Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 011_འདུལ་བ།_ད
Văn bản gốc(Tây Tạng)
Trang 10 / 21 (50.000 ký tự/trang)
གས་རྗེ་ཅན་ན་ཅིའི་ ཕྱིར་ན་རང་གི་བུ་རེག་པ་ལ་འགོག་པར་འགྱུར། བྱིས་པ་ཁྱེའུ་འདི་ལ་དེ་སྟེ་མས་མ་རེག་ན་འདི་དུས་བྱེད་པར་ངེས་སོ་ཞེས་སྨྲས་པ་དང་། དེ་དག་གིས་ལེགས་ཀྱིས་དེ་བས་ན་བཅོམ་ལྡན་འདས་མཁྱེན་པར་བྱའོ་ཞེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་ དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་རེག་པར་བྱའོ། །བསྙོད་པར་བྱའོ། །གསོ་བར་བྱའོ། །བསྐྱེད་པར་བྱའོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བཅོམ་ ལྡན་འདས་ཀྱིས་བསྙོད་པར་བྱའོ། །གསོ་བར་བྱའོ། །བསྐྱེད་པར་བྱའོ་ཞེས་གསུངས་པ་དང་། བུད་མེད་ནི་སྲེད་པ་ཅན་ཏེ་དགེ་སློང་མ་དག་གིས་པང་པར་ཁྱེར་ཏེ། པང་པ་ནས་པང་པར་སྤོས་པས་རིད་ཅིང་ཉམ་ཆུང་སྟེ་རྐེ་ནས་ལུས་རྨྱ་ཞིང་མ་རྟས་པར་གྱུར་པ་དང་། དེའི་གཉེན་ བཤེས་དག་གིས་མཐོང་ནས། དེ་དག་གིས་ཅིའི་ཕྱིར་ཁྱེའུ་འདི་རིད་ཅིང་ཉམ་ཆུང་ལ་རྨྱ་སྟེ་ལུས་མ་རྟས་པར་གྱུར་ཅེས་དྲིས་པ་དང་། དེས་དེ་དག་ལ་ཞིབ་ཏུ་སྨྲས་ན་གཉེན་དེ་དག་བྱམས་པས་འཕྱ་བ་ལ་ཞུགས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་ཐོས་ནས་བཅོམ་ལྡན་འདས་ ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མ་དག་དགེ་སློང་མས་གཞན་གྱི་བུ་ལ་མ་རེག་ཤིག་གཞན་གྱི་བུ་ལ་རེག་ན་འདས་པ་དང་བཅས་པར་འགྱུར་རོ། །ཕྲ་མོའི་སྒོ་དྲུག་རྫོགས་སོ།། །།འདུལ་བ་ཕྲེན་ཚེགས་ ཀྱི་གཞི། བམ་པོ་བཞི་བཅུ་པ། བསྡུས་པའི་མདོ་སྡེ། ཐེ་ཚོམ་དང་ཡང་དགོན་པ་ལ། །སང་ཀཱག་ཀྵི་དང་གཉིས་ཀྱི་ཕྱིར། །དགེ་སློང་ཆང་ཚོང་བ་དག་གམ། །དགེ་སློང་མ་དང་ཕྱི་རོལ་གྱི། །མདོར་ན། ཐེ་ཚོམ་ལྷན་ཅིག་ཉལ་བ་ཡང་། །གཞན་དུ་གཅིག་པུ་མ་གནས་ཤིག ། ཁྱེའུ་དང་བུ་མོ་དེ་བཞིན་ཏེ། །ཉེ་གནས་དང་ཡང་ར་དའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་མ་སྐྱེས་པ་དང་ལྷན་ཅིག་ཏུ་ཁང་པ་གཅིག་ཏུ་མ་ཉལ་ཅིག་ཅེས་བཀའ་ སྩལ་པ་དང་། དགེ་སློང་མ་གུབ་ཏའི་བུ་འོད་སྲུང་གཞོན་ནུ་ཕྱི་རོལ་དུ་བསྙལ་བ་དང་དེ་གཅིག་པུ་ངུ་ནས། དེའི་གཉེན་བཤེས་དག་གིས་ཐོས་ཏེ། དེ་དག་གིས་གུབ་ཏ་ལ་ཁྱེའུ་འོད་སྲུང་གཞོན་ནུ་ཅིའི་ཕྱིར་ངུ་ཞེས་དྲིས་པ་དང་། དེ་ཅང་མི་ཟེར་བར་འདུག་ནས་དགེ་སློང་མ་དག་གིས་ཚེ་དང་ ལྡན་པ་རྣམས་བཅོམ་ལྡན་འདས་ཀྱིས་ནི་དགེ་སློང་མ་སྐྱེས་པ་དང་། ལྷན་ཅིག་ཁྱིམ་གཅིག་གི་ནང་དུ་ཉལ་དུ་མི་རུང་བར་བསླབ་པའི་གཞི་བཅས་པས་ན། གུབ་ཏ་འདི་དང་ལྷན་ཅིག་ཁྱིམ་གཅིག་གི་ནང་དུ་ཉལ་དུ་མི་རུང་ངོ་། །དེ་དག་གིས་འཕགས་མ་བཅོམ་ལྡན་འདས་ནི་ཐུགས་རྗེ་ ཅན་ཏེ་དེ་སྟེ་གཞོན་ནུ་འོད་སྲུང་གུབ་ཏ་དང་ལྷན་ཅིག་ཏུ་ཉལ་དུ་མ་གནང་ན་ནི་གཅིག་པུ་གདོན་མི་ཟ་བར་དོན་མེད་པར་འགྱུར་རོ་ཞེས་སྨྲས་པ་དང་། དེ་དག་གིས་ཀྱང་དེ་ལྟར་ན་བཅོམ་ལྡན་འདས་མཁྱེན་པར་གསོལ་ལོ་ཞེས་སྨྲས་ནས། དེ་ལྟར་གྱུར་པ་དེ་དག་གིས་དགེ་སློང་ ལ་སྨྲས་པ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གནང་གིས་དགེ་སློང་མ་གུབ་ཏ་བུ་དང་ལྷན་ཅིག་ཏུ་ཁང་པ་གཅིག་ཏུ་ཉལ་བར་དགེ་སློང་མའི་དགེ་འདུན་ལས་སྡོམ་པ་གསོལ་ཅིག །གསོལ་པ་ཡང་ འདི་ལྟར་བྱའོ། །སྟན་བཏིང་ལ་གཎྜཱི་བརྡུངས་ཏེ་དགེ་སློང་མའི་དགེ་འདུན་མ་ཐམས་ཅད་འདུས་ཤིང་འཁོད་པ་དང་། དགེ་སློང་མ་གུབ་ཏ་ཇི་ལྟར་རྒན་རིམས་ནས་ཕྱག་བྱས་ཏེ། རྒན་མོའི་དྲུང་དུ་ཕ་གུའམ་རྩྭའམ་སྟན་ནང་ཚངས་ཅན་གྱི་སྟེང་དུ་འདུག་སྟེ་ཐལ་མོ་སྦྱོར་ལ་འདི་སྐད་རྗོད་ ཅིག །གསོན་ཅིག་འཕགས་མའི་དགེ་འདུན་མ་རྣམས། བདག་གུབ་ཏ་ལས་བུ་ཁྱེའུ་ཞིག་བཙས་ཏེ། བདག་བུ་དང་ལྷན་ཅིག་ཁང་པ་གཅིག་ཏུ་ཉལ་བའི་སྡོམ་པ་འཕགས་མའི་དགེ་འདུན་མ་རྣམས་ལ་གསོལ་ན། འཕགས་མའི་དགེ་འདུན་གྱིས་གུབ་ཏ་བུ་དང་ལྷན་ཅིག་ཁང་པ་ གཅིག་ཏུ་ཉལ་བའི་སྡོམ་པ་བརྩེ་བ་ཅན་བརྩེ་བའི་ཕྱིར་སྩོལ་ཅིག །འདི་བཞིན་ལན་གཉིས་ལན་གསུམ་དུ་བྱའོ། །དེའི་འོག་ཏུ་དགེ་སློང་མ་ཅིག་གིས་གུབ་ཏ་ཐོས་པའི་གནས་སྤངས་ཏེ་མཐོང་བའི་གནས་སུ་ཞོག་ལ་འདི་སྐད་སྨྲོས་ཤིག །གསོན་ཅིག་འཕགས་མའི་དགེ་འདུན་ མ་རྣམས། གུབ་ཏ་འདི་ལས་ཁྱེའུ་ཞིག་བཙས་ཏེ། །དེ་ཡང་བུ་དང་ལྷན་ཅིག་ཁྱིམ་གཅིག་ན་ཉལ་བའི་སྡོམ་པ་འཕགས་མའི་དགེ་འདུན་མ་རྣམས་ལས་གསོལ་ན། དེ་སྟེ་འཕགས་མའི་དགེ་འདུན་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན། གནོང་ཤིག །འཕགས་མའི་དགེ་འདུན་ མ་རྣམས་ཀྱིས་གུབ་ཏ་བུ་དང་ལྷན་ཅིག་ཁང་པ་གཅིག་ཏུ་ཉལ་བའི་སྡོམ་པ་སྩལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་བཞིན་བྱའོ། །གསོན་ཅིག་འཕགས་མའི་དགེ་འདུན་མ་རྣམས། གུབ་ཏ་འདི་ལས་ཁྱེའུ་ཞིག་བཙས་ཏེ། འདི་བུ་དང་ལྷན་ཅིག་ཁང་པ་གཅིག་ཏུ་ཉལ་ བའི་སྡོམ་པ་འཕགས་མའི་དགེ་འདུན་མ་རྣམས་ལ་གསོལ་ཏེ། འཕགས་མའི་དགེ་འདུན་མ་རྣམས་ཀྱིས་གུབ་ཏ་འདི་བུ་དང་ལྷན་ཅིག་ཏུ་ཁང་པ་གཅིག་ཏུ་ཉལ་བའི་སྡོམ་པ་གསོལ་ན། འཕགས་མའི་དགེ་འདུན་མ་རྣམས་ལས་གུབ་ཏ་བུ་དང་ལྷན་ཅིག་ཁང་པ་གཅིག་ན་ཉལ་ བའི་སྡོམ་པ་སྩལ་བར་བཟོད་པ་རྣམས་ནི་མ་གསུང་ཤིག །མི་བཟོད་པ་རྣམས་ནི་གསུང་ཤིག །འཕགས་མའི་དགེ་འདུན་མ་རྣམས་ཀྱིས་གུབ་ཏ་བུ་དང་ལྷན་ཅིག་ཁང་པ་གཅིག་ཏུ་ཉལ་བའི་སྡོམ་པ་སྩལ་ཏེ། དགེ་འདུན་གྱིས་བཟོད་ཅིང་གནང་བས་ན་ཅང་མི་གསུང་སྟེ། དེ་ དེ་བཞིན་དུ་འཛིན་ཏོ། །དགེ་སློང་མ་གང་ལ་འཕགས་མའི་དགེ་འདུན་མ་རྣམས་ཀྱི་བུ་དང་ལྷན་ཅིག་ཁང་པ་གཅིག་ཏུ་ཉལ་བའི་སྡོམ་པ་བྱིན་པར་གྱུར་པ་དེ་ནི་བུ་དང་ལྷན་ཅིག་ཏུ་ཁང་པ་གཅིག་ཏུ་ཉལ་བར་རུང་སྟེ། འདི་ལ་ཐེ་ཚོམ་མ་བྱེད་ཅིག །གུབ་ཏས་ དགེ་སློང་མ་གཞན་ཞིག་ཀྱང་དེ་ཉིད་དུ་བསྙལ་བ་དང་དེ་ལྟ་བུར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་ལ་སྨྲས་པ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་གང་གི་བུ་དེ་ཉིད་དུ་ལྷན་ཅིག་ཏུ་ཁང་པ་གཅིག་ཏུ་ཉལ་བར་ རུང་སྟེ། གཅིག་པུའོ། །དེར་དགེ་སློང་མ་གཞན་ནི་མ་གནས་ཤིག །གནས་ན་འདས་པ་དང་བཅས་པར་འགྱུར་རོ། །གུབ་ཏ་ནམ་གཞོན་ནུ་འོད་སྲུང་ཆེན་པོར་གྱུར་པ་དེའི་ཚེ་ཡང་དེ་དང་ལྷན་ཅིག་ཏུ་ཁང་པ་གཅིག་ཏུ་ཉལ་བར་བྱེད་དོ། །དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་ སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་མས་ནམ་བུ་ཆེར་གྱུར་པ་དེའི་ཚེ་དེ་དང་ལྷན་ཅིག་ཏུ་ཉལ་བར་མི་རུང་སྟེ། ཇི་ལྟར་བསླབ་པ་བཅས་པ་བཞིན་སློབས་ཤིག་ཅེས་བཀའ་སྩལ་ཏོ། །སངས་རྒྱས་ བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་ན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་ས་ཏ་ཞེས་བྱ་བའི་གནོད་སྦྱིན་ཞིག་གནས་ཏེ། དེས་ཡུལ་མཉམ་དགའི་རྒྱལ་པོ་མཁས་པ་ཅན་གཟུགས་ཅན་སྙིང་པོ་བཙུན་མོ་དང་། གཞོན་ནུ་ དང་། བློན་པོ་དང་། གྲོང་ཁྱེར་དང་། ཡུལ་གྱི་མི་རྣམས་ལ་སྲུང་བ་དང་། སྐྱོང་བ་དང་། སྐྱོབ་པར་བྱེད་དོ། །དེའི་མཐུས་ཡུལ་མཉམ་དགའི་རྒྱལ་པོ་མཁས་པ་ཅན་གཟུགས་ཅན་སྙིང་པོ་བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་ཁྱེར་དང་། ཡུལ་གྱི་མི་རྣམས་ལ་ལོངས་ སྤྱོད་འཕེལ་བར་གྱུར་ཅིང་། དེ་དག་ལ་རྟག་ཏུ་ཤིང་གི་མེ་ཏོག་དང་འབྲས་བུར་ལྡན། ཆར་པ་ནི་དུས་དུས་སུ་འབབ། ས་ནི་འབྲུ་དང་ལྡན་པར་གྱུར་ཏེ། ཟས་བསླང་བ་རྣམས་ནི་མོད་པས་གྲོང་དང་། གྲོང་ཁྱེར་དང་། ཡུལ་དང་། ཕོ་བྲང་འཁོར་དེ་དང་དེ་དག་གི་དང་། ཡུལ་སོ་སོ་ ན་གནས་པའི་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། ཕོངས་པ་ཐམས་ཅད་ཡུལ་མཉམ་དགར་ལྷགས་ཏེ་དེ་དག་ལ་ཡང་གནོད་སྦྱིན་ས་ཏས་སྲུང་བ་དང་། སྐྱོང་བ་དང་། སྐྱོབ་པར་བྱེད་དོ། །དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ་དེ་དང་ལྷན་ཅིག་རྩེ་དགའ་ཡོངས་སུ་སྤྱོད་ དོ། །ཡུལ་གན་དྷ་ར་ན་ཡང་པཉྩ་ལ་ཞེས་བྱ་བའི་གནོད་སྦྱིན་ཞིག་གནས་ཏེ། དེས་ཀྱང་ཡུལ་གན་དྷ་རའི་རྒྱལ་པོ་དང་། བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་ཁྱེར་དང་། ཡུལ་གྱི་མི་རྣམས་ལ་སྲུང་བ་དང་། སྐྱོང་བ་དང་། སྐྱོབ་པར་བྱེད་དོ། །དེའི་མཐུས་ཡུལ་ གན་དྷ་རའི་རྒྱལ་པོ་དང་། བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་ཁྱེར་དང་། ཡུལ་གྱི་མི་རྣམས་ལ་ལོངས་སྤྱོད་འཕེལ་བར་གྱུར་ཅིང་། དེ་དག་ལ་རྟག་ཏུ་ཤིང་གི་མེ་ཏོག་དང་འབྲས་བུར་ལྡན། ཆར་པ་ནི་དུས་དུས་སུ་འབབ། ས་ནི་འབྲུ་དང་ལྡན་པར་གྱུར་ཏེ། ཟས་ བསླང་བ་རྣམས་ནི་མོད་པས་ན་དེར་ཡང་གྲོང་དང་། གྲོང་ཁྱེར་དང་། ཡུལ་དང་། ཕོ་བྲང་འཁོར་དེ་དང་དེ་དག་གི་དང་། ཡུལ་སོ་སོ་ན་གནས་པའི་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། ཕོངས་པ་ཐམས་ཅད་ཡུལ་གན་དྷ་རར་ལྷགས་ཏེ། དེ་དག་ལ་ཡང་གནོད་ སྦྱིན་པཉྩ་ལས་སྲུང་བ་དང་། སྐྱོང་བ་དང་། སྐྱོབ་པར་བྱེད་དོ། །དེས་ཀྱང་རིགས་མཉམ་པ་ལས་ཆུང་མ་ཞིག་བླངས་ཏེ། དེ་ཡང་དེ་དང་ལྷན་ཅིག་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་ནས་དུས་ཕྱི་ཞིག་ན་གནོད་སྦྱིན་ས་ཏ་དང་། གནོད་སྦྱིན་པཉྩ་ལ་གཉིས་གནོད་སྦྱིན་ རྣམས་ཀྱི་གནོད་སྦྱིན་འདུས་པར་དོང་ནས། དེར་དེ་གཉིས་ཕན་ཚུན་མཛའ་བོར་གྱུར་ཏེ། གནོད་སྦྱིན་ས་ཏས་དེ་ལ་དུས་དུས་སུ་ཡུལ་མཉམ་དགའི་མེ་ཏོག་དང་འབྲས་བུ་ལ་སོགས་པ་སྐྱེས་སུ་བསྐུར་རོ། །གནོད་སྦྱིན་པཉྩ་ལས་ཀྱང་གནོད་སྦྱིན་ས་ཏ་ལ་ཡུལ་གན་དྷ་རའི་མེ་ ཏོག་དང་འབྲས་བུ་སྐྱེས་སུ་བསྐུར་རོ། །དེ་གཉིས་འདི་བཞིན་ཕན་ཚུན་དུ་རབ་ཏུ་མཛའ་བར་གྱུར་ནས། དེ་གཉིས་ཕྱིར་གནོད་སྦྱིན་འདུས་པར་དོང་སྟེ། གནོད་སྦྱིན་ས་ཏས་གྲོགས་པོ་ཡུ་བུ་གཉིས་དུས་ལས་འདས་ཀྱང་བུ་དང་། ཚ་བོ་དང་། ཡང་ཚ་དང་། སུམ་ཚ་རྣམས་ མཛའ་བ་རྒྱུན་མི་ཆད་པར་བྱ་བའི་ཐབས་ཅི་ཡོད་ཅེས་སྨྲས་པ་དང་། གནོད་སྦྱིན་པཉྩ་ལས་སྨྲས་པ། གྲོགས་པོ་ལེགས་སོ། །བདག་ཀྱང་འདི་སྙམ་སེམས་ཏེ། དེ་ལྟ་བས་ན་མ་སྐྱེས་པ་ལས་གཉེན་དུ་བྱས་ཏེ། དེ་སྟེ་བདག་ལ་བུ་ཕོ་ཞིག་བཙས་ལ་ཁྱོད་ལ་བུ་ མོ་ཞིག་ཡོད་པ་དང་། ཁྱོད་ཀྱིས་བདག་གི་བུ་ལ་བྱིན་ཅིག །འོན་ཏེ་ཁྱོད་ལ་བུ་ཕོ་ཞིག་སྟེ་བདག་ལ་བུ་མོ་ཞིག་ན་བདག་གིས་ཁྱོད་ཀྱི་བུ་ལ་སྦྱིན་ནོ། །དེས་སྨྲས་པ། གྲོགས་པོ་ལེགས་ཀྱིས་དེ་བཞིན་བྱའོ། །དེ་གཉིས་ཕན་ཚུན་དུ་མ་བཙས་པར་གཉེན་བྱས་ཏེ་དོང་ངོ་། །དེ་ནས་དུས་ ཕྱི་ཞིག་ན་གནོད་སྦྱིན་ས་ཏའི་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏེ། དེ་ཟླ་བ་དགུ་འདས་པ་དང་བུ་མོ་ཞིག་བཙས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་པ་བཟང་མོ་ཞིག་སྟེ། དེ་བཙས་པ་དང་གནོད་སྦྱིན་གྱི་རིགས་ཐམས་ཅད་དགའ་བར་གྱུར་ཏོ། །དེ་བདག་གི་རིགས་ དང་འདྲ་བ་དང་རྒྱུད་གཅིག་པ་རྣམས་ཀྱིས་བཙས་པའི་བཙས་སྟོན་ཆེན་པོ་བྱས་ཏེ་མིང་འདོགས་པ་ལ་ཞུགས་སོ། །བུ་མོ་འདི་མིང་ཅིར་གདགས་ཞེས་གྲོས་བྱས་ན་གཉེན་བཤེས་དག་གིས་འདི་བཙས་པའི་ཚེ་གནོད་སྦྱིན་གྱི་རིགས་ཐམས་ཅད་དགའ་བར་གྱུར་གྱིས་དེ་བས་ན་བུ་མོ་འདི་མིང་ དགའ་བྱེད་མར་གདགས་སོ་ཞེས་སྨྲས་ཏེ། དེའི་མིང་དགའ་བྱེད་མར་བཏགས་སོ། །ཡུལ་གན་དྷ་རའི་གནོད་སྦྱིན་པཉྩ་ལས་འདི་ལྟར་རྒྱལ་པོའི་ཁབ་ཏུ་གནོད་སྦྱིན་ས་ཏ་ལས་བུ་མོ་ཞིག་བཙས་སོ་ཞེས་ཐོས་ནས་དེས་བསམས་པ། བདག་གི་གྲོགས་པོ་ལ་བུ་མོ་ཞིག་བཙས་ཏེ་བུ་མོ་ དེ་བདག་གི་མནའ་མར་འགྱུར་ཡང་དག་གིས་རྒྱན་རྣམས་བསྐུར་བའི་རིགས་སོ་སྙམ་ནས། དེས་གནོད་སྦྱིན་ས་ཏ་ལ་གྲོགས་པོ་མཛའ་བོ་བདག་གིས་ཁྱོད་ཀྱི་བུ་མོ་བཙས་པར་ཐོས་ནས་ཤིན་ཏུ་དགའ་སྟེ། བདག་གིས་གྲོགས་པོའི་བུ་མོ་ལ་གོས་དང་རྒྱན་རྣམས་བསྐུར་བ་འདི་བླང་བའི་ རིགས་སོ་ཞེས་ཡི་གེ་སྤྲིང་ངོ་། །དེས་ཡི་གེ་བཀླགས་ཏེ་སླར་ཡང་གྲོགས་པོ་བདག་ཅག་ནི་གཉེན་ཡིན་གྱིས་དེ་སྟེ་ཁྱོད་ལ་བུ་ཕོ་ཞིག་བཙས་ན་འདི་ནི་དེ་ཉིད་ཀྱི་ཡིན་ནོ་ཞེས་སྤྲིང་ངོ་། །གནོད་སྦྱིན་པཉྩ་ལས་དེ་བཀླགས་ནས་བུ་ནམ་རྙེད་ཅེས་རྟག་ཏུ་སེམས་ཤིང་ཆུང་མ་དང་ལྷན་ཅིག་ ཏུ་རྩེ་དགའ་སྟེ་ཡོངས་སུ་སྤྱོད་དོ། །དེ་ལ་རྩེ་དགའ་ཡོངས་སུ་སྤྱད་པས་བུ་ཕོ་ཞིག་བཙས་ཏེ། དེ་ཡང་བདག་གི་རིགས་དང་མཐུན་པ་རྒྱུད་གཅིག་པ་དག་གིས་བཙས་པའི་བཙས་སྟོན་ཆེར་བྱས་ཏེ། མིང་འདོགས་པ་ལ་ཞུགས་སོ། །ཁྱེའུ་འདི་མིང་ཅིར་གདགས་ཞེས་ བགྲོས་པ་ལས་གཉེན་བཤེས་དག་གིས་ཁྱེའུ་འདི་གནོད་སྦྱིན་པཉྩ་ལའི་བུ་སྟེ། དེ་བས་ན་ཁྱེའུ་འདིའི་མིང་པཱཉྩི་ཀར་གདགས་སོ་ཞེས་སྨྲས་ནས་དེའི་མིང་པཱཉྩི་ཀར་བཏགས་སོ། །རྒྱལ་པོའི་ཁབ་ཀྱི་གནོད་སྦྱིན་ས་ཏས་འདི་ལྟར་ཡུལ་གན་དྷ་རའི་གནོད་སྦྱིན་པཉྩ་ལའི་བུ་ཕོ་ཞིག་བཙས་ པར་ཐོས་ཏེ། དེས་བདག་གི་གྲོགས་པོ་ལས་བུ་ཕོ་གཅིག་བཙས་ཏེ་གདོན་མི་ཟ་བར་བདག་གི་མག་པར་འགྱུར་རོ་སྙམ་བསམས་ནས། དེས་དེ་ལ་གོས་དང་རྒྱན་རྣམས་བསྐུར་ཏེ། གྲོགས་པོ་བདག་གིས་ཁྱོད་ཀྱི་བུ་ཞིག་བཙས་སོ་ཞེས་ཐོས་ནས་ཤིན་ཏུ་དགའ་སྟེ། བདག་གི་ གྲོགས་པོའི་བུ་ལ་གོས་དང་རྒྱན་ཞིག་བསྐུར་གྱིས་དེ་བླང་བའི་རིགས་སོ་ཞེས་ཡི་གེ་སྤྲིང་ངོ་། །དེས་ཡི་གེ་བཀླགས་ཏེ་སླར་གྱི་ལན་བག་མ་བླང་བའི་སྟོན་མོའི་སྟ་གོན་གྱིས་ཤིག་ཅེས་སྤྲིང་བ་དང་། གནོད་སྦྱིན་ས་ཏས་ཡི་གེ་བཀླགས་ཏེ་ལེགས་ཀྱིས་བུ་མོ་དགའ་བྱེད་མ་ནི་བདག་ གིས་སྔར་བྱིན་ནོ་སྙམ་བསམས་ནས། དེས་དེ་སྐྱེད་ཅིང་ཆུང་མ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་ལ་རྩེ་དགའ་ཡོངས་སུ་སྤྱད་པས་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏེ། གང་གི་ཚེ་སེམས་ཅན་དང་ལྡན་པར་གྱུར་པ་དེའི་ཉིན་མོ་ཉིད་དུ་རི་ལ་ཁྲུང་ཁྲུང་གིས་སྐད་ ཕྱུང་ངོ་། །དེ་ཟླ་བ་དགུ་འདས་པ་དང་བུ་ཁྱེའུ་ཞིག་བཙས་ཏེ་གཟུགས་ལེགས་ཤིང་བལྟ་ན་སྡུག་པ་བཟང་བ་ཞིག་སྟེ་བཙས་མ་ཐག་ཏུ་ཡང་རི་ལས་ཁྲུང་ཁྲུང་གིས་སྐད་ཕྱུང་ངོ་། །དེ་བདག་གི་རིགས་དང་མཐུན་པ་རྒྱུད་གཅིག་པ་བཙས་པའི་བཙས་སྟོན་ཆེར་བྱས་ཏེ་མིང་འདོགས་པ་ལ་ཞུགས་ སོ། །ཁྱེའུ་འདི་མིང་ཅིར་གདགས་ཞེས་བགྲོས་ན་གཉེན་བཤེས་དག་གིས་འདི་མངལ་དུ་ཞུགས་པ་ན་ཡང་རི་ལས་ཁྲུང་ཁྲུང་གི་སྐད་ཕྱུང་། བཙས་པ་ན་ཡང་ཁྲུང་ཁྲུང་གི་སྐད་ཕྱུང་ལ་ཕ་ཡང་ས་ཏ་ཞེས་བྱ་སྟེ། དེ་བས་ན་ཁྱེའུ་འདི་མིང་ཡང་ས་ཏ་གི་རིར་གདགས་སོ་ཞེས་སྨྲས་ནས། དེའི་མིང་ ས་ཏ་གི་རིར་བཏགས་སོ། །ཁྱེའུ་ས་ཏ་གི་རི་དེ་གསོས་སྐྱེད་དེ་ཆེར་གྱུར་པ་དང་ཇི་ཙམ་དུས་ཕྱི་ཞིག་ན་གནོད་སྦྱིན་ས་ཏ་ཆུང་མ་དང་བཅས་པར་དུས་ལས་འདས་ནས་ས་ཏ་གི་རི་ཁྱིམ་གྱི་བདག་པོར་གྱུར་པ་དང་། གནོད་སྦྱིན་གྱི་བུ་མོ་དགའ་བྱེད་མས་ས་ཏ་གི་རི་ལ་མིང་པོ་རྒྱལ་པོའི་ ཁབ་ན་གནས་པའི་སྐྱེ་བོ་མང་པོ་དག་གིས་བུ་བཙས་ཤིང་བཙས་པ་དག་ཕྲོགས་ཤིང་ཕྲོགས་ནས་བཟའ་བར་འདོད་དོ་ཞེས་སྨྲས་པ་དང་། དེས་སྨྲས་པ། སྲིང་མོ་ཡུ་བུ་ཅག་གི་ཕས་ཡུལ་མཉམ་དགའི་རྒྱལ་པོ་མཁས་པ་ཅན་གཟུགས་ཅན་སྙིང་པོ་དང་། བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་དང་། གྲོང་ཁྱེར་དང་། ཡུལ་གྱི་མི་རྣམས་ལ་རྟག་ཏུ་སྲུང་བ་དང་། སྐྱོང་བ་དང་། སྐྱོབ་པར་བྱེད་དོ་ཞེས་ཐོས་ནས་ཡུ་བུ་ཅག་གིས་རབ་ཏུ་བསྲུང་བར་བྱ་བའི་རིགས་ཏེ། འདི་ནི་ཡུ་བུ་ཅག་གི་སྤྱོད་ཡུལ་ཡིན་གྱིས་འདི་ལ་གཞན་དག་ཅིག་ཀྱལ་ཀ་བྱེད་ན་ཡང་དེ་ལ་ཡུ་བུ་ ཅག་གིས་དགག་པའི་རིགས་ན་ཅིའི་ཕྱིར་ཁྱོད་ཀྱིས་དེ་བཞིན་བྱ་མི་རིགས་པར་ཁྱོད་ཀྱིས་སེམས་བསྐྱེད་པ་དེ་སླར་ཟློག་ཅེས་བསྒོའོ། །དེ་ལོག་པའི་སྨོན་ལམ་གྱི་བག་ཆགས་ཀྱིས་བགོས་པས་གཅུགས་སུ་མ་བཏུབ་སྟེ། ཡང་ས་ཏ་གི་རི་ལ་མིང་པོ་རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོ་མང་པོ་ དག་གི་བུ་བཙས་ཤིང་བཙས་པ་དག་ཕྲོགས་ཤིང་ཕྲོགས་ནས་བཟའ་བར་འཚལ་ལོ་ཞེས་སྨྲས་པ་དང་། ས་ཏ་གི་རིས་དེའི་དུས་ཀྱིས་རྟེན་པ་ལས་ན་གཅུགས་སུ་མི་བཏུབ་པར་ཤེས་ཏེ། འདི་ཕྱི་ཕྱིར་རྟག་ཏུ་དགག་མི་ནུས་ཀྱི་འདི་ཕས་ཀྱང་སྔར་བྱིན་ཏེ་བག་མར་གཏང་ངོ་སྙམ་བསམས་ནས་དེས་ གནོད་སྦྱིན་པཉྩ་ལ་ལ་བུ་མོ་དགའ་བྱེད་མ་ནི་ན་ཆུང་དུ་གྱུར་གྱིས་ཚུར་ཤེག་ལ་བག་མ་ལོང་ཤིག་ཅེས་ཡི་གེ་སྤྲིང་བ་དང་། གནོད་སྦྱིན་པཉྩ་ལ་དེས་གནོད་སྦྱིན་གཞོན་ནུ་པཱཉྩི་ཀ་ལ་དཔལ་ཆེན་པོ་དང་སྦྱར་ཏེ་བག་མ་བླངས་ནས་ཡུལ་གན་དྷ་རར་ཁྲིད་དོ། །གནོད་སྦྱིན་གཞོན་ནུ་པཱཉྩི་ཀ་ དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །མོ་ནམ་མཛའ་ཞིང་སྤོབས་པ་དང་དགའ་ཞིང་ཡིད་བདེ་བ་མང་པོར་གྱུར་པ་དེའི་ཚེ་མོས་ཇོ་བོ་རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོ་མང་པོ་དག་གི་བུ་བཙས་ཤིང་བཙས་པ་དག་འཕྲོག་ཅིང་ཕྲོགས་ཏེ་བཟའ་བར་འཚལ་ལོ་ཞེས་སྨྲས་པ་དང་། དེས་ སྨྲས་པ། བཟང་མོ་དེ་ནི་ཁྱོད་ཀྱི་གཉེན་གྱི་གནས་ཡིན་ཏེ། དེར་གཞན་དག་ཅིག་ཀྱལ་ཀ་བྱེད་ན་ཡང་དེ་བདག་ཅག་གིས་དགག་པའི་རིགས་ན་ཁྱོད་ཀྱིས་ཅིའི་ཕྱིར་དེ་ལྟར་བྱ། ཁྱོད་ཀྱིས་མི་རིགས་པ་སེམས་བསྐྱེད་པ་དེ་སླར་ཟློག་ཤིག་ཅེས་བསྒོ་ན་དེ་སྔོན་གྱི་ལོག་པའི་སྨོན་ལམ་གྱིས་བག་ ཆགས་བསྒོས་པས་སྡོད་ཅིག་ཅེས་སྨྲས་ཏེ་ཅང་མི་ཟེར་བར་འདུག་གོ། །དེ་གནོད་སྦྱིན་གཞོན་ནུ་པཱཉྩི་ཀ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱད་པས་བུ་ཕོ་ཞིག་བཙས་ཏེ་དེའི་བཙས་སྟོན་ཆེན་པོ་རྒྱ་ཆེར་བྱས་ཏེ་རིགས་དང་མཐུན་པའི་མིང་བཏགས་སོ། །དེ་བཞིན་ལན་གཉིས་ལན་གསུམ་ ནས་བུ་ལྔ་བརྒྱའི་བར་དུ་བཙས་ཏེ་དེ་དག་ཐམས་ཅད་ཀྱི་ཐ་ཆུངས་ནི་མིང་དགའ་བྱེད་དུ་བཏགས་སོ། །དེ་ནས་བུ་ལས་མཐུ་རྙེད་པར་གྱུར་པ་དེ་ན་པཱཉྩི་ཀས་བཟློག་ཀྱང་མ་ཟློགས་ནས་དེ་མི་དགའ་བར་གྱུར་ཏེ་མི་སྨྲ་བར་འདུག་གོ། །དེ་ནས་གནོད་སྦྱིན་མོ་དགའ་བྱེད་མ་གར་དགའ་བར་རང་ཉམ་ དུ་འགྲོ་ཞིང་རྒྱུ་བ་དང་གནས་པར་གྱུར་ཏོ། །དེས་རྒྱལ་པོའི་ཁབ་ན་སྐྱེ་བོ་མང་པོ་དག་གི་བུ་བཙས་ཤིང་བཙས་པ་དག་ཕྲོགས་ཤིང་ཕྲོགས་ནས་བཟའ་བར་བརྩམས་པ་དང་། རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོ་མང་པོ་དག་གིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ལྷ་བདག་ཅག་གི་བུ་བཙས་ ཤིང་བཙས་པ་དག་ཅིག་གིས་ཕྲོགས་ན་སུ་ཞིག་བདག་ཅག་ལ་གནོད་པར་བགྱིད་པ་རྨ་བའི་རིགས་སོ་ཞེས་གསོལ་པ་དང་། རྒྱལ་པོས་གནས་ཐམས་ཅད་དབང་བ་རྣམས་ལ་ཀྱེ་རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོ་མང་པོ་དག་གི་བུ་བཙས་ཤིང་བཙས་པ་དག་སུས་ཕྲོགས་པ་རྨོས་ ཤིག་ཅེས་བསྒོ་ནས། དེ་དག་གིས་ནན་ཏན་དུ་བག་ཡོད་པར་རྨེད་པ་ལ་ཞུགས་པ་དང་། ཇི་ཙམ་ན་དེ་དག་གིས་ཡང་ཕྲོགས་པར་གྱུར་ནས་གནོད་པ་ཆེར་གྱུར་ནས་གནོད་པ་ཆེར་གྱུར་ཏེ་སུ་གང་གི་བུད་མེད་སེམས་ཅན་དང་ལྡན་པར་གྱུར་པ་དེས་ཡུལ་གཞན་དུ་ཕྱུང་སྟེ་བཞག་པ་ དང་། བློན་པོ་དག་གིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ལྷ་གནོད་པ་ཆེར་གྱུར་ཏེ་སུ་གང་གི་བུད་མེད་དག་སེམས་ཅན་དང་ལྡན་པར་གྱུར་ན་དེས་ཡུལ་གཞན་དུ་ཕྱུང་སྟེ་བཞག་གོ་ཞེས་གསོལ་པ་དང་། རྒྱལ་པོས་ལྟས་པ་བཀུག་སྟེ་སྨྲས་ན། དེ་དག་གིས་ལྷ་གནོད་སྦྱིན་ཁྲོས་ཀྱིས་ གནོད་སྦྱིན་གྱི་གནས་སུ་གཏོར་མ་སྩལ་ལ་མཆོད་པ་དང་བཀུར་སྟི་མཛོད་ཅིག་ཅེས་གསོལ་ཏོ། །རྒྱལ་པོས་བློན་པོ་རྣམས་ལ་ཀྱེ་སོང་ལ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་དྲིལ་བསྒྲགས་པ་བྱོས་ཤིག །རྒྱལ་པོའི་ཁབ་ན་སྐྱེ་བོ་མང་པོ་ཐམས་ཅད་དང་། ཡུལ་སོ་སོ་ ནས་ལྷགས་པ་ཐམས་ཅད་ཀྱིས་གནོད་སྦྱིན་གྱི་གནས་སུ་གཏོར་མ་བྱིན་ལ་མཆོད་པ་དང་བཀུར་སྟི་བྱོས་ཤིག་ཅེས་བསྒོ་བ་དང་། དེ་དག་གིས་ཀྱང་དེ་བཞིན་དྲིལ་བསྒྲགས་ཏེ། ཀྱེ་རྒྱལ་པོའི་ཁབ་དང་། གྲོང་ཁྱེར་དང་། ཡུལ་སོ་སོ་ནས་ལྷགས་པའི་སྐྱེ་བོ་དག་ཉོན་ཅིག །ལྷས་ འདི་སྐད་བཀའ་སྩལ་ཏོ། །བདག་གི་ཡུལ་ན་གྲོང་ཁྱེར་དང་། ཡུལ་སོ་སོ་ནས་ལྷགས་པའི་སྐྱེ་བོ་མང་པོ་གནས་པ་ཐམས་ཅད་ཀྱིས་གནོད་སྦྱིན་གྱི་གནས་ཐམས་ཅད་དུ་གཏོར་མ་བྱིན་ལ་མཆོད་པ་དང་བཀུར་སྟི་བྱོས་ཤིག་ཅེས་བསྒོ་བ་དང་། རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོ་མང་ པོ་དག་གིས་གྲོང་ཁྱེར་དེ་དག་རྡོ་བ་དང་། གྱོ་མོ་དང་། ས་རྡོ་དག་ཕྱགས་ཏེ་ཙན་དན་གྱི་ཆུས་ཆག་ཆག་བཏབ་ནས་དྲི་ཞིམ་པོའི་པོག་ཕོར་དག་སོ་སོར་དཔྱངས། རྒྱལ་མཚན་དང་། ལྷའི་འཕན་སྒྲེང་། དར་གྱི་ལྡ་ལྡི་མང་པོ་ནི་དཔྱངས་ཏེ་མེ་ཏོག་སྣ་ཚོགས་ཀྱིས་གཏོར་ནས་ལྷ་རྣམས་ཀྱི་སྐྱེད་མོས་ ཚལ་དགའ་ལྡན་བཞིན་དུ་མཛེས་པར་བྱས་སོ། །དེ་ནས་གནོད་སྦྱིན་གྱི་གནས་ཐམས་ཅད་གཏོར་མ་བྱིན་ཞིང་མཆོད་པ་དང་བཀུར་སྟི་བྱས་ཏེ་འོན་ཀྱང་དགའ་བྱེད་མ་ཞི་བར་མ་གྱུར་ཏོ། །དེ་ནས་རྒྱལ་པོའི་ཁབ་ན་གནས་པའི་ལྷ་དག་གིས་རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོ་མང་པོ་དག་ཀྱེ་ཁྱེད་ ལ་གནོད་སྦྱིན་མོ་དགའ་བྱེད་མས་ཁྱོད་ཀྱི་བུ་རྣམས་ཕྲོགས་ཀྱིས་ཁྱེད་ཐམས་ཅད་བཅོམ་ལྡན་འདས་ཀྱི་དྲུང་དུ་དོང་བ་དང་། བཅོམ་ལྡན་འདས་ཀྱིས་དེ་གདུལ་བར་མཛད་དོ་ཞེས་བསྟན་ཏོ། །དེ་དག་གིས་ཀྱེ་དེ་ནི་དགའ་བྱེད་མ་མ་ཡིན་གྱི་དེ་ནི་འཕྲོག་མ་སྟེ། དེས་བདག་ཅག་གི་བུ་བཙས་ ཤིང་བཙས་པ་རྣམས་ཕྲོགས་ཞེས་སྨྲས་པ་དང་། དེའི་མིང་དགའ་བྱེད་མ་ཞེས་བྱ་བ་ལྡོག་སྟེ་གནོད་སྦྱིན་མ་འཕྲོག་མར་མིང་དུ་གྱུར་ཏོ། །དེ་ནས་རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོ་མང་པོ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་ མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་གནོད་སྦྱིན་མོ་འཕྲོག་མ་འདི་རྒྱལ་པོའི་ཁབ་ན་སྐྱེ་བོ་མང་པོ་ལ་ཡུན་རིང་པོ་ནས་མ་འཁོན་པ་དང་ནི་འཁོན། དགྲར་མ་གྱུར་པ་དང་ནི་དགྲར་གྱུར། སྙིང་མ་རིངས་པ་ལ་ནི་སྙིང་རིང་བར་གྱུར། དེས་བུ་བཙས་ཤིང་བཙས་པའི་རྣམས་ ཕྲོགས་ན། བཅོམ་ལྡན་འདས་ཐུགས་རྗེ་ཅན་ཐུགས་བརྩེ་བའི་ཕྱིར་གནོད་སྦྱིན་མ་འཕྲོག་མ་གདུལ་བར་ཅི་གནང་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བ་བཞིན་རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོ་མང་པོ་དག་ལ་གནང་ངོ་། །དེ་ནས་རྒྱལ་པོའི་ཁབ་ན་གནས་ པའི་སྐྱེ་བོ་མང་པོ་དག་གིས་བཅོམ་ལྡན་འདས་ཅང་མི་གསུང་བ་བཞིན་གནང་བར་ཤེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་། །དེ་ནས་སྔ་དྲོ་བཅོམ་ལྡན་འདས་ཀྱིས་ཤམ་ཐབས་དང་ཆོས་གོས་མནབས། ལྷུང་བཟེད་ བསྣམས་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་གཤེགས་ཏེ་རྒྱལ་པོའི་ཁབ་ནས་བསོད་སྙོམས་ལས་སླར་བསྐོར་ནས་ཟས་ཀྱི་བྱ་བ་བྱས་ཏེ། བསོད་སྙོམས་ཕྱིས་ལེན་པ་སྤངས་ཏེ་གཤེགས་ནས་གནོད་སྦྱིན་མོ་འཕྲོག་མའི་གནས་གང་ན་བ་དེར་གཤེགས་ཏེ། དེའི་ཚེ་ན་གནོད་ སྦྱིན་མོ་འཕྲོག་མས་བུ་དགའ་བྱེད་ཁྱིམ་དུ་བཞག་སྟེ་སྤྱོད་ཡུལ་དུ་སོང་བ་དང་། བཅོམ་ལྡན་འདས་ཀྱིས་དེ་ལྷུང་བཟེད་ཀྱིས་བཀབ་སྟེ་བཞག་ནས། ཇི་ལྟར་བུ་ཕོ་དག་གིས་ནི་དེ་མི་མཐོང་གིས། དེས་དེ་དག་ཐམས་ཅད་མཐོང་བར་འགྱུར་བ་དེ་ལྟར་བྱིན་གྱིས་བརླབས་སོ། ། དེ་མ་ཐག་ཏུ་གནོད་སྦྱིན་མོ་འཕྲོག་མ་སྤྱོད་ཡུལ་ནས་འོངས་པ་དང་བུ་དགའ་བྱེད་མི་སྣང་ནས་དེ་སྤངས་ཏེ་དེ་ཕན་ཚུན་ཁྱིམ་ཁོ་ར་ཁོར་ཡུག་ཏུ་བལྟས་ན་འོན་ཀྱང་མི་སྣང་ནས་བུ་དག་དགའ་བྱེད་མི་སྣང་ན་ག་རེ། དེ་དག་གིས་ཀྱང་མ་མཐོང་། བདག་ཅག་གིས་ཀྱང་མ་མཐོང་ངོ་ཞེས་སྨྲས་ པ་དང་། དེས་བྲང་བརྡུངས་ནས་མདོག་ཉམས་ཤིང་མི་དགའ་སྟེ་མིག་མཆི་མས་གང་ནས་འགྲོས་མྱུར་བར་བརྒྱུགས་ཏེ་རྒྱལ་པོའི་ཁབ་ཀྱི་གྲོང་དང་། ཚོང་དུས་དང་། སྲང་དང་། ལམ་གྱི་བཞི་མདོ་དང་། ལམ་གྱི་སུམ་མདོ་དང་། ཀུན་དགའ་ར་བ་དང་། སྐྱེད་མོས་ཚལ་ དང་། མཚོ་དང་། ལྟེང་ཀ་དང་། རྫིང་དང་། ལྷ་ཁང་དང་། འདུན་ཁང་དང་། གཞན་ཡང་ཁྱིམ་དོག་པའི་གནས་དག་ཏུ་བཙལ་ན་འོན་ཀྱང་མ་རྙེད་དོ། །དེ་ནས་བླ་གོས་མེད་པར་སྨྱོས་ནས་ངུ་ཞིང་སྨྲེ་བ་ཀྱི་ཧུད་བུ། ཀྱི་ཧུད་ཕ། ཀྱི་ཧུད་དགའ་བྱེད་ཅེས་ཡང་ དང་ཡང་སྒྲ་འབྱིན་ཅིང་གྲོང་དང་། གྲོང་ཁྱེར་དང་། གྲོང་འདབ་དང་། ཕོ་བྲང་དང་། ཕོ་བྲང་འཁོར་རྣམས་སུ་བལྟས་ཏེ་འོན་ཀྱང་མ་རྙེད་དོ། །དེ་ནས་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་སོང་ངོ་། །ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ཀྱི་རྒྱ་མཚོར་སོང་ངོ་། །ཤར་ ཕྱོགས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དེ་དག་ན་ཡང་མི་སྣང་ངོ་། །དེ་ནས་སྐྲ་ཞིག་ཅིང་སྒྲེན་མོར་གྱུར། འགྲོས་ཀྱང་འཁྱམ། ཡར་མཆོང་མར་ལྷུང་ས་ལ་འགྲེའོ། །པུས་མོས་འགྲོ་ཙོག་པུར་འདུག་པ་དེ་ལྟ་བུའི་ཐབས་ཀྱིས་འཛམ་བུའི་གླིང་གི་རི་ནག་པོ་ བདུན་རྒལ་ནས་གསེར་ལྟ་བུའི་རི་བདུན་དང་། གངས་ཀྱི་རི་དང་། མ་དྲོས་པའི་མཚོ་ཆེན་དང་། རི་དྲི་རྒྱས་དག་ཏུ་ཡང་བཙལ་ཏེ་དེ་ནས་སྐད་ཆེར་ངུ་ཞིང་ཤར་གྱི་ལུས་འཕགས་གླིང་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་རྣམས་ཀུན་ཏུ་བཙལ་ན་ཡང་མ་རྙེད་དེ། དེ་ ནས་ཡང་སོས་དང་། ཐིག་ནག་པོ་དང་། འདུས་གཏུབ་དང་། འོ་དོད་འབོད་པ་དང་། འོ་དོད་ཆེར་འབོད་པ་དང་། སྲེག་པ་དང་། རབ་ཏུ་སྲེག་པ་དང་། མནར་མེད་པ་དང་། ཆུ་བུར་དང་། ཤིན་ཏུ་ཆུ་བུར་དང་། ཨ་ཧ་ཧ་ཞེས་ཟེར་བ་དང་། ཧ་ཧ་པ་དང་། ཧུ་ཧུ་པ་དང་། ཨུཏྤལ་ལྟ་བུ་ དང་། པད་མ་ཆེན་པོ་ལྟ་བུ་ལ་སོགས་པ་དང་སེམས་ཅན་དམྱལ་བ་དག་ཏུ་ཡང་བཙལ་ན་མ་རྙེད་དོ། །དེ་ནས་རི་རབ་ཀྱི་བང་རིམ་དང་པོར་འཛེགས། དེས་གཉིས་པ་དང་། གསུམ་པར་འཛེགས། དེ་ནས་གནོད་སྦྱིན་གྱི་བདག་པོ་ངལ་བསོ་པོ་ལ་མ་དྲིས་པར་སུམ་བཅུ་རྩ་གསུམ་ ལྷའི་གནས་སུ་བཙལ་ཏེ་སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཞེས་བྱ་བ་དང་། རྩུབ་པོར་འགྱུར་བ་དང་། འདྲེས་པ་དང་། དགའ་བ་ཞེས་བྱ་བའི་སྐྱེད་མོས་ཚལ་དུ་ཡང་བཙལ། པ་རི་ཡ་ཏྲ་ཀོ་བི་དཱ་རའི་དྲུང་དུ་ཡང་སོང་ངོ་། །དེ་ནས་ལྷའི་འདུ་བ་ཆོས་བཟངས་ཞེས་བྱ་བ་གྲོང་ཁྱེར་ བཟང་པོར་སྣང་དུ་ཞུགས་ཏེ། དེ་ནས་བརྒྱ་བྱིན་ལྷའི་དབང་པོའི་ཁང་པ་རྣམ་པར་རྒྱལ་དུ་འགྲོ་བར་བརྩམས་པ་དང་། དེར་གནོད་སྦྱིན་ལག་ན་རྡོ་རྗེ་ལ་སོགས་པ་གནོད་སྦྱིན་དུ་མ་དང་། ལྷ་སྟོང་གིས་བཟུང་བ་དང་། དེ་མྱུར་དུ་མགྱོགས་པར་གྲོང་ཁྱེར་བཟང་པོར་སྣང་ནས་བྱུང་སྟེ། ཕྱོགས་གཞན་ཞིག་ཏུ་རིང་ཞིག་ངུས་ནས་མདོར་ན་ཡི་ཆད་པར་གྱུར་ཏེ་གནོད་སྦྱིན་རྣམས་ཀྱི་བདག་པོ་ངལ་བསོ་པོའི་དྲུང་དུ་སོང་ནས་རྡོ་ལེབ་ལ་བདག་གི་ལུས་བརྡབས་ནས་ཀྱི་ཧུད་བུ། ཀྱི་ཧུད་ཕ། ཀྱི་ཧུད་དགའ་བྱེད་ཅེས་སྨྲེ་ཞིང་སྨྲ་བ་སྟེ། སྡེ་དཔོན་ཆེན་པོ་སུས་ཕྲོགས་མི་དགའ་ན་བུ་ སློང་ན་སྩལ་དུ་གསོལ་ཞེས་སྨྲས་པ་དང་། གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་ངལ་བསོ་པོས་སྨྲས་པ། ཆེ་ཞེ་མྱ་ངན་ཐོང་ལ་མཆི་མ་ཕྱིས་ཤིག །ཁྱོད་ཀྱི་གནས་སུ་ཉིན་པར་གནས་ཤིང་སུ་འོངས་པ་སོམས་ཤིག་ཅེས་སྨྲས་པ་དང་། དེས་སྨྲས་པ། སྡེ་དཔོན་དགེ་སྦྱོང་གཽ་ཏ་མ་ལགས་སོ། ། དེས་དེ་སོང་ལ་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ཤིག་དང་ཁྱོད་ལ་བུ་དགའ་བྱེད་དེ་བཅོམ་ལྡན་འདས་ཀྱིས་སྟོན་ཏོ་ཞེས་སྨྲས་པ་དང་། དེ་སྲོག་སྟོར་བ་ལས་སླར་རྙེད་པ་བཞིན་དུ་རིངས་ཤིང་མྱུར་དུ་རང་གི་གནས་སུ་སོང་བ་དང་། གནོད་སྦྱིན་མ་འཕྲོག་མས་སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན། དཔེ་བྱད་བཟང་པོས་སྐུ་སྤྲས། ཉི་ཟེར་སྟོང་ལས་འདས་པའི་འོད་འདོམ་གང་གིས་བརྒྱན་པ། རིན་པོ་ཆེའི་རི་འགྲོ་བ་བཞིན་ཁོ་ར་ཁོར་ཡུག་ནས་བཟང་བ་མཐོང་མ་ཐག་ཏུ་དགའ་བ་སྐྱེས་ཏེ་བུ་དགའ་བྱེད་རྙེད་དོ་སྙམ་ནས་བཅོམ་ལྡན་ འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་གནོད་སྦྱིན་མོ་འཕྲོག་མས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་ཁྱོད་ཀྱིས་བདག་གི་བུ་དགའ་བྱེད་ བསྟན་དུ་གསོལ། བདག་གི་བུ་དགའ་བྱེད་མ་མཐོང་ནས་རིང་ཞིག་ལོན་ནོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་མོ་འཕྲོག་མ་ལ་འཕྲོག་མ་ཁྱོད་ལ་བུ་མང་ཞེ་ན་ཇི་སྙེད་ཡོད་ཅེས་སྨྲས་པ་དང་། དེས་སྨྲས་པ། བཅོམ་ལྡན་འདས་བུ་ལྔ་བརྒྱ་མཆིས་སོ། །བཅོམ་ལྡན་ འདས་ཀྱིས་འཕྲོག་མ་དེ་སྟེ་ཁྱོད་ཀྱི་བུ་ལྔ་བརྒྱ་ལས་གཅིག་ཅིག་མེད་པ་ལྟ་ཅི་ཉེས། ཞེས་གསུངས་པ་དང་། བཅོམ་ལྡན་འདས་བདག་གི་དགའ་བྱེད་མ་མཐོང་ན་ཁྲག་དྲོན་པོར་སྐྱུགས་ཏེ་གདོན་མི་ཟ་བར་དུས་བགྱིད་དོ་ཞེས་གསོལ་པ་དང་། འཕྲོག་མ་ཁྱོད་ཀྱི་བུ་ལྔ་ བརྒྱ་ལས་གཅིག་མ་མཐོང་ན་ཡང་འདི་འདྲ་བར་སྡུག་བསྔལ་ན་གང་ལ་བུ་གཅིག་པུ་ཡོད་པ་ཡང་ཁྱོད་ཀྱིས་བསད་དེ་ཟོས་ན་དེའི་སྡུག་བསྔལ་ཇི་འདྲ་བར་འགྱུར། དེས་བཅོམ་ལྡན་འདས་དེ་བས་སྡུག་བསྔལ་བ་རབ་ཏུ་ཆེའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕྲོག་མ་ཁྱོད་བུ་དང་བྲལ་བའི་སྡུག་བསྔལ་འདི་འདྲ་བ་ཤེས་བཞིན་དུ་གཞན་གྱི་བུ་ཅི་ཕྱིར་བཟའ། དེས་བཅོམ་ལྡན་འདས་བདག་གིས་ཇི་ལྟར་བགྱི་བ་བཀའ་སྩོལ་ཅིག་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚུར་ཤོག་ང་ལ་སྐྱབས་སུ་སོང་སྟེ་བསླབ་པའི་གཞི་ཟུང་ལ་རྒྱལ་པོའི་ཁབ་ན་ གནས་པའི་སྐྱེ་བོ་མང་པོ་ལ་མི་འཇིགས་པ་བྱིན་ཅིག་དང་། གལ་ཏེ་འདི་ཉིད་ན་འདུག་བཞིན་དུ་བུ་དགའ་བྱེད་མཐོང་བར་གདོན་མི་ཟའོ་ཞེས་བཀའ་སྩལ་པ་དང་། དེས་བཙུན་པ་འདི་ལྟར་དེང་ཕན་ཆད་བཅོམ་ལྡན་འདས་ལ་སྐྱབས་སུ་མཆི་བ་དང་བསླབ་པའི་གཞི་བཟུང་སྟེ་རྒྱལ་པོའི་ཁབ་ན་གནས་ པའི་སྐྱེ་བོ་མང་པོ་ལ་ཡང་མི་འཇིགས་པ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བུ་དགའ་བྱེད་བསྟན་ནས་དེས་ཀྱང་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ནས་བསླབ་པའི་གཞི་བཟུང་སྟེ་རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོ་མང་པོ་ལ་མི་འཇིགས་པ་བྱིན་ནོ། །ནམ་གྱི་ཚེ་འཕྲོག་མ་བཅོམ་ ལྡན་འདས་ལ་སྐྱབས་སུ་སོང་སྟེ་བསླབ་པའི་གཞི་བཟུང་ནས་རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོ་མང་པོ་དག་ལ་མི་འཇིགས་པ་བྱིན་པ་དེའི་ཚེ་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གནོད་སྦྱིན་མོ་འཕྲོག་མས་ ལས་ཅི་བགྱིས། ལས་གང་གི་རྣམ་པར་སྨིན་པས་ན་མདངས་འཕྲོག་མའི་གནོད་སྦྱིན་མོར་སྐྱེས་ལ་འདི་ལས་བུ་ལྔ་བརྒྱ་བཙས་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གནོད་སྦྱིན་མོ་འཕྲོག་མས་ལས་བྱས་ཤིང་བསགས་པས་ཚོགས་རྙེད་པ་ དང་། རྐྱེན་སྨིན་པ་ནི་ཆུ་བོ་བཞིན་ཉེ་བར་གནས་ཏེ་གདོན་མི་ཟ་བར་འགྱུར་རོ། །འཕྲོག་མས་ལས་བྱས་ཤིང་བསགས་པ་ནི་གཞན་གྱིས་མྱོང་བར་མི་འགྱུར་རོ། །དགེ་སློང་རྣམས་ལས་བྱས་ཤིང་བསགས་པ་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་མི་སྨིན། ཆུའི་ཁམས་ལ་མ་ཡིན། མེའི་ ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ཡིན་གྱི། ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་འདི་ཉིད་ལ་དགེ་བ་དང་མི་དགེ་བའི་ལས་བྱས་པ་ནི་རྣམ་པར་སྨིན་ཏོ། །ལས་རྣམས་སྟོར་བར་མི་འགྱུར་བ། །བསྐལ་པ་དག་ནི་བརྒྱ་ལོན་ཀྱང་། །དུས་དང་འཕྲོད་ནས་ཐོབ་པ་ནི། ། ལུས་ཅན་རྣམས་ལ་འབྲས་བུར་སྨིན། །དགེ་སློང་དག་སྔོན་འདས་པའི་དུས་ན་བྱུང་བ་ནི་རྒྱལ་པོའི་ཁབ་འདི་ཉིད་ན་གྲོང་ཁྱེར་གཞན་ཞིག་ཏུ་བ་ལང་རྫི་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་ཞིག་བླངས་ཏེ། དེ་དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་ལ་རྩེ་དགའ་ ཡོངས་སུ་སྤྱད་པས་དུས་ཕྱི་ཞིག་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏོ། །སངས་རྒྱས་མི་འབྱུང་བ་ན་རང་སངས་རྒྱས་འཇིག་རྟེན་དུ་འབྱུང་སྟེ། ཉམས་ཤིང་དམན་པ་ལ་ཐུགས་བརྩེ་བ་གནས་པས་མཐར་ཚ་བ་འཇིག་རྟེན་པའི་ཡོན་གནས་གཅིག་པའོ། །ཇི་ཙམ་ན་རང་སངས་ རྒྱས་གཞན་ཞིག་ཡུལ་རྒྱུ་ཞིང་རྒྱལ་པོའི་ཁབ་ཏུ་གཤེགས་ཏེ་དེའི་ཚེ་ན་རྒྱལ་པོའི་ཁབ་ཀྱི་གྲོང་དུ་དུས་སྟོན་ཉེ་བར་གྱུར་ཏོ། །དེར་སྔོན་ཟན་པ་ལྔ་བརྒྱ་ཙམ་ཞིག་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་ཁྱེར་ཏེ་གོས་སྣ་ཚོགས་ཀྱིས་ནི་བཀླུབས། མེ་ཏོག་ཀུ་སུ་མ་དྲི་ཞིམ་པོས་བརྒྱན་ཏེ་གར་ བྱེད་གླུ་ལེན་རྔ་རྡུང་ཞིང་སྐྱེད་མོས་ཚལ་གྱི་སར་དོང་བའི་བར་དུ་བ་ལང་རྫི་མོ་ཞིག་དར་བ་བུམ་པ་གང་ཐོགས་ཏེ་ལམ་དེ་ནས་མར་སོང་བ་དང་། སྔོན་ཟན་པ་དེ་དག་གིས་དེ་མཐོང་ནས་གྲོགས་མོ་ཚུར་ཤོག །གླུ་བླང་ངོ་ཞེས་སྨྲས་པ་དང་། དེས་ཀྱང་དེ་དག་གར་ཇི་ལྟ་ཇི་ལྟར་བྱེད་པ་དེ་ལྟ་དེ་ལྟར་ བྱས་པས་དེའི་མངལ་ཞིག་པར་གྱུར་ཏོ། །དེ་ཁྲོས་ནས་རང་སངས་རྒྱས་ལ་ཨ་མྲའི་འབྲས་བུ་སྨིན་པ་ལྔ་བརྒྱ་ཕུལ་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེས་པ་དེ་དང་དེར་མདངས་འཕྲོག་མའི་གནོད་སྦྱིན་མོ་ཞིག་ཏུ་སྐྱེས་ལ་རྒྱལ་པོའི་ཁབ་ཀྱི་མི་རྣམས་ཀྱི་བུ་དང་བུ་ མོ་བདག་གིས་ཕྲོགས་ཏེ་ཟ་བར་གྱུར་ཅིག །བདག་ལ་བུ་ཡང་ལྔ་བརྒྱ་བཙའ་བར་གྱུར་ཅིག་ཅེས་སྨྲས་སོ། །དགེ་སློང་དག་དེའི་ཚེ་བ་ལང་རྫིའི་ཆུང་མར་གྱུར་པ་ནི་ད་ལྟར་གྱི་འཕྲོག་མ་ཡིན་ཏེ་སྨོན་ལམ་བཏབ་པའི་དབང་གིས་འདི་ལྟ་བུར་སྐྱེས་པ་ཡིན་ནོ།། །། འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བཞི་བཅུ་རྩ་གཅིག་པ། གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་དགོན་པ་ལ་གནས་པར་མི་བྱའོ་ཞེས་གསུངས་པ་དང་། དེ་དག་ཚོང་དུས་དང་། སྲང་དང་། ལམ་གྱི་སུམ་མདོ་དག་ཏུ་བསམ་གཏན་ ལ་ཞུགས་པ་ན་དེ་ཡང་ཉེས་པའི་དམིགས་སུ་གྱུར་ཏེ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་དེ་ལྟ་བས་ན་དགེ་སློང་མ་དག་དབྱར་མོ་ཁང་ན་གནས་པར་བྱའོ་ཞེས་བཀའ་སྩལ་པ་དང་། དད་པའི་བྲམ་ཟེ་དང་། ཁྱིམ་ བདག་དག་གིས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་དབྱར་མོ་ཁང་གནང་ངོ་ཞེས་ཐོས་ནས། དེ་དག་གིས་གྲོང་ཁྱེར་གྱི་ཕྱི་རོལ་དུ་དགེ་སློང་མའི་དབྱར་མོ་ཁང་བརྩིགས་པ་དང་། དགེ་སློང་མ་དག་ལ་དེ་བཞིན་དུ་མི་རྒོད་དང་། ནལ་གྱི་བུ་དང་། སུའི་བུ་གཏོལ་མེད་པ་ དག་གླགས་ལྟ་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལྟ་བས་ན་དགེ་སློང་མའི་དབྱར་མོ་ཁང་གྲོང་ཁྱེར་གྱི་ཕྱི་རོལ་དུ་མ་བརྩིག་པར་གྲོང་ཁྱེར་གྱི་ནང་དུ་བརྩིག་པར་བྱའོ་ཞེས་བཀའ་སྩལ་ཏོ། །གླེང་གཞི་ནི་ མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོས་དབྱར་མོ་ཁང་གི་སྒོ་ན་འདུག་སྟེ་བྲམ་ཟེ་དང་ཁྱིམ་བདག་དག་ལ་འཕྱས་པ་དང་། དེ་དག་འཕྱ་ཞིང་སྨོད་ངན་དུ་འཛེར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་ དགོངས་པ། གང་ཉེས་པའི་དམིགས་སུ་གྱུར་པ་ནི་དགེ་སློང་མ་དབྱར་མོ་ཁང་གི་སྒོ་ན་འདུག་པའི་ཕྱིར་ཏེ། དེ་ལྟ་བས་ན་དགེ་སློང་མ་དབྱར་མོ་ཁང་གི་སྒོ་ན་འདུག་པར་མི་བྱ་བར་དགོངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་རྣམས་བྲམ་ཟེ་དང་། ཁྱིམ་བདག་དག་ འཕྱ་བ་ནི་གནས་ཡིན་ཏེ། དེ་ལྟ་བས་ན་དགེ་སློང་མ་དགེ་སློང་མའི་དབྱར་མོ་ཁང་གི་སྒོ་ན་འདུག་པར་མི་བྱའོ། །དགེ་སློང་མ་དབྱར་མོ་ཁང་གི་སྒོ་ན་འདུག་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་དབྱར་མོ་ཁང་གི་སྒོ་ ན་འདུག་པར་མི་བྱའོ་ཞེས་བཀའ་སྩལ་པ་དང་། སྦོམ་དགའ་མོ་སྐར་ཁུང་དུ་འདུག་སྟེ། བྲམ་ཟེ་དང་ཁྱིམ་བདག་དག་ལ་འཕྱ་བ་དང་། དེ་དག་ཀྱང་ངོར་འཕྱ་ནས་སྔ་མ་བཞིན་ཏེ། དགེ་སློང་མ་སྐར་ཁུང་དུ་འདུག་པར་མི་བྱའོ་ཞེས་བྱ་བའི་བར་དུ་སྟེ། དགེ་སློང་མ་སྐར་ཁུང་དུ་ འདུག་ན་འདས་པ་དང་བཅས་པར་འགྱུར་རོ།། །།མདོར་ན། སང་ཀཱག་ཀྵི་ནི་གནང་བའོ། །སྐྱེས་པ་འཁྲུ་བར་ཁྲུས་མི་བྱ། །སྲང་དག་ཏུ་ནི་མི་འགྲོ་སྟེ། །དེ་དག་བསྙེན་པར་དེས་རྫོགས་སོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ ར་བ་ན་བཞུགས་ཏེ། དགེ་སློང་མ་དག་གིས་དབྱར་མོ་ཁང་ན་ཆོས་གོས་ལྔ་གྱོན་ཏེ་ལས་ཀུན་བྱེད་པ་དང་། དེ་དག་ཉོན་མོངས་པར་གྱུར་ཏོ། །དེ་ལྟ་བུར་གྱུར་པ་ཐོས་ནས་དགེ་སློང་མ་དག་གིས་དགེ་སློང་ལ་སྨྲས་པ་དང་། དགེ་སློང་ཕ་དག་གིས་བཅོམ་ལྡན་འདས་ལ་གསོལ་ ནས། བཅོམ་ལྡན་འདས་ཀྱིས་དེ་ལྟ་བས་ན་དགེ་སློང་མ་སང་ཀཱག་ཀྵི་གནང་གིས་གྱོན་ཏེ་དབྱར་མོ་ཁང་གི་ལས་ཀུན་བྱོས་ཤིག་ཅེས་བཀའ་སྩལ་ཏོ། །བྲམ་ཟེ་དང་ཁྱིམ་བདག་དབྱར་མོ་ཁང་དུ་འོངས་ནས་ཡང་དེ་དག་དེ་བཞིན་དུ་སང་ཀཱག་ཀྵི་གྱོན་པ་ལ་ལས་བྱེད་དེ་དག་ཆགས་ པར་གྱུར་ཏོ། །གཞན་དད་པ་དག་ནི་འཕྱའོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་ཐོས་ཏེ། བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་། ཁྱིམ་བདག་འཕྱ་བ་དག་ནི་གནས་ཡིན་ཏེ། དེ་ལྟ་བས་ན་ དགེ་སློང་མ་བྲམ་ཟེ་དང་། ཁྱིམ་བདག་གི་མདུན་ན་སང་ཀཱག་ཀྵི་གྱོན་ཏེ་ལས་མ་བྱེད་ཅིག །དགེ་སློང་མས་བྲམ་ཟེ་དང་ཁྱིམ་བདག་གི་མདུན་དུ་སང་ཀཱག་ཀྵི་གྱོན་ལ་ལས་བྱེད་ན་འདས་པ་དང་བཅས་པར་འགྱུར་རོ། །འདི་ལྟར་ནམ་བྲམ་ཟེ་དང་། ཁྱིམ་བདག་གི་མདུན་དུ་ ལས་བྱེད་པ་དེའི་ཚེ་སང་ཀཱག་ཀྵིས་དཔུང་པ་གཡོགས་ལ་སང་ཀཱག་ཀྵི་གྱོན་ཏེ་ལས་ཀུན་བྱོས་ཤིག །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོ་སྐྱེས་པ་འཁྲུ་བའི་སར་དེས་ཁྲུས་བྱས་པ་དང་། ཁྱེའུ་གཞོན་ནུ་དག་གིས་དེ་མཐོང་ནས་གཅིག་ལ་གཅིག་ གཏམ་དུ་འཛེར་བ་ནི། ཀྱེ་ལྟོས་ཤིག་དགེ་སྦྱོང་མ་མགོ་བྱི་མོ་དེའི་ལུས་ནི་ནགས་ཀྱི་མ་ཧེ་བཞིན་ནོ། །དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་སུ་ ཞིག་དགེ་སློང་མ་སྐྱེས་པ་འཁྲུ་བའི་སར་འཁྲུ་ན་ཉེས་པའི་དམིགས་ཡིན་ཏེ། དེ་ལྟ་བས་ན་དགེ་སློང་མས་སྐྱེས་པ་འཁྲུ་བའི་སར་ཁྲུས་མི་བྱ་བར་དགོངས་ནས་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་རྣམས་བྲམ་ཟེ་དང་། ཁྱིམ་བདག་དག་ནི་འཕྱ་བའི་གནས་ཡིན་ཏེ། དེ་ལྟ་བས་ ན་དགེ་སློང་མས་སྐྱེས་པ་འཁྲུ་བའི་གནས་སུ་མ་འཁྲུ་ཤིག །དགེ་སློང་མས་སྐྱེས་པ་འཁྲུ་བའི་སར་འཁྲུ་ན་འདས་པ་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། སྦོམ་དགའ་མོ་ལམ་གྱི་བཞི་མདོ་ན་འདུག་ནས་བྲམ་ཟེ་དང་། ཁྱིམ་བདག་རྣམས་ལ་དཔྱས་པ་ དང་། དེ་དག་གིས་དགེ་སྦྱོང་མགོ་རེག་མ་འདི་ནི་ལམ་གྱི་བཞི་མདོར་འདུག་སྟེ་ཡུ་བུ་ཅག་ལས་འཕྱས་ལྟོས་ཤིག་ཅེས་འཕྱའོ། །དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་ཐོས་ནས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་། ཁྱིམ་བདག་དག་ནི་འཕྱ་བ་གནས་ཡིན་ཏེ། དེ་ལྟ་བས་ན་དགེ་སློང་མས་སྲང་དུ་མ་འགྲོ་ཤིག །འགྲོ་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཚེ་དང་ལྡན་པ་ཨུ་ པཱ་ལིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ནི་གཽ་ཏ་མཱི་སྐྱེ་དགུའི་བདག་མོ་ཆེན་མོ་བླ་མའི་ཆོས་ཁས་བླངས་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་འགྱུར་རོ་ཞེས་གསུངས་ན། ཅི་བཙུན་པ་དགེ་སློང་མ་ལྔ་ བརྒྱ་དེ་དག་གིས་ཀྱང་བླ་མའི་ཆོས་ཁས་བླངས་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་གྱུར་ལགས་སམ། ཨུ་པཱ་ལི་དགེ་སློང་མ་ལྔ་བརྒྱ་དེ་དག་ཀྱང་བླ་མའི་ཆོས་ཁས་བླངས་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་གྱུར་ཏོ།། །། མདོར་ན། ཇི་ལྟར་མཚན་གཉིས་པ་དང་ཡང་། །དེ་བཞིན་གླེ་ཡང་འདམས་གྱུར་པ། །རྟག་ཏུ་ཁྲག་རབ་ཟག་པ་དང་། །ཐ་མ་ཡི་ནི་ཁྲག་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། མཉན་དུ་ ཡོད་པ་ན་དགེ་སློང་མ་གཞན་ཞིག་གིས་མཚན་གཉིས་པ་ཞིག་རབ་ཏུ་ཕྱུང་བ་དང་། དེས་དགེ་སློང་མ་དག་ལ་མཚན་མ་བསྟན་ནས་དགེ་སློང་མ་དག་གིས་དེ་ལ་ནུ་མོ་ཁྱོད་ཇི་ལྟ་བུ་ཞེས་དྲིས་ནས་དེས་སྨྲས་པ། ཆེ་ཞེ་མཚན་གཉིས་མའོ། །དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་དག་ ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མཚན་གཉིས་པ་ནི་མ་ནིང་ཡིན་གྱིས་དགེ་སློང་ཁྱེད་ཀྱིས་མཚན་གཉིས་པ་དེ་སྐྲོད་ཅིག །དགེ་སློང་མཚན་གཉིས་པ་ལ་ནི་ཆོས་འདུལ་བ་འདི་ལ་རབ་ཏུ་ སྐྱེ་བའི་ཆོས་ཅན་དུ་མི་འགྱུར་རོ། །དེ་ལྟ་བས་ན་གང་སུ་ཞིག་རབ་ཏུ་བྱུང་བར་འདོད་དེ་དེ་འོངས་ན་དེ་ལ་དེ་དག་གིས་ཁྱོད་མཚན་གཉིས་པ་མ་ཡིན་ནམ་ཞེས་དྲིས་ཤིག །མ་དྲིས་པར་རབ་ཏུ་ཕྱུང་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཉན་ དུ་ཡོད་པ་ན་དགེ་སློང་མ་གཞན་ཞིག་གིས་གླེ་འདམས་མ་ཞིག་རབ་ཏུ་བྱུང་ནས། དེ་ཆབ་ཁུང་སར་སོང་སྟེ་གཅིས་པ་དང་། དེ་ཡང་བཤང་གཅི་གཉིས་ཀ་ཕྱུང་སྟེ་དེ་སླར་ཕྱུང་བ་དང་། དགེ་སློང་མ་གཞན་ཞིག་དེར་ཞུགས་པ་དང་། ཆབ་ཁུང་ས་བཤང་བས་མ་རུང་བར་གྱུར་པ་དེས་ མཐོང་ནས་དེས་ནུ་མོ་ཆབ་ཁུང་ས་འདི་བཤང་བས་མ་རུང་བར་སུས་བྱས་ཞེས་དྲིས་པ་དང་། དེས་ཆེ་ཞེ་བདག་གིས་བག་མ་མཆིས་པས་མ་རུང་བར་བགྱིས་སོ་ཞེས་སྨྲས་པ་དང་། དེས་ནུ་མོ་ཁྱོད་ཀྱིས་བག་མེད་ཅི་ཞིག་བྱས་ཞེས་དྲིས་པ་དང་། དེས་སྨྲས་པ། ཆེ་ཞེ་བདག་ནི་ གླེ་འདམས་མ་སྟེ། གཅི་བར་བསམས་པ་དང་དེ་ན་བཤང་བ་ཡང་བྱུང་ན་བདག་གིས་ཇི་ལྟར་བགྱི། དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་ལ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ སློང་དག་ཁྱེད་ཀྱིས་གླེ་འདམས་མ་དེ་སྐྲོད་ཅིག །དགེ་སློང་ཆོས་འདུལ་བ་འདི་གླེ་འདམས་མ་ལ་ནི་རབ་ཏུ་སྐྱེ་བའི་ཆོས་ཅན་དུ་མི་འགྱུར་རོ། །དེ་ལྟ་བས་ན་གང་སུ་ཞིག་རབ་ཏུ་འབྱུང་བར་འདོད་དེ་དྲུང་དུ་འོངས་ན་དེས་གླེ་འདམས་མ་མ་ཡིན་ནམ་དྲིས་ཤིག །མ་དྲིས་པར་རབ་ཏུ་ཕྱུང་ན་འདས་ པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་དགེ་སློང་མ་གཞན་ཞིག་གིས་རྟག་ཏུ་ཁྲག་འཛག་པ་ཞིག་རབ་ཏུ་ཕྱུང་སྟེ། དེའི་སྨད་གཡོགས་ཀྱི་གནས་སུ་ཁྲག་གིས་མ་རུང་བར་གྱུར་ཏེ་སྦྲང་བུ་དག་གིས་གང་བ་དང་། དེ་ལ་དགེ་སློང་མ་ཞིག་ གིས་ནུ་མོ་ཁྱོད་ཅི་ཁྲག་རྟག་ཏུ་འཛག་གམ་ཞེས་དྲིས་པ་དང་། ཕུ་མོ་ཇི་ལྟར་བྱ། བདག་ནི་རྟག་ཏུ་ཁྲག་འཛག་པའོ། །དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། དགེ་སློང་དག་རྟག་ཏུ་ཁྲག་འཛག་པ་ནི་མ་ནིང་མོ་ཡིན་ཏེ། དགེ་སློང་ཁྱེད་ཀྱིས་སྐྲོད་ཅིག །ཆོས་འདུལ་བ་ལ་འདི་རྟག་ཏུ་ཁྲག་འཛག་པ་ལ་རབ་ཏུ་སྐྱེ་བའི་ཆོས་ཅན་དུ་མི་འགྱུར་རོ། །དེ་ལྟ་བས་ན་གང་སུ་ཞིག་རབ་ཏུ་འབྱུང་བར་འདོད་དེ་དེ་དྲུང་དུ་འོངས་ན་དེས་ཁྱོད་རྟག་ཏུ་ཁྲག་འཛག་ མ་མ་ཡིན་ནམ་ཞེས་དྲིས་ཤིག །མ་དྲིས་པར་རབ་ཏུ་ཕྱུང་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་དགེ་སློང་མ་གཞན་ཞིག་ཁྲག་མེད་མ་ཞིག་རབ་ཏུ་ཕྱུང་ནས་འདོད་ཆགས་དང་བྲལ་བ་མ་ཡིན་པས་ན་དགེ་སློང་མ་དག་ནི་དུས་སུ་ ཁྲག་འཛག་པ་དང་དེས་དེ་མཐོང་ནས་དཔྱས་པ་ཕུ་མོ་དག་ཅི་ཁྱེད་ཅག་ལོག་པར་རྟོག་པ་ལ་རྟོག་གམ། ཅིའི་ཕྱིར་ཁྱེད་ཅག་ཁྲག་འཛག །ནུ་མོ་ཅི་ཞིག་འཕྱར་ཡོད། བུད་མེད་ནི་ཆོས་ཉིད་ཀྱིས་འདི་བཞིན་ན་ཁྱོད་ཅི་མི་འཛག་གམ། དེས་བདག་ནི་ཁྲག་མེད་ན་བདག་ལ་ཁྲག་ འཛག་ཏུ་ཅི་ཡོད་ཅེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་ལ་སྨྲས་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྲག་མེད་པ་ནི་མ་ནིང་མོ་ཡིན་ཏེ་ཁྱེད་ཀྱིས་སྐྲོད་ཅིག །དགེ་སློང་དག་ཁྲག་ མེད་པ་ལ་ཆོས་འདུལ་བ་འདི་ལ་རབ་ཏུ་སྐྱེ་བའི་ཆོས་ཅན་དུ་མི་འགྱུར་རོ། །དེ་ལྟ་བས་ན་གང་སུ་ཞིག་རབ་ཏུ་འབྱུང་བར་འདོད་དེ་དེ་དྲུང་དུ་འོངས་ན་དེས་ཁྱོད་ཁྲག་མེད་པ་མ་ཡིན་ནམ་ཞེས་དྲིས་ཤིག །མ་དྲིས་པར་རབ་ཏུ་ཕྱུང་ན་འདས་པ་དང་བཅས་པར་འགྱུར་རོ།། །།མདོར་ན། མཚན་མ་ ཙམ་དང་སྨེ་གབ་ཀྱིས། །སྲད་བུས་དེ་ལའང་བཅིང་བར་བྱ། །ཐུ་མི་བྱ་དང་དགེ་སློང་འཆགས། །དགེ་སློང་མས་ཀྱང་བཤགས་མི་བྱ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། མཉན་དུ་ཡོད་པ་ན་ དགེ་སློང་མ་གཞན་ཞིག་གིས་མཚན་མ་ཙམ་ཡོད་པ་ཞིག་རབ་ཏུ་ཕྱུང་སྟེ། དེ་ཆབ་ཁུང་སར་ཞུགས་ནས་རིང་ཞིག་ལོན་ཏེ་སླར་བྱུང་བ་དང་། དེ་ལ་དགེ་སློང་མ་དག་གིས་ནུ་མོ་རིང་ཞིག་ཐོགས་ཏེ་བྱུང་ན་ཅི་བྱེད། དེས་ཕུ་མོ་བདག་ནི་མཚན་མ་ཙམ་མཆིས་པ་ལགས་ན། མོ་མཚན་ཚང་ བ་མ་ལགས་ཏེ། ཇི་ལྟར་བགྱི་ཞེས་སྨྲས་སོ། །དེས་ནུ་མོ་ཁྱོད་མཚན་མ་ཙམ་པ་མ་ཡིན་ནམ་ཞེས་དྲིས་པ་དང་། དེས་ཕུ་མོ་བདག་ནི་མཚན་མ་ཙམ་མོ་དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་དག་ལ་སྨྲས་ཏེ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མཚན་མ་ཙམ་པ་མ་ནིང་ཡིན་ཏེ། ཁྱེད་ཀྱིས་སྐྲོད་ཅིག་དགེ་སློང་དག་ཆོས་འདུལ་བ་འདི་མཚན་མ་ཙམ་པ་ལ་རབ་ཏུ་སྐྱེ་བའི་ཆོས་ཅན་དུ་མི་འགྱུར་རོ། །དེ་ལྟ་བས་ན་གང་སུ་ཞིག་རབ་ཏུ་འབྱུང་བར་འདོད་དེ་དྲུང་དུ་འོངས་ན་དེ་དག་ལ་མཚན་ མ་ཙམ་པ་མ་ཡིན་ནམ་ཞེས་དྲིས་ཤིག །མ་དྲིས་པར་རབ་ཏུ་ཕྱུང་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། འདོད་ཆགས་དང་བྲལ་བ་མ་ཡིན་པས་ན་དགེ་སློང་མ་སྔོན་གྱི་ལས་ཀྱི་ཉེས་པས་སྐབས་སྐབས་སུ་མོ་མཚན་ནས་ཁྲག་ཟགས་པས་དེའི་ སྨད་གཡོགས་ཀྱི་གནས་གནས་སུ་མ་རུང་བར་གྱུར་ཏེ། སྦྲང་བུ་དག་གིས་གང་བ་དང་མི་མཛེས་ཏེ་དགེ་སློང་མས་བཀྲུས་ནས་བཅོས་ཀྱང་སླར་དེ་འདྲ་བར་གྱུར་ཏེ། དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་དག་ལ་སྨྲས་ནས། དགེ་སློང་དག་གིས་བཅོམ་ལྡན་ འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་དགེ་སློང་མས་སྨེ་གབ་ཆོངས་ཤིག །བཅོམ་ལྡན་འདས་ཀྱིས་དགེ་སློང་མས་སྨེ་གབ་ཆོངས་ཤིག་ཅེས་གསུངས་པ་དང་། དགེ་སློང་མ་དག་སྨེ་གབ་འཆང་བར་གྱུར་ནས། དེ་ནས་ དུས་ཕྱི་ཞིག་ན་སྦོམ་དགའ་མོ་བསོད་སྙོམས་ལ་ཞུགས་པ་དང་། སྲང་དུ་སྨེ་གབ་ལྷུང་ནས། སྲང་ན་ཁྱེའུ་དང་བུ་མོ་དག་ཅིག་རྩེ་བ་དག་གིས་མཐོང་སྟེ། དེ་དག་གིས་འཕགས་མ་འདི་ཅི་ཞིག་ལྷུང་ཞེས་དྲིས་པ་དང་། དེ་སྐད་སྨྲས་པས་ཁྲོས་ཏེ་བུ་ཟན་མོའི་བུ་མོ་དང་། སྲིང་མོའི་དྲུང་ དུ་དེང་ལ་དྲིས་ཤིག་དང་། དེ་དག་གིས་སྟོན་ཏོ་ཞེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་ཐོས་ཏེ། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་ དེ་ལྟ་བུ་ཁོ་ནར་མོ་མཚན་གྱི་སྨེ་གབ་བཅང་བར་མི་བྱའོ། །སྲད་བུས་ཐོགས་ལ་རྐེད་པར་ཆོངས་ཤིག །དེ་ལྟར་ན་ཉེས་པའི་དམིགས་སུ་མི་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས། ལྷུང་ བཟེད་ཐོགས་ཏེ། མཉན་དུ་ཡོད་པར་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། དེ་སྦོམ་དགའ་མོས་མཐོང་ནས་མྱུར་ཞིང་རིངས་པར་དེའི་དྲུང་དུ་སོང་སྟེ། གླེན་པ་རབ་ཏུ་གླེན་པ་ཞེས་སྨྲས་ནས་མཆིལ་མས་བཏབ་པ་དང་། དེས་སྨྲས་པ། སྲིང་མོ་ཁྱོད་ཀྱིས་ནི་ཉེས་པ་མེད་ཀྱིས་ཚེ་དང་ལྡན་ པ་ཀུན་དགའ་བོས་གལ་ཏེ་ཉེས་པ་སྦོམ་པོ་སྤྱོད་པའི་བུད་མེད་རྣམས་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་གནང་བས་ལན་ནོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་ཐོས་ཏེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་སྦོམ་དགའ་མོ་ནི་དགེ་སྦྱོང་མ་མ་ཡིན། དགེ་སློང་མ་མ་ཡིན། སྨད་འཚོང་མ་ཡང་ཇི་ལྟར་སྦོམ་དགའ་མོས་བྱས་པ་བཞིན་དགེ་སློང་ལ་མི་བྱེད་དོ། །དེ་ལྟ་བས་ན་དགེ་སློང་མས་དགེ་སློང་ལ་ཐུ་ཞེས་བྱ་བར་མ་བྱེད་ཅིག་ཅེས་བཀའ་སྩལ་ཏོ། །དགེ་ སློང་མས་དགེ་སློང་ལ་ཐུ་ཞེས་བྱས་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་དགེ་སློང་གཞན་ཞིག་ལ་ཉེས་པ་བྱུང་སྟེ། དེས་དགེ་སློང་མ་ཞིག་མཐོང་ནས་འཕགས་མ་ཅུང་ཞིག་འདུག་ཅེས་སྨྲས་པ་དང་། དེས་འཕགས་པ་ཅི་འཚལ། དེས་འཕགས་མ་བདག་ལ་ཉེས་པ་ཞིག་བྱུང་སྟེ་འཆགས་སོ་ཞེས་སྨྲས་སོ། །དེ་འདུག་ནས་དེས་དེའི་མདུན་དུ་འདུག་སྟེ་སྨྲས་ནས། དགོངས་ཤིག་འཕགས་མ་བདག་མིང་འདི་ཞེས་བྱ་བའི་དགེ་སློང་ལ་འདི་ལྟ་བུ་འདི་འདྲ་བའི་ཉེས་པ་ཞིག་བྱུང་སྟེ། བདག་གིས་འཕགས་མའི་ མདུན་དུ་མཐོལ་ལོ། །འཆགས་སོ། །མི་འཆབ་བོ། མཐོལ་ལོ་བཤགས་པས་བདེ་བར་འགྱུར་གྱིས་མ་མཐོལ་མ་བཤགས་པ་ནི་མ་ཡིན་ནོ། །མོས་འཕགས་པ་ཅི་འདྲ་བའི་ཉེས་པ་ཡང་ཁྱོད་ལ་བྱུང་ངམ་དེ་ནི་མ་ལེགས་པ་བྱས་སོ་ཞེས་སྨྲས་པ་དང་། དགེ་སློང་དེ་ སྐྱེངས་པར་གྱུར་ཏེ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་དགེ་སློང་གིས་དགེ་སློང་མའི་མདུན་དུ་ཉེས་པ་བཤགས་པར་མི་བྱ་སྟེ་ཡོངས་སུ་དག་པ་ལྟ་བ་མཐུན་པའི་ དགེ་སློང་གི་མདུན་དུ་བཤགས་པར་བྱའོ། །དགེ་སློང་གིས་དགེ་སློང་མའི་མདུན་དུ་ཉེས་པ་བཤགས་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་དུས་ན་དགེ་སློང་མ་གཞན་ཞིག་ལ་ཉེས་པ་བྱུང་ནས་དེས་དགེ་སློང་ཞིག་མཐོང་སྟེ། དེས་ བསྟི་སྟང་དུ་བྱ་བ་དང་བཅས་ཏེ་རྐང་པ་ལ་ཕྱག་འཚལ་ནས་འཕགས་པ་ཐུགས་རྗེར་དགོངས་ཏེ་ཅུང་ཞིག་བཞུགས་ཤིག་ཅེས་སྨྲས་པ་དང་། དེས་འཕགས་མ་ཅི་དགོས་ཞེས་དྲིས་ན། དེས་འཕགས་པ་བདག་ལ་ཉེས་པ་ཞིག་བྱུང་སྟེ། དེ་འཕགས་པའི་སྤྱན་སྔར་བཤགས་སོ་ཞེས་ སྨྲས་པ་དང་། དེ་འདུག་གོ། །དེས་ཀྱང་དེའི་རྐང་པ་ལ་ཕྱག་འཚལ་ཏེ་མདུན་དུ་འདུག་ནས་ཐལ་མོ་སྦྱར་ཏེ་འཕགས་པ་དགོངས་ཤིག །བདག་མིང་འདི་ཞེས་བྱ་བའི་དགེ་སློང་མ་ལ་འདི་ལྟ་བུ་འདི་འདྲ་བའི་ཉེས་པ་ཞིག་བྱུང་སྟེ། དེ་བདག་གིས་འཕགས་པའི་སྤྱན་སྔར་ཉེས་པ་ བྱུང་བ་བཤགས་སོ། །མཐོལ་ལོ། །མི་འཆབ་བོ། །མཐོལ་ཞིང་བཤགས་ན་བདེ་བར་འགྱུར་རོ་མ་བཤགས་མ་མཐོལ་ན་ནི་མ་ཡིན་ནོ། །དེས་འདི་ལྟ་བུའི་གཟུགས་ཀྱི་ཉེས་པ་བྱུང་བ་ནི་འཕགས་མས་མ་ལེགས་པར་བྱས་སོ་ཞེས་སྨྲས་པ་དང་། དགེ་སློང་མ་དེ་སྐྱེངས་པར་གྱུར་ཏོ། །དེ་ལྟར་ གྱུར་པ་དགེ་སློང་དག་གིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་དགེ་སློང་མས་དགེ་སློང་ཕའི་མདུན་དུ་ཉེས་པ་མཐོལ་བར་མི་བྱ་སྟེ། དགེ་སློང་མ་ཡོངས་སུ་དག་པ་ལྟ་བ་མཐུན་པའི་མདུན་དུ་ཉེས་པ་ མཐོལ་བར་བྱའོ། །དགེ་སློང་མས་དགེ་སློང་གི་མདུན་དུ་ཉེས་པ་མཐོལ་ན་འདས་པ་དང་བཅས་པར་འགྱུར་རོ།། །།མདོར་ན། དགེ་སློང་ཕས་ནི་ལས་བརྗོད་ཅིག །དགེ་སློང་མས་ནི་བརྟག་པར་བྱའོ། །ཁྲི་དང་ཁྲིའུ་ཡང་སྦྱིན་པར་བྱ། །གཡོགས་པ་དག་ལ་མི་གཞག་གོ། །སངས་ རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་ཕའི་ལས་ཀྱང་སོ་སོ། དགེ་སློང་མའི་ཡང་སོ་སོ། སྤྱི་ལས་ནི་མ་གཏོགས་སོ་ཞེས་གསུངས་པ་དང་། དགེ་སློང་མ་དག་དགེ་སློང་ཕའི་ མདུན་ན་ལས་བྱས་པ་དང་། འཇིགས་པར་གྱུར་ཏེ་ལས་བྱེད་པར་མ་སྤོབས་སོ། །དེ་ལྟར་གྱུར་པ་དགེ་སློང་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་ལས་བྱོས་ཤིག །དགེ་སློང་མས་ནི་བརྟག་པར་བྱའོ། ། བཅོམ་ལྡན་འདས་ཀྱིས་དེ་ལྟ་བས་ན་དགེ་སློང་དག་གིས་ནི་ལས་བྱོས་ཤིག །དགེ་སློང་མས་ནི་བརྟག་པར་བྱའོ་ཞེས་གསུངས་པ་དང་། དགེ་སློང་མ་དག་གིས་ཇི་ལྟར་བརྟག་པ་མི་ཤེས་ཏེ་དེ་དག་གིས་དེ་ལྟར་གྱུར་པ་དགེ་སློང་དག་ལ་སྨྲས་ནས་དགེ་སློང་དག་གིས་བཅོམ་ལྡན་ འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་གིས་བག་ཡོད་པར་ཡིད་ལ་བྱ་སྟེ། འདི་ནི་གསོལ་བའོ། །འདི་ནི་ལས་དང་པོའོ། །འདི་ནི་གཉིས་པའོ། །འདི་ནི་གསུམ་པའོ་ཞེས་ཤེས་པར་བྱའོ། །གླེང་གཞི་ནི་མཉན་དུ་ཡོད་པ་ ན་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་ཉན་པ་བསྒྲགས་པར་བྱོས་ཤིག་ཅེས་གསུངས་པ་དང་། དགེ་སློང་དག་གིས་སྟན་མ་བཏིང་ནས་བཅོམ་ལྡན་འདས་ཀྱིས་སྟན་ཐིང་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་དུས་ཕྱི་ཞིག་ན་ཆོས་བཤད་པ་བསྒྲགས་པར་གྱུར་པ་ན། དགེ་སློང་མ་དག་ འོངས་ནས་གཡོགས་པའི་ཁྲིའུ་ལ་འདུག་སྟེ་ཆོས་ཉན་པར་བརྩམས་པ་དང་། དེར་དགེ་སློང་མ་གཞན་ཞིག་དྲན་པ་ཉེ་བར་མ་བཞག་སྟེ་ཁྲག་ཟགས་ནས་གཡོགས་པའི་ཁྲིའུ་མ་རུང་བར་གྱུར་ཏོ། །དེ་ནས་ཆོས་བསྒྲགས་པ་ཟིན་པ་དང་། དགེ་སྐོས་ཀྱིས་སྟན་བསྡུ་བར་ བརྩམས་ན་ཇི་ཙམ་ན་གཡོགས་པའི་ཁྲིའུ་མ་རུང་བར་གྱུར་ཏེ། སྦྲང་བུས་གང་བ་མཐོང་ནས་དེ་ལྟ་བུར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་སློང་མ་དག་ཆོས་ཉན་པའི་ ཕྱིར་འོངས་པ་ལ་གཡོགས་པའི་ཁྲིའུ་མི་སྦྱིན་ནོ། །དེས་ཀྱང་ཁྲིའུ་གཡོགས་པ་ལ་འདུག་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ཆོས་ཉན་དུ་འོངས་པ་ལ་ཁྲིའུ་གཡོགས་པ་མ་སྦྱིན་ཅིག་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་གིས་དེ་དག་ཆོས་ཉན་པའི་ཕྱིར་ ལྷགས་པ་རྣམས་ལ་ཁྲིའུ་མ་གཡོགས་པ་བྱིན་པ་དང་། ཇི་ཙམ་ན་སྐྱེ་དགུའི་བདག་མོ་ཆེན་མོ་ཆོས་ཉན་པའི་ཕྱིར་འོངས་པ་དང་། དེ་ལ་ཡང་ཁྲིའུ་མ་གཡོགས་པ་ཞིག་བྱིན་པ་དང་། དེས་འཕགས་པ་བདག་སྔོན་ཁྱིམ་ན་གནས་པ་ན་ཡང་ཁྲིའུ་མ་གཡོགས་པ་ལ་ཅུང་ ཟད་ཀྱང་མ་མཆིས་སོ་ཞེས་སྨྲས་པ་དང་། དགེ་སློང་དག་གིས་སྨྲས་པ། གཽ་ཏ་མཱི་བཅོམ་ལྡན་འདས་ཀྱིས་མ་གནང་སྟེ། དགེ་སློང་མ་ཆོས་ཉན་པའི་ཕྱིར་ལྷགས་པ་ལ་ཁྲིའུ་གཡོགས་པ་མ་སྦྱིན་ཅིག་ཅེས་བཀའ་སྩལ་ཏོ། །དེས་འཕགས་པ་དགེ་སློང་མ་གང་དག་དྲན་པ་ཉེ་ བར་མི་འཇོག་པ་དེ་བཞིན་དུ་བདག་ཀྱང་ཉེས་པའི་དམིགས་པ་ཅི་བགྱིད་དམ་ཞེས་སྨྲས་པ་དང་། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་དེ་ལྟ་བས་ན་གནང་བ་ནི་དྲན་པ་ཉེ་བར་འཇོག་པའི་དགེ་སློང་མ་ དེ་དག་ཆོས་ཉན་པའི་ཕྱིར་འོངས་ན་དེ་དག་ལ་ནི་ཁྲིའུ་གཡོགས་པ་སྦྱིན་པར་བྱོས་ཤིག །འདི་ལ་ཐེ་ཚོམ་མ་བྱེད་ཅིག་ཅེས་བཀའ་སྩལ་ཏོ།། །།མདོར་ན། ཆང་འཚོང་མ་དང་སྨད་འཚོང་མ། །བྲན་མོ་དང་ཡང་རེག་མི་བྱ། །གནོད་པའི་གོས་དང་བྲང་མི་བརྡུང་། །དགེ་སློང་དག་གི་ནང་ དུ་གཞག །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ཛེ་ཏའི་ཚལ་མགོན་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་དགེ་སློང་མ་སྦོམ་དགའ་མོ་སྔ་དྲོའི་དུས་ན་ཤམ་ཐབས་དང་ཆོས་གོས་བགོས་ལྷུང་བཟེད་ཐོགས་ཏེ་མཉན་དུ་ཡོད་པར་བསོད་སྙོམས་ཀྱི་ཕྱིར་ ཞུགས་སོ། །དེ་བསོད་སྙོམས་ལ་ཞུགས་ནས་ཁྱིམ་མི་མོ་ཞིག་མཐོང་སྟེ་བགོ་བ་བཟང་ཞིང་སྨད་གཡོགས་དང་རྒྱན་བཟང་པོ་ཞིག་སྟེ། དེས་དེ་མཐོང་ནས་ནུ་མོ་ཁྱོད་ཀྱི་གོས་དང་། རྒྱན་དག་ག་ལས་རྙེད་ཅེས་དྲིས་པ་དང་། དེས་འཕགས་མ་བདག་ནི་ཆང་འཚོང་སྟེ། དེ་ལས་ འདི་དག་ཐམས་ཅད་རྙེད་དོ་ཞེས་སྨྲས་པ་དང་། སྦོམ་དགའ་མོས་ཐབས་འདི་ནི་ལེགས་པ་ཞིག་སྟེ་དེ་ལྟར་འགྲུབ་བམ་མི་འགྲུབ་པ་བལྟའོ་སྙམ་བསམས་ནས། དེས་དེ་ལ་དམིགས་ཤིང་དྲན་བཞིན་དུ་སོང་ནས་ཇི་ཙམ་དུ་མཐོང་བ་གནས་གཞན་ཞིག་ན་བུད་མེད་གཅིག་གོས་ དྲི་མ་ཅན་གྱོན་ལ་ཟས་མེད་ཅིང་དེ་རིད་ལ་གོམ་པ་དལ་གྱིས་འགྲོ་བ་ཞིག་མཐོང་ནས་བུ་མོ་ཁྱོད་སུའི་ཞེས་དྲིས་པ་དང་། དེས་སྨྲས་པ། སུའི་ཡང་མ་ཡིན་ཏེ། གང་བདག་བཟའ་བ་དང་། བགོ་བ་སྟེར་བ་དེའི་ལས་བདག་གིས་བྱའོ། །དེས་བུ་མོ་དེ་སྟེ་དེ་བཞིན་ན་ཆང་འཚོང་བ་ཅིའི་ ཕྱིར་མི་སྤྱོད་ཅེས་སྨྲས་པ་དང་། དེས་འཕགས་མ་ཅི་འདི་བཞིན་ཉིད་དུ་ཆང་འཚོང་པ་སྤྱོད་དུ་རུང་ངམ། དེར་ཐོག་མར་ནོར་མང་དུ་དགོས་སོ། །ཟོང་ཡོད་ཀྱང་སྣོད་དང་ཆང་འཐུང་བ་དག་བདེ་བར་འདུག་པའི་ཁང་པ་རྒྱ་ཆེན་པོ་རྣམས་ཀྱང་མེད་དོ་ཅེས་སྨྲས་པ་དང་། སྦོམ་དགའ་མོས་ བུ་མོ་དེ་སྟེ་བདག་གིས་དེ་དག་ཐམས་ཅད་སྦྱར་ལ་ཁྱོད་ཀྱི་བཟའ་བ་དང་བགོ་བ་ཡང་སྦྱིན་གྱིས་རྙེད་པ་ཐམས་ཅད་བདག་ལ་བྱིན་ཅིག་ཅེས་སོ། །དེས་འཕགས་མ་ལེགས་ཀྱིས་དེ་བཞིན་དུ་བགྱིའོ། །སྦོམ་དགའ་མོས་དབྱར་མོ་ཁང་དང་ཉེ་བར་དེའི་ཁང་པ་ཞིག་བརྩིགས་ཏེ། ཟོང་དང་སྣོད་དང་ཡོ་བྱད་རྣམས་བྱིན་ པ་དེས་དེར་ཆང་འཚོང་བ་ལ་ཞུགས་ཏེ། ཆང་ཡང་ཞིམ་པོར་གྱུར་ནས་ཆང་འཐུང་བ་དག་དེར་མང་དུ་འདུས་ཤིང་ཚོགས་པ་དང་དེ་དག་མཐོང་ནས་ཆང་འཚོང་བ་གཞན་དག་ཕྲག་དོག་སྐྱེས་པར་གྱུར་ཏོ། །སྦོམ་དགའ་མོས་ཀྱང་རྙེད་པ་དག་འཕེལ་ཏོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོའི་ཕོ་བྲང་དུ་ཆང་ཞིག་ དགོས་པར་གྱུར་ནས་རྒྱལ་པོའི་སྐྱེས་བུ་དག་གིས་ཆང་འཚོང་བ་ཐམས་ཅད་བསྡུས་པ་ན་དེ་དག་ཕྲག་དོག་ལངས་ཏེ་དེ་རྣམས་ཀྱིས་རྒྱལ་པོའི་སྐྱེས་བུ་དག་ལ་འདི་ན་སྦོམ་དགའ་མོའི་ཆང་འཚོང་མ་ཞིག་དབྱར་མོ་ཁང་དང་ཉེ་བ་ན་ཆང་འཚོང་ཞིང་འདུག་གིས་ཆང་མ་དེ་ཡང་ཁྲིད་ཅིག་ཅེས་སྨྲས་པ་དང་། དེ་ དག་གིས་དེ་བཟུང་སྟེ་ཁྲིད་དོ། །དེ་ངུ་བར་གྱུར་ཏེ་འཕགས་མ་སྦོམ་དགའ་མོ་རྒྱལ་པོའི་སྐྱེས་བུ་འདི་དག་གིས་བདག་ཁྲིད་དོ་ཞེས་སྨྲས་པ་དང་། དེ་མྱུར་དུ་གོམ་པ་མགྱོགས་པར་སོང་ནས་བུ་ཟན་མོའི་བུ་དག་བདག་གི་བུ་མོ་འདི་གར་བཀྲི་ཞེས་སྨྲས་སོ། །དེ་དག་གིས་ཅི་འཕགས་མ་ཆང་འཚོང་ ངམ་མི་མཛའ་བ་རྣམས་ཀྱི་གཉའ་བར་རྡོག་པས་མནན་ལ་ཆང་ཡང་འཚོང་ངོ་། །ཅི་འཕགས་མ་ལ་ཡང་དགྲ་ཡོད་དམ་ཞེས་སྨྲས་པ་དང་། ཁྱེད་ཅག་ཉིད་ངའི་དགྲ་ཆེན་པོ་ཡིན་ཏེ་དེའི་ཕྱིར་བདག་གི་བུ་མོ་ཁྲིད་དོ་ཞེས་སྨ་ཞིང་དེ་དག་འཐབ་པ་བྲམ་ཟེ་དང་ཁྱིམ་བདག་དག་གིས་མཐོང་སྟེ། དེ་དག་ གིས་ཀྱེ་འདི་དག་ཅི་ཞེས་དྲིས་པ་དང་དེ་དག་གིས་ཞིབ་ཏུ་སྨྲས་པ་དང་། དེ་དག་འཕྱ་ཞིང་སྨོད་ངན་དུ་འཛེར་བ་ནི་དགེ་སྦྱོང་ཤཱཀྱའི་བུའི་དགེ་སྦྱོང་དག་ནི་ཚིག་པའོ། །དེ་འདི་ལྟར་དགེ་སྦྱོང་མགོ་རེག་མ་ཡང་ཆང་འཚོང་བ་ལ་ཞུགས་པས་ན་དགེ་སྦྱོང་དང་ཚངས་པ་ཡང་རབ་ཏུ་ཚིག་པའོ། །དེ་ལྟ་བུར་གྱུར་ པ་དགེ་སློང་དག་གིས་ཐོས་ཏེ་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦོམ་དགའ་མོས་དགེ་སྦྱོང་མ་ཡིན་པ་ཆེར་བྱས་ཏེ། དེ་ལྟ་བས་ན་དགེ་སློང་མས་ཆང་འཚོང་བ་མ་བྱེད་ཅིག་འཚོང་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེ་ནས་དགེ་ སློང་མ་སྦོམ་དགའ་མོ་སྔ་དྲོའི་དུས་ན་ཤམ་ཐབས་དང་ཆོས་གོས་བགོས། ལྷུང་བཟེད་ཐོགས་ཏེ་མཉན་དུ་ཡོད་པར་བསོད་སྙོམས་ལ་ཞུགས་སོ། །དེ་བསོད་སྙོམས་ལ་འཇུག་པའི་ཚེ་སྨད་འཚོང་མ་གཅིག་གོས་དང་ཤམ་ཐབས་རབ་ཏུ་བཟང་བ་ཞིག་གྱོན། རྒྱན་ རབ་ཏུ་བཟང་བས་བརྒྱན་པ་ཞིག་མཐོང་ནས་དེས་མཐོང་བ་དང་། ཕུ་ནུ་མོ་འདི་ལྟ་བུ་གོས་དང་རྒྱན་དག་ག་ལས་འབྱོར་ཅེས་དྲིས་པ་དང་། དེས་འཕགས་མ་བདག་གིས་སྨད་འཚོང་བྱས་པས་ན་དེ་ལ་འདི་ལྟ་བུ་དག་རྙེད་དོ་ཞེས་སྨྲས་པ་དང་། སྦོམ་དགའ་མོས་ཐབས་དེ་ནི་ལེགས་ པ་ཞིག་ན་འགྲུབ་བམ་མི་འགྲུབ་པ་བལྟའོ་སྙམ་བསམས་ནས། དེ་ལ་དམིགས་ཤིང་དྲན་བཞིན་དུ་སོང་ངོ་། །ཇི་ཙམ་ན་གནས་གཞན་ཞིག་ན་བུ་མོ་ཞིག་གོས་དྲི་མ་ཅན་ཟས་ཀྱིས་ཀྱང་མི་འབྱོར་བར་གྱུར། འགྲོས་ཀྱང་དལ་བུས་འགྲོ་བ་ཞིག་ལ་བཞིན་བྱད་བཟང་མོ་ ཞིག་མཐོང་ནས་བུ་མོ་ཁྱོད་སུའི་ཞེས་དྲིས་པ་དང་། དེས་འཕགས་མ་གང་སུས་བདག་ལ་ཟས་དང་གོས་བྱིན་པ་དེའི་ལས་ཀྱང་བདག་གིས་བགྱིའོ་ཞེས་སྨྲས་སོ། །དེས་བུ་མོ་དེ་ལྟར་ན་སྨད་འཚོང་མ་ཅིའི་ཕྱིར་མི་བྱེད་ཅེས་བྱས་པ་དང་། དེ་རྣ་བ་བཀག་ནས་འཕགས་མ་ དེ་སྐད་མ་གསུང་ཤིག །མི་མཛེས་པ་དེ་ལྟ་བུ་དག་ནི་བདག་གི་རིགས་ལ་སྔོན་ཆད་སུས་ཀྱང་མ་བགྱིས་སོ་ཞེས་སྨྲས་པ་དང་། སྦོམ་དགའ་མོས་བུ་མོ་བུད་མེད་ཀྱི་སྤྱོད་པ་ནི་དེ་ལྟ་བུ་ཡིན་ན་རྒྱལ་པོ་འདི་ཞེས་བྱ་བའི་བུ་མོ་ཡང་དེ་བཞིན་དུ་སྨད་འཚོང་བས་ན་དེ་ལྟ་བུར་གྱུར། བྲམ་ཟེ་འདི་ཞེས་བྱ་བའི་བུ་མོ་ཡང་དེ་བཞིན་དུའོ། །རིགས་མཆོག་ལས་ཀྱང་དེ་ལྟ་བུ་མང་དུ་བྱུང་ན་བུད་མེད་ནི་སྐྱེས་པ་ལ་སེམས་པ་ཡིན་མོད་ཀྱི། བདག་རབ་ཏུ་མ་བྱུང་ན་དེ་ལྟ་བུ་བྱ་བ་ཞིག་ན་རབ་ཏུ་བྱུང་བས་མི་བདེའོ་ཞེས་སྨྲས་ཏེ། དེས་དེ་བསླུས་ནས་སྨྲས་པ། འཕགས་ མ་སྨད་འཚོང་མ་འདི་འདྲ་བ་སྤྱོད་དམ། འཕགས་མ་སྨད་འཚོང་མ་འདི་ལྟ་བུ་སྤྱད་ན་དེ་ལ་ཡང་ཡོ་བྱད་མང་པོར་དགོས་ཏེ། སྐྱེས་པ་མང་པོ་འདུ་བའི་ཁང་པ་རྒྱ་ཆེན་པོ་དང་། གོས་དང་། རྒྱན་དང་། བྱུག་པ་དང་། བཟའ་བ་དང་། བཏུང་བ་དག་ཀྱང་མང་དུ་དགོས་སོ། །སྦོམ་ དགའ་མོས་བུ་མོ་དེ་ལྟར་ན་བདག་གིས་ཐམས་ཅད་སྦྱར་ན་ཁྱོད་ཀྱིས་རྙེད་པ་ཐམས་ཅད་བདག་ལ་བྱིན་ན་ནི་ཁྱོད་ཀྱི་ཟས་དང་གོས་ལ་སོགས་པ་བདག་གིས་སྦྱར་རོ་ཞེས་སྨྲས་པ་དང་། དེས་འཕགས་མ་ལེགས་ཀྱིས་དེ་བཞིན་དུ་རྙེད་པ་སྦྱིན་ནོ་ཞེས་སྨྲས་སོ། །སྦོམ་དགའ་མོས་དབྱར་ མོ་ཁང་དང་ཉེ་བ་ཞིག་ཏུ་དེའི་ཁང་པ་ཞིག་བརྩིགས་ནས་དེས་ཅི་སྨྲས་པ་བཞིན་དུ་བྱིན་ཏེ་དེས་ཕྱིས་བཀྲུས་ཏེ་གོས་དང་། རྒྱན་བཟང་པོ་དག་བྱིན་ནས་ཞག་དུ་མ་ཞིག་གི་བར་དུ་ཆས་ཏེ། དེ་གཟུགས་གཞོན་ཞིང་མཛེས་ནས་སྨད་འཚོང་མའི་གཟུགས་སུ་བྱས་ཏེ་འདུག་གོ། །ཉོན་མོངས་པའི་དབང་ གིས་གཟིར་ནས་ཐམས་ཅད་ཀྱང་དེར་འདུས་སོ། །དེ་སྨད་འཚོང་མ་གཞན་ཞིག་གིས་མཐོང་ནས་ཕྲག་དོག་ལངས་ཏེ་མ་བཟོད་པར་གྱུར་ཏོ། །སྦོམ་དགའ་མོས་རྙེད་པ་དག་ཆེར་གྱུར་ཏོ། །དེ་ནས་དུས་ཕྱི་ཞིག་ན་རྒྱལ་པོའི་ཕོ་བྲང་དུ་དུས་སྟོན་ཆེན་པོ་ཞིག་བྱུང་སྟེ། དེར་དྲི་མང་པོ་ ཞིག་དགོས་ནས་རྒྱལ་པོའི་སྐྱེས་བུ་དག་གིས་དྲི་བཏབ་པའི་ཕྱིར་སྨད་འཚོང་མ་ཐམས་ཅད་བསྡུས་པ་དང་། དེ་དག་གི་ཕྲག་དོག་གིས་དེ་ཡང་རྒྱལ་པོའི་སྐྱེས་བུ་དག་ལ་དབྱར་མོ་ཁང་གི་དྲུང་དུ་སྦོམ་དགའ་མོའི་སྨད་འཚོང་བ་ཞིག་གིས་དེ་ཡང་ཁྲིད་ཅིག་ཅེས་སྨྲས་སོ། །དེ་དག་ གིས་དེ་བཟུང་སྟེ་ཁྲིད་པ་དང་། དེ་ཡང་ངུས་ནས་འཕགས་མ་སྦོམ་དགའ་མོ་བདག་ནི་རྒྱལ་པོའི་སྐྱེས་བུས་ཁྲིད་དོ་ཞེས་སྨྲས་པ་དང་། དེ་མྱུར་བར་བརྒྱུགས་ནས་བུ་ཟན་མོའི་བུ་འདི་དག་བདག་གི་བུ་མོ་འདི་གར་བཀྲི། དེ་དག་གིས་སྨྲས་པ། ཅི་འཕགས་མ་ཡང་སྨད་འཚོང་ མ་སྤྱོད་དམ། དགྲ་རྣམས་ཀྱི་གཉའ་བར་རྡོག་པས་མནན་ལ་བྱེད་དོ། །ཅི་འཕགས་མ་ལ་ཡང་དགྲ་ཡོད་དམ། ངའི་བུ་མོ་ཁྲིད་པས་ན་ཁྱོད་ཉིད་དགྲའི་ནང་ན་ཆེན་པོ་ཡིན་ནོ། །དེ་དག་འཐབ་པ་བྲམ་ཟེ་དང་། ཁྱིམ་བདག་དག་གིས་མཐོང་ནས། དེ་དག་གིས་ཀྱེ་ ཅི་ཞིག་ཅེས་དྲིས་པ་དང་། དེས་ཇི་ལྟར་གྱུར་པ་ཞིབ་ཏུ་སྨྲས་པ་དང་། དེ་དག་འཕྱ་ཞིང་སྨོད་ངན་དུ་འཛེར་ཏེ། ཤཱཀྱའི་བུའི་དགེ་སྦྱོང་ནི་རབ་ཏུ་ཚིག་གོ། །དགེ་སྦྱོང་དང་ཚངས་པ་ཡང་ཚིག་གོ། །ད་ནི་དགེ་སྦྱོང་མགོ་རེག་མས་ཀྱང་སྨད་འཚོང་མ་ཡང་བྱེད་དོ་ཞེས་འཕྱའོ། ། དེ་ལྟར་གྱུར་པ་དགེ་སློང་དག་གིས་ཐོས་ནས་བཅོམ་ལྡན་འདས་ལ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། སྦོམ་དགའ་མོས་ནི་དགེ་སྦྱོང་གི་ཚུལ་མ་ཡིན་པ་ཞིག་བྱས་སོ། །དེ་ལྟ་བས་ན་དགེ་སློང་མས་སྨད་འཚོང་མ་བྱེད་དུ་མི་གཞུག་པར་དགོངས་ནས། དགེ་སློང་དག་སྦོམ་དགའ་མོས་དགེ་སྦྱོང་གི་ཚུལ་མ་ཡིན་པ་ཆེར་བྱས་པ་ལ་བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བ་དང་། སྨོད་པ་དང་། ངན་དུ་སྨྲ་བ་ནི་གནས་ཡིན་ཏེ། དེ་བས་ན་དགེ་སློང་མས་སྨད་འཚོང་མ་བྱེད་དུ་མི་གཞུག་གོ། །དགེ་སློང་མས་སྨད་འཚོང་མ་བྱེད་དུ་བཅུག་ན་ཉེས་པ་ སྦོམ་པོར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེ་ནས་སྦོམ་དགའ་མོས་སྔ་དྲོའི་དུས་ན་ཤམ་ཐབས་དང་ཆོས་གོས་བགོས་ལྷུང་བཟེད་ཐོགས་ཏེ་མཉན་དུ་ཡོད་པར་བསོད་སྙོམས་ལ་ཞུགས་སོ། །བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། བྲན་མོ་ཞིག་མཐོང་ནས་དེ་ གོས་བཟང་། སྨད་གཡོགས་བཟང་། རྒྱན་བཟང་པོས་བརྒྱན་པ། དེས་མཐོང་ནས་ནུ་མོ་ཁྱོད་གོས་དང་རྒྱན་བཟང་པོ་གང་ནས་རྙེད་ཅེས་དྲིས་པ་དང་། དེས་འཕགས་མ་བདག་ནི་ལོགས་ཤིག་ན་སྨད་འཚོང་བས་ན་དེ་ནས་འདི་དག་རྙེད་དོ་ཞེས་སྨྲས་པ་དང་། སྦོམ་དགའ་མོས་ ཐབས་དེ་ནི་ལེགས་སོ། །དེ་ལྟར་འགྱུར་རམ་མི་འགྱུར་བ་བལྟའོ་སྙམ་བསམས་ནས། དེ་ལ་དམིགས་ཤིང་དྲན་བཞིན་དུ་སོང་ནས་ཇི་ཙམ་ཞིག་ན། བུ་མོ་གོས་དྲི་མ་ཅན་ཁ་ཟས་མེད་པ་འགྲོས་ཀྱང་དལ་ནས་འགྲོ་ལ་བྱད་བཞིན་ནི་བཟང་བ་ཞིག་མཐོང་ནས་དེས་བུ་མོ་ཁྱོད་སུའི་ཞེས་ དྲིས་པ་དང་། དེས་སྨྲས་པ། བདག་ནི་སུ་ཡང་མ་ཡིན་གྱི། གང་གིས་གོས་དང་ཟས་སྦྱིན་པ་དེའི་ལས་བྱེད་དོ། །དེས་སྨྲས་པ། བུ་མོ་དེ་ལྟར་ན་ལོགས་ཤིག་ན་སྨད་འཚོང་བ་ཅི་ཕྱིར་མི་བྱེད་ཅེས་བྱས་པ་དང་དེ་རྣ་བ་བཀག་སྟེ་འཕགས་མ་དེ་སྐད་མ་གསུང་ཤིག །མི་རིགས་ པ་འདི་ལྟ་བུ་བདག་ཅག་གི་རིགས་ལ་སྔན་ཆད་སུས་ཀྱང་དེ་ལྟ་བུ་མ་བྱས་སོ་ཞེས་སྨྲས་པ་དང་། སྦོམ་དགའ་མོས་བུ་མོ་བུད་མེད་ཀྱི་ཆོས་ནི་དེ་ཡིན་ཏེ། རྒྱལ་པོའི་བུ་མོ་ཡང་དེ་བཞིན། འདི་ཞེས་བྱ་བའི་བྲམ་ཟེའི་བུ་མོ་ཡང་དེ་བཞིན་ཏེ། དེ་བཞིན་དུ་རིགས་ཆེན་པོ་མང་པོ་དག་ ལས་ཀྱང་དེ་ལྟ་བུ་བྱུང་ན། བུད་མེད་ནི་སྐྱེས་པ་ལ་སེམས་ཏེ། བདག་གིས་ཀྱང་བྱ་བ་ཞིག་ན་རབ་ཏུ་བྱུང་བས་མི་རུང་ངོ་ཞེས་ཟེར་ཞིང་དེ་དེས་བསླུས་པ་དང་། འཕགས་མ་དེ་ལྟར་ན་ལོགས་ཤིག་ན་སྨད་འཚོང་ཇི་ལྟར་བྱ། དེ་ལ་ཡོ་བྱད་མང་པོ་དག་དགོས་སོ། །དང་པོར་ནི་གོས་ དང་རྒྱན་དགོས་སོ། །དེའི་འོག་ཏུ་སྦྲ་དང་། དྲ་བ་ཆེན་པོ་དང་། ཞལ་ཏ་བྱེད་པའི་སྐྱེས་པ་ཡང་གཞན་ལ། ཀྱལ་ཀ་བྱེད་པ་འོངས་ན་ཡང་གྲོགས་བྱ་དགོས། བདག་དང་སྐྱེས་པ་མང་པོ་དག་བསྡུ་ཞིང་མགུ་བར་བྱ་བའི་ཕྱིར་ཆང་དང་། དྲི་དང་། བྱུག་པ་དག་དགོས་སོ་ཞེས་སྨྲས་པ་ དང་། སྦོམ་དགའ་མོས་དེ་ལྟར་ན་བདག་གིས་གོས་དང་ཟས་ལ་སོགས་ཏེ་ཐམས་ཅད་སྦྱར་གྱིས། ཁྱོད་ཀྱིས་རྙེད་པ་དེ་ཐམས་ཅད་ང་ལ་བྱིན་ཅིག་ཅེས་སྨྲས་པ་དང་། ལེགས་ཀྱིས་དེ་བཞིན་དུ་སྦྱིན་ནོ་ཞེས་སྨྲས་པ་དང་། སྦོམ་དགའ་མོས་དེ་ཕྱིས་ནས་ཁྲུས་བྱས་ཏེ། གོས་དང་། རྒྱན་ དང་དགོན་པ་ལ་གནས་པའི་ཡོ་བྱད་ལ་སོགས་པ་བྱིན་ནས་ཞག་ཉུང་ཟད་ཅིག་གི་བར་དུ་གསོས་ནས་སྦྲ་ཡང་བྱིན། ཞལ་ཏ་བྱེད་པའི་སྐྱེས་པ་བྱིན་ནས་ཞལ་ཏ་བྱེད་པའི་མི་དང་འགྲོགས་ཏེ། དགོན་པ་ལ་སོང་ནས་ལོགས་ཤིག་ན་སྨད་འཚོང་བ་ལ་ཞུགས་པ་དང་། ཇི་ཙམ་ ཞིག་ནས་བསེལ་པས་བཟུང་སྟེ་ཁྲིད་པ་དང་། སྦོམ་དགའ་མོ་ལ་སྦྲན་ཏོ། །དེ་ནས་སྦོམ་དགའ་མོས་རིངས་པར་མྱུར་བར་སོང་ནས་བརྒྱུགས་ཏེ། བུ་ཟན་མོའི་བུ་དག་བདག་གི་བུ་མོ་གར་བཀྲི་ཞེས་སྨྲས་པ་དང་། དེ་དག་གིས་འཕགས་མ་ཅི་ཁྱོད་ཀྱང་ལོགས་ཤིག་ན་སྨད་ འཚོང་བ་བྱེད་དམ་ཞེས་སྨྲས་པ་དང་། དགྲའི་གཉའ་བར་རྡོག་པས་མནན་ལ་བྱེད་དུ་གཞུག་གོ། །འཕགས་མ་ཅི་ཁྱོད་ལ་ཡང་དགྲ་ཡོད་དམ། བདག་གི་བུ་མོ་ཁྱོད་ཀྱིས་ཁྲིད་པས་ན་བདག་གི་དགྲ་ཆེན་པོ་ཁྱོད་ཉིད་ཡིན་ནོ། །དེ་དག་འཐབ་མོ་བྱེད་པ་བྲམ་ཟེ་དང་། ཁྱིམ་ བདག་དག་གིས་མཐོང་ནས། ཀྱེ་འདི་ཅི་ཞིག་ཅེས་དྲིས་པ་དང་། དེ་དག་གིས་ཇི་ལྟ་བུར་གྱུར་པ་ཞིབ་ཏུ་སྨྲས་པ་དང་། དེ་དག་འཕྱ་ཞིང་སྨོད་ངན་དུ་འཛེར་ཏེ། དགེ་སྦྱོང་ཤཱཀྱའི་བུ་རྣམས་ཀྱི་དགེ་སྦྱོང་རབ་ཏུ་ཚིག་པའོ། །དགེ་སྦྱོང་དང་ཚངས་པ་ཡང་རབ་ཏུ་ཚིག་པའོ། ། ད་ལྟར་དགེ་སྦྱོང་མགོ་རེག་མ་འདི་ནི་ལོགས་ཤིག་ན་སྨད་འཚོང་བ་བྱེད་དོ་ཞེས་འཕྱའོ། །དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་ཐོས་ནས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་མ་སྦོམ་དགའ་མོས་དགེ་སྦྱོང་ གི་བྱ་བ་མ་ཡིན་པ་ཆེར་བྱས་ཏེ། དེ་བས་ན་དགེ་སློང་མས་ལོགས་ཤིག་ན་སྨད་འཚོང་བ་མི་བྱ་བར་དགོངས་ནས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང་། ཁྱིམ་བདག་དག་འཕྱ་ལ་སྨོད་ཅིང་ངན་དུ་ཟེར་བ་ནི་གནས་ཡིན་ཏེ། སྦོམ་དགའ་མོས་དགེ་སྦྱོང་མ་ཡིན་པའི་ ལས་བྱས་སོ། །དེ་བས་ན་དགེ་སློང་མས་ལོགས་ཤིག་ན་སྨད་འཚོང་མ་བྱེད་དུ་མ་གཞུག་ཤིག །དགེ་སློང་མས་ལོགས་ཤིག་ན་སྨད་འཚོང་བ་བྱེད་དུ་བཅུག་ན་ལྟུང་བ་སྦོམ་པོར་འགྱུར་རོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བཞི་བཅུ་རྩ་གཉིས་པ། གླེང་གཞི་ནི་རྒྱལ་པོའི་ཁབ་ན་སྟེ། ནམ་གར་མཁན་དག་གིས་མི་མང་པོའི་དབུས་སུ་དྲུག་སྡེ་དག་ལ་དཔྱས་པའི་ཚེ་དེའི་དུས་ན་དེ་དག་གཅིག་ལ་གཅིག་གྲོས་སུ་བྱེད་དེ། དེ་དག་གི་ནང་ནས་གཅིག་གིས་ཀྱེ་གར་མཁན་དག་གིས་མི་མང་པོའི་དབུས་སུ་བདག་ཅག་ལ་དཔྱས་པ་དེ་ ཐམས་ཅད་བཅུ་གཉིས་སྡེས་ལན་ན། བུ་ཟན་མོའི་བུ་དེ་ལ་དེ་དག་གིས་ལྷུང་བཟེད་དང་ཆོས་གོས་དག་མ་བྱིན་དང་། དེས་བདག་ཅག་ལ་དཔྱ་བར་མི་འགྱུར་བ་ཞིག་ན། ད་ནི་དེའི་དུས་ལ་བབ་སྟེ། དེ་དག་ཐབས་ཇི་ལྟར་བྱ་བ་སྨྲོས་ཤིག་ཅེས་སྨྲས་པ་དང་། ཉེ་དགའ་བོས་ སྨྲས་པ། དེ་ལ་གཞན་ཞིག་ནི་ཅི་བྱར་ཡོད། དེ་བདག་ཅག་གིས་རབ་ཏུ་བརྡེག་པར་བྱས་འདོང་ངོ་། གཅིག་གིས་ཡང་ལེགས་ཀྱིས་དེ་ལྟར་བྱའོ་ཞེས་སྨྲས་ནས། དེ་དག་གྲོས་བཅད་དེ་དེའི་དྲུང་དུ་དོང་བ་དང་། སྦོམ་དགའ་མོ་མཐོང་ངོ་། །དེ་རྣམས་ཀྱིས་ ཀྱེ་དེ་དག་གི་ནང་ན་གཙོ་མོ་འདི་ཡིན་གྱིས་འདི་ལ་བརྡེག་པར་བྱའོ་ཞེས་སྨྲས་ནས། དེ་དག་གིས་དེ་ཐལ་མོ་དང་། དབྱུག་པ་དང་། རྡོག་པ་དང་། དབྱུག་གུ་དང་། ཁུ་ཚུར་དག་གིས་བརྡེགས་སོ། །དེ་བརྡེགས་ཟིན་པ་དང་། དེས་ལུས་ཡུངས་མར་གྱིས་བྱུགས་ནས་ ཁྲི་དྲ་བ་ཅན་གྱི་སྟེང་དུ་ཉལ་ཞིང་འདུག་གོ། །དགེ་སློང་མ་དག་གིས་མཐོང་ནས་འཕགས་མ་འདི་ལྟར་ཅི་ཞིག་ཉེས་ཞེས་དྲིས་པ་དང་། དེས་བདག་ནི་བརྡེགས་སོ། །དེས་སུ་ཞིག་གིས་ཞེས་དྲིས་པ་དང་། འཕགས་པ་དྲུག་སྡེ་དག་གོ། །ཁྱོད་ཀྱིས་ཅི་ཞིག་བྱས། ཕུ་ནུ་མོ་ཆོས་ཀྱི་མིང་པོ་དེ་ དག་ལ་ངན་དུ་བརྗོད་པའི་མི་རིགས་ཏེ། སྲིང་མོ་ལ་བསླབ་ཅིང་བསྟན་པ་ལྟ་ག་ལ་ཡང་ཡོད་མོད་ཅེས་སྨྲས་པ་དང་། དགེ་སློང་མ་དག་འཕྱ་བར་གྱུར་ཏེ། དགེ་སློང་ཕས་དགེ་སློང་མ་དག་ལ་རྡེག་པ་ལྟ་ག་ལ་ཡོད། དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་ལ་སྨྲས་པ་དང་། དགེ་ སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་དགོངས་པ། གང་ཉེས་པའི་དམིགས་སུ་གྱུར་པ་ནི་དགེ་སློང་དག་གིས་དགེ་སློང་མ་ལ་རྡེག་པའོ། །དེ་བས་ན་དགེ་སློང་ཕས་དགེ་སློང་མ་ལ་རྡེག་ཏུ་མི་གནང་བར་དགོངས་ནས་བཀའ་སྩལ་པ། དགེ་སློང་ དག་དགེ་སྦྱོང་དྲུག་སྡེ་དག་གིས་བྱས་པ་ལ་དགེ་སློང་མ་དག་འཕྱ་བ་ནི་གནས་ཡིན་ཏེ། དེ་བས་ན་དགེ་སློང་དག་དགེ་སློང་ཕས་དགེ་སློང་མ་ལ་རྡེག་ཏུ་མི་གནང་ངོ་། །དགེ་སློང་ཕས་དགེ་སློང