Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 029_ཁྲི་བརྒྱད།_ཀ
Văn bản gốc(Tây Tạng)
Trang 12 / 19 (50.000 ký tự/trang)
་སེམས་དཔའ་ཆེན་པོའི་འཁོར་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱེ་བ་ཕུན་སུམ་ཚོགས་པ་གང་ཞེ་ན། སྐྱེས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བས་ཁྱབ་པར་འགྱུར་ཞིང་། དེ་དག་ཀྱང་ རྣམ་པ་དྲུག་ཏུ་གཡོ་བར་འགྱུར་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱེ་བ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མངོན་པར་འབྱུང་བ་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་དུ་མ་དག་དང་། ཁྱིམ་ནས་རབ་ཏུ་འབྱུང་ཞིང་མངོན་པར་འབྱུང་ལ། སེམས་ཅན་དེ་དག་ཀྱང་ཐེག་པ་གསུམ་པོ་དག་ལ་ངེས་པར་འགྱུར་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མངོན་པར་འབྱུང་བ་ཕུན་སུམ་ ཚོགས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ཤིང་གི་བཀོད་པ་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་ཀྱི་ཤིང་གི་རྩ་བ་ནི། གསེར་ལས་གྲུབ་པ། སྡོང་པོ་ནི་བཻ་དཱུརྱ་ལས་གྲུབ་པ། ཡལ་ག་དང་། ལོ་མ་དང་འདབ་མ་རྣམས་ནི་ རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་ཡིན་ལ། ཡལ་ག་དང་། ལོ་མ་དང་། འདབ་མ་དེ་དག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་བར་དག་ཏུ་སྣང་བས་ཁྱབ་པར་བྱེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ཤིང་གི་བཀོད་པ་ ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཡོངས་སུ་སྨིན་པར་བྱས་པས། སངས་རྒྱས་ཀྱི་ཞིང་ ཡོངས་སུ་དག་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་པ་ལ་གནས་པ་ཇི་ལྟར་ན་དེ་བཞིན་གཤེགས་པ་ཉིད་ཅེས་བྱ་ཞེ་ན། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དག་ཡོངས་སུ་རྫོགས་པར་གྱུར་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་དག་ཡོངས་སུ་རྫོགས་པར་གྱུར་པ་དང་། བག་ཆགས་དང་། མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་པ་ལ་གནས་པ་ནི་དེ་བཞིན་གཤེགས་པ་ཉིད་ཅེས་བྱའོ། །རབ་ འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་བཅུ་པོ་དག་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ལ་སྤྱོད་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ པོ་དག་ལ་བསླབས་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ལ་སྤྱོད་པ་ནི་དཀར་པོ་རྣམ་པར་མཐོང་བའི་ས་ལས་ཡང་དག་པར་འདའ་ཞིང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་ བྲལ་བའི་ས་དང་། བྱས་པ་རྟོགས་པ་ཅན་གྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་བྱང་ཆུབ་སེམས་དཔའི་ས་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ས་དགུ་པོ་འདི་དག་ལས་འདས་ནས། སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་ཏེ། རབ་འབྱོར་དེ་ དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་བཅུ་ཡིན་ནོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ས་ཡོངས་སུ་སྦྱང་བའི་ ལེའུ་ཞེས་བྱ་སྟེ་བཅུ་བདུན་པའོ།། །།རབ་འབྱོར་གང་ཁྱོད་འདི་སྐད་དུ་ཐེག་པ་དེ་གང་ནས་ངེས་པར་འབྱུང་བར་འགྱུར་ཞེས་ཟེར་བ་ནི་ཁམས་གསུམ་ནས་ངེས་པར་འབྱུང་བར་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ག་ལ་བ་དེར་གནས་པར་ འགྱུར་ཏེ། དེ་ཡང་གཉིས་སུ་མེད་པའི་ཚུལ་གྱིས་གནས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཐེག་པ་ཆེན་པོ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པའི་ཆོས་འདི་གཉིས་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཏེ། གཟུགས་ མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཚན་ཉིད་མེད་པའི་ཆོས་ལ་ནི་ངེས་པར་འབྱུང་བའམ། ངེས་པར་འབྱུང་བར་འགྱུར་བའམ། ངེས་པར་འབྱུང་བར་གྱུར་པ་མེད་པའི་ ཕྱིར་རོ། །རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་དེ་བཞིན་དུ་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་ཡང་དག་ པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། སྤོང་བའི་དབྱིངས་དང་། འདོད་ཆགས་དང་བྲལ་བའི་དབྱིངས་དང་། འགོག་པའི་དབྱིངས་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ནི་ཁམས་ གསུམ་ནས་ངེས་པར་འབྱུང་བར་མི་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །འགོག་པའི་དབྱིངས་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་ འདོད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་སྟོང་པ་ཉིད་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་ལ་ ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱི་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བར་མི་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་འགྱུར་བའི་ཕྱིར་རོ། །ཚོར་བའི་སྟོང་པ་ཉིད་དང་། འདུ་ཤེས་ཀྱི་སྟོང་ པ་ཉིད་དང་། འདུ་བྱེད་ཀྱི་སྟོང་པ་ཉིད་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བར་མི་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་ནི་གཟུགས་ ཀྱིས་སྟོང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་མིག་གི་སྟོང་པ་ཉིད་ལ་ངེས་པར་འབྱུང་བར་འདོད་དུ་ ཟད་དོ། །རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་སྟོང་པ་ཉིད་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་དེ་བཞིན་དུ་མཚན་ཉིད་མེད་པའི་ ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་གཟུགས་ཀྱི་སྟོང་པ་ཉིད་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་སྟོང་པ་ཉིད་དང་། མིག་གི་རྣམ་པར་ཤེས་པའི་སྟོང་པ་ཉིད་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་ རྣམ་པར་ཤེས་པ་སྟོང་པ་ཉིད་དང་། མིག་གི་འདུས་ཏེ་རེག་པའི་སྟོང་པ་ཉིད་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པའི་སྟོང་པ་ཉིད་དང་། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་སྟོང་པ་ཉིད་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་པ་ཉིད་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིག་གི་སྟོང་པ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བར་མི་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་ འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་སྟོང་པ་ཉིད་ཀྱི་བར་ནི་ཁམས་གསུམ་ནས་ངེས་པར་འབྱུང་བར་མི་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ འདི་ལྟར་མིག་ནི་མིག་གིས་སྟོང་པའི་ཕྱིར་རོ། །དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་བར་དག་ཀྱང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བས་སྟོང་པའི་ཕྱིར་རོ། །རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་ འདོད་པ་གང་ཡིན་པ་དེ་ནི་རྨི་ལམ་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་དེ་བཞིན་དུ་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་སྒྱུ་མ་དང་། སྨིག་རྒྱུ་དང་། བྲག་ཅ་དང་། མིག་ཡོར་དང་། དེ་བཞིན་གཤེགས་པས་ སྤྲུལ་པ་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྨི་ལམ་གྱི་རང་བཞིན་ནི་ཁམས་གསུམ་ནས་ངེས་པར་འབྱུང་བར་མི་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་འགྱུར་བ་དང་། རབ་འབྱོར་དེ་བཞིན་དུ་སྒྱུ་མའི་རང་བཞིན་དང་། སྨིག་རྒྱུ་དང་། བྲག་ཅ་དང་། མིག་ཡོར་དང་། དེ་བཞིན་གཤེགས་པས་སྤྲུལ་པའི་རང་བཞིན་ནི་ཁམས་གསུམ་ནས་ངེས་པར་འབྱུང་བར་མི་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་རྨི་ ལམ་གྱི་རང་བཞིན་ནི་རྨི་ལམ་གྱི་རང་བཞིན་གྱིས་སྟོང་པ་དང་། སྒྱུ་མའི་རང་བཞིན་ནི་སྒྱུ་མའི་རང་བཞིན་གྱིས་སྟོང་པ་དང་། སྨིག་རྒྱུའི་རང་བཞིན་ནི་སྨིག་རྒྱུའི་རང་བཞིན་གྱིས་སྟོང་པ་དང་། བྲག་ཅའི་རང་བཞིན་ནི་བྲག་ཅའི་རང་བཞིན་གྱིས་སྟོང་པ་དང་། མིག་ཡོར་གྱི་རང་ བཞིན་ནི་མིག་ཡོར་གྱི་རང་བཞིན་གྱིས་སྟོང་པ་དང་། དེ་བཞིན་གཤེགས་པས་སྤྲུལ་པའི་རང་བཞིན་ནི་དེ་བཞིན་གཤེགས་པས་སྤྲུལ་པའི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་དེ་བཞིན་དུ་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་ཁམས་གསུམ་ནས་ངེས་པར་འབྱུང་བར་མི་འགྱུར་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་ མི་འགྱུར་བ་དང་། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་ཁམས་གསུམ་ནས་ངེས་པར་འབྱུང་ བར་མི་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་སྟོང་པ་དང་། དེ་བཞིན་དུ་སྦྱར་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། ། རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་ནང་སྟོང་པ་ཉིད་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ དག་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ནང་སྟོང་པ་ཉིད་ཀྱི་རང་བཞིན་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་རང་བཞིན་ནི་ཁམས་གསུམ་ནས་ངེས་པར་འབྱུང་བར་མི་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ལ་གནས་པར་མི་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ནང་སྟོང་པ་ཉིད་ཀྱི་རང་བཞིན་ནི་ནང་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་རང་བཞིན་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་ སྟོང་པའི་ཕྱིར་རོ། །རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་དྲན་པ་ཉེ་བར་གཞག་པ་རྣམས་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རང་བཞིན་ནི་ ཁམས་གསུམ་ནས་ངེས་པར་འབྱུང་བར་མི་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རང་བཞིན་ནི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་རང་བཞིན་གྱིས་སྟོང་ པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་ཡང་དག་པའི་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལམ་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ལམ་གྱི་བར་གྱི་རང་བཞིན་གང་ཡིན་པ་དེ་ནི་ཁམས་གསུམ་ནས་ངེས་པར་འབྱུང་བར་མི་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལམ་ནི་ལམ་གྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་དེ་བཞིན་དུ་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ བཅྭ་བརྒྱད་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་ཁམས་གསུམ་ནས་ངེས་པར་འབྱུང་བར་མི་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་འགྱུར་བའི་ཕྱིར་ རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་དགྲ་བཅོམ་པ་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། ། རབ་འབྱོར་དེ་བཞིན་དུ་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་དག་ནི་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དགྲ་བཅོམ་པའི་རང་བཞིན་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་རང་བཞིན་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་རང་བཞིན་གང་ཡིན་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རང་ བཞིན་གང་ཡིན་པ་དེ་ནི་ཁམས་གསུམ་ནས་ངེས་པར་འབྱུང་བར་མི་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་དགྲ་བཅོམ་པའི་རང་བཞིན་ནི་དགྲ་བཅོམ་པའི་རང་ བཞིན་གྱིས་སྟོང་། རང་སངས་རྒྱས་ཀྱི་རང་བཞིན་ནི་རང་སངས་རྒྱས་ཀྱི་རང་བཞིན་གྱིས་སྟོང་། བྱང་ཆུབ་སེམས་དཔའི་རང་བཞིན་ནི་བྱང་ཆུབ་སེམས་དཔའི་རང་བཞིན་གྱིས་སྟོང་། དེ་བཞིན་གཤེགས་པའི་རང་བཞིན་ནི་དེ་བཞིན་གཤེགས་པའི་རང་བཞིན་གྱིས་སྟོང་པའི་ ཕྱིར་རོ། །རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་དེ་བཞིན་དུ་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་ ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ ལྟར་རྒྱུན་དུ་ཞུགས་པའི་འབྲས་བུའི་རང་བཞིན་གང་ཡིན་པ་དེ་ནི་ཁམས་གསུམ་ནས་ངེས་པར་འབྱུང་བར་མི་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་འགྱུར་བ་དང་། དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་གང་ཡིན་པ་དེ་ནི་ཁམས་གསུམ་ནས་ངེས་པར་འབྱུང་བར་མི་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་འགྱུར་བའི་ ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་རྒྱུན་དུ་ཞུགས་པའི་འབྲས་བུ་ནི། རྒྱུན་དུ་ཞུགས་པའི་འབྲས་བུས་སྟོང་པ་དང་། དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་མིང་ལས་ངེས་པར་འབྱུང་བར་འདོད་དུ་ཟད་དོ། ། རབ་འབྱོར་དེ་བཞིན་དུ་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་མཚན་མ་དང་བརྡ་དང་། ཐ་སྙད་དང་། གདགས་པ་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གདགས་པའི་རང་བཞིན་ནི་ཁམས་ གསུམ་ནས་ངེས་པར་འབྱུང་བར་མི་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གདགས་པ་ནི་གདགས་པའི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་ ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་སྐྱེ་བ་མེད་པ་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་ལ་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་ བ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་ལ་ངེས་པར་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་མངོན་པར་འདུ་བྱེད་པ་མེད་པའི་རང་བཞིན་གང་ཡིན་པ་དེ་ནི་ཁམས་གསུམ་ནས་ངེས་པར་འབྱུང་བར་མི་འགྱུར་ཞིང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ལ་གནས་པར་མི་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་མངོན་པར་འདུ་བྱེད་པ་མེད་པ་ནི། མངོན་པར་འདུ་བྱེད་པ་མེད་པས་སྟོང་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་ཐེག་པ་ཆེན་པོ་དེ་ནི་ཁམས་གསུམ་ནས་ངེས་པར་འབྱུང་བར་མི་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་མི་འགྱུར་ཏེ། ཐེག་པ་དེ་ནི་བསྐྱོད་དུ་མེད་པ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བཅུ་བཞི་པ། རབ་འབྱོར་གང་ཁྱོད་འདི་སྐད་དུ་ཐེག་པ་དེ་གང་དུ་གནས་པར་འགྱུར་ ཞེས་ཟེར་བ་ནི་ཐེག་པ་དེ་གང་དུ་ཡང་གནས་པར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་གནས་པ་མེད་པའི་ཕྱིར་རོ། །རབ་འབྱོར་འོན་ཀྱང་ཐེག་པ་དེ་ནི་མི་གནས་པའི་ཚུལ་གྱིས་གནས་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ ན། དེ་བཞིན་ཉིད་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་ དབྱིངས་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་ཉིད་ཀྱི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་ཞིང་། ཡང་དག་པའི་མཐའི་རང་བཞིན་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་ཉིད་ཀྱི་རང་བཞིན་ནི་དེ་བཞིན་ཉིད་ཀྱི་རང་བཞིན་གྱིས་སྟོང་པ་དང་། དེ་བཞིན་དུ་ཡང་དག་ པའི་མཐའི་རང་བཞིན་ནི་ཡང་དག་པའི་མཐའི་རང་བཞིན་གྱིས་སྟོང་པ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་རང་བཞིན་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཁམས་ནི་གནས་ པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྤོང་བའི་དབྱིངས་དང་། འདོད་ཆགས་དང་བྲལ་བའི་དབྱིངས་དང་། འགོག་ པའི་དབྱིངས་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ནམ་མཁའི་ཁམས་ཀྱི་རང་བཞིན་ནི་གནས་པའམ་མི་གནས་པ་ མ་ཡིན་པ་དང་། སྤོང་བའི་དབྱིངས་ཀྱི་རང་བཞིན་དང་། འདོད་ཆགས་དང་བྲལ་བའི་དབྱིངས་ཀྱི་རང་བཞིན་དང་། འགོག་པའི་དབྱིངས་ཀྱི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ནམ་མཁའི་ཁམས་ཀྱི་རང་བཞིན་ནི་ནམ་ མཁའི་ཁམས་ཀྱི་རང་བཞིན་གྱིས་སྟོང་པ་དང་། སྤོང་བའི་དབྱིངས་ཀྱི་རང་བཞིན་ནི་སྤོང་བའི་དབྱིངས་ཀྱི་རང་བཞིན་གྱིས་སྟོང་པ་དང་། འདོད་ཆགས་དང་བྲལ་བའི་དབྱིངས་ཀྱི་རང་བཞིན་ནི་འདོད་ཆགས་དང་བྲལ་བའི་དབྱིངས་ཀྱི་རང་བཞིན་གྱིས་སྟོང་པ་དང་། འགོག་པའི་ དབྱིངས་ཀྱི་རང་བཞིན་ནི་འགོག་པའི་དབྱིངས་ཀྱི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཟུགས་ཀྱི་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་ མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚོར་བའི་སྟོང་པ་ཉིད་དང་། འདུ་ཤེས་ཀྱི་སྟོང་པ་ཉིད་དང་། འདུ་བྱེད་རྣམས་ཀྱི་སྟོང་པ་ཉིད་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་ འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པ་དང་། རྣམ་པར་ཤེས་པའི་རང་བཞིན་གྱི་བར་དུ་གནས་པའམ་མི་གནས་པ་མ་ཡིན་ པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་པ་དང་། རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མིག་གི་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །ཡིད་ ཀྱི་སྟོང་པ་ཉིད་ཀྱི་བར་དུ་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིག་གི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པ་དང་། ཡིད་ཀྱི་རང་བཞིན་གྱི་བར་དུ་གནས་པའམ་མི་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིག་ནི་མིག་གིས་སྟོང་པ་དང་། ཡིད་ཀྱི་བར་དུ་ཡིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གཟུགས་ཀྱི་སྟོང་པ་ཉིད་ ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །ཆོས་ཀྱི་སྟོང་པ་ཉིད་ཀྱི་བར་དུ་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་ཀྱི་རང་ བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པ་དང་། ཆོས་ཀྱི་རང་བཞིན་གྱི་བར་དུ་གནས་པའམ་མི་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་པ་དང་། ཆོས་རྣམས་ཀྱི་བར་ནི་ཆོས་རྣམས་ཀྱིས་སྟོང་པའི་ཕྱིར་རོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། མིག་གི་རྣམ་པར་ཤེས་པའི་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་ཀྱི་བར་དུ་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་ དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིག་གི་རྣམ་པར་ཤེས་པའི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་གྱི་བར་དུ་གནས་པའམ་མི་གནས་པ་མ་ཡིན་པའི་ཕྱིར་རོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིག་གི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པས་སྟོང་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མིག་གི་འདུས་ཏེ་རེག་པའི་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་ མི་གནས་པ་ཡང་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་སྟོང་པ་ཉིད་ཀྱི་བར་དུ་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིག་གི་ འདུས་ཏེ་རེག་པའི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རང་བཞིན་གྱི་བར་དུ་གནས་པའམ་མི་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིག་གི་འདུས་ཏེ་རེག་པ་ནི་མིག་གི་འདུས་ཏེ་རེག་པས་སྟོང་པ་དང་། ཡིད་ ཀྱི་འདུས་ཏེ་རེག་པའི་བར་དུ་ཡིད་ཀྱི་འདུས་ཏེ་རེག་པས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ སྟོང་པ་ཉིད་ཀྱི་བར་དུ་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་རང་བཞིན་ནི་ གནས་པའམ་མི་གནས་པ་མ་ཡིན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་རང་བཞིན་གྱི་བར་དུ་གནས་པའམ་མི་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་མིག་གི་འདུས་ཏེ་རེག་པའི་ རྐྱེན་གྱིས་ཚོར་བས་སྟོང་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་བར་དུ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་རྨི་ལམ་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་ པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མ་དང་། སྨིག་རྒྱུ་དང་། བྲག་ཅ་དང་། མིག་ཡོར་དང་། དེ་བཞིན་གཤེགས་པས་སྤྲུལ་པ་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་ པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྨི་ལམ་གྱི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྨི་ལམ་གྱི་རང་བཞིན་ནི་རྨི་ལམ་གྱི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། ། སྒྱུ་མ་དང་། སྨིག་རྒྱུ་དང་། བྲག་ཅ་དང་། མིག་ཡོར་དང་། དེ་བཞིན་གཤེགས་པས་སྤྲུལ་པ་ནི་གནས་པའམ་མི་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྒྱུ་མའི་རང་བཞིན་ནི་སྒྱུ་མའི་རང་བཞིན་གྱིས་སྟོང་པ་དང་། སྨིག་རྒྱུའི་ རང་བཞིན་ནི་སྨིག་རྒྱུའི་རང་བཞིན་གྱིས་སྟོང་པ་དང་། བྲག་ཅའི་རང་བཞིན་ནི་བྲག་ཅའི་རང་བཞིན་གྱིས་སྟོང་པ་དང་། མིག་ཡོར་གྱི་རང་བཞིན་ནི་མིག་ཡོར་གྱི་རང་བཞིན་གྱིས་སྟོང་པ་དང་། དེ་བཞིན་གཤེགས་པས་སྤྲུལ་པའི་རང་བཞིན་ནི་དེ་བཞིན་གཤེགས་པས་སྤྲུལ་པའི་རང་ བཞིན་གྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་ དཔེར་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་ དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནི། སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་སྟོང་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱི་བར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནང་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། ། རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ནང་སྟོང་པ་ཉིད་ཀྱི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་གྱི་བར་དུ་གནས་པའམ་མི་གནས་པ་མ་ཡིན་ པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ནང་སྟོང་པ་ཉིད་ཀྱི་རང་བཞིན་ནི་ནང་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་གྱི་བར་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །རབ་ འབྱོར་འདི་ལྟ་སྟེ་དཔེར་ན། དྲན་པ་ཉེ་བར་གཞག་པ་རྣམས་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དྲན་པ་ཉེ་བར་གཞག་པའི་རང་ བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དྲན་པ་ཉེ་བར་གཞག་པའི་རང་བཞིན་ནི་དྲན་པ་ཉེ་བར་གཞག་པའི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ དུ་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་རང་བཞིན་ནི་གནས་པའམ་མི་ གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ལམ་ནི་ལམ་གྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ བཅྭ་བརྒྱད་ཀྱི་བར་དུ་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་བཅུའི་རང་བཞིན་ནི་ གནས་པའམ་མི་གནས་པ་མ་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་སྟོང་ པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དགྲ་བཅོམ་པ་ཟག་པ་ཟད་པ་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རང་སངས་རྒྱས་ནི་ གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དགྲ་བཅོམ་པའི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པ་དང་། རང་སངས་རྒྱས་ ཀྱི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགྲ་བཅོམ་པའི་རང་བཞིན་ནི་དགྲ་བཅོམ་པའི་རང་བཞིན་གྱིས་སྟོང་པ་དང་། རང་སངས་རྒྱས་ཀྱི་རང་བཞིན་ནི་རང་སངས་རྒྱས་ཀྱི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་ སྟེ་དཔེར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་ དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པ་དང་། དེ་བཞིན་གཤེགས་པའི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པའི་ ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའི་རང་བཞིན་ནི་བྱང་ཆུབ་སེམས་དཔའི་རང་བཞིན་གྱིས་སྟོང་པ་དང་། དེ་བཞིན་གཤེགས་པའི་རང་བཞིན་ནི་དེ་བཞིན་གཤེགས་པའི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དགྲ་བཅོམ་པ་ཉིད་ཀྱི་བར་དུ་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རང་བྱང་ཆུབ་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་ པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒྱུན་དུ་ཞུགས་པའི་འབྲས་བུའི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པ་དང་། དགྲ་བཅོམ་པ་ཉིད་ཀྱི་རང་བཞིན་གྱི་བར་དུ་གནས་པའམ་མི་གནས་པ་མ་ཡིན་ པ་དང་། རང་བྱང་ཆུབ་ཀྱི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྒྱུན་དུ་ཞུགས་པའི་འབྲས་བུའི་རང་བཞིན་ནི་རྒྱུན་དུ་ཞུགས་པའི་འབྲས་བུའི་རང་བཞིན་གྱིས་སྟོང་པ་དང་། དགྲ་བཅོམ་པ་ཉིད་ཀྱི་རང་བཞིན་གྱི་བར་དུ་དགྲ་ བཅོམ་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་པ་དང་། རང་བྱང་ཆུབ་ཀྱི་རང་བཞིན་ནི་རང་བྱང་ཆུབ་ཀྱི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ནི་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རང་བཞིན་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་པ་དང་། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱི་རང་བཞིན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མིང་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་ པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མཚན་མ་དང་། བརྡ་དང་། ཐ་སྙད་དང་། གདགས་པ་ནི་གནས་པ་ཡང་མ་ཡིན། མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མིང་གི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པ་དང་། མཚན་མའི་རང་བཞིན་དང་། བརྡའི་རང་བཞིན་དང་། ཐ་སྙད་ཀྱི་རང་བཞིན་དང་། གདགས་པའི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ ཞེ་ན། འདི་ལྟར་མིང་གི་རང་བཞིན་ནི་མིང་གི་རང་བཞིན་གྱིས་སྟོང་པ་དང་། མཚན་མའི་རང་བཞིན་ནི་མཚན་མའི་རང་བཞིན་གྱིས་སྟོང་པ་དང་། བརྡའི་རང་བཞིན་ནི་བརྡའི་རང་བཞིན་གྱིས་སྟོང་པ་དང་། ཐ་སྙད་ཀྱི་རང་བཞིན་ནི་ཐ་སྙད་ཀྱི་རང་བཞིན་གྱིས་སྟོང་པ་དང་། གདགས་ པའི་རང་བཞིན་ནི་གདགས་པའི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེ་བ་མེད་པ་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་ནི་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་ མ་ཡིན་མི་གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྐྱེ་བ་མེད་པའི་རང་བཞིན་ནི་གནས་པའམ་མི་གནས་པ་མ་ཡིན་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པའི་རང་བཞིན་ ནི་གནས་པའམ་མི་གནས་པ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྱེ་བ་མེད་པའི་རང་བཞིན་ནི་སྐྱེ་བ་མེད་པའི་རང་བཞིན་གྱིས་སྟོང་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་ བྱ་བ་མེད་པའི་རང་བཞིན་ནི་མངོན་པར་འདུ་བྱེད་པ་མེད་པའི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་དེ་ལྟར་ན་ཐེག་པ་དེ་ནི་མི་གནས་པར་གནས་པའི་ཚུལ་དང་བསྐྱོད་དུ་མེད་པའི་ཚུལ་གྱིས་གང་དུ་ཡང་གནས་པར་འགྱུར་བ་མེད་དོ། །རབ་འབྱོར་ཁྱོད་འདི་སྐད་དུ་ཐེག་པ་ དེས་སུ་ཞིག་ངེས་པར་འབྱུང་བར་འགྱུར་ཞེས་ཟེར་བ་ནི་ཐེག་པ་ངེས་སུ་ཡང་ངེས་པར་འབྱུང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་ཐེག་པ་གང་ཡིན་པ་དེ་དང་། གང་ངེས་པར་འབྱུང་བར་འགྱུར་བ་དང་། གང་གིས་ངེས་པར་འབྱུང་བར་འགྱུར་བ་དང་། གང་ནས་ ངེས་པར་འབྱུང་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་པའི་ཕྱིར་རོ། །དེ་ལྟར་ཆོས་ཐམས་ཅད་མེད་ཅིང་མི་དམིགས་པའི་ཆོས་གང་ཞིག་ཆོས་གང་གིས་ངེས་པར་འབྱུང་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་བདག་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ བདག་མི་དམིགས་པ་དང་། སེམས་ཅན་དང་། སྲོག་དང་། གང་ཟག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་མི་དམིགས། ཤིན་ཏུ་རྣམ་པར་དག་པའི་ཕྱིར་དེ་བཞིན་ཉིད་མི་དམིགས། ཡང་དག་པའི་མཐའ་མི་དམིགས། ཤིན་ཏུ་ རྣམ་པར་དག་པའི་ཕྱིར། བསམ་གྱིས་མི་ཁྱབ་པའི་དབྱིངས་མི་དམིགས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་མི་དམིགས། ཤིན་ཏུ་རྣམ་པར་དག་པའི་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས། དེ་བཞིན་དུ་ཤིན་ཏུ་རྣམ་པར་ དག་པའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ནང་སྟོང་པ་ཉིད་ མི་དམིགས། ཤིན་ཏུ་རྣམ་པར་དག་པའི་ཕྱིར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མི་དམིགས། ཤིན་ཏུ་རྣམ་པར་དག་པའི་ཕྱིར། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མི་དམིགས། ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་མི་དམིགས། དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྒྱུན་ཏུ་ཞུགས་པ་མི་དམིགས། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་ བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་དམིགས། དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས། ཤིན་ཏུ་རྣམ་པར་དག་པའི་ཕྱིར། སྐྱེ་བ་མེད་པ་མི་དམིགས། དེ་བཞིན་ དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་མི་དམིགས། ཤིན་ཏུ་རྣམ་པར་དག་པའི་ཕྱིར། སྔོན་གྱི་མཐའ་མི་དམིགས། དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་ པའི་ཕྱིར་ཕྱི་མའི་མཐའ་དང་། ད་ལྟར་བྱུང་བ་མི་དམིགས། དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། འོང་བ་དང་། འགྲོ་བ་དང་། གནས་པ་དང་། འཆི་འཕོ་དང་སྐྱེ་བ་མི་དམིགས། དེ་བཞིན་དུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་འགྲིབ་པ་དང་། འཕེལ་བ་མི་དམིགས་ པའི་ཕྱིར་རོ། །གང་དམིགས་སུ་མེད་པས་ཐམས་ཅད་མི་དམིགས་ཞེ་ན། ཆོས་ཀྱི་དབྱིངས་དམིགས་སུ་མེད་པས་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཀྱི་དབྱིངས་དམིགས་སུ་མེད་པས་ཆོས་ཀྱི་དབྱིངས་མི་དམིགས་སོ། །སྐྱེ་བ་མེད་པ་དང་། འགག་ པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དམིགས་སུ་མེད་པས་མངོན་པར་འདུ་བྱེད་པ་མེད་པ་མི་དམིགས་སོ། །དེ་བཞིན་ཉིད་དམིགས་སུ་མེད་པས་དེ་བཞིན་ཉིད་མི་དམིགས་སོ། །ཡང་དག་པའི་ མཐའ་དམིགས་སུ་མེད་པས་ཡང་དག་པའི་མཐའ་མི་དམིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །ནང་སྟོང་པ་ཉིད་དམིགས་སུ་མེད་པས་ནང་སྟོང་པ་ཉིད་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ བར་དུ་དམིགས་སུ་མེད་པས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་དམིགས་སུ་མེད་པས། དྲན་པ་ཉེ་བར་གཞག་པ་རྣམས་མི་དམིགས་སོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་ དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དམིགས་སུ་མེད་པས། ལམ་མི་དམིགས་སོ། །དེ་བཞིན་དུ་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དམིགས་སུ་ མེད་པས། སངས་རྒྱས་ཀྱི་ཆོས་རྣམས་མི་དམིགས་སོ། །རྒྱུན་དུ་ཞུགས་པ་དམིགས་སུ་མེད་པས་རྒྱུན་ཏུ་ཞུགས་པ་མི་དམིགས་སོ། །ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དམིགས་སུ་མེད་པས་དགྲ་བཅོམ་པ་མི་དམིགས་སོ། །རང་ སངས་རྒྱས་དམིགས་སུ་མེད་པས་རང་སངས་རྒྱས་མི་དམིགས་སོ། །དེ་བཞིན་གཤེགས་པའི་བར་དུ་དམིགས་སུ་མེད་པས། དེ་བཞིན་གཤེགས་པ་མི་དམིགས་སོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་ བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་ཉིད་དང་། སངས་རྒྱས་ཉིད་དམིགས་སུ་མེད་པས། སངས་རྒྱས་ཉིད་མི་དམིགས་སོ། །དེ་བཞིན་དུ་ས་དམིགས་སུ་མེད་པས་རབ་ཏུ་དགའ་བའི་ས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ ས་དམིགས་སུ་མེད་པས། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་ཅན་དང་། ཤིན་ཏུ་སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་གྱི་ས་མི་དམིགས་སོ། །གཞན་ཡང་ས་ དམིགས་སུ་མེད་པས། ས་བཅུ་མི་དམིགས་ཏེ། བཅུ་གང་ཞེ་ན། ས་དང་པོ་དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པ་ཅན་ གྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་དང་། སངས་རྒྱས་ཀྱི་ས་སྟེ། ནང་སྟོང་པ་ཉིད་ཀྱིས་ས་དང་པོ་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་ས་དང་པོ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ནང་ སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་ས་བཅུའི་བར་དུ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མི་དམིགས་སོ། ། ཤིན་ཏུ་རྣམ་པར་དག་པའི་ཕྱིར། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་ མིག་ལྔ་མི་དམིགས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་ཐེག་པ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས། ཐེག་པ་ཆེན་པོའི་ས་ངེས་པར་འབྱུང་བ་བསྟན་པའི་ལེའུ་ཞེས་བྱ་སྟེ་བཅྭ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐེག་པ་ཆེན་ པོ་ཐེག་པ་ཆེན་པོ་ཞེས་བགྱི་བ་འདི་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་ཏེ། དེའི་སླད་དུ་ཐེག་པ་ཆེན་པོ་ཞེས་བགྱིའོ། །བཅོམ་ལྡན་འདས་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པ་ལགས་སོ། །བཅོམ་ལྡན་འདས་འདི་ ལྟ་སྟེ་དཔེར་བགྱི་ན་ནམ་མཁའ་ནི་སེམས་ཅན་དཔག་ཏུ་མ་མཆིས་གྲངས་མ་མཆིས། ཚད་མ་མཆིས་པ་རྣམས་ཀྱི་གོ་འབྱེད་པ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སེམས་ཅན་དཔག་ཏུ་མ་མཆིས། གྲངས་མ་མཆིས་ཚད་མ་མཆིས་པ་རྣམས་ཀྱི་གོ་ འབྱེད་པ་ལགས་ཏེ། བཅོམ་ལྡན་འདས་དེ་ལྟར་ན་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ལགས་སོ། །བཅོམ་ལྡན་འདས་ཐེག་པ་ཆེན་པོ་དེ་ལ་ནི་འོང་བའམ། འགྲོ་བའམ། གནས་པ་མི་དམིགས། སྔོན་གྱི་མཐའ་ཡང་མི་དམིགས། ཕྱི་མའི་ མཐའ་ཡང་མི་དམིགས། དབུས་ཀྱང་མི་དམིགས་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན། ནམ་མཁའ་ལ་ནི་འོང་བ་མི་དམིགས། འགྲོ་བ་མི་དམིགས། གནས་པ་མི་དམིགས་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ལ་ ཡང་འོང་བ་མི་དམིགས། འགྲོ་བ་མི་དམིགས། གནས་པ་མི་དམིགས་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན། དུས་གསུམ་མཉམ་པ་ཉིད་ཀྱི་སླད་དུ་ནམ་མཁའ་ལ་ནི་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་ ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ལ་ཡང་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། དབུས་མི་དམིགས་ལགས་པས། བཅོམ་ལྡན་འདས་འདི་ལྟ་སྟེ། ཐེག་པ་ཆེན་པོ་དེ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་ལགས་ཏེ། དེའི་སླད་དུ་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། གཟུངས་ཀྱི་སྒོ་ཐམས་ཅད་དང་། ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་དེ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་ ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་གྱི་བར་དག་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དག་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཞེས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དྲན་པ་ ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་ འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཞེས་བྱའོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་ཆེན་པོ་དེ་ནི་ ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་ཞེས་སྨྲས་པ་ལ། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སོ། །རབ་འབྱོར་དེ་ལ་གལ་ཏེ་འདོད་པའི་ཁམས་དེ་བཞིན་དུ་གྱུར་ཏེ། མ་ནོར་བ་དང་། གཞན་མ་ཡིན་པ་དང་། ཕྱིན་ཅི་མ་ལོག་པ་དང་། དེ་ཁོ་ན་དང་། ཡང་དག་པ་དང་། བདེན་པ་དང་། ཇི་ལྟ་བ་བཞིན་དང་། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། མི་འགྱུར་བའི་ཆོས་ཅན་ཡིན་ལ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར། འདོད་པའི་ཁམས་ནི་བརྟགས་པ་རྣམ་པར་བསྒྲུབས་པ་ཚིག་གིས་བསྟན་པ་སྟེ། དེ་ཐམས་ཅད་མི་རྟག་མི་བརྟན་ཞིང་། ཐེར་ཟུག་མ་ཡིན་ལ་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་ཅིང་དངོས་པོ་ཡོད་པ་མ་ཡིན་པས་དེའི་ཕྱིར། ཐེག་པ་ཆེན་པོས་ལྷ་དང་། མི་དང་། ལྷ་ མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་གཟུགས་ཀྱི་ཁམས་དེ་བཞིན་དུ་གྱུར་ཏེ། མ་ནོར་བ་དང་། གཞན་མ་ཡིན་པ་དང་། ཕྱིན་ཅི་མ་ལོག་པ་དང་། དེ་ཁོ་ན་དང་། ཡང་དག་པ་དང་། བདེན་པ་དང་། ཇི་ལྟ་བ་བཞིན་དང་། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། མི་འགྱུར་བའི་ཆོས་ཅན་ཡིན་ལ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་གཟུགས་ཀྱི་ཁམས་ནི་བརྟགས་པ། རྣམ་པར་བསྒྲུབས་པ་ཚིག་གིས་བསྟན་པ་སྟེ། དེ་ཐམས་ཅད་མི་རྟག་མི་བརྟན་ཞིང་། ཐེར་ཟུག་མ་ཡིན་ལ་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་ཅིང་དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོས་ལྷ་ དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་གཟུགས་མེད་པའི་ཁམས་དེ་བཞིན་དུ་གྱུར་ཏེ། མ་ནོར་བ་དང་། གཞན་མ་ཡིན་པ་དང་། ཕྱིན་ཅི་མ་ལོག་པ་དང་། དེ་ཁོ་ ན་དང་། ཡང་དག་པ་དང་། བདེན་པ་དང་། ཇི་ལྟ་བ་བཞིན་དང་། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། མི་འགྱུར་བའི་ཆོས་ཅན་ཡིན་ལ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་གཟུགས་མེད་པའི་ཁམས་ནི་བརྟགས་པ་རྣམ་པར་བསྒྲུབས་པ་ཚིག་གིས་བསྟན་པ་སྟེ། དེ་ཐམས་ཅད་མི་རྟག་མི་བརྟན་ཞིང་ཐེར་ཟུག་མ་ཡིན་ལ། འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་ཅིང་ དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་གཟུགས་དེ་བཞིན་དུ་གྱུར་ཏེ། མ་ནོར་བ་དང་། གཞན་མ་ཡིན་པ་དང་། ཕྱིན་ཅི་ མ་ལོག་པ་དང་། དེ་ཁོ་ན་དང་། ཡང་དག་པ་དང་། བདེན་པ་དང་། ཇི་ལྟ་བ་བཞིན་དང་། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། མི་འགྱུར་བའི་ཆོས་ཅན་ཡིན་ལ། དེ་དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་ བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་གཟུགས་ནི་བརྟགས་པ། རྣམ་པར་བསྒྲུབས་པ། ཚིག་གིས་བསྟན་པ་སྟེ། དེ་ཐམས་ཅད་མི་རྟག་མི་བརྟན་ཞིང་ཐེར་ཟུག་མ་ཡིན་ལ། འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་ཅིང་དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་གལ་ཏེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ དང་། རྣམ་པར་ཤེས་པ་དེ་བཞིན་དུ་གྱུར་ཏེ། མ་ནོར་བ་དང་། གཞན་མ་ཡིན་པ་དང་། ཕྱིན་ཅི་མ་ལོག་པ་དང་། དེ་ཁོ་ན་དང་། ཡང་དག་པ་དང་། བདེན་པ་དང་། ཇི་ལྟ་བ་བཞིན་དང་། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། མི་འགྱུར་བའི་ཆོས་ཅན་ ཡིན་ལ། དེ་དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་རྣམ་པར་ཤེས་པ་ནི་བརྟགས་པ། རྣམ་པར་བསྒྲུབས་པ། ཚིག་གིས་བསྟན་པ་སྟེ། དེ་ཐམས་ཅད་མི་རྟག་མི་བརྟན་ཞིང་ཐེར་ཟུག་མ་ཡིན་ལ། འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་ཅིང་དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་ པར་འབྱུང་བར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་སྦྱར་ཏེ། གལ་ཏེ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་དང་། མིག་གི་རྣམ་པར་ཤེས་པ་དང་། རྣ་ བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་གི་འདུས་ཏེ་རེག་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དེ་བཞིན་དུ་གྱུར་ཏེ། མ་ནོར་བ་དང་། གཞན་མ་ཡིན་པ་དང་། ཕྱིན་ཅི་མ་ལོག་པ་དང་། དེ་ཁོ་ན་དང་། ཡང་དག་པ་དང་། བདེན་པ་དང་། ཇི་ལྟ་བ་བཞིན་དང་། རྟག་པ་དང་། བརྟན་པ་དང་། ཐེར་ ཟུག་དང་། མི་འགྱུར་བའི་ཆོས་ཅན་ཡིན་ལ། དེ་དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་ཡིད་ཀྱི་འདུས་ཏེ་རེག་ པ་ལས་བྱུང་བའི་ཚོར་བ་ནི་བརྟགས་པ། རྣམ་པར་བསྒྲུབས་པ། ཚིག་གིས་བསྟན་པ་སྟེ། དེ་ཐམས་ཅད་མི་རྟག་མི་བརྟན་ཞིང་ཐེར་ཟུག་མ་ཡིན་ལ་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་ཅིང་དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོས་ལྷ་དང་ མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་སའི་ཁམས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་དང་། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་དེ་བཞིན་དུ་གྱུར་ཏེ། མ་ནོར་བ་དང་། གཞན་མ་ཡིན་པ་དང་། ཕྱིན་ཅི་མ་ལོག་པ་དང་། དེ་ཁོ་ན་དང་། ཡང་ དག་པ་དང་། བདེན་པ་དང་། ཇི་ལྟ་བ་བཞིན་དང་། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། མི་འགྱུར་བའི་ཆོས་ཅན་ཡིན་ལ། དེ་དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་རྒ་ཤི་ནི་བརྟགས་པ་རྣམ་པར་བསྒྲུབས་པ། ཚིག་གིས་བསྟན་པ་སྟེ། མི་རྟག་མི་བརྟན་ཞིང་ཐེར་ཟུག་མ་ཡིན་ལ། འགྱུར་བའི་ཆོས་ཅན་ཏེ། དངོས་པོ་མེད་ཅིང་དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཐེག་ པ་ཆེན་པོས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་དེ་བཞིན་ཉིད་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་ འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་དེ་བཞིན་ཉིད་དངོས་པོ་མེད་ཅིང་དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་ གྱིས་མི་ཁྱབ་པའི་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དངོས་པོ་མེད་ཅིང་། དངོས་པོ་ཡོད་པ་མ་ཡིན་པས་དེའི་ཕྱིར་ཐེག་ པ་ཆེན་པོས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་ཅིང་དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་ པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་གལ་ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་ཅིང་། དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་ནང་སྟོང་པ་ཉིད་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་ པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་ནང་སྟོང་པ་ཉིད་དངོས་པོ་མེད་ཅིང་དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོས་ལྷ་དང་མི་དང་ལྷ་མ་ཡིན་དུ་ བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་གལ་ཏེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དངོས་པོ་མེད་ཅིང་དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོས་ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་དྲན་པ་ཉེ་བར་གཞག་པ་བཞི་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་ འབྱོར་གང་གི་ཕྱིར་དྲན་པ་ཉེ་བར་གཞག་པ་བཞི་དངོས་པོ་མེད་ཅིང་དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་ འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་ལམ་དངོས་པོ་མེད་ཅིང་དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོས་ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་ རོ། །རབ་འབྱོར་གལ་ཏེ་ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་ཚད་མེད་པ་རྣམས་དང་། བསམ་གཏན་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དངོས་པོ་མེད་ཅིང་དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོས་ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དངོས་པོ་ཡིན་ཏེ། དངོས་ པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དངོས་པོ་མེད་ཅིང་དངོས་པོ་ཡོད་པ་མ་ ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོས་ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་རིགས་ཀྱི་སའི་ཆོས་རྣམས་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་རིགས་ཀྱི་སའི་ཆོས་རྣམས་དངོས་པོ་མེད་ཅིང་དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོས་ལྷ་དང་། མི་དང་། ལྷ་མ་ ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་བརྒྱད་པའི་སའི་ཆོས་རྣམས་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་ འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་བརྒྱད་པའི་ཆོས་རྣམས་དངོས་པོ་མེད་ཅིང་། དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་ མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །དེ་བཞིན་དུ་རྒྱུན་དུ་ཞུགས་པའི་ཆོས་རྣམས་དང་། ལན་ཅིག་ཕྱིར་འོང་བའི་ཆོས་རྣམས་དང་། ཕྱིར་མི་འོང་བའི་ཆོས་རྣམས་དང་། དགྲ་བཅོམ་པའི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ ཆོས་རྣམས་དང་། རབ་འབྱོར་གལ་ཏེ་སངས་རྒྱས་ཀྱི་ཆོས་རྣམས་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་ གི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་དངོས་པོ་མེད་ཅིང་། དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་རིགས་ཀྱིས་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་རིགས་ཀྱིས་དངོས་པོ་མེད་ཅིང་། དངོས་པོ་ཡོད་པ་མ་ཡིན་པས་དེའི་ཕྱིར་ཐེག་པ་ ཆེན་པོ་འདིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་བརྒྱད་པའི་ས་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་ རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རབ་འབྱོར་གལ་ཏེ་སངས་རྒྱས་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་ འབྱོར་གང་གི་ཕྱིར་སངས་རྒྱས་དངོས་པོ་མེད་ཅིང་། དངོས་པོ་ཡོད་པ་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོས་ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་གལ་ཏེ་ལྷ་དང་། མི་དང་། ལྷ་མ་ཡིན་དུ་ བཅས་པའི་འཇིག་རྟེན་དངོས་པོ་ཡིན་ཏེ། དངོས་པོ་མེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་བ་ཞིག་ན། རབ་འབྱོར་གང་གི་ཕྱིར་ལྷ་དང་། མི་དང་། ལྷ་མ་ ཡིན་དུ་བཅས་པའི་འཇིག་རྟེན་དངོས་པོ་མེད་ཅིང་དངོས་པོ་ཡོད་པ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་རོ། །རབ་འབྱོར་