང་ཡིན་པ་དང་། སྟོང་པ་ཉིད་གང་ཡིན་པ་དང་། དབེན་པ་གང་ཡིན་པ་དང་། ངོ་བོ་ཉིད་མེད་པ་གང་ཡིན་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་

གང་ཡིན་པ་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་གང་ཡིན་པ་དེ་དག་ཐམས་ཅད་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་། དབུས་རྣམས་སུ་
ཁས་མི་ལེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་སྟོང་པ་ཉིད་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་ཁས་མི་ལེན་ཏོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་
དང་། དབུས་རྣམས་སུ་ཁས་མི་ལེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་སྟོང་པ་ཉིད་མེད་པ་དང་། ནང་སྟོང་པ་ཉིད་སྟོང་པ་དང་། ནང་སྟོང་པ་ཉིད་དབེན་པ་དང་། ནང་སྟོང་པ་ཉིད་ངོ་བོ་ཉིད་མེད་པ་ལ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་
རྣམས་མི་དམིགས་པའི་ཕྱིར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མེད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དབེན་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ངོ་བོ་ཉིད་མེད་པ་ལ་སྔོན་གྱི་
མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་མི་དམིགས་པའི་ཕྱིར་རོ། །ནང་སྟོང་པ་ཉིད་མེད་པ་དང་། སྟོང་པ་དང་། དབེན་པ་དང་། ངོ་བོ་ཉིད་མེད་པ་ཡང་གཞན་ལ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མེད་པ་དང་། སྟོང་པ་དང་། དབེན་པ་དང་།
ངོ་བོ་ཉིད་མེད་པ་ཡང་གཞན་ཞིང་བྱང་ཆུབ་སེམས་དཔའ་ཡང་གཞན་ལ། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་ཀྱང་གཞན་པ་མ་ཡིན་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་ནང་སྟོང་པ་ཉིད་མེད་པ་དང་། སྟོང་པ་དང་། དབེན་པ་དང་། ངོ་བོ་ཉིད་མེད་པ་གང་ཡིན་པ་དང་། དངོས་པོ་མེད་པའི་ངོ་བོ་
ཉིད་སྟོང་པ་ཉིད་ཀྱི་བར་དུ་མེད་པ་དང་། སྟོང་པ་དང་། དབེན་པ་དང་། ངོ་བོ་ཉིད་མེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་གང་ཡིན་པ་དེ་དག་ཐམས་ཅད་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་

མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་སུ་ཁས་མི་ལེན་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་དྲན་པ་ཉེ་བར་གཞག་པ་རྣམས་མེད་པའི་ཕྱིར། བྱང་ཆུབ་
སེམས་དཔའ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་སུ་ཁས་མི་ལེན་ཏོ། །དྲན་པ་ཉེ་བར་གཞག་པ་རྣམས་སྟོང་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་དབེན་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ངོ་བོ་ཉིད་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་
སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་སུ་ཁས་མི་ལེན་ཏོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་མེད་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། སྟོབས་དང་། མི་འཇིགས་པ་དང་།
སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་སུ་ཁས་མི་ལེན་ཏོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་རྣམས་སྟོང་པ་དང་། སངས་རྒྱས་
ཀྱི་ཆོས་རྣམས་དབེན་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ངོ་བོ་ཉིད་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་སུ་ཁས་མི་ལེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་མེད་པ་དང་། སྟོང་པ་དང་།
དབེན་པ་དང་། ངོ་བོ་ཉིད་མེད་པ་ལ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་མི་དམིགས་པའི་ཕྱིར་རོ། །མེད་པ་ཡང་གཞན་མ་ཡིན། སྟོང་པ་ཡང་གཞན་མ་ཡིན། དབེན་པ་ཡང་གཞན་མ་ཡིན། ངོ་བོ་ཉིད་མེད་པ་ཡང་གཞན་མ་ཡིན་ཞིང་། དྲན་པ་ཉེ་
བར་གཞག་པ་རྣམས་ཀྱང་གཞན་མ་ཡིན་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ཡང་གཞན་མ་ཡིན་ཞིང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་ཀྱང་གཞན་མ་ཡིན་པའི་ཕྱིར་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན། དྲན་པ་ཉེ་བར་གཞག་པ་རྣམས་མེད་

པ་དང་། སྟོང་པ་དང་། དབེན་པ་དང་། ངོ་བོ་ཉིད་མེད་པ་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་གང་ཡིན་པ་དེ་དག་ཐམས་ཅད་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །ཚེ་དང་ལྡན་པ་
ཤཱ་རིའི་བུ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་སུ་ཁས་མི་ལེན་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་ཏིང་ངེ་འཛིན་ཐམས་ཅད་མེད་པ་དང་། གཟུངས་ཀྱི་སྒོ་ཐམས་ཅད་མེད་པ་དང་། ཆོས་ཀྱི་དབྱིངས་མེད་པ་དང་།
དེ་བཞིན་ཉིད་མེད་པ་དང་། ཡང་དག་པའི་མཐའ་མེད་པ་དང་། ཡང་དག་པའི་མཐའ་སྟོང་པ་དང་། ཡང་དག་པའི་མཐའ་དབེན་པ་དང་། ཡང་དག་པའི་མཐའ་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་སུ་ཁས་མི་ལེན་ཏོ། །
དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་མེད་པ་དང་། ཡང་དག་པའི་མཐའི་བར་དུ་མེད་པ་དང་། ཡང་དག་པའི་མཐའི་བར་དུ་ངོ་བོ་ཉིད་མེད་པ་ལ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་མི་དམིགས་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་མེད་པ་ཡང་གཞན། སྟོང་
པ་ཡང་གཞན། དབེན་པ་ཡང་གཞན། ངོ་བོ་ཉིད་མེད་པ་ཡང་གཞན། བྱང་ཆུབ་སེམས་དཔའ་ཡང་གཞན། ཡང་དག་པའི་མཐའི་བར་དུ་ཡང་གཞན་ཞིང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་ཀྱང་གཞན་པ་མ་ཡིན་ཏེ། ཚེ་དང་ལྡན་པ་ཤཱ་རིའི་
བུ་དེ་ལྟར་ན་མེད་པ་གང་ཡིན་པ་དང་། ངོ་བོ་ཉིད་མེད་པའི་བར་གང་ཡིན་པ་དང་། ཏིང་ངེ་འཛིན་གང་ཡིན་པ་དང་། ཡང་དག་པའི་མཐའི་བར་དང་། བྱང་ཆུབ་སེམས་དཔའ་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་གང་ཡིན་པ་དེ་དག་ནི་ཐམས་
ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་སུ་ཁས་མི་ལེན་ཏོ། །ཚེ་དང་ལྡན་པ་ཤཱ་

རིའི་བུ་གཞན་ཡང་ཉན་ཐོས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་སུ་ཁས་མི་ལེན་ཏོ། །ཉན་ཐོས་སྟོང་པ་དང་། ཉན་ཐོས་དབེན་པ་དང་། ཉན་ཐོས་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་
གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་སུ་ཁས་མི་ལེན་ཏོ། །རང་སངས་རྒྱས་མེད་པ་དང་། བྱང་ཆུབ་སེམས་དཔའ་མེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་དབེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ངོ་བོ་ཉིད་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་སུ་ཁས་མི་ལེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་མེད་པ་དང་། སྟོང་པ་དང་། དབེན་པ་དང་།
ངོ་བོ་ཉིད་མེད་པ་ལ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་མི་དམིགས་པའི་ཕྱིར་རོ། །མེད་པ་དང་། སྟོང་པ་དང་། དབེན་པ་དང་། ངོ་བོ་ཉིད་མེད་པ་ཡང་གཞན་ཞིང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱང་གཞན་ལ་སྔོན་
གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་ཀྱང་གཞན་མ་ཡིན་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་མེད་པ་དང་། སྟོང་པ་དང་། དབེན་པ་དང་། ངོ་བོ་ཉིད་མེད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་
དེ་དག་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་སུ་ཁས་མི་ལེན་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཁྱོད་གང་འདི་སྐད་དུ། ཚེ་དང་ལྡན་པ་རབ་
འབྱོར་ཅིའི་ཕྱིར། གཟུགས་མུ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་མུ་མེད་པར་རིག་པར་བྱ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མུ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་མུ་མེད་པར་རིག་པར་བྱ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་

བུ་གཟུགས་ནི་ནམ་མཁའ་དང་མཉམ་པ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ནམ་མཁའ་དང་མཉམ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་ནི་མཐའ་དང་། དབུས་དང་
མཐའ་མི་དམིགས་ཀྱང་། ནམ་མཁའ་ཞེས་ཐ་སྙད་འདོགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་གཟུགས་སྟོང་པ་ཉིད་ཡིན་པའི་ཕྱིར་གཟུགས་ཀྱི་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་ཏེ། སྟོང་པ་ཉིད་ལ་ནི་མཐའ་འམ།
དབུས་དམིགས་སུ་མེད་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་ཡིན་པའི་ཕྱིར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྔོན་གྱི་མཐའ་མི་
དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་ཏེ། སྟོང་པ་ཉིད་ལ་ནི་མཐའ་འམ། དབུས་དམིགས་སུ་མེད་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། གཟུགས་མུ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་མུ་མེད་པར་རིག་པར་བྱའོ། །
ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མུ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་མུ་མེད་པར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་རྣམས་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་
སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་ནམ་མཁའ་དང་མཉམ་པ་ཡིན་ནོ། །
དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན། མཐའ་ཡས་མུ་མེད་པའི་ཕྱིར་ནམ་མཁའ་ལ་མཐའ་འམ། དབུས་མི་དམིགས་ཀྱང་ནམ་མཁའ་ཞེས་ཐ་སྙད་འདོགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་སྟོང་པ་ཉིད་

ཡིན་པའི་ཕྱིར། སངས་རྒྱས་ཀྱི་ཆོས་རྣམས་ལ་མཐའ་འམ། དབུས་མི་དམིགས་ཏེ། སྟོང་པ་ཉིད་ལ་མཐའ་འམ། དབུས་དམིགས་སུ་མེད་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། སངས་རྒྱས་ཀྱི་ཆོས་རྣམས་མུ་མེད་པའི་ཕྱིར་བྱང་ཆུབ་
སེམས་དཔའ་མུ་མེད་པར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་ཁྱོད་འདི་སྐད་དུ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་པ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་།
རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་པ་ཡིན་ནམ་ཞེས་ཟེར་བ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་
པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་སྟོང་པ་ཉིད་ལ་ནི་གཟུགས་མེད་ཅིང་མི་དམིགས་སོ། །སྟོང་པ་ཉིད་ལ་ནི་བྱང་ཆུབ་སེམས་དཔའ་མེད་ཅིང་མི་དམིགས་ལ། དེ་བཞིན་དུ་སྟོང་པ་ཉིད་ལ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་
ཤེས་པ་མེད་ཅིང་མི་དམིགས། སྟོང་པ་ཉིད་ལ་ནི་བྱང་ཆུབ་སེམས་དཔའ་མེད་ཅིང་མི་དམིགས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་པ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་།
འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་པ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་།
བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་སྟོང་པ་ཉིད་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་མེད་ཅིང་། སྟོང་པ་ཉིད་ལ་ནི་བྱང་ཆུབ་སེམས་དཔའ་མེད་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ཀྱིས་སྟོང་ངོ་། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་སྟོང་ངོ་། །དྲན་པ་ཉེ་བར་གཞག་
པ་རྣམས་ནི། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་སྟོང་ངོ་། །ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་
རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་ངོ་། །ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱིས་སྟོང་ངོ་། །དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱིས་སྟོང་ངོ་། །ཡང་དག་པའི་མཐའ་ནི་
ཡང་དག་པའི་མཐས་སྟོང་ངོ་། །བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱིས་སྟོང་ངོ་། །ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་གྱིས་སྟོང་ངོ་། །གཟུངས་ཀྱི་སྒོ་རྣམས་ནི་གཟུངས་ཀྱི་སྒོ་རྣམས་ཀྱིས་སྟོང་ངོ་། །ཐམས་ཅད་ཤེས་པ་ཉིད་ནི་ཐམས་ཅད་ཤེས་པ་ཉིད་
ཀྱིས་སྟོང་ངོ་། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་སྟོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་ངོ་། །ཉན་ཐོས་ཀྱི་ཐེག་པ་ནི་ཉན་ཐོས་ཀྱི་ཐེག་པས་སྟོང་ངོ་། །རང་སངས་རྒྱས་ཀྱི་ཐེག་པ་ནི་རང་སངས་རྒྱས་ཀྱི་
ཐེག་པས་སྟོང་ངོ་། །སངས་རྒྱས་ཀྱི་ཐེག་པ་ནི་སངས་རྒྱས་ཀྱི་ཐེག་པས་སྟོང་ངོ་། །ཉན་ཐོས་ནི་ཉན་ཐོས་ཀྱིས་སྟོང་ངོ་། །རང་སངས་རྒྱས་ནི་རང་སངས་རྒྱས་ཀྱིས་སྟོང་ངོ་། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ངོ་། །དེ་བཞིན་གཤེགས་པ་ནི་དེ་བཞིན་
གཤེགས་པས་སྟོང་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་གཤེགས་པ་སྟོང་པ་ཉིད་ལ་ནི་གཟུགས་མེད་ཅིང་མི་དམིགས་སོ། །དེ་བཞིན་གཤེགས་པ་སྟོང་པ་ཉིད་ལ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མེད་ཅིང་མི་དམིགས་སོ། །ཚེ་དང་

ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་པ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་
དམིགས་པ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་ཁྱོད་འདི་སྐད་དུ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་འདི་སྐད་དུ། བཅོམ་ལྡན་འདས་དེ་ལྟར་བདག་གིས་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་
པར་རྗེས་སུ་མ་མཐོང་། མ་དམིགས་ལགས་ན། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གདམས་པར་བགྱི་ཞིང་རྗེས་སུ་བསྟན་པར་བགྱི་ཞེས་སྨྲ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ནི་གཟུགས་ལ་དམིགས་སུ་མེད་དོ། །གཟུགས་ནི་
ཚོར་བ་ལ་དམིགས་སུ་མེད་དོ། །ཚོར་བ་ནི་ཚོར་བ་ལ་དམིགས་སུ་མེད་དོ། །ཚོར་བ་ནི་གཟུགས་ལ་དམིགས་སུ་མེད་དོ། །གཟུགས་དང་། ཚོར་བ་དག་ནི་འདུ་ཤེས་ལ་དམིགས་སུ་མེད་དོ། །འདུ་ཤེས་ནི་འདུ་ཤེས་ལ་དམིགས་སུ་མེད་དོ། །འདུ་ཤེས་ནི་གཟུགས་དང་། ཚོར་བ་
དག་ལ་དམིགས་སུ་མེད་དོ། །འདུ་བྱེད་རྣམས་ནི་འདུ་ཤེས་ལ་མེད་ཅིང་མི་དམིགས་སོ། །འདུ་བྱེད་རྣམས་ནི་འདུ་བྱེད་རྣམས་ལ་མེད་ཅིང་མི་དམིགས་སོ། །འདུ་ཤེས་ནི་འདུ་བྱེད་རྣམས་ལ་མེད་ཅིང་མི་དམིགས་སོ། །རྣམ་པར་ཤེས་པ་ནི་འདུ་བྱེད་རྣམས་ལ་མེད་ཅིང་མི་དམིགས་སོ། །
འདུ་བྱེད་རྣམས་ནི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་ནི་འདུ་བྱེད་རྣམས་ལ་མེད་ཅིང་མི་དམིགས་སོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་།
འདུ་བྱེད་རྣམས་ནི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །རྣམ་པར་ཤེས་པ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ལ་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་མིག་ནི་མིག་ལ་མེད་ཅིང་མི་དམིགས་སོ། །མིག་ནི་རྣ་བ་ལ་མེད་

ཅིང་མི་དམིགས་སོ། །རྣ་བ་ནི་མིག་ལ་མེད་ཅིང་མི་དམིགས་སོ། །རྣ་བ་ནི་རྣ་བ་ལ་མེད་ཅིང་མི་དམིགས་སོ། །རྣ་བ་ནི་སྣ་ལ་མེད་ཅིང་མི་དམིགས་སོ། །སྣ་ནི་སྣ་ལ་མེད་ཅིང་མི་དམིགས་སོ། །སྣ་ནི་མིག་དང་རྣ་བ་ལ་མེད་ཅིང་མི་དམིགས་སོ། །སྣ་ནི་ལྕེ་ལ་མེད་ཅིང་མི་
དམིགས་སོ། །ལྕེ་ནི་ལྕེ་ལ་མེད་ཅིང་མི་དམིགས་སོ། །ལྕེ་ནི་མིག་དང་རྣ་བ་དང་། སྣ་དག་ལ་མེད་ཅིང་མི་དམིགས་སོ། །ལྕེ་ནི་ལུས་ལ་མེད་ཅིང་མི་དམིགས་སོ། །ལུས་ནི་ལུས་ལ་མེད་ཅིང་མི་དམིགས་སོ། །ལུས་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་རྣམས་ལ་
མེད་ཅིང་མི་དམིགས་སོ། །ལུས་ནི་ཡིད་ལ་མེད་ཅིང་མི་དམིགས་སོ། །ཡིད་ནི་ཡིད་ལ་མེད་ཅིང་མི་དམིགས་སོ། །ཡིད་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་རྣམས་ལ་མེད་ཅིང་མི་དམིགས་སོ། །གཟུགས་ནི་གཟུགས་ལ་མེད་ཅིང་མི་དམིགས་སོ། །
གཟུགས་ནི་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ལ་མེད་ཅིང་མི་དམིགས་སོ། །སྒྲ་ནི་སྒྲ་ལ་མེད་ཅིང་མི་དམིགས་སོ། །སྒྲ་ནི་གཞན་དག་ལ་ཡང་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་དྲི་ནི་དྲི་དང་། གཞན་དག་ལ་ཡང་མེད་ཅིང་མི་དམིགས་སོ། །རོ་
ནི་རོ་དང་གཞན་དག་ལ་ཡང་མེད་ཅིང་མི་དམིགས་སོ། །རེག་བྱ་ནི་རེག་བྱ་དང་གཞན་དག་ལ་ཡང་མེད་ཅིང་མི་དམིགས་སོ། །ཆོས་ནི་ཆོས་རྣམས་དང་གཞན་དག་ལ་ཡང་མེད་ཅིང་མི་དམིགས་སོ། །མིག་གི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །
གཞན་དག་ཀྱང་དེ་ལ་མེད་ཅིང་མི་དམིགས་སོ། །དེ་དག་ལ་ཡང་དེ་མེད་ཅིང་མི་དམིགས་སོ། །རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ནི་དེ་བཞིན་ཏེ། ཡིད་ཀྱི་རྣམ་
པར་ཤེས་པ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་ལ་མེད་ཅིང་མི་དམིགས་སོ། །གཞན་དག་ཀྱང་དེ་ལ་མེད་ཅིང་མི་དམིགས་སོ། །དེ་ཡང་གཞན་དག་ལ་མེད་ཅིང་མི་དམིགས་སོ། །མིག་གི་འདུས་ཏེ་རེག་པ་ནི་མིག་གི་འདུས་ཏེ་རེག་པ་ལ་མེད་ཅིང་མི་དམིགས་སོ། དེ་ནི་

གཞན་དག་ལ་ཡང་མེད་ཅིང་མི་དམིགས་སོ། །དེ་ལ་གཞན་དག་ཀྱང་མེད་ཅིང་མི་དམིགས་སོ། །རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ཡང་དེ་བཞིན་ཏེ།
ཡིད་ཀྱི་འདུས་ཏེ་རེག་པ་ནི་ཡིད་ཀྱི་འདུས་ཏེ་རེག་པ་ལ་མེད་ཅིང་མི་དམིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་ཡང་རེག་པ་གཞན་དག་མེད་ཅིང་མི་དམིགས་སོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མེད་ཅིང་མི་དམིགས་
སོ། །དེ་ལ་ཡང་གཞན་དག་དང་གཞན་དག་ལ་ཡང་གཞན་དག་མེད་ཅིང་མི་དམིགས་སོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་མེད་ཅིང་མི་དམིགས་སོ། །དེ་ལ་
ཡང་གཞན་དག་དང་། གཞན་དག་ལ་ཡང་གཞན་དག་མེད་ཅིང་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་རྣམས་ལ་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་
རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་པོ་དག་ནི་སངས་རྒྱས་ཀྱི་
ཆོས་རྣམས་ལ་མེད་ཅིང་མི་དམིགས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་སོ་སོ་ཡང་དག་པར་རིག་པ་རྣམས་ལ་མེད་ཅིང་མི་དམིགས་སོ། །སངས་རྒྱས་ཀྱི་ཆོས་རྣམས་ནི། སོ་སོ་ཡང་དག་པར་རིག་པ་རྣམས་ལ་མེད་ཅིང་མི་དམིགས་སོ། །སོ་སོ་ཡང་དག་པར་རིག་པ་
རྣམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་མེད་ཅིང་མི་དམིགས་སོ། །ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ལ་མེད་ཅིང་མི་དམིགས་སོ། །ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་མེད་ཅིང་མི་དམིགས་སོ། །ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ལ་མེད་ཅིང་མི་དམིགས་སོ། །

ནང་སྟོང་པ་ཉིད་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་མེད་ཅིང་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མེད་ཅིང་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ཀྱི་བར་ལ་མེད་
ཅིང་མི་དམིགས་སོ། །ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་ལ་མེད་ཅིང་མི་དམིགས་སོ། །ཏིང་ངེ་འཛིན་ནི་གཟུངས་རྣམས་ལ་མེད་ཅིང་མི་དམིགས་སོ། །གཟུངས་ནི་གཟུངས་ལ་མེད་ཅིང་མི་དམིགས་སོ། །གཟུངས་ནི་ཏིང་ངེ་འཛིན་ལ་མེད་ཅིང་མི་དམིགས་སོ། །སོ་སོའི་སྐྱེ་བོའི་ས་ནི་
སོ་སོའི་སྐྱེ་བོའི་ས་ལ་མེད་ཅིང་མི་དམིགས་སོ། །རིགས་ཀྱིས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བསྲབས་པའི་ས་དང་། བྱས་པ་རྟོགས་པ་ཅན་གྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་དང་།
དེ་བཞིན་གཤེགས་པའི་ས་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ས་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ས་ལ་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པ་ནི་རྒྱུན་དུ་ཞུགས་པ་ལ་མེད་ཅིང་མི་དམིགས་སོ། །ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་
དང་། རང་སངས་རྒྱས་ནི་རང་སངས་རྒྱས་ཉིད་ལ་མེད་ཅིང་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མེད་ཅིང་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་མེད་ཅིང་མི་དམིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད་ཅིང་མི་དམིགས་སོ། །གདམས་པ་དང་། རྗེས་སུ་བསྟན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད་ཅིང་མི་དམིགས་སོ། །གདམས་པ་དང་། རྗེས་སུ་བསྟན་པ་ནི།
གདམས་པ་དང་། རྗེས་སུ་བསྟན་པ་ལ་མེད་ཅིང་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་ནི་གདམས་པ་དང་། རྗེས་སུ་བསྟན་པ་ལ་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལྟར་ན་ཆོས་ཐམས་ཅད་མེད་ཅིང་མི་དམིགས་པས། བྱང་ཆུབ་སེམས་དཔའ་ཡང་མེད་

ཅིང་མི་དམིགས་ཏེ་བསྟན་དུ་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་ཁྱོད་འདི་སྐད་དུ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ནི་མིང་ཙམ་དུ་བས་ལགས་སོ་ཞེས་སྨྲ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟ་
སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ནི་མིང་ཙམ་ཞེས་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་ཆོས་ཐམས་ཅད་ཀྱི་མིང་དེ་ནི་ཕྱོགས་བཅུ་གང་ནས་ཀྱང་མི་འོང་གང་དུ་ཡང་མི་
འགྲོའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་མིང་ཡང་གང་ནས་ཀྱང་མི་འོང་། གང་དུ་ཡང་མི་འགྲོའོ། །འདི་ལྟར་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་དང་། ཚོར་བ་ཞེས་བྱ་བ་དང་། འདུ་ཤེས་ཞེས་བྱ་བ་དང་། འདུ་བྱེད་རྣམས་ཞེས་བྱ་བ་དང་། རྣམ་པར་ཤེས་པ་ཞེས་
བྱ་བ་དེ་དག་ནི་གློ་བུར་དུ་མིང་དུ་བཏགས་པ་ཡིན་ནོ། །མིང་གང་ཡིན་པ་དེ་ཡང་གཟུགས་མ་ཡིན། ཚོར་བ་མ་ཡིན། འདུ་ཤེས་མ་ཡིན། འདུ་བྱེད་རྣམས་མ་ཡིན། རྣམ་པར་ཤེས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་མིང་གི་ངོ་བོ་ཉིད་ཀྱིས་སྟོང་ལ། སྟོང་པ་
གང་ཡིན་པ་དེ་ནི་མིང་མ་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ནི་མིང་ཙམ་ཞེས་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ནི་མིང་ཙམ་སྟེ། མིང་ལ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་
མེད་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མིང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་མིང་གང་ཡིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་གཉི་ག་ཡང་མེད་ཅིང་མི་དམིགས་པའི་ཕྱིར་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་
ཞེས་བྱ་བ་དེ་ནི་མིང་ཙམ་དུ་ཟད་དོ། །དེ་བཞིན་དུ་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ནི་མིང་

ཙམ་སྟེ། མིང་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མིང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་མིང་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་གཉི་ག་ཡང་མེད་ཅིང་མི་དམིགས་པའི་
ཕྱིར་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ནི་གློ་བུར་དུ་མིང་དུ་བཏགས་པ་ཡིན་པས། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ནི་མིང་ཙམ་དུ་ཟད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟ་སྟེ། ནང་སྟོང་པ་ཉིད་ཅེས་བྱ་བ་དང་། དངོས་པོ་མེད་
པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བའི་བར་དེ་ནི་མིང་ཙམ་སྟེ། ནང་སྟོང་པ་ཉིད་ལས་གུད་ན་ཡང་མིང་མེད་ལ། མིང་ལ་ཡང་ནང་སྟོང་པ་ཉིད་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལས་གུད་ན་ཡང་མིང་མེད་ལ། མིང་ལ་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་
དག་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་མིང་གང་ཡིན་པ་དང་། ནང་སྟོང་པ་ཉིད་གང་ཡིན་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གང་ཡིན་པ་དེ་གཉི་ག་ཡང་མེད་ཅིང་མི་དམིགས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་
འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ནི་མིང་ཙམ་དུ་ཟད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་རྣམས་ཞེས་བྱ་བ་དེ་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། དྲན་པ་ཉེ་བར་གཞག་པ་རྣམས་ལས་གུད་ན་ཡང་མིང་མེད་ལ། མིང་ལ་ཡང་དྲན་པ་ཉེ་
བར་གཞག་པ་རྣམས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་མིང་གང་ཡིན་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་གང་ཡིན་པ་དེ་གཉི་ག་ཡང་མེད་ཅིང་མི་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་
རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་

བརྒྱད་ཅེས་བྱ་བ་དེ་དག་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལས་གུད་ན་ཡང་མིང་མེད་ལ། མིང་ལ་ཡང་སངས་རྒྱས་ཀྱི་ཆོས་རྣམས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་མིང་གང་ཡིན་པ་དང་། སངས་རྒྱས་ཀྱི་
ཆོས་རྣམས་གང་ཡིན་པ་དེ་གཉི་ག་ཡང་མེད་ཅིང་མི་དམིགས་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་འདི་ལྟ་སྟེ། ཏིང་ངེ་འཛིན་ཅེས་བྱ་བ་དང་། གཟུངས་ཀྱི་སྒོ་རྣམས་ཞེས་བྱ་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་བར་དག་ནི་གློ་བུར་དུ་མིང་དུ་བཏགས་པ་སྟེ།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གུད་ན་ཡང་མིང་མེད་ལ། མིང་ལ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་མིང་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གང་ཡིན་པ་དེ་གཉི་ག་ཡང་མེད་ཅིང་མི་
དམིགས་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་ཁྱོད་འདི་སྐད་དུ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་འདི་སྐད་དུ། འདི་ལྟ་སྟེ། དཔེར་བགྱི་ན། བདག་བདག་ཅེས་བགྱི་བ་ཡང་བདག་མངོན་པར་གྲུབ་པ་ནི་གཏན་མ་མཆིས་ལགས་སོ་ཞེས་སྨྲ་ཞེས་ཟེར་བ་ནི། ཚེ་
དང་ལྡན་པ་ཤཱ་རིའི་བུ་བདག་གཏན་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་།
བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་གཏན་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་གཏན་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚོར་
བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གཏན་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚེ་དང་ལྡན་པ་ཤཱ་རིའི་བུ་མིག་གཏན་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། དེ་བཞིན་

དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་གཏན་མེད་ཅིང་མི་དམིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་གཏན་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། དེ་བཞིན་དུ་
སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་གཏན་མེད་ཅིང་མི་དམིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚེ་དང་ལྡན་པ་ཤཱ་རིའི་བུ་མིག་གི་རྣམ་པར་ཤེས་པ་གཏན་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད།
རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་གཏན་མེད་ཅིང་མི་དམིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚེ་དང་ལྡན་པ་ཤཱ་རིའི་བུ་མིག་གི་འདུས་ཏེ་རེག་པ་གཏན་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་
ལ་ཡོད། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་གཏན་མེད་ཅིང་མི་དམིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚེ་དང་ལྡན་པ་ཤཱ་རིའི་བུ་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཏན་མེད་ཅིང་མི་དམིགས་
ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟག་ལ་ཡོད། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གཏན་མེད་ཅིང་མི་དམིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་པའི་ཕ་རོལ་
ཏུ་ཕྱིན་པ་གཏན་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་གཏན་མེད་ཅིང་མི་དམིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་སྟོང་པ་ཉིད་གཏན་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་གཏན་མེད་ཅིང་མི་

དམིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚེ་དང་ལྡན་པ་ཤཱ་རིའི་བུ་དྲན་པ་ཉེ་བར་གཞག་པ་རྣམས་གཏན་མེད་ཅིང་མི་དམིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་
གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་
འདྲེས་པ་བཅྭ་བརྒྱད་གཏན་མེད་ཅིང་མི་དམིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཚེ་དང་ལྡན་པ་ཤཱ་རིའི་བུ་ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་གཏན་མེད་ཅིང་མི་དམིགས་ན། དེ་དག་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད།
ཉན་ཐོས་གཏན་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། རང་སངས་རྒྱས་གཏན་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། བྱང་ཆུབ་སེམས་དཔའ་གཏན་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་
འགྱུར་བ་ལྟ་ག་ལ་ཡོད། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཏན་མེད་ཅིང་མི་དམིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད་དེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། བདག་བདག་ཅེས་བྱ་བ་ཡང་བདག་
མངོན་པར་གྲུབ་པ་ནི་གཏན་མེད་པ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་ཁྱོད་འདི་སྐད་དུ། ཅིའི་ཕྱིར་འདི་ལྟར་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན་ཞེས་སྨྲ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་
དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་འདུས་པ་ལས་བྱུང་བའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་གི་འདུས་པ་ལས་བྱུང་བའི་ངོ་བོ་ཉིད་མེད། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ཀྱི་འདུས་པ་ལས་བྱུང་བའི་ངོ་བོ་

ཉིད་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་འདུས་པ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་མིག་གི་འདུས་པ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་།
ཡིད་ཀྱི་འདུས་པ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་དང་། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་
དང་། མིག་གི་འདུས་ཏེ་རེག་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་འདུས་
པ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འདུས་པ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་
པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འདུས་པ་ལས་བྱུང་བའི་ངོ་བོ་ཉིད་མེད་དེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་
མ་ཡིན་ནོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཆོས་ཐམས་ཅད་ནི་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་པ་དེ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ནི་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་
པ་ཤཱ་རིའི་བུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་མི་རྟག་པ་གང་ཡིན་པ་དེ་ནི་ཟད་པའི་དངོས་པོ་མེད་པའོ། །དེ་བཞིན་དུ་ཆོས་ཐམས་ཅད་

ནི་སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་དང་། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་སྨོན་པ་མེད་པ་གང་ཡིན་པ་དེ་ནི་ཟད་པའི་དངོས་
པོ་མེད་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་ཆོས་ཐམས་ཅད་ནི་དགེ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་མེད་པ་དང་། ཉོན་མོངས་པ་མེད་པ་དང་། འཇིག་རྟེན་ལས་འདས་པ་དང་། རྣམ་པར་བྱང་བ་དང་། འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བས་མ་
ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་འདུས་མ་བྱས་པ་གང་ཡིན་པ་དེ་ནི་ཟད་པའི་དངོས་པོ་མེད་པའི་ཕྱིར་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་
ལྡན་པ་ཤཱ་རིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་ཐེར་ཟུག་ཏུ་གནས་པ་མ་ཡིན། འཇིག་པ་མ་ཡིན་ནོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ཆོས་ཐམས་ཅད་ཐེར་ཟུག་ཏུ་གནས་པ་མ་ཡིན། འཇིག་པ་མ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་
བུ་གཟུགས་ནི་ཐེར་ཟུག་ཏུ་གནས་པ་མ་ཡིན། འཇིག་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཐེར་ཟུག་ཏུ་གནས་པ་མ་ཡིན། འཇིག་པ་མ་
ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་
པ་མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་རྣམས་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ཡང་ཐེར་ཟུག་ཏུ་གནས་པ་མ་ཡིན། འཇིག་པ་

མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་ཁྱོད་འདི་སྐད་དུ། ཅིའི་ཕྱིར་གང་མངོན་པར་གྲུབ་པའི་གཟུགས་
དེ་གང་ལགས། གང་མངོན་པར་གྲུབ་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། གང་མངོན་པར་གྲུབ་པའི་རྣམ་པར་ཤེས་པ་དེ་གང་ལགས་ཞེས་སྨྲ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་གཟུགས་ནི་མངོན་པར་འདུས་མ་བྱས་པའོ། །ཚོར་བ་དང་།
འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མངོན་པར་འདུས་མ་བྱས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་མངོན་པར་འདུ་བྱེད་པ་པོ་མེད་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་མིག་ནི་མངོན་པར་འདུས་མ་བྱས་པའོ། །དེ་ཅིའི་ཕྱིར་ཞེ་ན།
འདི་ལྟར་མངོན་པར་འདུ་བྱེད་པ་པོ་མེད་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་མངོན་པར་འདུས་མ་བྱས་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མངོན་པར་འདུ་བྱེད་པ་པོ་མེད་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་
བུ་གཞན་ཡང་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ནི་མངོན་པར་འདུས་མ་བྱས་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མངོན་པར་འདུ་བྱེད་པ་པོ་མི་དམིགས་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་བར་དུ་ཡང་མངོན་པར་འདུས་མ་བྱས་པའོ། །
དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མངོན་པར་འདུ་བྱེད་པ་པོ་མི་དམིགས་པའི་ཕྱིར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རྣམས་ནི་མངོན་པར་མ་གྲུབ་པ་ཞེས་བྱའོ། །ཚེ་དང་
ལྡན་པ་ཤཱ་རིའི་བུ་གང་ཡང་ཁྱོད་འདི་སྐད་དུ། ཅིའི་ཕྱིར་གང་མངོན་པར་མ་གྲུབ་པ་དེ། གཟུགས་མ་ལགས། གང་མངོན་པར་མ་གྲུབ་པ་དེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མ་ལགས་ཞེས་སྨྲ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་

ཤཱ་རིའི་བུ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་གཟུགས་ནི་རང་བཞིན་གྱིས་སྟོང་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་དོ། །གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་གང་ཡིན་པ་དེ་ལ་གཞན་དུ་
འགྱུར་བ་མེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རང་བཞིན་གྱིས་སྟོང་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་། འཇིག་པ་མེད་དོ། །གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དེ་ལ་གཞན་དུ་འགྱུར་
བ་མེད་དོ། །ཆོས་ཐམས་ཅད་ཀྱི་བར་དུ་རང་བཞིན་གྱིས་སྟོང་སྟེ། གང་དག་རང་བཞིན་གྱིས་སྟོང་པ་དེ་དག་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་དོ། །གང་དག་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དེ་དག་ལ་གཞན་དུ་འགྱུར་བ་མེད་དེ། རྣམ་གྲངས་དེས་ན། གང་མངོན་པར་མ་གྲུབ་པ་
དེ་ནི་གཟུགས་མ་ཡིན་ནོ། །གང་མངོན་པར་མ་གྲུབ་པ་དེ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་ཁྱོད་འདི་སྐད་དུ་ཅིའི་ཕྱིར་ཅི་མངོན་པར་མ་གྲུབ་པ་དེ་མངོན་པར་མ་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་གདམས་པར་བགྱི་ཞིང་རྗེས་སུ་བསྟན་པར་བགྱི་ལགས་སམ་ཞེས་སྨྲ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་མངོན་པར་མ་གྲུབ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་མངོན་པར་མ་གྲུབ་པ་སྟེ།
དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། ཁོ་བོས་འདི་སྐད་དུ། ཅི་མངོན་པར་མ་གྲུབ་པ་དེ་མངོན་པར་མ་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་
པར་བགྱི་ཞིང་རྗེས་སུ་བསྟན་པར་བགྱི་ལགས་སམ་ཞེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་ཁྱོད་འདི་སྐད་དུ་ཅིའི་ཕྱིར་མངོན་པར་མ་གྲུབ་པ་ལས་གུད་ན་ཡང་གང་བྱང་ཆུབ་ཀྱི་སླད་དུ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་སུ་མ་མཆིས་ལགས་སོ་

ཞེས་སྨྲ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། མངོན་པར་མ་གྲུབ་པ་ཡང་གཞན་ལ། བྱང་ཆུབ་སེམས་དཔའ་ཡང་གཞན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་
ན་མངོན་པར་མ་གྲུབ་པ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །མངོན་པར་མ་གྲུབ་པ་ལས་གུད་ན་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་། མངོན་པར་མ་གྲུབ་པ་ལས་གུད་ན་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་
དང་། རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། གཟུགས་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དེ་
ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །དེ་བཞིན་དུ་མངོན་པར་མ་གྲུབ་པ་ལས་གུད་ན་ཆོས་ཐམས་ཅད་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ཆོས་ཐམས་ཅད་ཀྱི་བར་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །ཚེ་དང་ལྡན་
པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། མངོན་པར་མ་གྲུབ་པ་ལས་གུད་ན་གང་བྱང་ཆུབ་ཀྱི་ཕྱིར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དམིགས་སུ་མེད་པ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བཅུ་བདུན་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གང་
ཡང་ཁྱོད་འདི་སྐད་དུ་ཅིའི་ཕྱིར་གལ་ཏེ་དེ་ལྟར་བསྟན་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་ཞུམ་མི་འགོད་ཞིང་། ཡིད་འགྱོད་པར་མི་འགྱུར་ལ། མི་སྐྲག་མི་དངང་ཞིང་། དངང་བར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས་པར་རིག་པར་བགྱིའོ་ཞེས་སྨྲ་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཆོས་ཐམས་ཅད་གཡོ་བ་མེད་པར་ཡང་དག་པར་རྗེས་སུ་མཐོང་ཞིང་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་།

སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། བྲག་ཅ་ལྟ་བུ་དང་། མིག་ཡོར་ལྟ་བུ་དང་། གཟུགས་བརྙན་ལྟ་བུ་དང་། སྤྲུལ་པ་ལྟ་བུར་ཡང་དག་པར་རྗེས་སུ་མཐོང་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། བསྟན་པ་འདི་ཐོས་ན་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་དེ་དག་ལ་དེ་ལྟར་ཉེ་བར་རྟོག་པ་དེའི་ཚེ་གཟུགས་ཁས་མི་ལེན་ཅིང་མི་འཛིན་ལ། གནས་པར་མི་བགྱིད་དེ། མངོན་པར་ཞེན་པར་མི་བགྱིད་ཅིང་། འདི་ནི་གཟུགས་སོ་ཞེས་འདོགས་པར་མི་བགྱིད་ལགས་སོ། །དེའི་ཚེ་ཚོར་བ་
དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཁས་མི་ལེན་ཅིང་། མི་འཛིན་ལ་གནས་པར་མི་བགྱིད་དེ། མངོན་པར་ཞེན་པར་མི་བགྱིད་ཅིང་། འདི་ནི་རྣམ་པར་ཤེས་པའོ་ཞེས་འདོགས་པར་མི་བགྱིད་ལགས་སོ། །དེ་བཞིན་དུ་དེའི་ཚེ། མིག་ཁས་
མི་ལེན་ཅིང་། མི་འཛིན་ལ་གནས་པར་མི་བགྱིད་དེ། མངོན་པར་ཞེན་པར་མི་བགྱིད་ཅིང་། འདི་ནི་མིག་གོ་ཞེས་འདོགས་པར་མི་བགྱིད་ལགས་སོ། །དེ་བཞིན་དུ་དེའི་ཚེ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། །ཡིད་ཁས་མི་ལེན་ཅིང་མི་འཛིན་ལ་གནས་པར་མི་བགྱིད་
དེ། མངོན་པར་ཞེན་པར་མི་བགྱིད་ཅིང་འདི་ནི་ཡིད་དོ་ཞེས་འདོགས་པར་མི་བགྱིད་ལགས་སོ། །དེའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཁས་མི་ལེན་ཅིང་མི་འཛིན་ལ་གནས་པར་མི་བགྱིད་དེ། མངོན་པར་ཞེན་པར་མི་བགྱིད་ཅིང་། འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་འདོགས་
པར་མི་བགྱིད་ལགས་སོ། །དེ་བཞིན་དུ་དེའི་ཚེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁས་མི་ལེན་ཅིང་མི་འཛིན་ལ་གནས་པར་

མི་བགྱིད་དེ། མངོན་པར་ཞེན་པར་མི་བགྱིད་ཅིང་། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་འདོགས་པར་མི་བགྱིད་ལགས་སོ། །དེའི་ཚེ་ནང་སྟོང་པ་ཉིད་ཁས་མི་ལེན་ཅིང་མི་འཛིན་ལ་གནས་པར་མི་བགྱིད་དེ། མངོན་པར་ཞེན་པར་མི་བགྱིད་ཅིང་འདི་ནི་ནང་སྟོང་པ་ཉིད་དོ་ཞེས་
འདོགས་པར་མི་བགྱིད་ལགས་སོ། །དེ་བཞིན་དུ་དེའི་ཚེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཁས་མི་ལེན་ཅིང་། །མི་འཛིན་ལ་གནས་པར་མི་བགྱིད་དེ། །མངོན་པར་ཞེན་པར་མི་བགྱིད་ཅིང་། འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ་ཞེས་འདོགས་པར་མི་
བགྱིད་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། །དྲན་པ་ཉེ་བར་གཞག་པ་རྣམས་ཁས་མི་ལེན་ཅིང་། མི་འཛིན་ལ་གནས་པར་མི་བགྱིད་དེ། མངོན་པར་ཞེན་པར་མི་བགྱིད་ཅིང་འདི་ནི་
དྲན་པ་ཉེ་བར་གཞག་པ་རྣམས་སོ་ཞེས་འདོགས་པར་མི་བགྱིད་ལགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེའི་ཚེ། ཡང་དག་པར་སྤོང་བ་རྣམས་དང་། །རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་
དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཁས་མི་ལེན་ཅིང་། མི་འཛིན་ལ་གནས་པར་མི་བགྱིད་དེ། མངོན་པར་ཞེན་
པར་མི་བགྱིད་ཅིང་། འདི་དག་ནི་སངས་རྒྱས་ཀྱི་ཆོས་རྣམས་སོ་ཞེས་འདོགས་པར་མི་བགྱིད་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་དང་། གཟུངས་
ཀྱི་སྒོ་ཐམས་ཅད་ཁས་མི་ལེན་ཅིང་། མི་འཛིན་ལ་གནས་པར་མི་བགྱིད་དེ། མངོན་པར་ཞེན་པར་མི་བགྱིད་ཅིང་། །འདི་དག་ནི་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་སོ་ཞེས་འདོགས་པར་མི་བགྱིད་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་། དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཡང་དག་པར་རྗེས་སུ་མི་མཐོང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་
ཅུ་རྩ་བདུན་ཡང་དག་པར་རྗེས་སུ་མི་མཐོང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་བའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན།
བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་མ་སྐྱེས་པ་སྟེ། གཟུགས་ཀྱི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་གཟུགས་མ་ལགས་པའི་སླད་དུའོ། །དེ་ལྟར་ན་གཟུགས་དང་། སྐྱེ་བ་མ་མཆིས་པ་དེ་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་ལགས་སོ། །དེ་ཅིའི་
སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་སྐྱེ་བ་མ་མཆིས་པ་ནི་གཅིག་མ་ལགས། མང་པོ་མ་ལགས་པའི་སླད་དུའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ནི་རྣམ་པར་ཤེས་པ་མ་
ལགས་སོ། །མིག་གི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ནི་མིག་མ་ལགས་སོ། །རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ནི་ཡིད་མ་ལགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ནི་སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པ་མ་ལགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ནི་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་པའི་སླད་དུའོ། །དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྐྱེ་བ་མ་མཆིས་པ་དེ་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་ལགས་སོ། །ནང་སྟོང་པ་ཉིད་ཀྱི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ནི་ནང་སྟོང་པ་ཉིད་མ་

ལགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། སྐྱེ་བ་མ་མཆིས་པ་དེ་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་
མཆིས་ལགས་སོ། །བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ནི་དྲན་པ་ཉེ་བར་གཞག་པ་རྣམས་མ་ལགས་ཏེ། དེ་ལྟར་ན་དྲན་པ་ཉེ་བར་གཞག་པ་རྣམས་དང་སྐྱེ་བ་མ་མཆིས་པ་དེ་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་
ལགས་སོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། མི་འཇིགས་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། སྟོབས་བཅུ་དང་། སོ་སོ་ཡང་དག་པར་རིག་པ་
རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་དག་ནི་སངས་རྒྱས་ཀྱི་ཆོས་རྣམས་མ་ལགས་ཏེ། དེ་ལྟར་ན་སངས་རྒྱས་ཀྱི་ཆོས་རྣམས་དང་། སྐྱེ་བ་མ་མཆིས་པ་དེ་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་ལགས་སོ། །
དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་དག་ནི་སངས་རྒྱས་ཀྱི་ཆོས་རྣམས་མ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་འདི་ལྟར་དེ་བཞིན་ཉིད་ནི་མ་སྐྱེས་པ་སྟེ། དེ་བཞིན་ཉིད་ཀྱི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ནི་དེ་བཞིན་
ཉིད་མ་ལགས་ཏེ། དེ་ལྟར་ན་དེ་བཞིན་ཉིད་དང་། སྐྱེ་བ་མ་མཆིས་པ་དེ་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་སྐྱེ་བ་མ་མཆིས་པ་ནི་གཅིག་མ་ལགས། མང་པོ་མ་ལགས་པའི་སླད་དུ་སྟེ། དེའི་སླད་དུ་
དེ་བཞིན་ཉིད་ཀྱི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ནི་དེ་བཞིན་ཉིད་མ་ལགས་སོ། །མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་དང་།

བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། སྐྱེ་བ་མ་མཆིས་པ་དེ་ནི་གཉིས་སུ་མ་མཆིས་ཤིང་
གཉིས་སུ་དབྱེར་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ལགས་ཏེ། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། སྐྱེ་བ་མ་
མཆིས་པ་དེ་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་སྐྱེ་བ་མ་མཆིས་པ་ནི་གཅིག་མ་ལགས། མང་པོ་མ་ལགས་པའི་སླད་དུ་སྟེ། དེའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། སྐྱེ་བ་མ་
མཆིས་པ་དེ་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་ལགས་སོ། །བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་མི་རྟག་པ་སྟེ། གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་།
རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་ནི་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་ཕུང་པོ་རྣམས་དང་། འགྲིབ་པ་དེ་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་འགྲིབ་པ་ནི་གཅིག་མ་
ལགས། མང་པོ་མ་ལགས་པའི་སླད་དུའོ། །ཁམས་དང་། སྐྱེ་མཆེད་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་དག་ནི་ཁམས་དང་། སྐྱེ་མཆེད་རྣམས་མ་ལགས་ཏེ། དེ་ལྟར་ན་ཁམས་དང་། སྐྱེ་མཆེད་རྣམས་དང་། འགྲིབ་པ་དེ་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་
དབྱེར་མ་མཆིས་ལགས་སོ། །བཅོམ་ལྡན་འདས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ལགས་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ལགས་ཏེ། དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་འགྲིབ་པ་དེ་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་ལགས་སོ། །

དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ལགས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་ཏེ།
དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། འགྲིབ་པ་དེ་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས། མང་པོ་མ་ལགས་པའི་སླད་དུ་སྟེ། དེའི་སླད་དུ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའི་འགྲིབ་པ་གང་ལགས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་སོ། །བཅོམ་ལྡན་འདས་ནང་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་ནང་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་ནང་སྟོང་པ་ཉིད་དང་འགྲིབ་པ་དེ་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་
དབྱེར་མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས། མང་པོ་མ་ལགས་པའི་སླད་དུ་སྟེ། དེའི་སླད་དུ་ནང་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་ནང་སྟོང་པ་ཉིད་མ་ལགས་སོ། །དེ་བཞིན་དུ་དངོས་པོ་
མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་འགྲིབ་པ་གང་ལགས་པ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། འགྲིབ་པ་དེ་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན།
བཅོམ་ལྡན་འདས་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས། མང་པོ་མ་ལགས་པའི་སླད་དུ་སྟེ། དེའི་སླད་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས་སོ། །བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་
རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི། དྲན་པ་ཉེ་བར་གཞག་པ་རྣམས་མ་ལགས་ཏེ། དེ་ལྟར་ན་དྲན་པ་ཉེ་བར་གཞག་པ་རྣམས་དང་། འགྲིབ་པ་དེ་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་

འགྲིབ་པ་ནི་གཅིག་མ་ལགས། མང་པོ་མ་ལགས་པའི་སླད་དུ་སྟེ། དེའི་སླད་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་དྲན་པ་ཉེ་བར་གཞག་པ་རྣམས་མ་ལགས་སོ། །ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་
རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་འགྲིབ་པ་གང་ལགས་པ་དེ་ནི་ལམ་མ་ལགས་ཏེ། དེ་ལྟར་ན་ལམ་དང་། འགྲིབ་པ་དེ་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་
མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས། མང་པོ་མ་ལགས་པའི་སླད་དུ་སྟེ། དེའི་སླད་དུ་ལམ་གྱི་འགྲིབ་པ་གང་ལགས་པ་དེ་ནི་ལམ་མ་ལགས་སོ། །དེ་བཞིན་དུ་མངོན་པར་ཤེས་པ་རྣམས་དང་། མི་
འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་འགྲིབ་པ་གང་ལགས་པ་དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ལགས་ཏེ། དེ་ལྟར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་འགྲིབ་
པ་དེ་ནི་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས། མང་པོ་མ་ལགས་པའི་སླད་དུ་སྟེ། དེའི་སླད་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་འགྲིབ་པ་གང་ལགས་
པ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་ལགས་སོ། །བཅོམ་ལྡན་འདས་གང་ཡང་གཟུགས་ཞེས་བགྱི་བ་དེ་ནི་གཉིས་སུ་མ་མཆིས་པའི་གྲངས་སུ་བགྱིས་པ་ལགས་སོ། །དེ་བཞིན་དུ་གང་ཡང་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་
པ་ཞེས་བགྱི་བ་དེ་ནི་གཉིས་སུ་མ་མཆིས་པའི་གྲངས་སུ་བགྱིས་པ་ལགས་སོ། །གང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བགྱི་བའི་བར་དེ་ཡང་གཉིས་སུ་མ་མཆིས་པའི་གྲངས་སུ་བགྱིས་པ་ལགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། གཉིས་

སུ་མེད་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་པའོ།། །།དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཆོས་འདི་
དག་ལ་ནི་ཇི་ལྟར་ཉེ་བར་རྟོག །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་ནི་གང་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཡིན། ཉེ་བར་རྟོག་པ་ནི་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཁྱོད་འདི་སྐད་དུ་བྱང་ཆུབ་སེམས་དཔའ་ནི་གང་ཡིན་ཞེས་
ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་གང་ཡིན་པ་ཉིད་སེམས་དཔའ་ཡིན་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །བྱང་ཆུབ་དེས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པ་ཤེས་ཏེ། ཆོས་དེ་དག་ལ་མངོན་པར་ཞེན་པ་ཡང་མེད་དོ། །ཆོས་གང་དག་གི་རྣམ་པ་ཤེས་ཤེ་
ན། གཟུགས་ཀྱི་རྣམ་པ་ཤེས་ཏེ། དེ་ལ་ཡང་མངོན་པར་ཞེན་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་རྣམ་པ་ཤེས་ཏེ། དེ་ལ་ཡང་མངོན་པར་ཞེན་པ་མེད་དོ། །དེ་བཞིན་དུ་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་།
རྟེན་ཅིང་འབྲེལ་པར་འབྱུང་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རྣམ་པ་ཤེས་ཏེ། དེ་ལ་ཡང་མངོན་པར་ཞེན་པ་མེད་དོ། །སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་
བརྒྱད་ཀྱི་རྣམ་པ་ཤེས་ཏེ། དེ་ལ་ཡང་མངོན་པར་ཞེན་པ་མེད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཆོས་ཐམས་ཅད་ཀྱི་རྣམ་པ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་
དག་གིས་ཆོས་རྣམས་འཛིན་པ་སྟེ། འདི་ལྟ་སྟེ་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་དང་། གཟུགས་རྣམས་སམ། སྒྲ་རྣམས་སམ། དྲི་རྣམས་སམ། རོ་རྣམས་སམ། རེག་

བྱ་རྣམས་སམ། ཆོས་རྣམས་སམ། ནང་དང་ཕྱིའི་ཆོས་རྣམས་སུ་འཛིན་པ་སྟེ། དེ་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་ཞེས་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་ཁྱོད་འདི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཡིན་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་
ཤཱ་རིའི་བུ་གང་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ནི་རིང་དུ་སོང་བ་སྟེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །གང་ལས་རིང་དུ་སོང་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་ཕུང་པོ་རྣམས་དང་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་
པར་འབྱུང་བ་ལས་རིང་དུ་སོང་། ཉོན་མོངས་པ་ཐམས་ཅད་དང་། ལྟ་བར་གྱུར་པ་ཐམས་ཅད་ལས་རིང་དུ་སོང་། འགྲོ་བ་དྲུག་ལས་རིང་དུ་སོང་བ་སྟེ། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་
རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་རིང་དུ་སོང་བ་སྟེ། དེའི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལས་རིང་དུ་སོང་བ་སྟེ། དེའི་ཕྱིར་རིང་དུ་སོང་བ་
ཞེས་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་རིང་དུ་སོང་བ་
སྟེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རིང་དུ་སོང་བ་ཞེས་བྱའོ། །སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་པོ་དག་ལས་རིང་དུ་སོང་བ་སྟེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་འདི་རིང་དུ་སོང་བ་ཞེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལས་རིང་དུ་སོང་བ་སྟེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རིང་དུ་སོང་བ་ཞེས་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

འདི་ནི་རིང་དུ་སོང་བ་ཞེས་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་ཁྱོད་འདི་སྐད་དུ་ཉེ་བར་རྟོག་པ་ནི་གང་ཡིན་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། གཟུགས་རྟག་ཅེས་བྱ་
བ་དང་། མི་རྟག་ཅེས་བྱ་བར་ཉེ་བར་མི་རྟོག་གོ། །གཟུགས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཉེ་བར་མི་རྟོག་གོ། །གཟུགས་བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བར་ཉེ་བར་མི་རྟོག་གོ། །གཟུགས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་