Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 029_ཁྲི་བརྒྱད།_ཀ

Văn bản gốc(Tây Tạng)

Trang 11 / 19 (50.000 ký tự/trang)
གནས་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། བསམ་གཏན་བཞིའོ། །བཞི་གང་ཞེ་ན། འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་
རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་པ་དང་། དེ་ལ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་
གཅིག་ཏུ་གྱུར་པས། རྟོག་པ་མེད་པ་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་བསྒྲུབས་ཏེ་གནས་པ་དང་། དེ་དགའ་བའི་འདོད་ཆགས་དང་བྲལ་བས། བཏང་སྙོམས་ལ་གནས་ཤིང་དྲན་པ་དང་། ཤེས་
བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ། བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པ་བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་པ་དང་། དེ་བདེ་བ་ཡང་སྤངས་ཏེ།
སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས། བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ། བཏང་སྙོམས་དང་། དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་བསྒྲུབས་ནས་གནས་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའོ། །བཞི་གང་ཞེ་ན། དེ་རྣམ་པ་ཐམས་ཅད་དུ་གཟུགས་
ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་དང་། དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་

མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་དང་། དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་
ནས། ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་དང་། དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ནས་གནས་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་
ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། རྣམ་པར་ཐར་པ་བརྒྱད་དོ། །བརྒྱད་གང་ཞེ་ན། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་
པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པ་ཉིད་དུ་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་
ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་
དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅི་ཡང་མེད་དོ་སྙམ་ནས། ཅི་ཡང་མེད་
པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པའོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་

འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །དགུ་གང་ཞེ་ན། འདོད་པ་དག་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ།
དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་པ་དང་། དེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་། ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ་དཔྱོད་པ་མེད་པ། ཏིང་ངེ་
འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་བསྒྲུབས་ཏེ་གནས་པ་དང་། དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་། དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་
གང་དེ་དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ། བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པ་བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་པ་དང་། དེ་བདེ་བ་ཡང་སྤངས། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་
པས། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་པ་དང་། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་
ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་དང་། དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ།

རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་དང་། དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས། ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་
གནས་པ་དང་། དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་དང་། དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་
ཤེས་དང་ཚོར་བ་འགོག་པ་བསྒྲུབས་ནས་གནས་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་
སྟོབས་བཅུ་སྟེ། བཅུ་གང་ཞེ་ན། གནས་ལ་ཡང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས། གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་རྣམས་
དང་། ལས་ཡང་དག་པར་ལེན་པ་རྣམས་ཀྱི་གནས་དང་། རྣམ་པར་སྨིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་སྣ་ཚོགས་པ། ཁམས་དུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། སེམས་ཅན་གཞན་དག་དང་། གང་
ཟག་གཞན་རྣམས་ཀྱི་མོས་པ་སྣ་ཚོགས་དང་། མོས་པ་དུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་དབང་པོ་དང་། བརྩོན་འགྲུས་ཀྱི་རིམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ཐམས་
ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ལྡང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་

དང་། སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་པ་དང་། ལྷའི་མིག་གིས་འཆི་འཕོ་དང་སྐྱེ་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ཟག་པ་རྣམས་ཟད་པས་ཟག་པ་མེད་པའི་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་ཚེ་འདི་ཉིད་ལ་རང་གི་
མངོན་པར་ཤེས་པས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་ཤིང་བདག་གི་སྐྱེ་བ་ནི་ཟད་དོ། །ཚངས་པར་སྤྱོད་པ་ནི་སྤྱད་དོ། །བྱ་བ་ནི་བྱས་སོ། །ཕྱིན་ཆད་འདི་ལྟ་བུ་མེད་དོ་སྙམ་དུ་རབ་ཏུ་ཤེས་ཤིང་དེ་ཡང་མི་དམིགས་པའི་ཚུལ་གྱིས་རབ་ཏུ་ཤེས་པ་སྟེ། རབ་འབྱོར་དེ་
ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། མི་འཇིགས་པ་བཞི་སྟེ། བཞི་གང་ཞེ་ན། ང་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་
དམ་བཅས་ན། ཀྱེ་མ་དེ་ལ་ཆོས་འདི་རྣམས་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན། ཆོས་དང་འཐུན་པར་འགའ་ཞིག་བདག་
ལ་རྒོལ་ལོ་སྙམ་པའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདིར་རྒྱུ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས། བདེ་བ་ཐོབ་ཅིང་། བག་ཚ་བ་མེད་པ་ཐོབ་ལ་མི་འཇིགས་པ་ཐོབ་སྟེ། གནས་ཀྱིས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་
གེའི་སྒྲ་ཡང་དག་པར་སྒྲོག་གོ། །ཚངས་པའི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུ་ཡང་རུང་བས་ཆོས་དང་འཐུན་པར་འཇིག་རྟེན་དུ་བསྐོར་བར་མི་ནུས་པ་བདག་གིས་བསྐོར་བར་བྱའོ་ཞེས་བྱ་བ་དང་། ང་ཟག་པ་ཟད་
དོ་ཞེས་དམ་བཅས་ན། ཀྱེ་མ་དེ་ལ་ཁྱོད་ཀྱིས་ཟག་པ་འདི་དག་མ་ཟད་དོ་ཞེས་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན་ཆོས་དང་འཐུན་པར་འགའ་ཞིག་བདག་ལ་རྒོལ་ལོ་སྙམ་

པའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདིར་རྒྱུ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས། བདེ་བ་ཐོབ་ཅིང་། བག་ཚ་བ་མེད་པ་ཐོབ་ལ་མི་འཇིགས་པ་ཐོབ་སྟེ། གནས་ཀྱིས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་
སེང་གེའི་སྒྲ་ཡང་དག་པར་བསྒྲག་གོ། །ཚངས་པའི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ་བདུད་དམ། ཚངས་པའམ། སུ་ཡང་རུང་བས་ཆོས་དང་འཐུན་པར་འཇིག་རྟེན་དུ་བསྐོར་བར་མི་ནུས་པ་བདག་གིས་བསྐོར་བར་བྱའོ་ཞེས་བྱ་བ་དང་ངས་གང་དག་བར་དུ་
གཅོད་པའི་ཆོས་སུ་གསུངས་པ་དེ་དག་བསྟེན་ན། བར་དུ་གཅོད་པའི་ཆོས་སུ་མི་འགྱུར་བ་དེའི་གནས་མེད་པ་དེ་ལ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་
པའི་སྐྱེ་དགུའི་འཇིག་རྟེན་ན་ཆོས་དང་འཐུན་པར་འགའ་ཞིག་བདག་ལ་རྒོལ་ལོ་སྙམ་པའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདིར་རྒྱུ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས། བདེ་བ་ཐོབ་ཅིང་། བག་ཚ་བ་མེད་པ་ཐོབ་ལ་མི་འཇིགས་པ་ཐོབ་སྟེ། གནས་ཀྱིས་ཁྱུ་མཆོག་
རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་བསྒྲག་གོ། །ཚངས་པའི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ་བདུད་དམ། ཚངས་པའམ། སུ་ཡང་རུང་བས་ཆོས་དང་འཐུན་པར་འཇིག་རྟེན་དུ་བསྐོར་བར་མི་ནུས་པ་བདག་གིས་
བསྐོར་བར་བྱའོ་ཞེས་བྱ་བ་དང་། ངས་འཕགས་པ་ངེས་པར་འབྱིན་པའི་ལམ་གང་དག་བསྟན་ཏེ། དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་ངེས་པར་འབྱུང་བ་དེ་དག་བསྒྲུབས་ན། སྡུག་བསྔལ་ཡང་དག་པར་ཟད་པར་མི་འགྱུར་བ་དེའི་གནས་མེད་པ་དེ་ལ་དེ་དག་བསྒྲུབས་ཀྱང་ཟག་
པ་ཟད་པར་མི་འགྱུར་རོ། །ཞེས་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན་ཆོས་དང་འཐུན་པར་འགའ་ཞིག་བདག་ལ་རྒོལ་ལོ་སྙམ་པའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདིར་

རྒྱུ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་བདེ་བ་ཐོབ་ཅིང་། བག་ཚ་བ་མེད་པ་ཐོབ་ལ། མི་འཇིགས་པ་ཐོབ་སྟེ། གནས་ཀྱིས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་བསྒྲག་གོ། །ཚངས་པའི་འཁོར་ལོ་དགེ་སྦྱོང་ངམ་བྲམ་
ཟེའམ། ལྷའམ། བདུད་དམ། ཚངས་པའམ་སུ་ཡང་རུང་བས་ཆོས་དང་འཐུན་པར་འཇིག་རྟེན་དུ་བསྐོར་བར་མི་ནུས་པ་བདག་གིས་བསྐོར་བར་བྱའོ་ཞེས་བྱ་བའོ། །དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་དེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་
ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། སོ་སོ་ཡང་དག་པར་རིག་པ་བཞི་སྟེ། བཞི་གང་ཞེ་ན། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་
ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་ཡང་མི་དམིགས་པའི་ཚུལ་གྱིས་རིག་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དེ། བཅྭ་བརྒྱད་གང་ཞེ་ན། དེ་བཞིན་གཤེགས་པ་གང་གི་ནུབ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ནས། འཇིག་རྟེན་ལྷ་དང་བཅས་
པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པ་རྣམས་སྡུག་བསྔལ་ཟད་པར་འགྱུར་བའི་ལམ་གྱིས་རྗེས་སུ་བསྟན་ནས། གང་གི་ནུབ་མོ་ཕུང་པོའི་ལྷག་མ་མེད་པའི་
མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་དང་། ཅ་ཅོ་མེད་པ་དང་། བསྙེལ་བ་མེད་པ་དང་། ཐ་དད་པའི་འདུ་ཤེས་མེད་པ་དང་། སེམས་མཉམ་པར་མ་བཞག་པ་མེད་པ་དང་། སོ་སོར་མ་

བརྟགས་པའི་བཏང་སྙོམས་མེད་པ་དང་། འདུན་པ་ཉམས་པ་མེད་པ་དང་། བརྩོན་འགྲུས་ཉམས་པ་མེད་པ་དང་། དྲན་པ་ཉམས་པ་མེད་པ་དང་། ཏིང་ངེ་འཛིན་ཉམས་པ་མེད་པ་དང་། ཤེས་རབ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བ་ཉམས་པ་
མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཉམས་པ་མེད་པ་དང་། ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ཡིད་ཀྱི་ལས་
ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང་། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང་། ད་ལྟར་གྱི་དུས་ལ་མ་ཆགས་
མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པའོ། །དེ་ཡང་མི་དམིགས་པའི་ཚུལ་གྱིས་འཇུག་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་
ཆེན་པོ་ནི་འདི་ལྟ་སྟེ། གཟུངས་ཀྱི་སྒོ་རྣམས་ཏེ། གཟུངས་ཀྱི་སྒོ་རྣམས་གང་ཞེ་ན། འདི་ལྟ་སྟེ་ཡི་གེའི་ཚུལ་མཉམ་པ་ཉིད་དང་། ཡི་གེའི་སྒོ་དང་། ཡི་གེས་འཇུག་པའོ། །དེ་ལ་ཡི་གེའི་སྒོ་དང་། ཡི་གེས་འཇུག་པ་གང་ཞེ་ན། ཨ་ཞེས་བྱ་བ་ནི་གཟོད་མ་ནས་མ་སྐྱེས་
པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ར་ཞེས་བྱ་བ་ནི་རྡུལ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །པ་ཞེས་བྱ་བ་ནི་དོན་དམ་པར་ཁྱད་པར་མེད་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཙ་ཞེས་བྱ་བ་ནི་འཆི་འཕོ་དང་སྐྱེ་བ་མི་དམིགས་པའི་ཚུལ་གྱིས་ཆོས་ཐམས་
ཅད་ཀྱི་སྒོ་ཡིན་ནོ། །ན་ཞེས་བྱ་བ་ནི་མིང་མི་དམིགས་པའི་ཚུལ་གྱིས་མིང་མེད་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ལ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་ཤིང་སྲེད་པའི་འཁྲི་ཤིང་གི་རྒྱུ་དང་རྐྱེན་ཡང་དག་པར་བཅོམ་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ད་

ཞེས་བྱ་བ་ནི་དུལ་བ་དང་། དུལ་བར་གནས་པ་ཡོངས་སུ་ངེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །བ་ཞེས་བྱ་བ་ནི་བཅིངས་པ་ལས་རྣམ་པར་གྲོལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཌ་ཞེས་བྱ་བ་ནི་ཁྲག་ཁྲུག་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །
ས་ཞེས་བྱ་བ་ནི་ཆགས་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །བཱ་ཞེས་བྱ་བ་ནི་ངག་གི་ལམ་གྱི་སྒྲ་ཡང་དག་པར་ཆད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཏ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལས་མ་གཡོས་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཡ་
ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །སྟ་ཞེས་བྱ་བ་ནི་ཁེངས་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཀ་ཞེས་བྱ་བ་ནི་བྱེད་པ་པོ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ས་ཞེས་བྱ་བ་ནི་མཉམ་པ་ཉིད་ལས་
མི་འདའ་ཞིང་མཉམ་པ་ཉིད་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །མ་ཞེས་བྱ་བ་ནི་ང་ཡིར་འཛིན་པ་མི་དམིགས་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ག་ཞེས་བྱ་བ་ནི་འགྲོ་བ་མི་དམིགས་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཐ་ཞེས་བྱ་བ་
ནི་གནས་མི་དམིགས་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཛ་ཞེས་བྱ་བ་ནི་སྐྱེ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཤྭ་ཞེས་བྱ་བ་ནི་དབུགས་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ངྷ་ཞེས་བྱ་བ་ནི་ཆོས་མི་དམིགས་པའི་ཕྱིར་ཆོས་
ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཤ་ཞེས་བྱ་བ་ནི་ཞི་གནས་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཁ་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པ་ཉིད་མི་དམིགས་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཀྵ་ཞེས་བྱ་བ་ནི་ཟད་པ་མི་དམིགས་པའི་ཕྱིར། ཆོས་ཐམས་
ཅད་ཀྱི་སྒོ་ཡིན་ནོ། །ཛྙཱ་ཞེས་བྱ་བ་ནི་ཡེ་ཤེས་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཧ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །བྷ་ཞེས་བྱ་བ་ནི་འཇིགས་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཚ་ཞེས་བྱ་བ་ནི་

མདོག་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །སྨ་ཞེས་བྱ་བ་ནི་དྲན་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཧཱུ་ཞེས་བྱ་བ་ནི་བོད་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཏས་ཞེས་བྱ་བ་ནི་ཆོས་ཐམས་ཅད་
ལ་སྤྲོ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །གྷ་ཞེས་བྱ་བ་ནི་སྟུག་པོ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཋ་ཞེས་བྱ་བ་ནི་རྣམ་པར་བསྒྲུབ་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཎ་ཞེས་བྱ་བ་ནི་ཉོན་མོངས་པ་མེད་
པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཕ་ཞེས་བྱ་བ་ནི་འབྲས་བུ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །སྐ་ཞེས་བྱ་བ་ནི་ཕུང་པོ་མི་དམིགས་པའི་ཕྱིར། ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཛ་ཞེས་བྱ་བ་ནི་རྒ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་
ཡིན་ནོ། །ཙ་ཞེས་བྱ་བ་ནི་སྤྱོད་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཊ་ཞེས་བྱ་བ་ནི་སྡིག་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །ཧ་ཞེས་བྱ་བ་ནི་ངར་འཛིན་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ། །དེ་ཡན་ཆད་ནི་ཡི་གེར་
བརྗོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་ལ་ཡང་གང་གིས་ཐ་སྙད་འདོགས་པ་དང་། གང་གིས་བརྗོད་པ་དང་། གང་གིས་བསྟན་པ་དང་། གང་གིས་རྟོགས་པར་བྱེད་པ་དང་། གང་གིས་མཐོང་བའི་མིང་ཅི་ཡང་མེད་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་ཆོས་
ཐམས་ཅད་ནི་ནམ་མཁའ་དང་འདྲ་བར་ཁོང་དུ་ཆུད་པར་བྱའོ། །རབ་འབྱོར་ཨ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་བསྟན་པ་ལ་འཇུག་པ་འདི་ནི་གཟུངས་ཀྱི་སྒོ་ལ་འཇུག་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་ཨ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་ལ་
མཁས་པར་བྱ་བ་འདི་ཤེས་པ་དེ་ནི་སྒྲ་གང་ལ་ཡང་ཐོགས་པར་མི་འགྱུར་ཞིང་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས་ཡང་དག་པར་སྒྲུབ་པར་གྱུར་ཏེ། སྒྲ་ཤེས་པ་ལ་མཁས་པ་ཡང་ཐོབ་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་ཨ་ཞེས་

བྱ་བ་ལ་སོགས་པ་ཡི་གེ་ལ་འཇུག་པའི་ཕྱག་རྒྱ་ཨ་ཞེས་བྱ་བ་ལ་སོགས་པ་ཡི་གེའི་ཕྱག་རྒྱའི་ཚིག་འདི་དག་ཐོས་ལ་ཐོས་ནས་ཀྱང་མི་དམིགས་པའི་ཚུལ་གྱིས་ངེས་པར་གྱུར་པའི་སེམས་ཀྱི་རྒྱུན་གྱིས་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་།
གཞན་དག་ལ་ཡང་རྒྱ་ཆེར་སྟོན་པ་དེ་ལ་ནི་ཕན་ཡོན་ཉི་ཤུ་ཡོད་པ་ཤེས་པར་བྱའོ། །ཉི་ཤུ་གང་ཞེ་ན། དྲན་པ་དང་ལྡན་པར་འགྱུར་བ་དང་། བློ་གྲོས་དང་ལྡན་པར་འགྱུར་བ་དང་། རྟོགས་པ་དང་ལྡན་པར་འགྱུར་བ་དང་། བློ་དང་ལྡན་པར་འགྱུར་བ་དང་། བརྟན་པ་དང་ལྡན་པར་
འགྱུར་བ་དང་། ངོ་ཚ་ཤེས་པ་དང་ལྡན་པར་འགྱུར་བ་དང་། ཤེས་རབ་དང་ལྡན་པར་འགྱུར་བ་དང་། སྤོབས་པ་དང་ལྡན་པར་འགྱུར་བ་དང་། གཟུངས་ཀྱི་སྒོ་འདི་ཡང་ཚེགས་ཆུང་ངུས་འཐོབ་ཅིང་། སོམ་ཉི་མེད་ལ། ཡིད་གཉིས་ཟ་བར་མི་འགྱུར་བ་དང་། གཞན་དག་
ལས་ཚིག་འཇམ་པོ་ཐོས་ན་ཡང་རྗེས་སུ་ཆགས་པར་མི་འགྱུར་ལ། ཚིག་རྩུབ་པོ་ཐོས་ན་ཡང་ཞེ་འགྲས་པར་མི་འགྱུར་ཏེ། མཐོ་བར་མི་འགྱུར། དམའ་བར་མི་འགྱུར་ཞིང་། ཐ་མལ་པར་གནས་པར་འགྱུར་བ་དང་། སྒྲ་ལ་མཁས་པར་འགྱུར་བ་དང་། ཕུང་པོ་ལ་
མཁས་པར་འགྱུར་བ་དང་། ཁམས་ལ་མཁས་པར་འགྱུར་བ་དང་། སྐྱེ་མཆེད་ལ་མཁས་པར་འགྱུར་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པར་འགྱུར་བ་དང་། རྒྱུ་ལ་མཁས་པར་འགྱུར་བ་དང་། རྐྱེན་ལ་མཁས་པར་འགྱུར་བ་དང་། ཆོས་ཉིད་ལ་མཁས་
པར་འགྱུར་བ་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ལ་མཁས་པར་འགྱུར་བ་དང་། ཕ་རོལ་གྱི་སེམས་ཤེས་པ་ལ་མཁས་པ་དང་། རྫུ་འཕྲུལ་བྱ་བ་ཤེས་པ་ལ་མཁས་པ་དང་། ལྷའི་རྣ་བ་ཤེས་པ་ལ་མཁས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་ལ་
མཁས་པ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པ་ལ་མཁས་པ་དང་། ཟག་པ་ཟད་པ་ཤེས་པ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ཤེས་པ་ལ་མཁས་པ་དང་། འགྲོ་བ་ལ་མཁས་པ་དང་། ལྡོག་པ་ལ་མཁས་པ་དང་། སྤྱོད་ལམ་ལ་མཁས་པར་འགྱུར་བ་སྟེ།

ཕན་ཡོན་ཉི་ཤུ་པོ་དེ་དག་འཐོབ་པར་འགྱུར་རོ། །རབ་འབྱོར་གཟུངས་ཀྱི་སྒོ་ཨ་ཞེས་བྱ་བ་ལ་སོགས་པ་ཡི་གེ་ལ་འཇུག་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ལས་གཟུངས་
ཀྱི་སྒོར་འཇུག་པའི་ལེའུ་ཞེས་བྱ་སྟེ། བཅུ་དྲུག་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བཅུ་གསུམ་པ། རབ་འབྱོར་ཁྱོད་འདི་སྐད་དུ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་
ཞུགས་པ་ཡིན་ཞེས་ཟེར་བ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ལ་སྤྱོད་པ་ནི། ས་ནས་སར་འཕར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་སྤྱོད་པས་ས་ནས་སར་ཇི་ལྟར་འཕར་ཞེ་ན།
འདི་ལྟ་སྟེ། ཆོས་ཐམས་ཅད་འཕོ་བ་མེད་པས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་གང་ཡང་འོང་བའམ། འགྲོ་བའམ་འཕོ་བའམ། ཉེ་བར་འཕོ་བ་མེད་པའི་ཕྱིར་རོ། །འོན་ཀྱང་ཆོས་ཐམས་ཅད་ཀྱིས་གང་ཡིན་པ་དེ་ལ་ཡང་རློམ་སེམས་སུ་མི་བྱེད་ཅིང་། མི་སེམས་ལ།
ས་ཡོངས་སུ་སྦྱོང་བར་ཡང་བྱེད་དེ། ས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་ཡོངས་སུ་སྦྱང་བ་གང་ཞེ་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་རབ་ཏུ་དགའ་བ་ལ་གནས་པས།
ས་ཡོངས་སུ་སྦྱང་བ་བཅུ་བྱའོ། །བཅུ་གང་ཞེ་ན། ལྷག་པའི་བསམ་པ་ཡོངས་སུ་སྦྱང་བར་བྱས་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱ་བ་དང་མཚན་མ་མི་དམིགས་པའི་ཕྱིར། ཕན་པ་བྱ་བའི་དངོས་པོ་ཡོངས་སུ་སྦྱང་བ་དང་། སེམས་ཅན་མི་དམིགས་པའི་ཕྱིར།
སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཡོངས་སུ་སྦྱང་བ་དང་། སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་དང་། ལེན་པ་པོ་མི་དམིགས་པའི་ཕྱིར་གཏོང་བ་ཡོངས་སུ་སྦྱང་བ་དང་། དེ་དག་གིས་རློམ་སེམས་སུ་མི་བྱེད་པའི་ཕྱིར། དགེ་བའི་བཤེས་གཉེན་ལ་བསྟེན་པ་ཡོངས་སུ་

སྦྱང་བ་དང་། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་ཆོས་ཚོལ་བ་ཡོངས་སུ་སྦྱང་བ་དང་། ཁྱིམ་མི་དམིགས་པའི་ཕྱིར་རྒྱུན་མི་འཆད་པར་མངོན་པར་འབྱུང་བ་ཡོངས་སུ་སྦྱང་བ་དང་། མཚན་དང་དཔེ་བྱད་བཟང་པོའི་མཚན་མ་མི་དམིགས་པའི་ཕྱིར་སངས་རྒྱས་ཀྱི་སྐུ་འདོད་པ་ཡོངས་
སུ་སྦྱང་བ་དང་། ཆོས་ཀྱི་དབྱེ་བ་མི་དམིགས་པའི་ཕྱིར། ཆོས་རྣམ་པར་འགྲེལ་བ་ཡོངས་སུ་སྦྱང་བ་དང་། ཆོས་ཀྱི་ཡོད་པ་ཉིད་མི་དམིགས་པའི་ཕྱིར། ང་རྒྱལ་གྱིས་ཁེངས་པ་ངེས་པར་གཞོམ་པ་ཡོངས་སུ་སྦྱང་བ་དང་། ཚིག་མི་དམིགས་པའི་ཕྱིར། བདེན་པའི་ཚིག་ཡོངས་
སུ་སྦྱང་བ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པས་ཡོངས་སུ་སྦྱང་བ་བཅུ་པོ་འདི་དག་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གཉིས་པ་ལ་གནས་པས་རྟག་ཏུ་ཆོས་བརྒྱད་ཡིད་ལ་བྱ་ཞིང་དེ་དག་
ལ་ནན་ཏན་བྱའོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པ་དང་བྱས་པ་གཟོ་ཞིང་བྱས་པ་ཚོར་བ་དང་། བཟོད་པའི་སྟོབས་ལ་གནས་པ་དང་། མཆོག་ཏུ་དགའ་ཞིང་དགའ་བ་ཉམས་སུ་མྱང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་
མི་གཏང་བ་དང་། སྙིང་རྗེ་ཆེན་པོ་མངོན་དུ་བྱ་བ་དང་། བླ་མ་རྣམས་ལ་དད་པས་གུས་ཤིང་སྟོན་པའི་འདུ་ཤེས་ཀྱིས་སྲི་ཞུ་ཆེ་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་བརྩོན་པས་ཡོངས་སུ་ཚོལ་བ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གཉིས་པ་ལ་གནས་པས་
ཆོས་བརྒྱད་པོ་དེ་དག་རྟག་ཏུ་ཡིད་ལ་བྱ་ཞིང་དེ་དག་ལ་ནན་ཏན་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གསུམ་པ་ལ་གནས་པས་ཆོས་ལྔ་ལ་གནས་པར་བྱའོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། མང་དུ་ཐོས་པས་ཆོག་མི་ཤེས་ཤིང་། དེ་
ལ་ཡང་ཡི་གེ་ལ་མངོན་པར་ཞེན་པར་མི་བྱ་བ་དང་། ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་རྣམ་པར་འགྲེལ་བར་བྱེད་ལ། དེས་ཀྱང་རློམ་སེམས་སུ་མི་བྱེད་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་བསྐྱེད་ཅིང་། ཡོངས་སུ་བསྔོ་ལ་དེས་ཀྱང་རློམ་སེམས་

སུ་མི་བྱེད་པ་དང་། འཁོར་བ་དཔག་ཏུ་མེད་པས་ཡོངས་སུ་མི་སྐྱོ་ཞིང་དེས་ཀྱང་རློམ་སེམས་སུ་མི་བྱེད་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ལ་གནས་ཤིང་། དེས་ཀྱང་རློམ་སེམས་སུ་མི་བྱེད་པ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ས་གསུམ་པ་ལ་གནས་པས། ཆོས་ལྔ་པོ་དེ་དག་ལ་གནས་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཞི་པ་ལ་གནས་པས། ཆོས་བཅུ་ཡང་དག་པར་བླངས་ཏེ་གནས་པར་བྱ་ཞིང་དེ་ཡོངས་སུ་སྤང་བར་མི་བྱའོ། །བཅུ་གང་ཞེ་ན།
འདི་ལྟ་སྟེ། དགོན་པ་ལ་གནས་པ་ཡོངས་སུ་མི་གཏང་བ་དང་། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་མི་གཏང་བ་དང་། བསླབ་པ་ཡོངས་སུ་མི་གཏང་བ་དང་། འདོད་པའི་ཡོན་ཏན་ལ་སྨད་པ་དང་། མྱ་ངན་ལས་འདས་པ་
དང་ལྡན་པའི་སེམས་བསྐྱེད་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏང་བ་དང་། སེམས་མི་འདྲེ་བ་དང་། དངོས་པོ་ཐམས་ཅད་ལ་མི་བལྟ་བ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཞི་པ་ལ་གནས་པས་ཆོས་བཅུ་པོ་དེ་དག་ཡོངས་སུ་གཏང་བར་མི་བྱ་
ཞིང་ཡང་དག་པར་བླངས་ཏེ་གནས་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ལྔ་པ་ལ་གནས་པས་ཆོས་བཅུ་ཡོངས་སུ་སྤང་བར་བྱའོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། ཁྱིམ་པ་དང་འདྲིས་པར་བྱེད་པ་ཡོངས་སུ་སྤང་བར་བྱ་ཞིང་། དགེ་
སློང་དང་། དགེ་སློང་མ་དང་འདྲིས་པར་བྱེད་པ་ཡོངས་སུ་སྤང་བར་བྱ་བ་དང་། ཁྱིམ་ལ་སེར་སྣ་བྱེད་པ་ཡོངས་སུ་སྤང་བར་བྱ་བ་དང་། འདུ་འཛིའི་གནས་ཡོངས་སུ་སྤང་བར་བྱ་བ་དང་། གནོད་སེམས་ཡོངས་སུ་སྤང་བར་བྱ་བ་དང་། བདག་ལ་སྟོད་པ་ཡོངས་སུ་སྤང་བར་
བྱ་ཞིང་། གཞན་ལ་སྨོད་པ་ཡོངས་སུ་སྤང་བར་བྱ་བ་དང་། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡོངས་སུ་སྤང་བར་བྱ་བ་དང་། ལྷག་པའི་ང་རྒྱལ་དང་། ཁེངས་པ་ཡོངས་སུ་སྤང་བར་བྱ་བ་དང་། ཕྱིན་ཅི་ལོག་ཡོངས་སུ་སྤང་བར་བྱ་བ་དང་། ཐེ་ཚོམ་ཡོངས་སུ་སྤང་བར་བྱ་བ་

དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་བག་ཆགས་ཡོངས་སུ་སྤང་བར་བྱ་བ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ལྔ་པ་ལ་གནས་པས་ཆོས་བཅུ་པོ་དེ་དག་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ས་དྲུག་པ་ལ་གནས་པས། ཆོས་དྲུག་ཡོངས་སུ་རྫོགས་པར་བྱ་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱའོ། །གཞན་ཡང་ཆོས་དྲུག་ཡོངས་སུ་སྤང་བར་བྱ་སྟེ། དྲུག་གང་ཞེ་ན། ཉན་ཐོས་ཀྱི་
སེམས་ཡོངས་སུ་སྤང་བར་བྱ་བ་དང་། རང་སངས་རྒྱས་ཀྱི་སེམས་ཡོངས་སུ་སྤང་བར་བྱ་བ་དང་། ཡོངས་སུ་ཡི་འཆད་པའི་སེམས་ཡོངས་སུ་སྤང་བར་བྱ་བ་དང་། སློང་བ་མཐོང་ན་སེམས་ཞུམ་པར་མི་བྱ་བ་དང་། དངོས་པོ་ཐམས་ཅད་ཡོངས་སུ་བཏང་ནས་ཡིད་མི་བདེ་བར་མི་བྱ་བ་
དང་། སློང་བ་བསྐྲད་པར་མི་བྱ་བ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དྲུག་པ་ལ་གནས་པས། ཆོས་དྲུག་པོ་འདི་དག་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་ཆོས་ཉི་
ཤུ་མི་བྱའོ། །ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། བདག་ཏུ་འཛིན་པར་མི་བྱ་བ་དང་། སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པ་དང་། ཆད་པར་འཛིན་པ་དང་། རྟག་པར་འཛིན་པ་དང་། མཚན་མའི་འདུ་ཤེས་དང་། རྒྱུར་ལྟ་བ་དང་།
མིང་དང་གཟུགས་ལ་མངོན་པར་ཞེན་པ་དང་། ཕུང་པོ་ལ་མངོན་པར་ཞེན་པ་དང་། ཁམས་ལ་མངོན་པར་ཞེན་པ་དང་། སྐྱེ་མཆེད་ལ་མངོན་པར་ཞེན་པ་དང་། ཁམས་གསུམ་ལ་མངོན་པར་ཞེན་པ་དང་། ཁམས་གསུམ་ལ་ལྷག་པར་ཞེན་པ་དང་། ཁམས་གསུམ་ལ་
ཆགས་པ་དང་། སངས་རྒྱས་སུ་ལྟ་བ་ལ་རྟེན་ཅིང་མངོན་པར་ཞེན་པ་དང་། ཆོས་སུ་ལྟ་བ་ལ་རྟེན་ཅིང་མངོན་པར་ཞེན་པ་དང་། དགེ་འདུན་དུ་ལྟ་བ་ལ་རྟེན་ཅིང་མངོན་པར་ཞེན་པ་དང་། ཚུལ་ཁྲིམས་སུ་ལྟ་བ་ལ་རྟེན་ཅིང་མངོན་པར་ཞེན་པ་དང་། ཆོས་རྣམས་སྟོང་ངོ་ཞེས་བྱ་

བས་སྒྱིད་ལུག་པ་དང་། སྟོང་པ་ཉིད་དང་འགལ་བ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་ཆོས་ཉི་ཤུ་པོ་དེ་དག་མི་བྱའོ། །ས་བདུན་པ་ལ་གནས་པ་དེས་ཆོས་ཉི་ཤུ་ཡོངས་སུ་རྫོགས་པར་བྱ་སྟེ། ཉི་ཤུ་གང་
ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་རྟོགས་པ་དང་། མཚན་མ་མེད་པ་མངོན་སུམ་དུ་བྱ་བ་དང་། སྨོན་པ་མེད་པ་ཤེས་པ་དང་། འཁོར་གསུམ་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་ཞིང་སྙིང་རྗེ་བ་དང་། སེམས་ཅན་དེ་དག་ལ་བརྙས་པར་མི་བྱ་བ་
དང་། ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་ལྟ་ཞིང་དེ་ལ་ཡང་མངོན་པར་ཞེན་པར་མི་བྱ་བ་དང་། ཡང་དག་པའི་ཚུལ་རྟོགས་ཤིང་དེས་རློམ་སེམས་སུ་ཡང་མི་བྱ་བ་དང་། མི་སྐྱེ་བར་བཟོད་པ་དང་། མི་སྐྱེ་བ་ཤེས་པ་དང་། ཚུལ་གཅིག་ཏུ་བསྟན་པ་དང་། ཆོས་ཐམས་
ཅད་ལ་རྟོག་པ་ཡང་དག་པར་གཞོམ་པ་དང་། ལྟ་བ་བཟློག་པ་དང་། ཉོན་མོངས་པ་བཟློག་པ་དང་། ཞི་གནས་ངེས་པར་སེམས་པ་དང་། ལྷག་མཐོང་ལ་མཁས་པའི་ས་དང་། སེམས་དུལ་བ་དང་། སེམས་ཞི་བ་དང་། ཤེས་པ་ཐོགས་པ་མེད་པ་དང་། རྗེས་སུ་
འཆགས་པའི་སམ་ཡིན་པ་དང་། ཞིང་གང་དུ་འདོད་པར་འགྲོ་བ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་ཆོས་ཉི་ཤུ་པོ་དེ་དག་ཡོངས་སུ་རྫོགས་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ས་བརྒྱད་པ་ལ་གནས་པས། ཆོས་བཞི་ཡོངས་སུ་རྫོགས་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་འཇུག་པ་དང་། མངོན་པར་ཤེས་པས་རྣམ་པར་རྩེ་བ་དང་། སངས་རྒྱས་ཀྱི་ཞིང་ལ་ལྟ་ཞིང་། སངས་རྒྱས་ཀྱི་ཞིང་ཇི་
ལྟར་མཐོང་བ་དེ་དག་ཀྱང་ཡོངས་སུ་བསྒྲུབ་པ་དང་། སངས་རྒྱས་ལ་བསྙེན་བཀུར་བྱ་ཞིང་། སངས་རྒྱས་ཀྱི་སྐུ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟག་པ་སྟེ། རབ་འབྱོར་ཆོས་བཞི་པོ་དེ་དག་ཡོངས་སུ་རྫོགས་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ཆོས་བཞི་ཡོངས་སུ་རྫོགས་པར་བྱ་སྟེ། བཞི་གང་ཞེ་ན། དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་རྒྱུན་མི་ཆད་པར་སྙོམས་པར་འཇུག་པ་
དང་། ཇི་ལྟ་ཇི་ལྟ་བུར་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་འགྲུབ་པར་འགྱུར་བ་དེ་ལྟ་དེ་ལྟ་བུའི་ལུས་ཡོངས་སུ་སྒྲུབ་ཅིང་། བསམས་བཞིན་དུ་སྲིད་པ་ཉེ་བར་ལེན་པ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལ་གནས་པས་ཆོས་བཞི་
པོ་དེ་དག་ཡོངས་སུ་རྫོགས་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དགུ་པ་ལ་གནས་པས་ཆོས་བཅུ་གཉིས་ཡོངས་སུ་རྫོགས་པར་བྱ་སྟེ། བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། སྨོན་ལམ་མཐའ་ཡས་པ་ཡོངས་སུ་བཟུང་བ་སྟེ།
དེ་སྨོན་ལམ་ཇི་ལྟ་ཇི་ལྟ་བུ་འདེབས་པ་དེ་ལྟ་དེ་ལྟ་བུར་འགྲུབ་པར་འགྱུར་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་སྐད་ཤེས་པ་ཁོང་དུ་ཆུད་པ་དང་། སྤོབས་པའི་ཀླུང་ཁོང་
དུ་ཆུད་པ་དང་། མངལ་དུ་འཇུག་པ་ཕུན་སུམ་ཚོགས་པ་དང་། རིགས་ཕུན་སུམ་ཚོགས་པ་དང་། ཆོ་རིགས་ཕུན་སུམ་ཚོགས་པ་དང་། རུས་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། སྐྱེ་བ་ཕུན་སུམ་ཚོགས་པ་དང་། མངོན་པར་འབྱུང་བ་ཕུན་
སུམ་ཚོགས་པ་དང་། བྱང་ཆུབ་ཀྱི་ཤིང་གི་བཀོད་པ་ཕུན་སུམ་ཚོགས་པ་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དགུ་པ་ལ་གནས་པས་ཆོས་བཅུ་གཉིས་པོ་དེ་དག་ཡོངས་སུ་རྫོགས་
པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་པ་ལ་གནས་པ་ནི་དེ་བཞིན་གཤེགས་པ་ཉིད་ཅེས་བྱའོ། །དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་

འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པའི་ལྷག་པའི་བསམ་པ་ཡོངས་སུ་སྦྱང་བར་བགྱི་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དག་གིས་
དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྒྲུབ་པ་གང་ཡིན་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་བསམ་པ་ཡོངས་སུ་སྦྱང་བ་ཡིན་ནོ། །དེ་ལ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཡོངས་སུ་སྦྱང་བ་གང་ཞེ་ན། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དག་གིས་ཚད་མེད་པ་བཞི་པོ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་མངོན་པར་སྒྲུབ་པ་གང་ཡིན་པ་སྟེ། དེ་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཡོངས་སུ་སྦྱང་བ་ཞེས་བྱའོ། །དེ་
ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཏོང་བ་ཡོངས་སུ་སྦྱང་བ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་རྣམ་པར་རྟོག་པ་མེད་པར་སྦྱིན་པ་སྦྱིན་པ་སྟེ། དེ་ནི་གཏོང་བ་ཡོངས་སུ་སྦྱང་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་
བཤེས་གཉེན་ལ་བསྟེན་པ་ཡོངས་སུ་སྦྱང་བ་གང་ཞེ་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དག་ནི་གང་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་དག་པར་འཛུད་ཅིང་འཇོག་ལ་རབ་ཏུ་འགོད་པར་བྱེད་པའི་དགེ་བའི་བཤེས་གཉེན་དེ་
དག་ལ་བསྟེན་པ་དང་། བསྙེན་བཀུར་བྱེད་པ་དང་། སྲི་ཞུ་བྱེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ལ་བསྟེན་པ་ཡོངས་སུ་སྦྱང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཚོལ་བ་ཡོངས་སུ་སྦྱང་
བ་གང་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་ཆོས་ཚོལ་བར་བྱེད་ལ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡང་མི་ལྷུང་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཚོལ་བ་ཡོངས་སུ་སྦྱང་བ་ཡིན་ནོ། །

དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྒྱུན་མི་འཆད་པར་མངོན་པར་འབྱུང་བ་ཡོངས་སུ་སྦྱང་བ་གང་ཞེ་ན། ཚེ་རབས་ཐམས་ཅད་དུ་འདྲེ་བ་མེད་པར་མངོན་པར་འབྱུང་ཞིང་། དེ་བཞིན་གཤེགས་པའི་བསྟན་པ་ལ་ཡང་རབ་ཏུ་འབྱུང་ལ། སུ་ཡང་དེའི་བར་
ཆད་བྱེད་པར་མི་འགྱུར་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྒྱུན་མི་འཆད་པར་མངོན་པར་འབྱུང་བ་ཡོངས་སུ་སྦྱང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་སྐུ་འདོད་པ་ཡོངས་སུ་སྦྱང་བ་གང་ཞེ་
ན། སངས་རྒྱས་ཀྱི་སྐུ་མཐོང་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ཀྱི་བར་དུ་ནམས་ཀྱང་སངས་རྒྱས་ཡིད་ལ་བྱེད་པ་དང་འབྲལ་བར་མི་འགྱུར་བ་གང་ཡིན་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་སྐུ་འདོད་པ་ཡོངས་སུ་སྦྱང་བ་
ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་རྣམ་པར་འགྲེལ་པ་ཡོངས་སུ་སྦྱང་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་མངོན་སུམ་དུ་བཞུགས་ཀྱང་རུང་མྱ་ངན་ལས་འདས་ཀྱང་རུང་སེམས་ཅན་རྣམས་ལ་
ཆོས་སྟོན་ཏེ། ཚངས་པར་སྤྱོད་པ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་
པའི་སྡེ་དང་། ལུང་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། དེ་ལྟར་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། རྟོགས་པ་བརྗོད་པའི་
སྡེ་དང་། གཏན་ལ་བབ་པར་བསྟན་པའི་སྡེ་ཡང་དག་པར་སྟོན་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་རྣམ་པར་འགྲེལ་བ་ཡོངས་སུ་སྦྱང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ང་རྒྱལ་གྱིས་ཁེངས་པ་

ངེས་པར་གཞོམ་པ་ཡོངས་སུ་སྦྱང་བ་གང་ཞེ་ན། ང་རྒྱལ་གྱིས་ཁེངས་པ་གཞོམ་པ་གང་གིས་ནམས་ཀྱང་རིགས་དམའ་བ་རྣམས་སུ་སྐྱེ་བར་མི་འགྱུར་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ང་རྒྱལ་གྱིས་ཁེངས་པ་ངེས་པར་གཞོམ་པ་
ཡོངས་སུ་སྦྱང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདེན་པའི་ཚིག་ཡོངས་སུ་སྦྱང་བ་གང་ཞེ་ན། འདི་ལྟ་སྟེ། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདེན་པའི་ཚིག་ཡོངས་སུ་སྦྱང་བ་
ཡིན་ནོ། །རབ་འབྱོར་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པས་ཡོངས་སུ་སྦྱང་བར་བྱ་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཡོངས་སུ་དག་པ་གང་ཞེ་ན། འདི་ལྟ་སྟེ། ཉན་
ཐོས་དང་། རང་སངས་རྒྱས་ཀྱི་སེམས་དང་། གཞན་ཡང་འཆལ་པའི་ཚུལ་ཁྲིམས་སུ་བྱེད་པ། བྱང་ཆུབ་ལ་བར་ཆད་བྱེད་པའི་ཆོས་གང་ཡིན་པ་དེ་དག་ཡིད་ལ་མི་བྱེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཡོངས་སུ་དག་པ་ཡིན་ནོ། །
དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱས་པ་གཟོ་ཞིང་བྱས་པ་ཚོར་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཕན་ཆུང་ངུ་ཞིག་བྱས་ན་ཡང་འཁོར་བའི་མཐའི་བར་དུ་ཆུད་མི་གཟོན་ན། ཆེན་པོ་ལྟ་
ཅི་སྨོས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱས་པ་གཟོ་ཞིང་བྱས་པ་ཚོར་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་སྟོབས་ལ་གནས་པ་གང་ཞེ་ན། གང་སེམས་ཅན་ཐམས་ཅད་ལ་གནོད་སེམས་མེད་ཅིང་རྣམ་
པར་འཚེ་བའི་སེམས་མེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་སྟོབས་ལ་གནས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཆོག་ཏུ་དགའ་ཞིང་དགའ་བ་ཉམས་སུ་མྱང་བར་བྱ་བ་གང་ཞེ་ན། འདི་ལྟ་སྟེ།

ཐེག་པ་གསུམ་པོ་དག་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཆོག་ཏུ་དགའ་ཞིང་དགའ་བ་ཉམས་སུ་མྱང་བར་བྱ་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཡོངས་
སུ་མི་གཏང་བ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྙིང་རྗེ་ཆེན་
པོ་མངོན་དུ་བྱ་བ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། འདི་སྙམ་དུ་སེམས་ཏེ། སེམས་ཅན་རེ་རེའི་དོན་གྱི་ཕྱིར་ཡང་བདག་བསྐལ་པ་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སེམས་ཅན་དམྱལ་བ་དག་
ཏུ་འདུག་ལ། སེམས་ཅན་དེ་སངས་རྒྱས་ཀྱི་ཡེ་ཤེས་ལ་མ་བཞག་གི་བར་དུ་དེར་གཅད་པ་དང་། གཤག་པ་དང་། བརྡུང་བ་དང་། བཙོ་བ་དང་། བསྲེག་པ་དག་ཀྱང་ཉམས་སུ་མྱང་བར་བྱའོ་སྙམ་སྟེ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་མངོན་པར་སྤྲོ་ཞིང་
ཡོངས་སུ་མི་སྐྱོ་བའི་བར་དུ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྙིང་རྗེ་ཆེན་པོ་མངོན་དུ་བྱ་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་མ་རྣམས་ལ་དད་པས་གུས་ཤིང་སྲི་ཞུ་ཆེ་བ་གང་ཞེ་ན། འདི་ལྟ་སྟེ། བླ་མ་རྣམས་
ལ་སྟོན་པའི་འདུ་ཤེས་འཇོག་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་མ་ལ་དད་པས་གུས་ཤིང་སྲི་ཞུ་ཆེ་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་རྣམས་བརྩོན་པས་ཚོལ་བ་གང་ཞེ་ན། འདི་ལྟ་སྟེ།
སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ལས་གཞན་མི་བྱེད་པར་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་ཚོལ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་རྣམས་བརྩོན་པས་ཚོལ་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོའི་མང་དུ་ཐོས་པས་ཆོག་མི་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་འདི་འམ། ཕྱོགས་བཅུ་ཁོར་ཡུག་གི་འཇིག་རྟེན་གྱི་ཁམས་ཀྱི་བར་དག་ཏུ་གང་ཅི་གསུངས་པ་དེ་ཐམས་
ཅད་གཟུང་བར་བྱའོ་སྙམ་དུ་ཆོག་མི་ཤེས་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མང་དུ་ཐོས་པས་ཆོག་མི་ཤེས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་རྣམ་པར་འགྲེལ་བར་བྱེད་པ་
གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སྟོན་ཀྱང་ཆོས་ཀྱི་སྦྱིན་པའི་དགེ་བའི་རྩ་བ་དེས་ཐ་ན་བྱང་ཆུབ་ལ་ཡང་རེ་བ་མེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་རྣམ་པར་འགྲེལ་བར་བྱེད་པ་ཡིན་ནོ། །དེ་
ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་བསྐྱེད་ཅིང་ཡོངས་སུ་བསྔོ་བ་གང་ཞེ་ན། དགེ་བའི་རྩ་བ་གང་དང་གང་དག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་བདག་དང་གཞན་གྱི་སངས་རྒྱས་ཀྱི་ཞིང་ཡོངས་
སུ་དག་པར་བྱེད་པའི་དགེ་བའི་རྩ་བ་དེ་དག་ཡོངས་སུ་སྒྲུབ་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་བསྐྱེད་ཅིང་ཡོངས་སུ་བསྔོ་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་
བ་དཔག་ཏུ་མེད་པས་ཡོངས་སུ་མི་སྐྱོ་བ་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་རྩ་བས་ཉེ་བར་བརྟན་པ་སྟེ། དགེ་བའི་རྩ་བ་གང་དག་གིས་ཉེ་བར་བརྟན་ན། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་ལ། སངས་
རྒྱས་ཀྱི་ཆོས་ཐམས་ཅད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་གྱུར་གྱི་བར་དུ་ནམས་ཀྱང་སྐྱོ་བར་མི་འགྱུར་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་བ་དཔག་ཏུ་མེད་པས་ཡོངས་སུ་མི་སྐྱོ་བ་ཡིན་ནོ། །དེ་ལ་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོའི་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ལ་གནས་པ་གང་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་ལ་སྨོད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ལ་གནས་པ་ཡིན་
ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགོན་པ་ལ་གནས་པ་ཡོངས་སུ་མི་གཏོང་བ་གང་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་ཤིན་ཏུ་འདའ་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགོན་པ་ལ་
གནས་པ་ཡོངས་སུ་མི་གཏོང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་པ་ཆུང་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་ཀྱང་མི་འདོད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོའི་འདོད་པ་ཆུང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོག་ཤེས་པ་གང་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ཀྱང་རློམ་སེམས་སུ་མི་བྱེད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོག་ཤེས་
པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་མི་གཏང་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཟབ་མོ་དག་ལ་ངེས་པར་སེམས་པའི་བཟོད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོའི་སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་མི་གཏོང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསླབ་པ་ཡོངས་སུ་མི་གཏོང་བ་གང་ཞེ་ན། གང་ལ་བསླབ་པ་ཐམས་ཅད་རྒྱུ་བ་མེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོའི་བསླབ་པ་ཡོངས་སུ་མི་གཏོང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་པའི་ཡོན་ཏན་ལ་སྨད་པ་གང་ཞེ་ན། འདོད་པ་ལ་སེམས་མི་བསྐྱེད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདོད་པའི་

ཡོན་ཏན་ལ་སྨད་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱ་ངན་ལས་འདས་པ་དང་ལྡན་པའི་སེམས་བསྐྱེད་པ་གང་ཞེ་ན། འདི་ལྟ་སྟེ། གང་ཆོས་ཐམས་ཅད་ལ་མངོན་པར་འདུ་བྱེད་པ་མེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་མྱ་ངན་ལས་འདས་པ་དང་ལྡན་པའི་སེམས་བསྐྱེད་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདོག་པ་ཐམས་ཅད་ཡོངས་སུ་གཏང་བ་གང་ཞེ་ན། ནང་དང་ཕྱི་རོལ་གྱི་ཆོས་རྣམས་འཛིན་པར་མི་བྱེད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་བདོག་པ་ཐམས་ཅད་ཡོངས་སུ་གཏང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འདྲེ་བ་གང་ཞེ་ན། གང་རྣམ་པར་ཤེས་པ་གནས་པ་རྣམས་ལ་དེའི་སེམས་མི་སྦྱོར་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་སེམས་མི་འདྲེ་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དངོས་པོ་ཐམས་ཅད་ལ་མི་བལྟ་བ་གང་ཞེ་ན། དངོས་པོ་ཐམས་ཅད་ཡིད་ལ་མི་བྱེད་པ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དངོས་པོ་
ཐམས་ཅད་ལ་མི་བལྟ་བ་མ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཁྱིམ་པ་དང་འདྲིས་པར་བྱེད་པ་ཡོངས་སུ་སྤང་བ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་བརྫུས་ཏེ་སྐྱེ་བ་དང་། མགོ་བྲེགས་ཤིང་ངུར་སྨྲིག་
གྱོན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཁྱིམ་པ་དང་འདྲིས་པར་བྱེད་པ་ཡོངས་སུ་སྤང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་སློང་དང་། དགེ་སློང་མ་དང་འདྲིས་པར་བྱེད་པ་ཡོངས་སུ་སྤང་བ་གང་ཞེ་ན། དགེ་སློང་
དང་། དགེ་སློང་མ་རྣམས་དང་སེ་གོ་ལ་གཏོགས་པ་སྲིད་དུ་ཡང་ལྷན་ཅིག་མི་གནས་ཤིང་དེ་དག་མེད་ན་ཡང་ཡོངས་སུ་ཡི་འཆད་པར་མི་འགྱུར་བ་གང་ཡིན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་སློང་དང་། དགེ་སློང་མ་དང་འདྲིས་པར་བྱེད་པ་

ཡོངས་སུ་སྤང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཁྱིམ་ལ་སེར་སྣ་བྱེད་པ་ཡོངས་སུ་སྤང་བ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། བདག་གིས་སེམས་ཅན་
ཐམས་ཅད་ལ་བདེ་བའི་ཡོ་བྱད་སྦྱར་བར་བྱ་ན། སེམས་ཅན་འདི་དག་ནི་རང་གི་བསོད་ནམས་ཀྱིས་བདེ་བར་གྱུར་པ་ཡིན་གྱིས། འདི་ལ་བདག་གིས་སེར་སྣའི་སེམས་བསྐྱེད་པར་མི་བྱའོ་ཞེས་བྱ་བ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁྱིམ་ལ་སེར་སྣ་
བྱེད་པ་ཡོངས་སུ་སྤང་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདུ་འཛིའི་གནས་ཡོངས་སུ་སྤང་བར་བྱ་བ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུ་འཛིའི་གནས་གང་དུ་གནས་ན། ཉན་ཐོས་དང་། རང་སངས་རྒྱས་
ཡོད་པའམ། དེ་དང་ལྡན་པའི་གཏམ་གྱི་གླེང་ལྡང་བར་འགྱུར་བའམ། དེ་དང་ལྡན་པའི་སེམས་བསྐྱེད་པ་བསྐྱེད་པར་འགྱུར་བ་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་མི་བྱ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུ་འཛིའི་
གནས་ཡོངས་སུ་སྤང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནོད་སེམས་ཡོངས་སུ་སྤང་བར་བྱ་བ་ཇི་ལྟ་བུ་ཡིན་ཞེ་ན། གང་གནོད་སེམས་དང་། རྣམ་པར་འཚེ་བའི་སེམས་ཀྱི་སྐབས་མི་འབྱེད་པ་དང་། འཐབ་པའི་སེམས་དང་། རྩོད་པའི་
སེམས་ཀྱི་སྐབས་མི་འབྱེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གནོད་སེམས་ཡོངས་སུ་སྤང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདག་ལ་སྟོད་པ་ཡོངས་སུ་སྤང་བ་གང་ཞེ་ན། གང་ནང་གི་ཆོས་རྣམས་ཡང་དག་
པར་རྗེས་སུ་མི་མཐོང་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བདག་ལ་སྟོད་པ་ཡོངས་སུ་སྤང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཞན་ལ་སྨོད་པ་ཡོངས་སུ་སྤང་བ་གང་ཞེ་ན། འདི་ལྟ་སྟེ་ཕྱི་རོལ་གྱི་ཆོས་རྣམས་ཡང་

དག་པར་རྗེས་སུ་མི་མཐོང་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གཞན་ལ་སྨོད་པ་ཡོངས་སུ་སྤང་བ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡོངས་སུ་སྤང་བར་བྱ་བ་ཇི་ལྟ་བུ་ཞེ་
ན། འདི་ལྟར་འདི་དག་ནི་བདེ་འགྲོ་ལ་ཡང་བར་དུ་གཅོད་པར་བྱེད་ན། འཕགས་པའི་ལམ་ལྟ་ལ་ཅི་སྨོས་ཤིང་། བྱང་ཆུབ་ལྟ་ལ་ཅི་སྨོས་པ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡོངས་སུ་སྤང་བར་བྱའོ། །དེ་
ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷག་པའི་ང་རྒྱལ་ཡོངས་སུ་སྤང་བར་བྱ་བ་ཇི་ལྟ་བུ་ཞེ་ན། འདི་ལྟར་དེས་ཆོས་ཅི་ཡང་ཡང་དག་པར་རྗེས་སུ་མི་མཐོང་ན། གང་གིས་ལྷག་པར་རློམ་སེམས་སུ་བྱེད་པའི་ལྷག་པ་ལྟ་ག་ལ་ཡོད་ཅེས་དེ་ལྟར་ལྷག་པའི་ང་རྒྱལ་
སྤང་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཁེངས་པ་ཡོངས་སུ་སྤང་བར་བྱ་ཞེ་ན། འདི་ལྟར་གང་ལ་དེའི་ཁེངས་པ་སྐྱེ་བར་འགྱུར་བའི་དངོས་པོ་དེ་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་ཁེངས་པ་ཡོངས་སུ་སྤང་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱིན་ཅི་ལོག་ཡོངས་སུ་སྤང་བར་བྱ་བ་ཇི་ལྟ་བུ་ཞེ་ན། དངོས་པོ་རྣམས་མི་དམིགས་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱིན་ཅི་ལོག་
ཡོངས་སུ་སྤང་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་བག་ཆགས་ཡོངས་སུ་སྤང་བར་བྱ་བ་ཇི་ལྟ་བུ་ཞེ་ན། འདི་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱི་དངོས་པོ་ཡང་
དག་པར་རྗེས་སུ་མི་མཐོང་བ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་བག་ཆགས་ཡོངས་སུ་སྤང་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་དྲུག་པ་ལ་ཆོས་དྲུག་ཡོངས་སུ་

རྫོགས་པར་བྱ་བ་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཡོངས་སུ་རྫོགས་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་གནས་ནས། ཤེས་བྱའི་རྒྱ་མཚོ་
རྣམ་པ་ལྔའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ། །ཕྱིན་ཏོ། །ཕྱིན་པར་འགྱུར་རོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། བརྗོད་དུ་མེད་པ་དང་། འདུས་མ་བྱས་པ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་ཡོངས་སུ་རྫོགས་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཡང་ཉན་ཐོས་ཀྱི་སེམས་ཡོངས་སུ་སྤང་བར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་པའི་ཕྱིར་རོ། །རང་སངས་
རྒྱས་ཀྱི་སེམས་ཡོངས་སུ་སྤང་བར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་པའི་ཕྱིར་རོ། །ཡོངས་སུ་ཡི་འཆད་པའི་སེམས་ཡོངས་སུ་སྤང་བར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་པའི་ཕྱིར་རོ། །སློང་བ་མཐོང་ན་སེམས་
ཞུམ་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་པའི་ཕྱིར་རོ། །དངོས་པོ་ཐམས་ཅད་ཡོངས་སུ་བཏང་ནས། ཡིད་མི་བདེ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་པའི་ཕྱིར་རོ། །སེམས་དང་པོ་བསྐྱེད་ཕྱིན་
ཆད་རྟག་ཏུ་སྦྱིན་པ་སྦྱིན་པར་བྱ་ཞིང་། སེམས་གསོག་ཏུ་མི་བྱ་སྟེ། ཆོས་དྲུག་པོ་དེ་དག་ཡོངས་སུ་སྤང་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཡང་བདག་ཏུ་འཛིན་པར་མི་བྱ་སྟེ། འདི་ལྟར་ཡང་བདག་གཏན་མེད་པའི་ཕྱིར་རོ། །སེམས་

ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པ་ལ་ཡང་དེ་བཞིན་དུ་སྦྱར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་གཏན་མེད་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཡང་ཆད་པར་འཛིན་པར་མི་བྱའོ། །
དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་གཏན་མ་སྐྱེས་པས། ཆོས་གང་ཡང་ཆད་པ་མེད་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཡང་རྟག་པར་འཛིན་པར་མི་བྱ་སྟེ། འདི་ལྟར་ཆོས་གང་མི་སྐྱེ་བ་དེ་རྟག་པ་དང་ཆད་པར་མི་འགྱུར་བའི་ཕྱིར་
རོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཡང་མཚན་མའི་འདུ་ཤེས་མི་བྱ་སྟེ། འདི་ལྟར་ཀུན་ནས་ཉོན་མོངས་པ་གཏན་མེད་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཡང་རྒྱུར་བལྟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་
ན། འདི་ལྟར་དེས་ལྟ་བ་དེ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཡང་མིང་དང་གཟུགས་ལ་མངོན་པར་ཞེན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དངོས་པོ་དེ་མི་དམིགས་པའི་ཕྱིར་ཏེ། དེ་ལྟར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མིང་དང་གཟུགས་ལ་མངོན་པར་ཞེན་པར་མི་བྱའོ། །དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་མངོན་པར་ཞེན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་དག་རང་བཞིན་གྱིས་མེད་པའི་ཕྱིར་ཏེ།
དེ་ལྟར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་མངོན་པར་ཞེན་པར་མི་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཡང་ཁམས་གསུམ་ལ་མངོན་པར་ཞེན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་རང་བཞིན་མེད་པའི་ཕྱིར་ཏེ། དེ་ལྟར་
ཁམས་གསུམ་ལ་མངོན་པར་ཞེན་པར་མི་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཡང་ཁམས་གསུམ་ལ་ལྷག་པར་ཞེན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དངོས་པོ་དེ་མེད་ཅིང་མི་དམིགས་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་ལྷག་པར་ཞེན་པར་མི་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཡང་ཁམས་གསུམ་ལ་ཆགས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ངོ་བོ་ཉིད་མེད་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་ལ་ཆགས་པར་མི་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཡང་སངས་རྒྱས་སུ་ལྟ་བ་ལ་བརྟེན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སངས་རྒྱས་སུ་ལྟ་བ་ལ་བརྟེན་པས་སངས་རྒྱས་མཐོང་
བར་མི་འགྱུར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་སུ་ལྟ་བ་ལ་བརྟེན་པར་མི་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཡང་ཆོས་སུ་ལྟ་བ་ལ་བརྟེན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་སུ་ལྟ་བ་ལ་
བརྟེན་པས་ཆོས་མཐོང་བར་མི་འགྱུར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་སུ་ལྟ་བ་ལ་བརྟེན་པར་མི་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཡང་དགེ་འདུན་དུ་ལྟ་བ་ལ་བརྟེན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་
ལྟར་དགེ་འདུན་དུ་ལྟ་བ་ལ་བརྟེན་པས་དགེ་འདུན་མཐོང་བར་མི་འགྱུར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་འདུན་དུ་ལྟ་བ་ལ་བརྟེན་པར་མི་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཡང་ཚུལ་ཁྲིམས་སུ་ལྟ་བ་ལ་མངོན་པར་
ཞེན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚུལ་ཁྲིམས་སུ་ལྟ་བ་ལ་བརྟེན་པས་ཚུལ་ཁྲིམས་ཡོངས་སུ་དག་པར་མི་འགྱུར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚུལ་ཁྲིམས་སུ་ལྟ་བ་ལ་མངོན་པར་ཞེན་པར་མི་བྱའོ། །དེ་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཡང་ཆོས་རྣམས་སྟོང་ངོ་ཞེས་བྱ་བས་སྒྱིད་ལུག་པར་མི་བྱ་སྟེ། འདི་ལྟར་ཆོས་ཐམས་ཅད་ནི་རང་གི་མཚན་ཉིད་ཀྱིས་སྟོང་གི། སྟོང་པ་ཉིད་ཀྱིས་སྟོང་པ་ནི་མ་ཡིན་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་

རྣམས་སྟོང་ངོ་ཞེས་བྱ་བས་སྒྱིད་ལུག་པར་མི་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཡང་སྟོང་པ་ཉིད་དང་འགལ་བར་མི་བྱ་སྟེ། འདི་ལྟར་རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་སྟོང་པས་སྟོང་པ་ཉིད་ནི་སྟོང་པ་ཉིད་དང་འགལ་བར་མི་བྱེད་པའི་ཕྱིར་
ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་པ་ཉིད་དང་འགལ་བར་མི་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཡང་སྟོང་པ་ཉིད་རྟོགས་པར་བྱ་སྟེ། འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་སྟོང་གི །སྟོང་པ་ཉིད་ལ་སྟོང་པ་ཉིད་རྟོགས་
པར་མི་བྱེད་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་པ་ཉིད་རྟོགས་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚན་མ་མེད་པ་མངོན་སུམ་དུ་བྱ་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ཡིད་ལ་མི་བྱེད་པའོ། །དེ་
ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྨོན་པ་མེད་པ་ཤེས་པ་གང་ཞེ་ན། གང་ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ལ་མི་གནས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། འདི་ལྟ་སྟེ།
དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་ཞིང་སྙིང་རྗེ་བ་ཡོངས་སུ་རྫོགས་པ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཐོབ་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་ཇི་ལྟར་སེམས་ཅན་ཐམས་ཅད་ལ་བརྙས་པར་མི་བྱ་ཞེ་ན། འདི་ལྟ་སྟེ། སེམས་ཅན་གྱི་ཞིང་ཡོངས་སུ་དག་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་ལྟ་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་
ཐམས་ཅད་ལ་བསྣན་པ་མེད་པ་དང་། དབྲི་བ་མེད་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་དག་པའི་ཚུལ་རྟོགས་པ་གང་ཞེ་ན། གང་ཆོས་ཐམས་ཅད་རབ་ཏུ་རྟོགས་པ་མེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་

སྐྱེ་བར་བཟོད་པ་གང་ཞེ་ན། གང་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པར་བཟོད་པ་སྟེ། དེ་ནི་མི་སྐྱེ་བའི་བཟོད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་སྐྱེ་བ་ཤེས་པ་གང་ཞེ་ན། གང་
མིང་དང་གཟུགས་མི་སྐྱེ་བ་ཤེས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་སྐྱེ་བ་ཤེས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་གཅིག་ཏུ་བསྟན་པ་གང་ཞེ་ན། གང་ཆོས་གཉིས་སུ་ཀུན་ཏུ་སྤྱོད་པ་མེད་པ་ཉིད་དེ། དེ་ནི་ཚུལ་
གཅིག་ཏུ་བསྟན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྟོག་པ་ཡང་དག་པར་གཞོམ་པ་གང་ཞེ་ན། གང་ཆོས་ཐམས་ཅད་ལ་རྟོག་པ་མེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྟ་བ་བཟློག་པ་གང་ཞེ་ན། གང་ཉན་ཐོས་དང་རང་
སངས་རྒྱས་ཀྱི་ལྟ་བ་ཐམས་ཅད་ཟློག་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཉོན་མོངས་པ་བཟློག་པ་གང་ཞེ་ན། གང་བག་ཆགས་དང་། མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་འདོར་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོའི་ཞི་གནས་དང་ལྷག་མཐོང་གི་ས་གང་ཞེ་ན། འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་དུལ་བ་གང་ཞེ་ན། གང་ཁམས་གསུམ་ལ་མངོན་པར་དགའ་བ་མེད་པའོ། །
དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཞི་བ་གང་ཞེ་ན། གང་དབང་པོ་དྲུག་པོ་དག་ནས་རབ་ཏུ་མི་འཕྲོ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་པ་ཐོགས་པ་མེད་པ་གང་ཞེ་ན། གང་སངས་རྒྱས་ཀྱི་སྤྱན་ཐོབ་པའོ། །དེ་ལ་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་འཆགས་པ་ལ་མི་འཇུག་པའི་ཤེས་པ་གང་ཞེ་ན། སྐྱེ་མཆེད་དྲུག་ལ་བཏང་སྙོམས་སུ་འཇོག་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཞིང་གང་དུ་འདོད་པར་འགྲོ་བ་གང་ཞེ་ན། འཁོར་གྱི་དཀྱིལ་

འཁོར་དེ་དང་དེར་ལུས་སྟོན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་འཇུག་པ་གང་ཞེ་ན། གང་སེམས་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཤེས་པའོ། །
དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མངོན་པར་ཤེས་པས་རྣམ་པར་རྩེ་བ་གང་ཞེ་ན། སངས་རྒྱས་བལྟ་བའི་ཕྱིར། མངོན་པར་ཤེས་པ་གང་དག་གིས་རྣམ་པར་རྩེ་ཞིང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ལ། སངས་རྒྱས་ཀྱི་འདུ་ཤེས་ཀྱང་མི་
བསྐྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ལ་ལྟ་བ་གང་ཞེ་ན། གང་སངས་རྒྱས་ཀྱི་ཞིང་གཅིག་ནས་ཀྱང་མ་གཡོས་ལ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་ཡང་སྣང་ཞིང་དེ་སངས་རྒྱས་ཀྱི་ཞིང་གི་འདུ་ཤེས་ཀྱང་མི་བསྐྱེད་པའོ། །
དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཇི་ལྟར་མཐོང་བ་དེ་དག་ཡོངས་སུ་སྒྲུབ་པ་གང་ཞེ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དབང་ཕྱུག་འཁོར་ལོས་སྒྱུར་བའི་ས་ལ་གནས་ནས། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཇིག་
རྟེན་གྱི་ཁམས་དེ་ཐམས་ཅད་ཡོངས་སུ་གཏོང་ཞིང་། དེས་རློམ་སེམས་སུ་ཡང་མི་བྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ལ་བསྙེན་བཀུར་བྱེད་པ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་གང་ཆོས་ལ་བསྙེན་
བཀུར་བྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་སྐུ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟག་པ་གང་ཞེ་ན། ཆོས་ཀྱི་སྐུ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབང་པོ་མཆོག་
དང་མཆོག་མ་ཡིན་པ་ཤེས་པ་གང་ཞེ་ན། སྟོབས་བཅུ་ལ་གནས་ནས། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་རྫོགས་པར་ཤེས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་གང་ཞེ་ན། མི་དམིགས་པའི་

ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཡོངས་སུ་དག་པར་བྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གང་ལ་གནས་ནས། བྱ་བ་ཐམས་ཅད་
བྱེད་ལ་དེའི་སེམས་ཆོས་གང་ལ་ཡང་མི་འཇུག་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱུན་མི་འཆད་པར་སྙོམས་པར་འཇུག་པ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་སྨིན་པ་ལས་བྱུང་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཇི་ལྟར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟ་ཇི་ལྟ་བུར་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་འགྲུབ་པར་འགྱུར་བ་དེ་ལྟ་དེ་ལྟ་བུའི་ལུས་ཡོངས་སུ་སྒྲུབ་ཅེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟ་ཇི་ལྟ་བུར་སེམས་ཅན་ཡོངས་སུ་སྨིན་པར་འགྱུར་
བ་དེ་ལྟ་དེ་ལྟ་བུའི་ལུས་བསམས་བཞིན་དུ་ཡོངས་སུ་འཛིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་བསམས་བཞིན་དུ་སྲིད་པ་ཉེ་བར་ལེན་ཅེ་ན། འདི་ལྟ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་སྨོན་ལམ་ཇི་ལྟ་ཇི་ལྟ་བུར་འདེབས་པ་དེ་ལྟ་དེ་ལྟ་བུར་འགྲུབ་པར་འགྱུར་བ་ཇི་ལྟ་བུ་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཡོངས་སུ་རྫོགས་པར་བྱས་པས་སྨོན་ལམ་ཇི་ལྟ་ཇི་ལྟ་བུར་འདེབས་པ་དེ་ལྟ་
དེ་ལྟ་བུར་འགྲུབ་པར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་སྐད་ཤེས་པ་ཁོང་དུ་ཆུད་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་
སྟེ། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྤོབས་པའི་ཀླུང་ཁོང་དུ་ཆུད་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་

མངལ་དུ་འཇུག་པ་ཕུན་སུམ་ཚོགས་པ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་རབས་ཐམས་ཅད་དུ་རྫུས་ཤིང་སྐྱེ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མངལ་དུ་འཇུག་པ་ཕུན་སུམ་ཚོགས་པ་ཡིན་ནོ། །
དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་ཆེན་པོ་དག་ཏུ་སྐྱེ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་ཆོ་རིགས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་དང་། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཏུ་སྐྱེ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོའི་ཆོ་རིགས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པ་གང་ཞེ་ན། རིགས་གང་ལས་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱུང་བར་གྱུར་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་ཕུན་སུམ་ཚོགས་པ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་རྣམས་བྱང་ཆུབ་ཏུ་བཀོད་ནས། བྱང་ཆུབ་སེམས་དཔའི་འཁོར་ཉིད་དང་ལྡན་པ་སྟེ། དེ་ནི་
བྱང་ཆུབ་སེམས་དཔའ