Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 029_ཁྲི་བརྒྱད།_ཀ

Văn bản gốc(Tây Tạng)

Trang 13 / 19 (50.000 ký tự/trang)
གལ་ཏེ་སེམས་དང་པོ་བསྐྱེད་
པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་བར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་བསྐྱེད་པ་གང་ཡིན་པ་དེ་དག་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་
འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་བར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་བསྐྱེད་པ་གང་ཡིན་པ་དེ་དག་དངོས་
པོ་མེད་ཅིང་། དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྡོ་རྗེ་ལྟ་བུའི་ཡེ་ཤེས་

དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོའི་རྡོ་རྗེ་ལྟ་བུའི་ཡེ་ཤེས་དངོས་པོ་མེད་ཅིང་། དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོའི་རྡོ་རྗེ་ལྟ་བུའི་ཡེ་ཤེས་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བག་ཆགས་དང་། མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་དངོས་པོ་མེད་པར་རྟོགས་ནས། རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་གྱི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐོབ་ནས་ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ། ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྡོ་རྗེ་ལྟ་བུའི་ཡེ་ཤེས་
དངོས་པོ་མེད་ཅིང་། དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བག་ཆགས་དང་། མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་དངོས་པོ་མེད་པར་རྟོགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་
མཆོག་དང་ལྡན་པ་ཐོབ་སྟེ། ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་
གཉིས་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་དང་། སྐུ་མདོག་དང་། གཟི་བརྗིད་དང་། དཔལ་གྱིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ།

མཛེས་ཤིང་ལྷམ་མེ། ལྷན་ནེ་ལྷང་ངེར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དངོས་པོ་མེད་ཅིང་། དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་དང་། སྐུ་མདོག་དང་། གཟི་བརྗིད་དང་། དཔལ་གྱིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ། མཛེས་ཤིང་ལྷམ་མེ། ལྷན་ནེ། ལྷང་ངེའོ། །རབ་འབྱོར་
གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་ཀྱིས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་
དག་སྣང་བས་ཁྱབ་པར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་དངོས་པོ་མེད་ཅིང་དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་ཀྱི་འོད་ཀྱིས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་སྣང་བས་ཁྱབ་པར་འགྱུར་རོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དབྱངས་ཀྱི་ཡན་ལག་དྲུག་ཅུ་དང་ལྡན་པ་དངོས་པོ་ཡིན་ཏེ།
དངོས་པོ་མེད་པ་མ་ཡིན་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དབྱངས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་དག་ཏུ་གོ་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དབྱངས་ཀྱི་ཡན་ལག་དྲུག་ཅུ་དང་ལྡན་པ་དངོས་པོ་མེད་ཅིང་། དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དབྱངས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་

གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་ཏུ་གོ་བར་འགྱུར་རོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་བསྐོར་བར་མི་ནུས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་
གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་དངོས་པོ་མེད་ཅིང་། དངོས་པོ་ཡོད་པ་མ་ཡིན་པས་དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ།
བདུད་དམ། ཚངས་པའམ། སུས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་བསྐོར་བར་མི་ནུས་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །རབ་འབྱོར་གལ་ཏེ་སེམས་ཅན་རྣམས་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། གང་དག་གི་ཆེད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སེམས་ཅན་དེ་དག་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་སེམས་ཅན་རྣམས་དངོས་པོ་མེད་ཅིང་། དངོས་པོ་
ཡོད་པ་མ་ཡིན་པས། དེའི་ཕྱིར་གང་དག་གི་ཆེད་དུ་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སེམས་ཅན་དེ་དག་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའོ། །ཡོངས་སུ་མྱ་ངན་ལས་འདས་སོ། །ཡོངས་སུ་མྱ་ངན་ལས་
འདའ་བར་འགྱུར་རོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བཅྭ་ལྔ་པ། རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་པ་ལགས་སོ་ཞེས་སྨྲས་པ་ནི། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་

ཏེ། རབ་འབྱོར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་ཤར་ཕྱོགས་མངོན་པ་མེད་དོ། །ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་དང་། ཕྱོགས་མཚམས་མངོན་པ་མེད་དོ། །རབ་འབྱོར་དེ་བཞིན་
དུ་ཐེག་པ་ཆེན་པོ་དེ་ལ་ཡང་ཤར་ཕྱོགས་མངོན་པ་མེད་དོ། །ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་དང་། ཕྱོགས་མཚམས་མངོན་པ་མེད་དེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་
རིང་པོ་མ་ཡིན། ཐུང་ངུ་མ་ཡིན། ལྷམ་པ་མ་ཡིན། ཟླུམ་པོ་མ་ཡིན། མཉམ་པ་མ་ཡིན། མི་མཉམ་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་རིང་པོ་མ་ཡིན། ཐུང་ངུ་མ་ཡིན། ལྷམ་པ་མ་ཡིན། ཟླུམ་པོ་མ་ཡིན། མཉམ་པ་མ་ཡིན། མི་
མཉམ་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་སྔོན་པོ་མ་ཡིན། སེར་པོ་མ་ཡིན། དམར་པོ་མ་ཡིན། དཀར་པོ་མ་ཡིན། བཙོད་ཀ་མ་ཡིན། ཤེལ་དང་དངུལ་གྱི་ཁ་དོག་ལྟ་བུ་
མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སྔོན་པོ་མ་ཡིན། སེར་པོ་མ་ཡིན། དམར་པོ་མ་ཡིན། དཀར་པོ་མ་ཡིན། བཙོད་ཀ་མ་ཡིན། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་
ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་
དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་འགྲིབ་པ་མེད། འཕེལ་བ་མེད། འབྲི་བ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་འགྲིབ་པ་མེད། འཕེལ་བ་མེད། འབྲི་བ་མེད་དོ། །དེའི་ཕྱིར་ཐེག་པ་

དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་ཀུན་ནས་ཉོན་མོངས་པ་མེད། རྣམ་པར་བྱང་བ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་ཀུན་ནས་ཉོན་མོངས་པ་མེད་རྣམ་པར་བྱང་བ་མེད་དེ། དེའི་
ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་སྐྱེ་བ་མེད། འགག་པ་མེད། གནས་པ་མེད། གནས་པ་དང་བྲལ་བ་མེད། གནས་པ་ལས་གཞན་དུ་འགྱུར་བ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་
པོ་དེ་ལ་ཡང་སྐྱེ་བ་མེད། འགག་པ་མེད། གནས་པ་མེད། གནས་པ་དང་བྲལ་བ་མེད། གནས་པ་ལས་གཞན་དུ་འགྱུར་བ་མེད་དེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་དགེ་བ་མ་ཡིན། མི་དགེ་
བ་མ་ཡིན། ལུང་བསྟན་དུ་ཡོད་པ་མ་ཡིན། ལུང་དུ་མ་བསྟན་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་དགེ་བ་མ་ཡིན། མི་དགེ་བ་མ་ཡིན། ལུང་བསྟན་དུ་ཡོད་པ་མ་ཡིན། ལུང་དུ་མ་བསྟན་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་
ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་མཐོང་བ་མ་ཡིན། ཐོས་པ་མ་ཡིན། དྲན་པ་མ་ཡིན། རྣམ་པར་ཤེས་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་མཐོང་བ་མ་ཡིན། ཐོས་པ་མ་ཡིན། དྲན་པ་མ་ཡིན། རྣམ་པར་ཤེས་པ་
མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་ཤེས་པར་བྱ་བ་མ་ཡིན། ཤེས་པར་མི་བྱ་བ་ཡང་མ་ཡིན། ཡོངས་སུ་ཤེས་པར་བྱ་བ་མ་ཡིན། སྤང་བར་བྱ་བ་མ་ཡིན། མངོན་སུམ་དུ་བྱ་བ་མ་ཡིན།
བསྒོམ་པར་བྱ་བ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་ཤེས་པར་བྱ་བ་མ་ཡིན། ཤེས་པར་མི་བྱ་བ་མ་ཡིན། ཡོངས་སུ་ཤེས་པར་བྱ་བ་མ་ཡིན། སྤང་བར་བྱ་བ་མ་ཡིན། མངོན་སུམ་དུ་བྱ་བ་མ་ཡིན། བསྒོམ་པར་བྱ་བ་མ་ཡིན་ཏེ། དེའི་ཕྱིར་ཐེག་

པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་རྣམ་པར་སྨིན་པ་མ་ཡིན། རྣམ་པར་སྨིན་པའི་ཆོས་ཅན་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་རྣམ་པར་སྨིན་པ་མ་ཡིན། རྣམ་པར་སྨིན་པའི་ཆོས་ཅན་མ་
ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་འདོད་པའི་ཁམས་སུ་གཏོགས་པ་མ་ཡིན། གཟུགས་ཀྱི་ཁམས་སུ་གཏོགས་པ་མ་ཡིན། གཟུགས་མེད་པའི་ཁམས་སུ་གཏོགས་པ་མ་ཡིན་ནོ། །
རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་འདོད་པའི་ཁམས་སུ་གཏོགས་པ་མ་ཡིན། གཟུགས་ཀྱི་ཁམས་སུ་གཏོགས་པ་མ་ཡིན། གཟུགས་མེད་པའི་ཁམས་སུ་གཏོགས་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་
དཔེར་ན། ནམ་མཁའ་ནི་འདོད་ཆགས་དང་བཅས་པ་མ་ཡིན། འདོད་ཆགས་དང་བྲལ་བ་མ་ཡིན། ཞེ་སྡང་དང་བཅས་པ་མ་ཡིན། ཞེ་སྡང་དང་བྲལ་བ་མ་ཡིན། གཏི་མུག་དང་བཅས་པ་མ་ཡིན། གཏི་མུག་དང་བྲལ་བ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་
ཆེན་པོ་དེ་ཡང་འདོད་ཆགས་དང་བཅས་པ་མ་ཡིན། འདོད་ཆགས་དང་བྲལ་བ་མ་ཡིན། ཞེ་སྡང་དང་བཅས་པ་མ་ཡིན། ཞེ་སྡང་དང་བྲལ་བ་མ་ཡིན། གཏི་མུག་དང་བཅས་པ་མ་ཡིན། གཏི་མུག་དང་བྲལ་བ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་
མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་སེམས་དང་པོ་བསྐྱེད་པ་མེད། གཉིས་པ་མེད། གསུམ་པ་མེད། བཞི་པ་མེད། ལྔ་པ་མེད། དྲུག་པ་མེད། བདུན་པ་མེད། བརྒྱད་པ་མེད། དགུ་པ་མེད་ཅིང་། སེམས་བསྐྱེད་
པ་བཅུ་པ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་སེམས་དང་པོ་བསྐྱེད་པ་མེད། གཉིས་པ་མེད། གསུམ་པ་མེད། བཞི་པ་མེད། ལྔ་པ་མེད། དྲུག་པ་མེད། བདུན་པ་མེད། བརྒྱད་པ་མེད། དགུ་པ་མེད་ཅིང་སེམས་བསྐྱེད་པ་བཅུ་པ་མེད་དེ།

དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་དཀར་པོ་རྣམ་པར་མཐོང་བའི་ས་མེད། རིགས་ཀྱི་ས་མེད། བརྒྱད་པའི་ས་མེད། མཐོང་བའི་ས་མེད། བསྲབས་པའི་ས་མེད། འདོད་
ཆགས་དང་བྲལ་བའི་ས་མེད། བྱས་པ་རྟོགས་པ་ཅན་གྱི་ས་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་དཀར་པོ་རྣམ་པར་མཐོང་བའི་ས་མེད། རིགས་ཀྱི་ས་མེད། བརྒྱད་པའི་ས་མེད། མཐོང་བའི་ས་མེད། བསྲབས་པའི་ས་མེད། འདོད་ཆགས་དང་
བྲལ་བའི་ས་མེད། བྱས་པ་རྟོགས་པ་ཅན་གྱི་ས་མེད་དེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མེད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མེད། ཕྱིར་མི་འོང་བའི་
འབྲས་བུ་མེད། དགྲ་བཅོམ་པ་ཉིད་མེད། རང་བྱང་ཆུབ་མེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་མེད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མེད། ཕྱིར་མི་འོང་བའི་འབྲས་བུ་མེད། དགྲ་བཅོམ་པ་ཉིད་མེད། རང་བྱང་ཆུབ་
མེད་དེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནི་ཉན་ཐོས་ཀྱི་ས་མེད། རང་སངས་རྒྱས་ཀྱི་ས་མེད། བྱང་ཆུབ་སེམས་དཔའི་ས་མེད། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་མེད་དོ། །རབ་
འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་ཉན་ཐོས་ཀྱི་ས་མེད། རང་སངས་རྒྱས་ཀྱི་ས་མེད། བྱང་ཆུབ་སེམས་དཔའི་ས་མེད། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་མེད་དེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན།
ནམ་མཁའ་ནི་གཟུགས་ཅན་མ་ཡིན། གཟུགས་མེད་པ་མ་ཡིན། བསྟན་དུ་ཡོད་པ་མ་ཡིན། བསྟན་དུ་མེད་པ་མ་ཡིན། ཐོགས་པ་དང་བཅས་པ་མ་ཡིན། ཐོགས་པ་མེད་པ་མ་ཡིན། ལྡན་པ་མ་ཡིན། མི་ལྡན་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་

དེ་ཡང་གཟུགས་ཅན་མ་ཡིན། གཟུགས་མེད་པ་མ་ཡིན། བསྟན་དུ་ཡོད་པ་མ་ཡིན། བསྟན་དུ་མེད་པ་མ་ཡིན། ཐོགས་པ་དང་བཅས་པ་མ་ཡིན། ཐོགས་པ་མེད་པ་མ་ཡིན། ལྡན་པ་མ་ཡིན། མི་ལྡན་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་
བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་རྟག་པ་མ་ཡིན། མི་རྟག་པ་མ་ཡིན། བདེ་བ་མ་ཡིན། སྡུག་བསྔལ་བ་མ་ཡིན། བདག་མ་ཡིན། བདག་མེད་པ་མ་ཡིན། ཞི་བ་མ་ཡིན། མ་ཞི་བ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་རྟག་
པ་མ་ཡིན། མི་རྟག་པ་མ་ཡིན། བདེ་བ་མ་ཡིན། སྡུག་བསྔལ་བ་མ་ཡིན། བདག་མ་ཡིན། བདག་མེད་པ་མ་ཡིན། ཞི་བ་མ་ཡིན། མ་ཞི་བ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་
ནི་སྟོང་པ་མ་ཡིན། མི་སྟོང་པ་མ་ཡིན། མཚན་མ་ཡོད་པ་མ་ཡིན། མཚན་མ་མེད་པ་མ་ཡིན། སྨོན་པ་ཡོད་པ་མ་ཡིན། སྨོན་པ་མེད་པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སྟོང་པ་མ་ཡིན། མི་སྟོང་པ་མ་ཡིན། མཚན་མ་ཡོད་པ་མ་ཡིན། མཚན་
མ་མེད་པ་མ་ཡིན། སྨོན་པ་ཡོད་པ་མ་ཡིན། སྨོན་པ་མེད་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་དབེན་པ་མ་ཡིན། མི་དབེན་པ་མ་ཡིན། སྣང་བ་མ་ཡིན། མུན་པ་མ་ཡིན་ནོ། །
རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་དབེན་པ་མ་ཡིན། མི་དབེན་པ་མ་ཡིན། སྣང་བ་མ་ཡིན། མུན་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་འཐོབ་པ་མ་ཡིན། དམིགས་སུ་ཡོད་
པ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་འཐོབ་པ་མ་ཡིན། དམིགས་སུ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་བརྗོད་དུ་ཡོད་པ་མ་ཡིན། བརྗོད་དུ་མེད་པ་མ་

ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་བརྗོད་དུ་ཡོད་པ་མ་ཡིན། བརྗོད་དུ་མེད་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ཞེས་བྱའོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་
ན། ནམ་མཁའ་ནི་སེམས་ཅན་དཔག་ཏུ་མ་མཆིས། གྲངས་མ་མཆིས། ཚད་མ་མཆིས་པ་རྣམས་ཀྱི་གོ་འབྱེད་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སེམས་ཅན་དཔག་ཏུ་མ་མཆིས། གྲངས་མ་མཆིས། ཚད་མ་མཆིས་པ་རྣམས་ཀྱི་གོ་
འབྱེད་ལགས་ཏེ། དེའི་སླད་དུ་ཐེག་པ་ཆེན་པོ་ཞེས་བགྱིའོ་ཞེས་སྨྲས་པ་ནི། རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །རབ་འབྱོར་ཇི་ལྟར་ནམ་མཁའ་སེམས་ཅན་དཔག་ཏུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་འབྱེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སེམས་
ཅན་དཔག་ཏུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་མེད་པའི་ཕྱིར། ནམ་མཁའ་མེད་པར་རིག་པར་བྱ་ཞིང་། ནམ་མཁའ་མེད་པའི་ཕྱིར། ཐེག་པ་ཆེན་པོ་མེད་པར་རིག་པར་བྱ་བའི་ཕྱིར་ཏེ། རབ་
འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ནི་སེམས་ཅན་དཔག་ཏུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སེམས་ཅན་གང་ཡིན་པ་དང་། དཔག་ཏུ་མེད་པ་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་
པ་ཆེན་པོ་གང་ཡིན་པ་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་སེམས་ཅན་དཔག་ཏུ་མེད་པའི་ཕྱིར། ནམ་མཁའ་དཔག་ཏུ་མེད་པར་རིག་པར་བྱའོ། །ནམ་མཁའ་དཔག་ཏུ་མེད་པའི་ཕྱིར། ཐེག་པ་ཆེན་པོ་དཔག་ཏུ་མེད་པར་རིག་པར་བྱ་སྟེ། རབ་
འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ནི་སེམས་ཅན་དཔག་ཏུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སེམས་ཅན་རྣམས་གང་ཡིན་པ་དང་། དཔག་ཏུ་མེད་པ་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་

པོ་གང་ཡིན་པ་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་སེམས་ཅན་གྲངས་མེད་པའི་ཕྱིར་ནམ་མཁའ་གྲངས་མེད་པར་རིག་པར་བྱའོ། །ནམ་མཁའ་གྲངས་མེད་པའི་ཕྱིར་ཐེག་པ་ཆེན་པོ་གྲངས་མེད་པར་རིག་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་
པོ་དེ་ནི་སེམས་ཅན་དཔག་ཏུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སེམས་ཅན་རྣམས་གང་ཡིན་པ་དང་། གྲངས་མེད་པ་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དེ་དག་
ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་སེམས་ཅན་ཚད་མེད་པའི་ཕྱིར་ནམ་མཁའ་ཚད་མེད་པར་རིག་པར་བྱའོ། །ནམ་མཁའ་ཚད་མེད་པའི་ཕྱིར་ཐེག་པ་ཆེན་པོ་ཚད་མེད་པར་རིག་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ནི་སེམས་ཅན་དཔག་ཏུ་མེད།
གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སེམས་ཅན་རྣམས་གང་ཡིན་པ་དང་། ཚད་མེད་པ་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །
རབ་འབྱོར་གཞན་ཡང་སེམས་ཅན་མེད་པའི་ཕྱིར། ཆོས་ཀྱི་དབྱིངས་མེད་པར་རིག་པར་བྱའོ། །ཆོས་ཀྱི་དབྱིངས་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་དཔག་ཏུ་
མེད་པ་ཡོད་པ་མ་ཡིན་པར་རིག་པར་བྱའོ། །དཔག་ཏུ་མེད་པ་ཡོད་པ་མ་ཡིན་པའི་ཕྱིར་གྲངས་མེད་པ་ཡོད་པ་མ་ཡིན་པར་རིག་པར་བྱའོ། །གྲངས་མེད་པ་ཡོད་པ་མ་ཡིན་པའི་ཕྱིར་ཚད་མེད་པ་ཡོད་པ་མ་ཡིན་པར་རིག་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ནི་སེམས་ཅན་
དཔག་ཏུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སེམས་ཅན་རྣམས་གང་ཡིན་པ་དང་། ཆོས་ཀྱི་དབྱིངས་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། དཔག་ཏུ་

མེད་པ་གང་ཡིན་པ་དང་། གྲངས་མེད་པ་གང་ཡིན་པ་དང་། ཚད་མེད་པ་གང་ཡིན་པ་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་སེམས་ཅན་མེད་པའི་ཕྱིར་དེ་བཞིན་ཉིད་མེད་པར་རིག་པར་བྱའོ། །དེ་བཞིན་ཉིད་མེད་པའི་ཕྱིར་
ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་དཔག་ཏུ་མེད་པ་ཡོད་པ་མ་ཡིན་པར་རིག་པར་བྱའོ། །དཔག་ཏུ་མེད་པ་ཡོད་པ་མ་ཡིན་པའི་ཕྱིར་གྲངས་མེད་པ་ཡོད་པ་མ་ཡིན་པར་རིག་
པར་བྱའོ། །གྲངས་མེད་པ་ཡོད་པ་མ་ཡིན་པའི་ཕྱིར་ཚད་མེད་པ་ཡོད་པ་མ་ཡིན་པར་རིག་པར་བྱའོ། །ཚད་མེད་པ་ཡོད་པ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་མེད་པར་རིག་པར་བྱ་སྟེ། རབ་འབྱོར་དེའི་ཕྱིར་ཐེག་པ་ཆེན་པོ་དེ་ནི་སེམས་ཅན་དཔག་ཏུ་མེད། གྲངས་མེད།
ཚད་མེད་པ་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སེམས་ཅན་རྣམས་གང་ཡིན་པ་དང་། དེ་བཞིན་ཉིད་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། དཔག་ཏུ་མེད་པ་གང་ཡིན་པ་དང་། གྲངས་
མེད་པ་གང་ཡིན་པ་དང་། ཚད་མེད་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར་སེམས་ཅན་མེད་པར་རིག་པར་བྱའོ། །སེམས་ཅན་མེད་པའི་ཕྱིར་སྲོག་དང་། སྐྱེ་བ་པོ་དང་
གསོ་བ་པོ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་མེད་པར་རིག་པར་བྱའོ། །ཤེས་པ་པོ་དང་། མཐོང་བ་པོ་མེད་པའི་ཕྱིར་ཡང་དག་པའི་མཐའ་མེད་པར་
རིག་པར་བྱའོ། །ཡང་དག་པའི་མཐའ་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། ཚད་མེད་པ་ཡོད་པ་མ་

ཡིན་པར་རིག་པར་བྱའོ། །ཚད་མེད་པ་ཡོད་པ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་མེད་པར་རིག་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ནི་སེམས་ཅན་དཔག་ཏུ་མེད་གྲངས་མེད་ཚད་མེད་པ་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བདག་
གང་ཡིན་པ་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་གང་ཡིན་པ་དང་། ཡང་དག་པའི་མཐའ་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། དཔག་ཏུ་མེད་པ་གང་ཡིན་པ་དང་། གྲངས་མེད་པ་གང་ཡིན་པ་དང་། ཚད་མེད་པ་
གང་ཡིན་པ་དང་། ཆོས་ཐམས་ཅད་ཀྱི་བར་གང་ཡིན་པ་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར་སེམས་ཅན་མེད་པ་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་མེད་པར་རིག་པར་བྱའོ། །ཤེས་པ་པོ་དང་མཐོང་བ་པོ་མེད་པའི་ཕྱིར་བསམ་གྱིས་མི་
ཁྱབ་པའི་དབྱིངས་མེད་པར་རིག་པར་བྱའོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། ཚད་མེད་
པ་ཡོད་པ་མ་ཡིན་པར་རིག་པར་བྱའོ། །ཚད་མེད་པ་ཡོད་པ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་མེད་པར་རིག་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ནི་སེམས་ཅན་དཔག་ཏུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་
འབྱོར་འདི་ལྟར་བདག་གང་ཡིན་པ་དང་། ཆོས་ཐམས་ཅད་ཀྱི་བར་གང་ཡིན་པ་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར། སེམས་ཅན་མེད་པ་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་མེད་པར་རིག་པར་བྱའོ། །
ཤེས་པ་པོ་དང་། མཐོང་བ་པོ་མེད་པའི་ཕྱིར་གཟུགས་མེད་པར་རིག་པར་བྱའོ། །གཟུགས་མེད་པའི་ཕྱིར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མེད་པར་རིག་པར་བྱའོ། །རྣམ་པར་ཤེས་པ་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་

བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། ཚད་མེད་པ་ཡོད་པ་མ་ཡིན་པར་རིག་པར་བྱའོ། །ཚད་མེད་པ་ཡོད་པ་མ་ཡིན་པའི་ཕྱིར། ཆོས་ཐམས་
ཅད་མེད་པར་རིག་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ནི་སེམས་ཅན་དཔག་ཏུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བདག་གང་ཡིན་པ་དང་། ཆོས་ཐམས་ཅད་ཀྱི་བར་གང་ཡིན་པ་དེ་དག་ཐམས་ཅད་
དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར། སེམས་ཅན་མེད་པ་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་མེད་པར་རིག་པར་བྱའོ། །ཤེས་པ་པོ་དང་། མཐོང་བ་པོ་མེད་པའི་ཕྱིར་མིག་མེད་པར་རིག་པར་བྱའོ། །མིག་མེད་པའི་ཕྱིར།
རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་མེད་པར་རིག་པར་བྱའོ། །ཡིད་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་དཔག་ཏུ་མེད་པ་དང་། གྲངས་མེད་པ་
དང་། ཚད་མེད་པ་ཡོད་པ་མ་ཡིན་པར་རིག་པར་བྱའོ། །ཚད་མེད་པ་ཡོད་པ་མ་ཡིན་པའི་ཕྱིར། ཆོས་ཐམས་ཅད་མེད་པར་རིག་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ནི་སེམས་ཅན་དཔག་ཏུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་
ན། རབ་འབྱོར་འདི་ལྟར་བདག་གང་ཡིན་པ་དང་། ཆོས་ཐམས་ཅད་ཀྱི་བར་གང་ཡིན་པ་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར་སེམས་ཅན་མེད་པ་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་མེད་པར་རིག་པར་བྱའོ། །
ཤེས་པ་པོ་དང་། མཐོང་བ་པོ་མེད་པའི་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད་པར་རིག་པར་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་

ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་དཔག་ཏུ་མེད་པ་དང་།
གྲངས་མེད་པ་དང་། ཚད་མེད་པ་ཡོད་པ་མ་ཡིན་པར་རིག་པར་བྱའོ། །ཚད་མེད་པ་ཡོད་པ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་མེད་པར་རིག་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ནི་སེམས་ཅན་དཔག་ཏུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །
དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བདག་གང་ཡིན་པ་དང་། ཆོས་ཐམས་ཅད་ཀྱི་བར་གང་ཡིན་པ་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར་སེམས་ཅན་མེད་པ་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་མེད་པར་
རིག་པར་བྱའོ། །ཤེས་པ་པོ་དང་། མཐོང་བ་པོ་མེད་པའི་ཕྱིར་ནང་སྟོང་པ་ཉིད་མེད་པར་རིག་པར་བྱའོ། །ནང་སྟོང་པ་ཉིད་མེད་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མེད་པར་རིག་པར་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མེད་པའི་ཕྱིར་ནམ་མཁའ་
མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། ཚད་མེད་པ་ཡོད་པ་མ་ཡིན་པར་རིག་པར་བྱའོ། །ཚད་མེད་པ་ཡོད་པ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་
མེད་པར་རིག་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ནི་སེམས་ཅན་དཔག་ཏུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བདག་གང་ཡིན་པ་དང་། ཆོས་ཐམས་ཅད་ཀྱི་བར་གང་ཡིན་པ་དེ་དག་ཐམས་ཅད་
དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར་སེམས་ཅན་མེད་པ་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་མེད་པར་རིག་པར་བྱའོ། །ཤེས་པ་པོ་དང་། མཐོང་བ་པོ་མེད་པའི་ཕྱིར། དྲན་པ་ཉེ་བར་གཞག་པ་མེད་པར་རིག་པར་བྱའོ། །

དྲན་པ་ཉེ་བར་གཞག་པ་མེད་པའི་ཕྱིར། ཡང་དག་པར་སྤོང་བ་མེད་པར་རིག་པར་བྱའོ། །ཡང་དག་པར་སྤོང་བ་མེད་པའི་ཕྱིར། རྫུ་འཕྲུལ་གྱི་རྐང་པ་མེད་པར་རིག་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་མེད་པའི་ཕྱིར། དབང་པོ་མེད་པར་རིག་པར་བྱའོ། །དབང་
པོ་མེད་པའི་ཕྱིར་སྟོབས་མེད་པར་རིག་པར་བྱའོ། །སྟོབས་མེད་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་མེད་པར་རིག་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་མེད་པའི་ཕྱིར་ལམ་མེད་པར་རིག་པར་བྱའོ། །ལམ་མེད་པའི་ཕྱིར་སྟོབས་བཅུ་མེད་པར་རིག་པར་བྱའོ། །སྟོབས་བཅུ་མེད་པའི་ཕྱིར་མི་འཇིགས་
པ་མེད་པར་རིག་པར་བྱའོ། །མི་འཇིགས་པ་མེད་པའི་ཕྱིར་སོ་སོ་ཡང་དག་པར་རིག་པ་མེད་པར་རིག་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་མེད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མེད་པར་རིག་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མེད་པའི་ཕྱིར། ནམ་མཁའ་མེད་པར་
རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར། དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། ཚད་མེད་པ་ཡོད་པ་མ་ཡིན་པར་རིག་པར་བྱའོ། །ཚད་མེད་པ་ཡོད་པ་མ་ཡིན་པའི་ཕྱིར། ཆོས་ཐམས་ཅད་
མེད་པར་རིག་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ནི་སེམས་ཅན་དཔག་ཏུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བདག་གང་ཡིན་པ་དང་། ཆོས་ཐམས་ཅད་ཀྱི་བར་གང་ཡིན་པ་དེ་དག་ཐམས་
ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར། སེམས་ཅན་མེད་པ་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་མེད་པར་རིག་པར་བྱའོ། །ཤེས་པ་པོ་དང་། མཐོང་བ་པོ་མེད་པའི་ཕྱིར། རིགས་ཀྱི་སའི་ཆོས་རྣམས་མེད་པར་རིག་
པར་བྱའོ། །རིགས་ཀྱི་སའི་ཆོས་རྣམས་མེད་པའི་ཕྱིར། བརྒྱད་པའི་སའི་ཆོས་རྣམས་དང་། མཐོང་བའི་སའི་ཆོས་རྣམས་དང་། བསྲབས་པའི་སའི་ཆོས་རྣམས་དང་། འདོད་ཆགས་དང་བྲལ་བའི་སའི་ཆོས་རྣམས་དང་། བྱས་པ་རྟོགས་པ་ཅན་གྱི་སའི་ཆོས་རྣམས་མེད་པར་

རིག་པར་བྱའོ། །བྱས་པ་རྟོགས་པ་ཅན་གྱི་སའི་ཆོས་རྣམས་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། ཚད་མེད་པ་ཡོད་
པ་མ་ཡིན་པར་རིག་པར་བྱའོ། །ཚད་མེད་པ་ཡོད་པ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་མེད་པར་རིག་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ནི་སེམས་ཅན་དཔག་ཏུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་
ལྟར་བདག་གང་ཡིན་པ་དང་། ཆོས་ཐམས་ཅད་ཀྱི་བར་གང་ཡིན་པ་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར་སེམས་ཅན་མེད་པ་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་མེད་པར་རིག་པར་བྱའོ། །ཤེས་པ་པོ་
དང་། མཐོང་བ་པོ་མེད་པའི་ཕྱིར་རྒྱུན་དུ་ཞུགས་པ་མེད་པར་རིག་པར་བྱའོ། །རྒྱུན་དུ་ཞུགས་པ་མེད་པའི་ཕྱིར་ལན་ཅིག་ཕྱིར་འོང་བ་མེད་པར་རིག་པར་བྱའོ། །ལན་ཅིག་ཕྱིར་འོང་བ་མེད་པའི་ཕྱིར་ཕྱིར་མི་འོང་བ་མེད་པར་རིག་པར་བྱའོ། །ཕྱིར་མི་འོང་བ་མེད་པའི་ཕྱིར་དགྲ་བཅོམ་པ་མེད་
པར་རིག་པར་བྱའོ། །དགྲ་བཅོམ་པ་མེད་པའི་ཕྱིར་ནམ་མཁའ་དང་། ཐེག་པ་ཆེན་པོ་དང་། དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། ཚད་མེད་པ་དང་། ཆོས་ཐམས་ཅད་ཀྱི་བར་དུ་མེད་པར་རིག་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ནི་སེམས་ཅན་དཔག་ཏུ་
མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བདག་གང་ཡིན་པ་དང་། ཆོས་ཐམས་ཅད་ཀྱི་བར་གང་ཡིན་པ་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར་སེམས་
ཅན་མེད་པ་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་མེད་པར་རིག་པར་བྱའོ། །ཤེས་པ་པོ་དང་། མཐོང་བ་པོ་མེད་པའི་ཕྱིར་སངས་རྒྱས་མེད་པར་རིག་པར་བྱའོ། སངས་རྒྱས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་མེད་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་

མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། ཚད་མེད་པ་ཡོད་པ་མ་ཡིན་པར་རིག་པར་བྱའོ། །ཚད་མེད་པ་
ཡོད་པ་མ་ཡིན་པའི་ཕྱིར། ཆོས་ཐམས་ཅད་མེད་པར་རིག་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ནི་སེམས་ཅན་དཔག་ཏུ་མེད་གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བདག་གང་ཡིན་པ་དང་། ཆོས་ཐམས་
ཅད་ཀྱི་བར་གང་ཡིན་པ་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་མེད་པའི་ཕྱིར། སེམས་ཅན་མེད་པ་དང་། ཤེས་པ་པོ་དང་། མཐོང་བ་པོའི་བར་དུ་མེད་པར་རིག་པར་བྱའོ། །ཤེས་པ་པོ་དང་། མཐོང་བ་པོ་མེད་པའི་ཕྱིར་ཉན་ཐོས་ཀྱི་ཐེག་
པ་མེད་པར་རིག་པར་བྱའོ། །ཉན་ཐོས་ཀྱི་ཐེག་པ་མེད་པའི་ཕྱིར་རང་སངས་རྒྱས་ཀྱི་ཐེག་པ་མེད་པར་རིག་པར་བྱའོ། །རང་སངས་རྒྱས་ཀྱི་ཐེག་པ་མེད་པའི་ཕྱིར་སངས་རྒྱས་ཀྱི་ཐེག་པ་མེད་པར་རིག་པར་བྱའོ། །སངས་རྒྱས་ཀྱི་ཐེག་པ་མེད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་
པར་རིག་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མེད་པའི་ཕྱིར་དཔག་ཏུ་མེད་པ་དང་། གྲངས་མེད་པ་དང་། ཚད་མེད་པ་ཡོད་པ་མ་
ཡིན་པར་རིག་པར་བྱའོ། །ཚད་མེད་པ་ཡོད་པ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་མེད་པར་རིག་པར་བྱ་སྟེ། རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ནི་སེམས་ཅན་དཔག་ཏུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བདག་
གང་ཡིན་པ་དང་། ཆོས་ཐམས་ཅད་ཀྱི་བར་གང་ཡིན་པ་དེ་དག་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མྱ་ངན་ལས་འདས་པའི་དབྱིངས་ནི་སེམས་ཅན་དཔག་ཏུ་མེད། གྲངས་མེད་ཚད་མེད་པ་རྣམས་ཀྱི་གོ་འབྱེད་དོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་

ཆེན་པོ་དེ་ཡང་སེམས་ཅན་དཔག་ཏུ་མེད། གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་འབྱེད་དེ། རབ་འབྱོར་རྣམ་གྲངས་དེས་ན། ཇི་ལྟར་ནམ་མཁའ་སེམས་ཅན་དཔག་ཏུ་མེད་གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་འབྱེད་པ་དེ་བཞིན་དུ། ཐེག་པ་ཆེན་པོ་དེ་ཡང་སེམས་ཅན་དཔག་ཏུ་
མེད་གྲངས་མེད། ཚད་མེད་པ་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་བཅོམ་ལྡན་འདས་ཐེག་པ་ཆེན་པོ་དེ་ལ་ནི་འོང་བའམ་འགྲོ་བ་མི་དམིགས་ཤིང་། གནས་པ་མི་དམིགས་ཞེས་སྨྲས་པ་ནི། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ།
ཐེག་པ་ཆེན་པོ་དེ་ལ་ནི་འོང་བ་དང་འགྲོ་བ་མི་དམིགས་ཤིང་གནས་པ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་གཡོ་བ་མེད་པ་སྟེ། དེ་དག་ནི་གང་དུའང་འདོང་བ་མེད། གང་ནས་ཀྱང་འོང་བ་མེད། གང་ན་ཡང་གནས་པ་མེད་པའི་ཕྱིར་རོ། །དེ་ཅིའི་
ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་
འགྲོ་བ་མེད། གང་ན་ཡང་གནས་པ་མེད། གཟུགས་ཀྱི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད།
གང་དུ་ཡང་འགྲོ་བ་མེད་གང་ན་ཡང་གནས་པ་མེད། གཟུགས་ཀྱི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་
མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད། གཟུགས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་མཚན་ཉིད་ནི་གང་

ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་མིག་གི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད། རྣ་བ་དང་། སྣ་དང་། ལྕེ་དང་།
ལུས་དང་། ཡིད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་མིག་གི་དེ་བཞིན་ཉིད་དང་། ངོ་བོ་ཉིད་དང་། མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད།
གང་ན་ཡང་གནས་པ་མེད་ལ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དེ་བཞིན་ཉིད་དང་། ངོ་བོ་ཉིད་དང་། མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པའི་ཕྱིར་རོ། །རབ་འབྱོར་སའི་ཁམས་ཀྱི་རང་བཞིན་
དང་། དེ་བཞིན་ཉིད་དང་། ངོ་བོ་ཉིད་དང་། མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་ལ། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཀྱི་
རང་བཞིན་དང་། དེ་བཞིན་ཉིད་དང་། ངོ་བོ་ཉིད་དང་། མཚན་ཉིད་ཀྱང་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པའི་ཕྱིར་རོ། །རབ་འབྱོར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད།
གང་ན་ཡང་གནས་པ་མེད་ཅིང་། ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་དང་། ངོ་བོ་ཉིད་དང་། མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་ཉིད་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད།
གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་ཅིང་། དེ་བཞིན་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དང་། དེ་བཞིན་ཉིད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པའི་ཕྱིར་རོ། །རབ་འབྱོར་

ཡང་དག་པའི་མཐའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་ཅིང་། རབ་འབྱོར་ཡང་དག་པའི་མཐའི་དེ་བཞིན་ཉིད་དང་། ཡང་དག་པའི་མཐའི་ངོ་བོ་ཉིད་དང་། ཡང་དག་པའི་མཐའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད།
གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པའི་ཕྱིར་རོ། །རབ་འབྱོར་བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲ་བ་མེད། གང་ན་ཡང་གནས་པ་མེད་ཅིང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་དེ་བཞིན་ཉིད་
དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་ངོ་བོ་ཉིད་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པའི་ཕྱིར་རོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་གང་
ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་
བ་མེད། གང་ན་ཡང་གནས་པ་མེད་ཅིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་
མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་
ན་ཡང་གནས་པ་མེད་པའི་ཕྱིར་རོ། །རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་ལ། རབ་འབྱོར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ཉིད་དང་། དྲན་པ་ཉེ་བར་གཞག་པ་

རྣམས་ཀྱི་ངོ་བོ་ཉིད་དང་། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་ཅིང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་།
སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། མངོན་པར་ཤེས་པ་དྲུག་དང་། སངས་རྒྱས་ཀྱི་
ཆོས་མ་འདྲེས་པ་བཅྭ་བརྒྱད་པོ་དག་གི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་ལ། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་དེ་བཞིན་ཉིད་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་ངོ་བོ་
ཉིད་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་
གནས་པ་མེད་ལ། བྱང་ཆུབ་ཀྱི་དེ་བཞིན་ཉིད་དང་། བྱང་ཆུབ་ཀྱི་ངོ་བོ་ཉིད་དང་། བྱང་ཆུབ་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པའི་ཕྱིར་རོ། །རབ་འབྱོར་སངས་རྒྱས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད།
གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་ལ། སངས་རྒྱས་ཀྱི་དེ་བཞིན་ཉིད་དང་། སངས་རྒྱས་ཀྱི་ངོ་བོ་ཉིད་དང་། སངས་རྒྱས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པའི་ཕྱིར་རོ། །རབ་འབྱོར་
འདུས་བྱས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་ལ། འདུས་བྱས་ཀྱི་དེ་བཞིན་ཉིད་དང་། འདུས་བྱས་ཀྱི་ངོ་བོ་ཉིད་དང་། འདུས་བྱས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད།

གང་ན་ཡང་གནས་པ་མེད་པའི་ཕྱིར་རོ། །རབ་འབྱོར་འདུས་མ་བྱས་ཀྱི་རང་བཞིན་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་ལ། འདུས་མ་བྱས་ཀྱི་དེ་བཞིན་ཉིད་དང་། འདུས་མ་བྱས་ཀྱི་ངོ་བོ་ཉིད་དང་། འདུས་མ་བྱས་ཀྱི་མཚན་ཉིད་ནི་
གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མེད། གང་ན་ཡང་གནས་པ་མེད་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ལ་ནི་འོང་བ་མི་དམིགས། འགྲོ་བ་མི་དམིགས། གནས་པ་ཡང་མི་དམིགས་སོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ།
བཅོམ་ལྡན་འདས་ཐེག་པ་དེ་ལ་ནི་སྔོན་གྱི་མཐའ་ཡང་མི་དམིགས། ཕྱི་མའི་མཐའ་ཡང་མི་དམིགས། དབུས་ཀྱང་མི་དམིགས་ལགས་པས། དེ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་ལགས་ཏེ། དེའི་སླད་དུ་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱིའོ་ཞེས་སྨྲས་པ་ནི་རབ་
འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཐེག་པ་ཆེན་པོ་དེ་ལ་ནི་སྔོན་གྱི་མཐའ་ཡང་མི་དམིགས། ཕྱི་མའི་མཐའ་ཡང་མི་དམིགས། དབུས་ཀྱང་མི་དམིགས་པས། དེ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་ཡིན་ཏེ། དེའི་ཕྱིར་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བྱའོ། །དེ་
ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་འདས་པའི་དུས་ཀྱང་འདས་པའི་དུས་ཀྱིས་སྟོང་། མ་འོངས་པའི་དུས་ཀྱང་མ་འོངས་པའི་དུས་ཀྱིས་སྟོང་། ད་ལྟར་བྱུང་བའི་དུས་ཀྱང་ད་ལྟར་བྱུང་བའི་དུས་ཀྱིས་སྟོང་། དུས་གསུམ་མཉམ་པ་ཉིད་ཀྱང་དུས་གསུམ་མཉམ་པ་ཉིད་ཀྱིས་སྟོང་།
ཐེག་པ་ཆེན་པོ་ཡང་ཐེག་པ་ཆེན་པོས་སྟོང་། བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔས་སྟོང་ལ། རབ་འབྱོར་སྟོང་པ་ཉིད་ལ་ནི་གཅིག་ཅེས་བྱ་བ་མེད་ཅིང་། གཉིས་སམ། གསུམའམ། བཞིའམ། ལྔའམ། དྲུག་གམ། བདུན་ནམ། བརྒྱད་དམ། དགུ་
འམ། བཅུ་ཞེས་བྱ་བའམ། ཐ་དད་དུ་དབྱེ་བ་མེད་པའི་ཕྱིར་ཏེ། དེ་བས་ན་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་ཡིན་ཏེ། ཐེག་པ་ཆེན་པོ་དེ་ལ་ནི་མཉམ་པ་དང་མི་མཉམ་པ་མི་དམིགས་སོ། །དེ་ལ་ནི་འདོད་ཆགས་

དང་འདོད་ཆགས་དང་བྲལ་བ་ཡང་མི་དམིགས་སོ། །ཞེ་སྡང་དང་ཞེ་སྡང་མེད་པ་ཡང་མི་དམིགས་སོ། །གཏི་མུག་དང་གཏི་མུག་མེད་པ་ཡང་མི་དམིགས་སོ། །མིང་དང་མིང་མེད་པ་ཡང་མི་དམིགས་སོ། །དེ་བཞིན་དུ་དགེ་བ་དང་མི་དགེ་བ་ཡང་མི་དམིགས་
སོ། །ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཡང་མི་དམིགས་སོ། །ཁ་ན་མ་ཐོ་བ་དང་བཅས་པ་དང་ཁ་ན་མ་ཐོ་བ་མེད་པ་ཡང་མི་དམིགས་སོ། །ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མེད་པ་ཡང་མི་དམིགས་སོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་
པ་ཡང་མི་དམིགས་སོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་མི་དམིགས་སོ། །འཁོར་བ་དང་མྱ་ངན་ལས་འདས་པ་ཡང་མི་དམིགས་སོ། །དེ་ལ་ནི་རྟག་པ་དང་མི་རྟག་པ་ཡང་མི་དམིགས་སོ། །བདེ་བ་དང་སྡུག་བསྔལ་བ་ཡང་མི་དམིགས་སོ། །བདག་དང་
བདག་མེད་པ་ཡང་མི་དམིགས་སོ། །ཞི་བ་དང་མ་ཞི་བ་ཡང་མི་དམིགས་སོ། །འདོད་པའི་ཁམས་དང་། འདོད་པའི་ཁམས་ལས་ཡང་དག་པར་འདའ་བ་ཡང་མི་དམིགས་སོ། །གཟུགས་ཀྱི་ཁམས་དང་། གཟུགས་ཀྱི་ཁམས་ལས་ཡང་དག་པར་འདའ་བ་ཡང་མི་དམིགས་
སོ། །གཟུགས་མེད་པའི་ཁམས་དང་། གཟུགས་མེད་པའི་ཁམས་ལས་ཡང་དག་པར་འདའ་བ་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དེའི་རང་བཞིན་དམིགས་སུ་མེད་པའི་ཕྱིར་ཏེ། རབ་འབྱོར་འདས་པའི་གཟུགས་ནི་འདས་པའི་གཟུགས་ཀྱིས་སྟོང་ངོ་། །
དེ་བཞིན་དུ་འདས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། འདས་པའི་རྣམ་པར་ཤེས་པ་ནི་འདས་པའི་རྣམ་པར་ཤེས་པས་སྟོང་ངོ་། །རབ་འབྱོར་མ་འོངས་པའི་གཟུགས་ནི་མ་འོངས་པའི་གཟུགས་ཀྱིས་སྟོང་ངོ་། །དེ་བཞིན་དུ་མ་འོངས་པའི་ཚོར་བ་དང་། འདུ་
ཤེས་དང་། འདུ་བྱེད་རྣམས་དང་། མ་འོངས་པའི་རྣམ་པར་ཤེས་པ་ནི་མ་འོངས་པའི་རྣམ་པར་ཤེས་པས་སྟོང་ངོ་། །རབ་འབྱོར་ད་ལྟར་བྱུང་བའི་གཟུགས་ནི་ད་ལྟར་བྱུང་བའི་གཟུགས་ཀྱིས་སྟོང་ངོ་། །དེ་བཞིན་དུ་ད་ལྟར་བྱུང་བའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་

རྣམས་དང་། ད་ལྟར་བྱུང་བའི་རྣམ་པར་ཤེས་པ་ནི། ད་ལྟར་བྱུང་བའི་རྣམ་པར་ཤེས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སྟོང་པ་ཉིད་ལ་འདས་པའི་གཟུགས་དམིགས་སུ་མེད་པའི་ཕྱིར་ཏེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་
པ་ཉིད་ལ་འདས་པའི་གཟུགས་དམིགས་པར་ལྟ་ག་ལ་འགྱུར། སྟོང་པ་ཉིད་ལ་འདས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དམིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་འདས་
པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དམིགས་པར་ལྟ་ག་ལ་འགྱུར། དེ་བཞིན་དུ་སྟོང་པ་ཉིད་ལ་མ་འོངས་པའི་གཟུགས་དམིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་མ་
འོངས་པའི་གཟུགས་དམིགས་པར་ལྟ་ག་ལ་འགྱུར། སྟོང་པ་ཉིད་ལ་མ་འོངས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དམིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་མ་འོངས་པའི་
ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དམིགས་པར་ལྟ་ག་ལ་འགྱུར། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་གཟུགས་དམིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་གཟུགས་
དམིགས་པར་ལྟ་ག་ལ་འགྱུར། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དམིགས་སུ་མེད་དེ། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་ད་ལྟར་བྱུང་བའི་ཚོར་བ་དང་།
འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དམིགས་པར་ལྟ་ག་ལ་འགྱུར། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་གྱི་མཐར་མི་དམིགས་སོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱི་མའི་མཐར་མི་དམིགས་སོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་

པ་ནི་ད་ལྟར་བྱུང་བར་མི་དམིགས་སོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། རབ་འབྱོར་མཉམ་པ་ཉིད་ལ་ནི་འདས་པའི་དུས་མི་དམིགས་སོ། །མཉམ་པ་ཉིད་ལ་ནི་མ་འོངས་པའི་དུས་མི་དམིགས་སོ། །མཉམ་
པ་ཉིད་ལ་ནི་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ལ་མཉམ་པ་ཉིད་ཀྱང་མི་དམིགས་ན། མཉམ་པ་ཉིད་ལ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དམིགས་པར་ལྟ་ག་ལ་འགྱུར། རབ་འབྱོར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་
དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ད་ལྟར་བྱུང་བའི་དུས་རྣམས་ནི་མི་དམིགས་སོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་གྱི་མཐའ་དང་།
ཕྱི་མའི་མཐའ་དང་། ད་ལྟར་བྱུང་བའི་དུས་རྣམས་ནི་མི་དམིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་ཏེ། རབ་འབྱོར་མཉམ་པ་ཉིད་ལ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ལ་མཉམ་པ་
ཉིད་ཀྱང་མི་དམིགས་ན། མཉམ་པ་ཉིད་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་པར་ལྟ་ག་ལ་འགྱུར། རབ་འབྱོར་གཞན་ཡང་དྲན་པ་ཉེ་བར་གཞག་པ་རྣམས་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་
ནི་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་སོ། །རབ་འབྱོར་མཉམ་པ་ཉིད་ལ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ལ་མཉམ་པ་ཉིད་ཀྱང་མི་དམིགས་ན། མཉམ་
པ་ཉིད་ལ་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་དྲན་པ་ཉེ་བར་གཞག་པ་རྣམས་དམིགས་པར་ལྟ་ག་ལ་འགྱུར། རབ་འབྱོར་དེ་བཞིན་དུ་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་།

སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་པོ་དག་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་རྣམས་སུ་མི་དམིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ནི་དུས་གསུམ་
མཉམ་པ་ཉིད་ལ་མི་དམིགས་སོ། །རབ་འབྱོར་མཉམ་པ་ཉིད་ལ་ནི་འདས་པའི་དུས་མི་དམིགས། མ་འོངས་པའི་དུས་མི་དམིགས། ད་ལྟར་བྱུང་བའི་དུས་མི་དམིགས་ཏེ། མཉམ་པ་ཉིད་ལ་མཉམ་པ་ཉིད་ཀྱང་མི་དམིགས་ན། མཉམ་པ་ཉིད་ལ་འདས་པ་དང་། མ་འོངས་པ་དང་།
ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་དམིགས་པར་ལྟ་ག་ལ་འགྱུར། རབ་འབྱོར་གཞན་ཡང་སོ་སོའི་སྐྱེ་བོ་ནི་སྔོན་གྱི་མཐར་མི་དམིགས་སོ། །སོ་སོའི་སྐྱེ་བོ་ནི་ཕྱི་མའི་མཐར་མི་དམིགས་སོ། །སོ་སོའི་སྐྱེ་བོ་ནི་ད་ལྟར་བྱུང་བར་མི་དམིགས་སོ། །སོ་
སོའི་སྐྱེ་བོ་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་ཉན་ཐོས་ནི་སྔོན་གྱི་མཐར་མི་དམིགས་སོ། །རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་མཐར་མི་
དམིགས་སོ། །དེ་བཞིན་གཤེགས་པ་ནི་སྔོན་གྱི་མཐར་མི་དམིགས་སོ། །དེ་བཞིན་གཤེགས་པ་ནི་ཕྱི་མའི་མཐར་མི་དམིགས་སོ། །དེ་བཞིན་གཤེགས་པ་ནི་ད་ལྟར་བྱུང་བར་མི་དམིགས་སོ། །དེ་བཞིན་གཤེགས་པ་ནི་དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་སོ། །དེ་ཅིའི་
ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དམིགས་སུ་མེད་པའི་ཕྱིར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་གནས་ཏེ། དུས་གསུམ་མཉམ་པ་ཉིད་ལ་དེ་ལྟར་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་
རྫོགས་པར་བྱའོ། །རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དུས་གསུམ་མཉམ་པ་ཉིད་ཅེས་བྱ་བའི་ཐེག་པ་ཆེན་པོ་ཡིན་ཏེ། དེ་ལ་གནས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་

གྱིས་མནན་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྣམས་ཀྱི་དུས་གསུམ་མཉམ་པ་ཉིད་ཅེས་བགྱི་བའི་ཐེག་པ་ཆེན་པོ་འདི་ལེགས་པར་བཀའ་སྩལ་པ་ནི། ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་འདས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་ཐེག་པ་ཆེན་པོ་འདི་ལ་བསླབས་ནས།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ལགས་སོ། །བཅོམ་ལྡན་འདས་མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་ཐེག་པ་ཆེན་པོ་འདི་ལ་སློབ་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་གང་དག་
ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས་གྲངས་མ་མཆིས་ཚད་མ་མཆིས་པ་དག་ན་མཆིས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔག་ཏུ་མ་མཆིས། གྲངས་མ་མཆིས། ཚད་མ་མཆིས་པ་དེ་དག་ཀྱང་ཐེག་པ་ཆེན་པོ་འདི་ལ་བསླབས་ཤིང་། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བགྱིད་ལགས་ཏེ། བཅོམ་ལྡན་འདས་དེའི་སླད་དུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་ལགས་ཏེ། འདི་ལྟར་དུས་གསུམ་མཉམ་པ་ཉིད་ཅེས་བགྱི་བའི་ཐེག་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་
ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ཐེག་པ་
ཆེན་པོ་འདི་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་སོ། །བརྙེས་པར་འགྱུར་རོ། །བརྙེས་པར་མཛད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་ཟིལ་གྱིས་གནོན་པའི་ལེའུ་ཞེས་བྱ་སྟེ་བཅུ་དགུ་པའོ།། །།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བཅུ་དྲུག་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གནས་བརྟན་རབ་འབྱོར་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སླད་དུ་བསྐུལ་བ་མཛད་པས་འདི་ནི་ཐེག་པ་ཆེན་པོ་བསྟན་པར་སེམས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འགལ་བར་ཐེག་པ་ཆེན་པོ་བསྟན་པའམ་གཅིག་ཏུ་མ་གྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་གྱུར་པ་མེད་དེ། རབ་འབྱོར་ཁྱོད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འཐུན་པར་ཐེག་པ་ཆེན་པོ་སྟོན་པ་ཡིན་ནོ། །
དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཉན་ཐོས་ཀྱི་ཆོས་རྣམས་སམ། རང་སངས་རྒྱས་ཀྱི་ཆོས་རྣམས་སམ། བྱང་ཆུབ་སེམས་དཔའི་ཆོས་རྣམས་སམ། སངས་རྒྱས་ཀྱི་ཆོས་རྣམས་སམ། དགེ་བའི་ཆོས་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་
ནང་དུ་འདུས་ཤིང་། ཡང་དག་པར་གཞོལ་བའི་ཕྱིར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཉན་ཐོས་ཀྱི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་དང་། སངས་རྒྱས་ཀྱི་ཆོས་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་
འདུས་ཤིང་ཡང་དག་པར་གཞོལ་བའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་དགེ་བའི་ཆོས་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་
པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་

པའི་སྙོམས་པར་འཇུག་པ་བཞི་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་རྟག་ཏུ་བཏང་སྙོམས་
སུ་གནས་པ་སྟེ། རབ་འབྱོར་དེ་དག་ནི་ཉན་ཐོས་ཀྱི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་དང་། སངས་རྒྱས་ཀྱི་ཆོས་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་འདུས་ཤིང་། ཡང་དག་པར་གཞོལ་བའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་དགེ་བའི་
ཆོས་རྣམས་ཡིན་ནོ། །རབ་འབྱོར་དེ་ལ་ཐེག་པ་ཆེན་པོ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་
ཡིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། གཟུགས་གང་ཡིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། མིག་གང་ཡིན་པ་དང་།
གཟུགས་གང་ཡིན་པ་དང་། མིག་གི་རྣམ་པར་ཤེས་པ་གང་ཡིན་པ་དང་། མིག་གི་འདུས་ཏེ་རེག་པ་གང་ཡིན་པ་དང་། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་གང་ཡིན་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་གང་ཡིན་པ་དང་། ཆོས་
རྣམས་གང་ཡིན་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་གང་ཡིན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་གང་ཡིན་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་

རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་
དང་། སྨོན་པ་མེད་པ་དང་། འདུས་བྱས་ཀྱི་ཆོས་རྣམས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་དང་། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དང་། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་གང་ཡིན་པ་
དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གང་ཡིན་པ་དང་། ཏིང་ངེ་འཛིན་རྣམས་གང་ཡིན་པ་དང་། གཟུངས་ཀྱི་སྒོ་རྣམས་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་གང་ཡིན་པ་དང་། དེ་བཞིན་གཤེགས་པ་གང་
ཡིན་པ་དང་། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་གང་ཡིན་པ་དང་། ཆོས་ཀྱི་དབྱིངས་གང་ཡིན་པ་དང་། དེ་བཞིན་ཉིད་གང་ཡིན་པ་དང་། ཡང་དག་པའི་མཐའ་གང་ཡིན་པ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་གང་ཡིན་པ་དང་། མྱ་ངན་ལས་འདས་པ་
གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཡིན་པས། རབ་འབྱོར་རྣམ་གྲངས་དེས་ན། ཁྱོད་ནི་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་དང་། འཐུན་པར་ཐེག་པ་ཆེན་པོ་སྟོན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཐེག་པ་ཆེན་པོ་ཡང་གཞན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་
པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན། ཐེག་པ་ཆེན་པོ་ཡང་གཞན། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་གཞན་ཞིང་། ཐེག་པ་ཆེན་པོ་ཡང་གཞན་པ་མ་ཡིན་པའི་ཕྱིར་ཏེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། དྲན་པ་ཉེ་བར་

གཞག་པ་དེ་དག་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དོ། །ཐེག་པ་ཆེན་པོ་ཡང་གཞན་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཀྱང་གཞན་པ་མ་ཡིན་ཏེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་དེ་དག་ནི་གཉིས་སུ་མེད་ཅིང་
གཉིས་སུ་དབྱེར་མེད་དོ། །རབ་འབྱོར་དེའི་ཕྱིར་ཐེག་པ་ཆེན་པོ་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པས་ཐེག་པ་ཆེན་པོ་བསྟན་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་
ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་མཐར་ཁས་མི་ལེན་ལགས་སོ། །བྱང་ཆུབ་སེམས་དཔའ་ནི་ཕྱི་མའི་མཐར་ཁས་མི་ལེན་ལགས་སོ། །བྱང་ཆུབ་སེམས་དཔའ་ནི་དབུས་སུ་ཁས་མི་ལེན་ལགས་སོ། །བཅོམ་ལྡན་འདས་
གཟུགས་མུ་མ་མཆིས་པའི་སླད་དུ། བྱང་ཆུབ་སེམས་དཔའ་མུ་མ་མཆིས་པར་རིག་པར་བགྱིའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མུ་མ་མཆིས་པའི་སླད་དུ། བྱང་ཆུབ་སེམས་དཔའ་མུ་མ་མཆིས་པར་རིག་པར་བགྱིའོ། །བཅོམ་
ལྡན་འདས་གཟུགས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ལྟ་བུ་ཡང་མ་མཆིས་ཤིང་མི་དམིགས་ལགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ལྟ་བུ་ཡང་མ་མཆིས་ཤིང་མི་དམིགས་ལགས་སོ། །
བཅོམ་ལྡན་འདས་དེ་ལྟར་བདག་གིས་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པར་རྗེས་སུ་མ་མཐོང་། མ་དམིགས་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི། བཅོམ་ལྡན་འདས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ནི་མིང་ཙམ་དུ་བས་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན། བདག་བདག་ཅེས་བགྱི་བ་ཡང་བདག་མངོན་པར་གྲུབ་པ་ནི་གཏན་མ་མཆིས་

ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་ཡང་། བྱང་ཆུབ་སེམས་དཔའ་མངོན་པར་གྲུབ་པ་ནི་གཏན་མ་མཆིས་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་ཆོས་རྣམས་རང་བཞིན་མ་མཆིས་པ་ལགས་ན། གང་མངོན་པར་
གྲུབ་པའི་གཟུགས་དེ་གང་ལགས། གང་མངོན་པར་གྲུབ་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། གང་མངོན་པར་གྲུབ་པའི་རྣམ་པར་ཤེས་པ་དེ་གང་ལགས། བཅོམ་ལྡན་འདས་གང་མངོན་པར་མ་གྲུབ་པ་དེ་ནི་གཟུགས་མ་ལགས་སོ། །གང་མངོན་པར་མ་
གྲུབ་པ་དེ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མ་ལགས་སོ། །བཅོམ་ལྡན་འདས་མངོན་པར་མ་གྲུབ་པ་ལས་གུད་ན་གང་བྱང་ཆུབ་ཀྱི་སླད་དུ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དམིགས་སུ་མ་མཆིས་ན། ཅི་མངོན་པར་མ་གྲུབ་པ་དེ་མངོན་པར་མ་གྲུབ་
པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་པར་བགྱི་ཞིང་རྗེས་སུ་བསྟན་པར་བགྱི་ལགས་སམ། བཅོམ་ལྡན་འདས་དེ་ལྟར་བསྟན་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་ཞུམ་མི་འགོང་ཞིང་། ཡིད་འགྱོད་པར་མི་འགྱུར་ལ་མི་སྐྲག་མི་དངང་ཞིང་དངང་བར་
མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས་པར་རིག་པར་བགྱིའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར། བྱང་
ཆུབ་སེམས་དཔའ་སྔོན་གྱི་མཐར་ཁས་མི་ལེན་པ་ཡིན། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་ཁས་མི་ལེན་པ་ཡིན། བྱང་ཆུབ་སེམས་དཔའ་དབུས་སུ་ཁས་མི་ལེན་པ་ཡིན། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར། གཟུགས་མུ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་མུ་མེད་པར་
རིག་པར་བྱ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མུ་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་མུ་མེད་པར་རིག་པར་བྱ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་གཟུགས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་པ་

ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་པ་ཡིན། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་འདི་སྐད་དུ། བཅོམ་ལྡན་འདས་དེ་ལྟར་བདག་གིས་ཐམས་ཅད་ཀྱི་
ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པར་རྗེས་སུ་མི་མཐོང་། མ་དམིགས་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གདམས་པར་བགྱི་ཞིང་རྗེས་སུ་
བསྟན་པར་བགྱི་ཞེས་སྨྲ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་འདི་སྐད་དུ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ནི་མིང་ཙམ་དུ་བས་ལགས་སོ་ཞེས་བྱ་བའི་བར་དུ་སྨྲ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་འདི་སྐད་དུ། བཅོམ་ལྡན་འདས་དཔེར་བགྱི་ན། བདག་བདག་ཅེས་བགྱི་
ཡང་བདག་མངོན་པར་གྲུབ་པ་ནི་གཏན་མ་མཆིས་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་ཡང་བྱང་ཆུབ་སེམས་དཔའ་མངོན་པར་གྲུབ་པ་ནི་གཏན་མ་མཆིས་ལགས་སོ་ཞེས་སྨྲ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་འདི་
སྐད་དུ། བཅོམ་ལྡན་འདས་དེ་ལྟར་ཆོས་རྣམས་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན། གང་མངོན་པར་མ་གྲུབ་པའི་གཟུགས་དེ་གང་ལགས། གང་མངོན་པར་མ་གྲུབ་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། གང་མངོན་པར་མ་གྲུབ་པའི་རྣམ་
པར་ཤེས་པ་དེ་གང་ལགས། གང་མངོན་པར་མ་གྲུབ་པ་དེ་ནི་གཟུགས་མ་ལགས་སོ། །གང་མངོན་པར་མ་གྲུབ་པ་དེ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མ་ལགས་སོ་ཞེས་སྨྲ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་འདི་སྐད་དུ།
ཅི་མངོན་པར་མ་གྲུབ་པ་དེ་མངོན་པར་མ་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་པར་བགྱི་ཞིང་རྗེས་སུ་བསྟན་པར་བགྱི་ལགས་སམ་ཞེས་སྨྲ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་འདི་སྐད་དུ། བཅོམ་ལྡན་འདས་མངོན་