Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 011_འདུལ་བ།_ད
Văn bản gốc(Tây Tạng)
Trang 11 / 21 (50.000 ký tự/trang)
་མ་ལ་རྡེག་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་དག་སྨེ་བའི་སྨེ་གབ་ཆོངས་ཤིག་ཅེས་བཀའ་སྩལ་པ་དང་། དེས་སྨེ་བའི་སྨེ་གབ་བཅངས་པ་དང་། དེ་ལས་ཀྱང་ཐལ་ཏེ་ཤམ་ཐབས་ལ་ཟགས་ནས་ཐིག་ལེར་གྱུར་པ་ལས་དེའི་གནས་གནས་སུ་སྦྲང་མ་དག་གིས་གང་ཞིང་འཁོར་བ་དང་། དེ་ དག་ངོ་ཚ་བར་གྱུར་ནས་འཇིགས་བཞིན་དུ་འཁོད་དོ། །དེ་ལྟར་གྱུར་པ་དགེ་སློང་མས་དགེ་སློང་ལ་སྨྲས་པ་དང་། དགེ་སློང་ཕས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་དག་དགེ་སློང་མས་གནོད་པའི་གོས་ ཆོངས་ཤིག །བཅོམ་ལྡན་འདས་ཀྱིས་དགེ་སློང་མ་དག་ལ་གནོད་པའི་གོས་ཆོངས་ཤིག་ཅེས་བཀའ་སྩལ་པ་དང་། དེ་དག་གིས་གནོད་པའི་གོས་ཅི་ལྟ་བུར་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་ནང་གི་སྨད་གཡོགས་ཆོངས་ཤིག་ཅེས་བཀའ་སྩལ་པ་དང་། དེ་དག་ གིས་ནང་གི་སྨད་གཡོགས་འཆང་བར་བརྩམས་པ་དང་། དེ་ལ་ཡང་ཁྲག་གིས་ཏིག་ཏིག་པོར་སོང་ངོ་། །དེ་ཡང་དེ་ལྟར་གྱུར་པ་དགེ་སློང་མས་དགེ་སློང་ཕ་ལ་སྨྲས་པ་དང་། དགེ་སློང་ཕས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། དུས་དུས་སུ་ཁྲུས་ལ་ཚོས་ལ་ཆོངས་ཤིག །དགེ་སློང་མ་དག་རྟག་ཏུ་དྲན་པ་ཉེ་བར་ཞོག་ལ་ཉོལ་ཅིག །དགེ་སློང་མས་དྲན་པ་ཉེ་བར་མ་བཞག་པར་ཉལ་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་དགེ་སློང་ཕ་མུ་ལ་པ་ལ་ གུ་ན་བྱ་བ་ཞིག་དུས་ལས་འདས་ནས། དེ་ན་བཅུ་གཉིས་སྡེ་དག་གིས་དེ་ལ་མཆོད་པ་བྱས་ཏེ་བསྲེགས་ནས་དེ་དག་གིས་བྲང་བརྡུངས་པ་དང་། དགེ་སློང་མ་དག་འཕྱ་སྟེ་དགེ་སློང་མ་དག་བྲང་རྡུང་བ་ག་ལ་རིགས། དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་ལ་སྨྲས་སོ། །དགེ་ སློང་ཕ་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་དགོངས་པ། དགེ་སློང་མ་བཅུ་གཉིས་སྡེས་མི་རིགས་པ་ཞིག་བྱས་ཏེ། དེ་བས་ན་དགེ་སློང་མས་བྲང་མི་བརྡུང་བར་དགོངས་ཏེ་བཀའ་སྩལ་པ། དགེ་སློང་ཕ་དག་དགེ་སློང་མ་བཅུ་གཉིས་སྡེས་ མི་རིགས་པ་དགེ་སློང་མ་དག་འཕྱ་བ་ནི་གནས་ཡིན་ཏེ། དེ་ལྟ་བས་ན་དགེ་སློང་མ་དག་བྲང་བརྡུང་བར་མི་བྱའོ། །དེ་སྟེ་དགེ་སློང་མ་དག་གིས་བྲང་བརྡུངས་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། ཚེ་དང་ལྡན་པ་ཨུ་པཱ་ལིས་སངས་རྒྱས་ བཅོམ་ལྡན་འདས་ལ་བཙུན་པ་དགེ་སློང་མ་ལས་མཚན་གྱུར་ན། དེ་ལ་ཇི་ལྟ་བུར་བགྱི་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པཱ་ལི་དེ་ནི་ལོ་དུ་ལོན་པ་དེ་བཞིན་དུ་དགེ་སློང་གི་ནང་དུ་ཞོག་ཤིག །དེ་ཡང་བསྙེན་པར་རྫོགས་ཤིང་དགེ་སློང་ཕའི་དངོས་ པོར་འགྱུར་རོ།། །།མདོར་ན། དགེ་སློང་མ་ལས་དགེ་སློང་ནང་དུ་གཞག །རྣམ་པ་ཐམས་ཅད་དུ་ཡང་གཞག་མི་བྱ། །ཕོ་ཉས་ཡང་ནི་དེ་བཞིན་བསྙེན་རྫོགས་པར། །དྲང་སྲོང་ཆེན་པོ་ཡིས་ནི་གནང་བ་ཡིན། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ཛེ་ཏའི་ཚལ་མགོན་ མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཨུ་པཱ་ལིས་སངས་རྒྱས་བཅོམ་ལྡན་འདས་ལ། བཙུན་པ་བཅོམ་ལྡན་འདས་ཀྱིས་ནི་དགེ་སློང་མ་མཚན་གྱུར་ན་དང་པོ་ནས་ལོ་གྲངས་དུ་ལོན་པ་དེ་བཞིན་དགེ་སློང་ཕའི་ནང་དུ་ཆུག་ཤིག་ཅེས་གསུངས་ན། ཅི་དགེ་སློང་ ཕ་མཚན་གྱུར་ན་ཡང་དང་པོ་ནས་ལོ་གྲངས་དུ་ལོན་པ་དེ་བཞིན་དུ་དགེ་སློང་མའི་ནང་དུ་གཞུག་པར་བགྱིའམ་ཞེས་ཞུས་པ་དང་། ཨུ་པཱ་ལི་དགེ་སློང་ཕ་ལས་མཚན་གྱུར་ན་དེ་ལོ་གྲངས་དུ་ལོན་པ་དེ་བཞིན་དགེ་སློང་མའི་ནང་དུ་གཞག་པར་བྱའོ། །དེ་སྟེ་བཙུན་པ་དགེ་སློང་ཕའམ་དགེ་ སློང་མ་ཡང་རུང་། དེར་བཞག་པ་ལས་དེ་ནས་ཀྱང་མཚན་གྱུར་ན་དེ་ལ་ཐབས་ཇི་ལྟ་བུར་བགྱི། བཅོམ་ལྡན་འདས་ཀྱིས་ཨུ་པཱ་ལི་དེ་ནས་ཡང་ཅི་རིགས་པ་བཞིན་དུ་ཞོག་ཤིག་ཅེས་བཀའ་སྩལ་ཏོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེ་ནས་ཚེ་དང་ལྡན་པ་ཨུ་པཱ་ལིས་ སངས་རྒྱས་བཅོམ་ལྡན་འདས་ལ། བཙུན་པ་བཅོམ་ལྡན་འདས་ཀྱིས་ནི་དགེ་སློང་ཕའམ། དགེ་སློང་མ་ལན་གཉིས་སུ་མཚན་གྱུར་ནས་དེ་ཡང་གར་རིགས་པར་ཞོག་ཤིག་ཅེས་བཀའ་སྩལ་ན། བཙུན་པ་དེ་སྟེ་དེར་བཞག་པ་ལས་མཚན་ལན་གསུམ་དུ་གྱུར་ན་དེ་ལ་ཐབས་ ཇི་ལྟ་བུར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པཱ་ལི་རྣམ་པ་ཐམས་ཅད་དུ་མི་གཞག་པ་ཡིན་ཏེ། ཨུ་པཱ་ལི་མཚན་ལན་གསུམ་དུ་གྱུར་ན་དགེ་སློང་ཕའི་དངོས་པོ་དང་། དགེ་སློང་མའི་དངོས་པོ་དེ་མ་ཐག་ཏུ་རྣམ་པ་ཐམས་ཅད་དུ་མི་གཞག་པར་བྱས། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་དུ་ཡོད་པའི་ཕྱོགས་གཅིག་ན་ཁྱིམ་བདག་བྱིན་པ་ཞེས་བྱ་བ་ཞིག་གནས་པ་དེ་རབ་ཏུ་ཕྱུག་ཅིང་ནོར་མང་ལ་ལོངས་ སྤྱོད་ཆེ། ཡངས་ཤིང་རྒྱ་ཆེ་བ་ནི་ངལ་བསོ་པོའི་ནོར་དང་འདྲ་བ་ངལ་བསོ་པོའི་ནོར་ལ་སྡོ་བ་ཞིག་འདུག་སྟེ། དེས་རིགས་དང་མཉམ་པ་ལས་ཆུང་མ་བླངས་ནས་དེ་དང་ལྷན་ཅིག་རྩེ་དགའ་ཡོངས་སུ་སྤྱོད་དོ། །ཡང་ཕྱོགས་གཞན་ཞིག་ན་རི་དགས་སྒྲ་ཞེས་བྱ་བའི་ཁྱིམ་བདག་ ཅིག་གནས་པ་དེ་ཡང་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་ལ་ཡངས་ཤིང་རྒྱ་ཆེ་བ་ནི་ངལ་བསོ་པོའི་ནོར་དང་འདྲ་བ་ངལ་བསོ་པོའི་ནོར་ལ་སྡོ་བ་ཞིག་འདུག་སྟེ། དེས་ཀྱང་རིགས་དང་མཉམ་པ་ལས་ཆུང་མ་བླངས་ནས་དེ་དང་ལྷན་ཅིག་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་དག་ གཅིག་ལ་གཅིག་ཕྱུག་པས་འགྲན་ཏེ། གཅིག་ན་རེ་ཁྱོད་པས་ནི་ལོངས་སྤྱོད་ཀྱི་རྒྱུ་བདག་གི་ཁྱད་ཞུགས་སོ། །གཅིག་ན་རེ་ཁྱོད་པས་ལོངས་སྤྱོད་ཀྱི་རྒྱུ་བདག་གི་ཁྱད་ཞུགས་སོ་ཞེས་སྨྲའོ། །དེ་གཉིས་ཕན་ཚུན་མཛའ་བར་གྱུར་ཏེ། གཅིག་གིས་ཀྱང་དུས་དུས་ སུ་སྐྱེས་བསྐུར། གཅིག་གིས་ཀྱང་དེ་བཞིན་སླར་བསྐུར་ནས་དེ་གཉིས་ཕན་ཚུན་མཛའ་བར་གྱུར་ཏོ། ཇི་ཙམ་དུས་ཕྱི་ཞིག་ན་མཉན་དུ་ཡོད་པ་ན་གནས་པའི་སྐྱེ་བོ་མང་པོ་དག་ཅུང་ཟད་བྱ་བ་ཞིག་ཡོད་དེ། དེ་དག་ཐམས་ཅད་སྐྱེད་མོས་ཚལ་དུ་དོང་སྟེ་འདུས་ནས་དེར་གྲོང་ཁྱེར་ གྱི་དོན་རྣམས་བསྒྲུབས་ནས་དོང་ངོ་། །ཁྱིམ་བདག་བྱིན་པ་དང་། རི་དགས་སྒྲ་ཞེས་བྱ་བ་གཉིས་དེ་ན་གཅིག་ལ་གཅིག་མཛའ་བའི་གཏམ་འཛེར་ཅིང་འཁོད་དོ། །ཁྱིམ་བདག་བྱིན་པས་མཛའ་བོ་གྲོགས་པོ་བདག་ཅག་གཉིས་དུས་ལས་འདས་ཀྱང་ཕྱི་ནས་བུ་དང་། ཚ་བོ་དང་ ཡང་ཚ་དང་། སུམ་ཚ་དག་གི་བར་དུ་མཛའ་བའི་རྒྱུན་མི་གཅད་པར་བྱ་ན། དེ་ལ་ཐབས་ཇི་ལྟ་བུ་ཞིག་བྱ་ཞེས་དྲིས་པ་དང་། རི་དགས་སྒྲས་སྨྲས་པ། གྲོགས་པོ་ལེགས་ཏེ་བདག་ཀྱང་དེ་ལྟ་བུར་སེམས་ན་ཚུར་ཤོག །མ་བཙས་པར་གཉེན་སྔར་བྱ་སྟེ། བདག་ལ་བུ་ཕོ་ ཞིག་སྐྱེས། ཁྱོད་ལ་བུ་མོ་ཞིག་བྱུང་ན་ཁྱོད་ཀྱིས་བདག་གི་བུ་ལ་བྱིན་ཅིག་དེ་སྟེ་ཁྱོད་ལ་ནི་བུ་ཕོ་ཞིག་བྱུང་། བདག་ལ་ནི་བུ་མོ་ཞིག་བྱུང་ན་བདག་གིས་ཁྱོད་ཀྱི་བུ་ལ་སྦྱིན་ནོ། །དེས་གྲོགས་པོ་ལེགས་ཀྱིས་དེ་ལྟ་བུར་བྱའོ་ཞེས་སྨྲས་སོ། །དེ་དག་གཅིག་ལ་གཅིག་མ་བཙས་ པར་གཉེན་བྱས་ཏེ་དོང་ངོ་། །དེ་ནས་དུས་ཕྱི་ཞིག་ན་ཁྱིམ་བདག་བྱིན་པའི་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏེ། ཟླ་བ་བརྒྱད་དམ་དགུ་འདས་པ་ན། བུ་མོ་ཞིག་བཙས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་པ། བཟང་མོ་ཡན་ལག་དང་ཉིང་ལག་ཏུ་ལྡན་པ་ཞིག་སྟེ་ དེ་རྟག་ཏུ་ངུའོ། །དེ་ནས་ཁྱིམ་བདག་བྱིན་པའི་ཁྱིམ་དུ་དགེ་སློང་དག་འོངས་ཏེ་ཆོས་བཤད་པ་དང་། དེའི་ཚེ་རྣ་བ་བྱོ་སྟེ་ཉན་ཏོ། །དེ་ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་རྒྱ་ཆེར་བཙས་པའི་བཙས་སྟོན་ཆེན་པོ་བྱས་ནས་དེའི་མིང་འདོགས་པ་ལ་ཞུགས་ཏེ། བུ་མོ་འདིའི་མིང་ ཅིར་གདགས་ཞེས་བགྲོས་པ་དང་། གཉེན་རྣམས་ཀྱིས་བུ་མོ་འདི་རྟག་ཏུ་ཆོས་འདོད་པ་ཆོས་ལ་རྣ་བ་བྱོ་སྟེ་ཉན་ལ་ཁྱིམ་བདག་བྱིན་པའི་བུ་མོ་ཡིན་པས་ན་དེའི་ཕྱིར་བུ་མོ་དེའི་མིང་ཆོས་སྦྱིན་ཞེས་གདགས་སོ། །བུ་མོ་ཆོས་སྦྱིན་མ་མ་མ་བརྒྱད་ལ་གཏད་དེ། གཉིས་ནི་སྣུན་པའི་ མ་མའོ། །གཉིས་ནི་འཚོ་བའི་མ་མའོ། །གཉིས་ནི་དྲི་མ་འཕྱི་བའི་མ་མའོ། །གཉིས་ནི་རྩེ་བའི་མ་མའོ། །མ་མ་དེ་བརྒྱད་ཀྱིས་གསོས་བསྐྱེད་དེ་འོ་མ་དང་། ཞོ་དང་། མར་སར་དང་། མར་དང་། གཞན་ཡང་དེས་ཤིང་དེས་པའི་ཡོ་བྱད་ཀྱི་ཁྱད་པར་གྱིས་མྱུར་དུ་བསྐྱེད་པ་ནི་རྫིང་ ན་གནས་པའི་འདམ་ལས་སྐྱེས་པ་བཞིན་ནོ། །དེ་ནས་ཁྱིམ་བདག་རི་དགས་སྒྲ་ཞེས་བྱ་བ་ཁྱིམ་བདག་བྱིན་པའི་བུ་མོ་བཙས་པར་དེས་ཐོས་པ་དང་། དེས་གྲོགས་པོའི་བུ་མོ་བཙས་ན་དེ་ལ་གོས་དང་རྒྱན་དག་བདག་གིས་བསྐུར་རོ་སྙམ་བསམས་ཏེ། །བདག་གི་མནའ་མ་ཡིན་ པར་ཡིད་ལ་ཡོད་པས་དེས་དེ་ལ་གོས་དང་རྒྱན་དག་བསྐུར་ནས་མཛའ་བོ་གྲོགས་པོ་ཁྱོད་ལ་བུ་མོ་ཞིག་བྱུང་བར་ཐོས་ནས་བདག་རབ་ཏུ་དགའ་སྟེ། མཛའ་བོའི་བུ་མོའི་གོས་དང་རྒྱན་བསྐུར་བ་འདི་ཡིན་གྱིས་བླང་བའི་རིགས་སོ་ཞེས་སྤྲིང་བ་དང་། དེས་དེ་བླངས་ནས་སླར་ ལན་སྤྲིང་བ། མཛའ་བོ་དེ་ལྟར་བྱས་པ་ལེགས་ཀྱིས་གཉེན་ཡང་བྱས་ཁྱོད་ལས་བུ་ཕོ་ཞིག་བྱུང་ན་དེ་ལ་སྦྱིན་ནོ། །ཁྱིམ་བདག་རི་དགས་སྒྲས་དེའི་ལན་ཐོས་པ་དང་། དེ་བུ་འདོད་པར་སེམས་བཞིན་དུ་དེས་ཆུང་མ་ལ་རྩེ་དགའ་ཡོངས་སུ་སྤྱོད་དོ། །རྩེ་དགའ་ཡོངས་སུ་སྤྱད་པ་ ལས་ཕྱི་ཞིག་ན་དེའི་ཆུང་མ་མངལ་སེམས་ཅན་དང་ལྡན་པར་གྱུར་ནས། །དེ་ཟླ་བ་བརྒྱད་དམ་དགུ་འདས་པ་དང་བུ་ཕོ་ཞིག་བཙས་སོ། །དེ་བཙས་ནས་དེ་ལ་ཡང་ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་གི་བར་དུ་རྒྱ་ཆེར་བཙས་པའི་བཙས་སྟོན་ཆེན་པོ་བྱས་ཏེ། ཁྱེའུ་འདི་མིང་ཅི་ཞིག་ཏུ་ གདགས་ཞེས་དཔྱད་པ་དང་། དེའི་ཡང་གཉེན་དག་གིས་ཁྱེའུ་འདི་སྐར་མ་ས་གའི་ཚེ་བཙས་པས་ན་དེ་བས་ན་ཁྱེའུ་འདིའི་མིང་ས་གར་གདགས་སོ་ཞེས་ཟེར་ནས་དེའི་མིང་ས་གར་བཏགས་སོ། །ཁྱེའུ་ས་ག་དེ་ཡང་མ་མ་བརྒྱད་ལ་གཏད་དེ། གཉིས་ནི་སྣུན་པའི་མ་མའོ། ། གཉིས་ནི་འཚོ་བའི་མ་མའོ། །གཉིས་ནི་དྲི་མ་འཕྱི་བའི་མ་མའོ། །གཉིས་ནི་རྩེ་བའི་མ་མའོ། །མ་མ་དེ་བརྒྱད་ཀྱིས་གསོས་བསྐྱེད་དེ་འོ་མ་དང་། ཞོ་དང་མར་སར་དང་། མར་དང་། གཞན་ཡང་དེས་ཤིང་དེས་པའི་ཡོ་བྱད་ཀྱི་ཁྱད་པར་གྱིས་མྱུར་དུ་བསྐྱེད་པ་ནི་རྫིང་ན་གནས་པའི་འདམ་ལས་ སྐྱེས་པ་བཞིན་ནོ། །ཁྱིམ་བདག་རི་དགས་སྒྲ་ལས་བུ་ཕོ་གཅིག་བྱུང་བར་ཁྱིམ་བདག་བྱིན་པས་ཐོས་ནས་དེས་བསམས་པ། མཛའ་བོ་ལས་བུ་ཕོ་ཞིག་བྱུང་བ་དེ་གོར་མ་ཆག་པར་བདག་གི་མག་པར་འགྱུར་གྱིས། དེ་ལ་གོས་དང་རྒྱན་དག་ཅིག་བསྐུར་རོ་སྙམ་ནས། དེས་དེ་ལ་གོས་ དང་རྒྱན་དག་བསྐུར་ནས་ཕྲིན་སྤྲིང་བ། མཛའ་བོ་ཁྱོད་ལ་བུ་ཞིག་བཙས་པར་བདག་གིས་ཐོས་ནས་རབ་ཏུ་དགའ་སྟེ། མཛའ་བོའི་བུ་ལ་བདག་གིས་གོས་དང་རྒྱན་བསྐུར་བ་འདི་ཡིན་གྱིས་འདི་བླང་བའི་རིགས་སོ། །དེས་དེ་བླངས་ནས་ཕྲིན་ལན་མཛའ་བོ་ཁྱོད་ཀྱི་བུ་མོ་སྐྱེད་ཅིག་དང་། སྐྱེས་ནས་བླང་ངོ་སྤྲིང་ངོ་། །དེས་སྨྲས་པ། བུ་མོ་སྦྱིན་གྱིས་ལེགས་ཏེ། དེ་ལྟར་བྱའོ། །ནམ་བུ་མོ་ཆོས་སྦྱིན་སྐྱེས་པ་དང་། དེ་རབ་ཏུ་འབྱུང་བར་འདོད་ནས་དེས་ཕའི་རྐང་པ་ལ་ཕྱག་འཚལ་ཏེ། ཕ་བདག་ལེགས་པར་བཤད་པ་ཆོས་འདུལ་བ་ལ་རབ་ཏུ་དབྱུང་བར་གསོལ་ལོ་ ཞེས་སྨྲས་པ་དང་། དེས་སྨྲས་པ། བུ་མོ་ཁྱོད་རི་དགས་སྒྲའི་བུ་ས་ག་ལ་སྔོན་ཁྱོད་བཏང་ཟིན་ཏེ། ཁྱོད་ཀྱི་ཁྱིམ་ཐབ་དེ་ཡིན་ཏེ། ད་ནི་གནང་དུ་མི་རུང་ངོ་ཞེས་ཟེར་ནས་མ་གནང་ངོ་། །ཁྱིམ་དེར་དགེ་སློང་མ་ཨུཏྤ་ལའི་ཁ་དོག་ཅེས་བྱ་བ་རིགས་དག་སྟོན་པར་བྱེད་དེ་དུས་དུས་སུ་འོང་ངོ་། ། ཆོས་སྦྱིན་གྱིས་འཕགས་མ་བདག་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོ་ཐོབ་པར་འཚལ་བ་བདག་གི་ཕས་མི་གནང་ཞིང་བསྲུངས་ཏེ་ཕྱིར་འབྱུང་དུ་ཡང་མི་སྟེར་ན་ཁྱོད་ཀྱིས་འདི་ཉིད་དུ་རབ་ཏུ་མི་འབྱུང་ངམ་ཞེས་སྨྲས་པ་ དང་། དེས་བུ་མོ་སེམས་དེ་ལྟར་བསྐྱེད་པ་ལེགས་སོ། །འདོད་པ་ནི་བདེ་བ་ཆུང་ལ་སྡུག་བསྔལ་ཆེ་ཞིང་ཉེས་པ་མང་སྟེ། རབ་ཏུ་བྱུང་ན་ནི་དགེ་བའོ། །བཅོམ་ལྡན་འདས་ཀྱིས་ནི་མཁས་པས་ཉེས་པ་ལྔ་མཐོང་ན་དེས་འདོད་པ་ལྔ་ལ་བསྟེན་པའི་མི་རིགས་ཞེས་གསུངས་ཏེ། ལྔ་ གང་ཞེ་ན། བདེ་བ་ཆུང་ལ་སྡུག་བསྔལ་ཆེ་ཞིང་ཉེས་པ་མང་བར་མཁས་པས་ཡང་དག་པར་མཐོང་ནས། དེས་འདོད་པ་ལ་བསྟེན་པའི་མི་རིགས་སོ། །འདོད་པ་ལ་བསྟེན་པས་ཀུན་དུ་སྦྱོར་བ་འཕེལ་བར་འགྱུར་བར་མཁས་པས་ཡང་དག་པར་མཐོང་ནས་དེས་འདོད་པ་ལ་བསྟེན་པའི་མི་རིགས་ སོ། །འདོད་པ་ལ་བསྟེན་ན་ཅུང་ཟད་ཀྱང་མི་རིགས་པའམ། ངོམས་པའམ། ཆོག་པ་མེད་པར་མཁས་པས་ཡང་དག་པར་མཐོང་ནས་དེས་འདོད་པ་ལ་བསྟེན་པའི་མི་རིགས་སོ། །འདོད་པ་ལ་བསྟེན་ན་སྡིག་པ་ཅུང་ཟད་ཀྱང་མི་བྱ་བ་མེད་པར་མཁས་པས་ཡང་དག་པར་མཐོང་ནས་ དེས་འདོད་པ་ལ་བསྟེན་པའི་མི་རིགས་སོ། །འདོད་པ་ནི་རྣམ་གྲངས་དེ་ལྟ་བུ་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་། མཁས་པ་དང་། ཡང་དག་པར་སོང་བ་སྐྱེས་བུ་དམ་པ་རྣམས་ཀྱིས་སྤངས་པར་མཁས་པས་མཐོང་ནས་འདོད་པ་ལ་བསྟེན་པའི་མི་རིགས་སོ། །མཁས་ པས་ཡོན་ཏན་ལྔ་མཐོང་ནས་རབ་ཏུ་འབྱུང་བ་ལ་དད་པར་བྱ་བའི་རིགས་སོ། །ལྔ་གང་ཞེ་ན། བདག་གིས་མ་འདྲེས་པའི་དོན་རྗེས་སུ་ཐོབ་པར་འགྱུར་བར་མཐོང་ནས་མཁས་པས་རབ་ཏུ་འབྱུང་བ་ལ་དད་པར་བྱ་བའི་རིགས་སོ། །བདག་གང་དག་གི་བྲན་དང་། མངག་གཞུག་ པ་དང་། བསྒོ་བ་དང་། བཀོལ་བ་དང་། ཅི་དགའ་མགུར་བྱེད་པ་དེ་དག་གིས་སླར་མཆོད་པ་དང་། བསྟོད་པར་འགྱུར་བར་མཐོང་ནས་མཁས་པས་རབ་ཏུ་འབྱུང་བ་ལ་དད་པར་བྱ་བའི་རིགས་སོ། །བླ་ན་མེད་པ་རྣལ་འབྱོར་བདེ་བ་མྱ་ངན་ལས་འདས་པ་རྗེས་སུ་འཐོབ་པར་མཐོང་ ནས་མཁས་པས་བདག་ཉིད་རབ་ཏུ་འབྱུང་བ་ལ་དད་པར་བྱ་བའི་རིགས་སོ། །བླ་ན་མེད་པ་རྣལ་འབྱོར་བདེ་བ་མྱ་ངན་ལས་འདའ་བ་རྗེས་སུ་འཐོབ་པ་མ་གྲུབ་ཀྱང་བདག་ལྷར་སྐྱེ་བར་འགྱུར་བར་མཐོང་ནས་མཁས་པས་རབ་ཏུ་འབྱུང་བ་ལ་དད་པར་བྱ་བའི་རིགས་སོ། །རབ་ཏུ་བྱུང་བའི་ཡོན་ ཏན་ནི་སངས་རྒྱས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་མཁས་པ་དང་། ཡང་དག་པར་སོང་བའི་སྐྱེས་བུ་དམ་པ་རྣམས་ཀྱིས་བསྔགས་པར་མཐོང་ནས་མཁས་པས་རབ་ཏུ་འབྱུང་བ་ལ་དད་པར་བྱ་བའི་རིགས་ཏེ། ཁྱོད་ཀྱིས་སེམས་དེ་ལྟར་བསྐྱེད་པ་ལེགས་ཀྱིས་ ད་སོང་ནས་བཅོམ་ལྡན་འདས་ལ་གསོལ་ཏེ་བྱའོ་ཞེས་སྨྲས་ནས། དགེ་སློང་མ་ཨུཏྤ་ལའི་ཁ་དོག་མ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ དགེ་སློང་མ་ཨུཏྤ་ལའི་ཁ་དོག་མས་བཅོམ་ལྡན་འདས་ལ་བཙུན་པ་ཁྱིམ་བདག་བྱིན་པ་ཞེས་བྱ་བའི་བུ་མོ་ཆོས་སྦྱིན་ཞེས་བགྱི་བ་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོར་འཚལ་ན། དེ་ཁྱིམ་བདག་རི་དགས་སྒྲའི་བུ་ས་ ག་ཞེས་བགྱི་བ་ལ་སྩལ་ནས། ཁྱིམ་བདག་བྱིན་པ་དེས་མ་གནང་བའི་སྟེང་དུ་རྟག་ཏུ་བསྲུངས་ཤིང་སླད་རོལ་དུ་འབྱུང་དུ་མ་སྟེར་ཏོ་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་མ་དག་ལ་འདི་སྐད་ སྨྲོས་ཤིག །ཁྱིམ་བདག་བྱིན་པའི་བུ་མོ་ཆོས་སྦྱིན་མ་ཞེས་བྱ་བ་ཁྱིམ་དེ་ཉིད་དུ་ཨུཏྤ་ལའི་ཁ་དོག་མ་ཕྲིན་པར་གཏང་གིས་སྐྱབས་སུ་འགྲོ་བ་གསུམ་དང་། བསླབ་པའི་གཞི་ལྔ་བྱིན་ལ་གནས་དེ་ཉིད་དུ་རབ་ཏུ་དབྱུང་བར་ངས་གནང་ངོ་། །བཙུན་པ་དེ་ལྟར་བགྱིའོ་ཞེས་གསོལ་ནས། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ་དགེ་སློང་མ་རྣམས་ལ་བསྒོའོ། །དགེ་སློང་མའི་དགེ་འདུན་མས་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མ་ལ་བསྒོ་སྟེ་ཕྲིན་པར་གཏང་ངོ་། །དེ་དེར་སོང་ནས་བུ་མོ་བཅོམ་ལྡན་འདས་ཀྱིས་ཀྱང་གནང་བར་བཀའ་སྩལ་ཏོ། ། དགེ་སློང་མའི་དགེ་འདུན་གྱིས་ཀྱང་སྐྱབས་སུ་འགྲོ་བ་གསུམ་དང་། དགེ་བསྙེན་མའི་བསླབ་པའི་གཞི་ལྔ་ཡང་བྱིན་ནོ། །ཁྱོད་རབ་ཏུ་བྱུང་སྟེ་བསླབ་པ་བཅུའི་གཞི་ཡང་བྱིན་གྱིས་འདི་དང་འདི་དག་ནི་འདི་ལྟར་བསླབ་པའི་གནས་ནས་འབྱུང་བ་བཞིན་དུ་ཟུང་ལ་བསྡམ་པར་གྱིས་ཤིག་ཅེས་ སྨྲས་པ་དང་། དེ་རབ་ཏུ་དགའ་བ་སྐྱེས་སོ། །དེ་ནས་རབ་ཏུ་དགའ་བ་སྐྱེས་པ་དང་། དགེ་སློང་མ་ཨུཏྤ་ལའི་ཁ་དོག་མས་འཕགས་པའི་བདེན་པ་བཞི་ཡང་དག་པར་རྟོགས་པར་འགྱུར་བ་དེ་ལྟ་བུ་བཤད་ནས་ཆོས་སྦྱིན་མས་ཐོས་མ་ཐག་ཏུ་འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་གྱེན་དུ་ བྱུང་བ་རྡོ་རྗེ་ཡེ་ཤེས་ཀྱིས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །དེ་ནས་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་སོང་སྟེ། དགེ་སློང་མ་དག་ལ་འདི་སྐད་ཅེས་བསྒོ་ཤིག ། ཆོས་སྦྱིན་མ་གནས་དེ་ཉིད་དུ་ཨུཏྤ་ལའི་ཁ་དོག་མ་ཕྲིན་པར་ཐོང་ལ་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་གི་བསླབ་པ་བྱིན་ཅིག་ཅེས་བཀའ་སྩལ་པ་དང་། བཙུན་པ་དེ་ལྟར་བགྱིའོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ་དགེ་སློང་ མ་རྣམས་ལ་བསྒོའོ། །དགེ་སློང་མའི་དགེ་འདུན་གྱིས་ཨུཏྤ་ལའི་ཁ་དོག་མ་བསྒོས་ཏེ་ཕྲིན་པར་གཏང་ངོ་། །དེ་དེར་སོང་ནས་བུ་མོ་དགེ་སློང་མའི་དགེ་འདུན་རྣམས་ཀྱིས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་བསླབ་པའི་སྡོམ་པ་བྱིན་ཏེ། ཁྱོད་ནི་དགེ་སློང་མར་གྱུར་གྱིས་ འདི་དང་འདི་ནི་ཁྱོད་ཀྱིས་བྱོས་ཤིག །ཇི་ལྟར་བསླབ་པའི་གཞི་བཅས་པ་བཞིན་དུ་བསྡམ་པར་གྱིས་ཤིག །དེ་ནས་དེ་ལྟ་བུའི་ཆོས་བཤད་པ་ཐོས་པ་དང་། ཆོས་སྦྱིན་མས་ལན་གཅིག་ཕྱིར་ལྡོག་པའི་འབྲས་བུ་མངོན་དུ་བྱས་སོ། །དེ་ལྟར་ཆོས་སྦྱིན་མས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འབྲང་ བའི་ཆོས་དྲུག་གི་བསླབ་པ་དག་བསླབས་པ་དེ་ན་དེ་གཞོན་ནུ་མར་གྱུར་ཏོ། །དེ་གཟུགས་གཞོན་ཞིང་བཟང་མོ་ལ་ནང་གི་སྐྱེ་བོ་ཐམས་ཅད་ཀྱིས་ཡིད་དགའ་ཞིང་ཕྱི་ཕྱིར་ཞིང་ལྟའོ། །དེ་ནས་ཁྱིམ་བདག་རི་དགས་སྒྲས་བུ་མོ་ཆོས་སྦྱིན་དེ་གཞོན་ནུར་གྱུར་པ་ཐོས་པ་དང་། དེས་ཁྱིམ་བདག་བྱིན་ པ་ལ་མཛའ་བོ་ཁྱེའུ་ཡང་གཞོན་ནུར་གྱུར་བུ་མོ་ཡང་གཞོན་ནུར་ན་ཉི་མ་ནམ་བཟང་བ་བརྟགས་ནས་ཁྱེའུ་ཡི་ཆུང་མར་བླང་ངོ་ཞེས་སྤྲིང་བ་དང་། དེས་མཛའ་བོ་ལེགས་ཀྱིས་དེ་ལྟར་བྱའོ་ཞེས་ལན་སྤྲིང་ངོ་། ཁྱིམ་བདག་བྱིན་པས་ལྟས་མཁན་དག་བསོགས་ཏེ། ཀྱེ་བུ་མོ་འདི་ནམ་བག་ མར་བཏང་ན་རུང་བ་རྟོགས་ཤིག་ཅེས་བྱས་པ་དང་། དེ་དག་གིས་ཡིད་མཐུན་པར་བརྩིས་ཏེ་བག་མར་གཏང་བའི་ཉི་མ་བསྟན་ཏོ། །དེ་བཞིན་དུ་ཁྱིམ་བདག་རི་དགས་སྒྲས་ཀྱང་བག་མ་བླང་བའི་ཞག་བསྟན་ཏོ། །དེ་ནས་ཁྱིམ་བདག་བྱིན་པས་མཛའ་བོ་དང་། ཕུ་ནུ་དང་། གཉེན་དག་གི་གནས་སུ་དུས་འདི་ཙམ་ན་བུ་མོ་ཆོས་སྦྱིན་མ་བག་མར་གཏང་བར་བྱ་སྟེ། ཕུ་ནུ་དང་གཉེན་འཁོར་དང་ཆས་ཏེ་གྲོགས་བྱེད་པའི་ཕྱིར་ཤོག་ཤིག་ཅེས་ཡི་གེ་སྤྲིང་ངོ་། །དེ་ནས་ཁྱིམ་བདག་རི་དགས་སྒྲས་ཀྱང་མཛའ་བོ་དང་ཕུ་ནུ་དང་། གཉེན་རྣམས་ལ་དེ་བཞིན་དུ་ཡི་གེ་སྤྲིང་ངོ་། ། ཁྱིམ་བདག་དེ་གཉིས་ཀྱི་སྐྱེ་བོ་དང་། འཁོར་དག་རྒྱ་ཆེར་གནས་ནས་མཛའ་བོ་དང་། ཕུ་ནུ་དང་། གཉེན་རྣམས་ལྷགས་པས་མཉན་དུ་ཡོད་པའི་ནང་ཐམས་ཅད་གང་ངོ་། །ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ནང་གི་བཙུན་མོ་དང་། གཞོན་ནུ་དང་། བློན་པོ་དང་། སྐྱེ་བོ་མང་པོ་ དང་། ལྗོངས་དག་གི་མིས་ཁྱིམ་བདག་བྱིན་པའི་བུ་མོ་རི་དགས་སྒྲ་ལ་བྱིན་ཏེ། དེ་བག་མར་ལེན་པར་བྱེད་ཅིང་དེ་དག་གི་གནས་ནས་མཛའ་བོ་དང་། ཕུ་ནུ་དང་། གཉེན་རྣམས་དང་། སྐྱེ་བོ་མང་པོ་དག་ལྷགས་སོ་ཞེས་ཐོས་སོ། །དེས་བློན་པོ་ལ་ཀྱེ་ཁྱེད་ཀྱིས་ཀྱང་དེ་གཉིས་ཀྱི་གྲོགས་ གྱིས་ཤིག་པར་བསྒོའོ། །དེ་དག་གིས་ཀྱང་གནས་གནས་ཀྱི་དབང་པོ་རྣམས་དང་། རྒྱལ་པོའི་རིགས་སུ་གཏོགས་པ་རྣམས་ལ་སོ་སོར་གང་གི་ཡུལ་ན་ཡོ་བྱད་ཅི་ཡོད་པ་རྣམས་དེང་བདག་གིས་ཁྱེར་ཏེ་འདུས། འདི་ན་ཀུན་ཕྱིན་པར་འདུས་ཤིག་ཅེས་ཡི་གེ་སྤྲིང་ངོ་། །དེ་དག་གིས་ ཀྱང་དེ་ལྟར་ཐོས་མ་ཐག་ཏུ་བདག་གིས་འབྱོར་བ་རྣམས་སྦྱར་ཏེ་མཉན་དུ་ཡོད་པར་ལྷགས་སོ། །དེ་ནས་སེམས་ཅན་མང་པོ་བརྒྱ་སྟོང་ཡང་འདུས་ཏེ། དེ་ནས་བློན་པོ་རྣམས་ཀྱིས་མཉན་དུ་ཡོད་པའི་སྐྱེད་མོས་ཚལ་དང་། ཉེ་བའི་ཚལ་དང་། དེའི་འཁོར་དུ་བཅས་པ་ཐམས་ཅད་ཕྱི་བདར་ བྱས། རྡོ་དང་། གྱོ་མོ་དང་བོང་བ་དག་ཕྱགས་ནས་མེད་པར་བྱས་སོ། །ཙན་དན་གྱི་ཆུས་ནི་ཆག་ཆག་བཏབ། བདུག་སྤོས་ཞིམ་པོའི་པོག་ཕོར་ད་སྦྱངས་ཏེ། གཡས་གཡོན་དུ་བཞག །འཕན་དང་རྒྱལ་མཚན་བསྒྲེངས་ནས། དར་གྱི་ལྡ་ལྡི་དཔྱངས། མེ་ཏོག་རྣམ་པ་སྣ་ཚོགས་ ཀྱིས་བཀྲམ། ཡིད་དུ་འོང་བའི་ལྷ་རྣམས་ཀྱི་དགའ་བའི་ཚལ་དང་། སྐྱེད་མོས་ཚལ་བཞིན་ནོ། །དེ་ནས་ཆོས་སྦྱིན་མས་ཡོ་བྱད་སྦྱར་བ་རྣམས་མཐོང་ནས་ནང་གི་སྐྱེ་བོ་དག་ལ་ཀྱེ་དུས་མ་ཡིན་པའི་དུས་སྟོན་འདི་ཅི་ཞིག་ཡིན་ཞེས་སྨྲས་པ་དང་། དེ་དག་གིས་ཁྱོད་ཀྱིས་སྔོན་གྱི་ལེགས་པའི་ ཚོགས་རྣམ་པར་བསགས་པའི་མཐུས་ན་དུས་ལ་མ་བབ་པའི་དུས་སྟོན་ཆེན་པོ་བྱས་ཏེ། ཁྱོད་བག་མར་གཏང་བའི་ཕྱིར་དུས་ལ་མ་བབ་པའི་དུས་སྟོན་ཆེན་པོ་བྱས་ཏེ། དེ་དག་ཉེ་བར་འོངས་སོ་ཞེས་སྨྲས་པ་དང་། དེས་ཐོས་ནས་སྐྲག་སྟེ་ཕའི་རྐང་པ་ལ་ཕྱག་འཚལ་ཏེ། ཡབ་བདག་ འདོད་པ་འཚལ་བ་ནི་མ་ལགས་ན་རྒྱལ་པོའི་ཀུན་དགའ་ར་བ་ཞེས་བགྱི་བ་དགེ་སློང་མའི་དབྱར་མོ་ཁང་དུ་མཆིར་ཅི་གནང་ཞེས་སྨྲས་པ་དང་། དེས་སྨྲས་པ། བུ་མོ་ཁྱོད་མ་སྐྱེས་པར་ཁྱིམ་བདག་རི་དགས་སྒྲའི་བུ་ས་ག་ལ་བྱིན་པས། ད་ནི་ང་ལ་དབང་མེད་དོ། །ཁྱོད་ཀྱི་ཁྱིམ་ཐབ་དེ་ཡིན་ ཏེ། དེ་ལྟ་བུར་ནི་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དང་། ནང་གི་བཙུན་མོ་དང་གཞོན་ནུ་དང་། བྲན་ཕོ་དང་། བྲན་མོ་དང་། སྐྱེ་བོ་མང་པོ་དང་། ཡུལ་སོ་སོ་ནས་ལྷགས་པའི་སྐྱེ་བོ་མང་པོ་དག་ཀྱང་ཤེས་ན་ངས་ཁྱོད་ད་ཇི་ལྟར་གནང་བར་བྱ། ཅི་བདག་མཛའ་བོ་དང་། ཕུ་ནུ་ དང་། །གཉེན་རྣམས་བཙོན་རར་བཅུག་སྟེ་འཆི་བར་འདོད་དམ། ཁྱོད་ནི་སང་བག་མར་འགྲོ་བ་ལྟར་གྱིས་ཤིག །མཛའ་བོ་དང་། བདག་གི་མི་དང་། གཉེན་དང་། སྐྱེ་བོ་མང་པོ་དག་ཀྱང་འདིར་འདུས་ན། དེ་སྐད་མ་ཟེར་ཅིག །ཁྱོད་རབ་ཏུ་གཞོན་པས་མ་རྟོགས་ཏེ། ཚངས་པར་སྤྱོད་པ་སྤྱད་པ་ཐོང་ཤིག་ཅེས་བསྒོ་བ་དང་། དེ་བརྩོན་པས་ལམ་ཡིད་ལ་བྱེད་པ་སྒོམ་པ་ལ་ཞུགས་ན་འདོད་པ་དང་བྲལ་བར་བྱ་བའི་ཐབས་མ་རྙེད་དོ། །དེའི་བར་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་ལ་མི་མཁྱེན་པའམ། མི་གཟིགས་པའམ། མ་རིག་པའམ། རྣམ་པར་མི་རིག་པ་ཅུང་ཟད་ཀྱང་མེད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་རྗེ་ཆེན་པོ་ཅན་འཇིག་རྟེན་པ་ལ་ཕན་འདོགས་པར་འདུག་པ། སྲུང་བ་གཅིག་པུ་དཔའ་བོ་གཅིག་པུ། གཉིས་སུ་མེད་པ་གཉིས་སུ་མ་ཡིན་པར་གསུང་བ་ཞི་གནས་དང་ལྷག་མཐོང་གིས་ གནས་པ། འདུལ་བའི་དངོས་པོ་གསུམ་ལ་མཁས་པ་ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་ཀྱི་མཐིལ་ལ་རབ་ཏུ་རྟག་པ། མི་འཇིགས་པ་བཞིས་བསྙེངས་པ་མེད་པ། ཡན་ལག་ལྔ་རྣམ་པར་སྤངས་པ། སྐྱེ་བ་ལྔ་ལས་ཡང་དག་པར་འདས་ པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། སྤྱད་པ་དྲུག་ལ་རྟག་ཏུ་སྤྱོད་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་བརྒྱན་པ། ལམ་ཡན་ལག་བརྒྱད་འཆང་བ། དགུ་མཐར་གྱིས་སྙོམས་པར་འཇུག་པ་ལ་མཁས་པ། སྟོབས་བཅུའི་ སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པ་རྒྱས་པར་གྲགས་པ། བརྒྱ་ཕྲག་བཅུ་ལས་དབང་སྒྱུར་བ་ཁྱད་ཞུགས་པ། མཚན་ལན་གསུམ་ཉིན་ལན་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ནས་ཡེ་ཤེས་ཀྱི་མཐོང་བ་ལ་འཇུག་སྟེ། གང་འགྲིབ། གང་འཕེལ། གང་སྡུག་བསྔལ་བར་གྱུར། གང་དོག་པར་གྱུར། གང་གནོད་པར་གྱུར། གང་དཀའ་བ་དང་། དོག་པ་དང་། གནོད་པར་གྱུར། གང་ངན་སོང་ལ་གཞོལ། གང་ངན་སོང་ལ་འབབ། གང་ངན་སོང་ལ་རབ་ཏུ་བབ། གང་ངས་ངན་སོང་ནས་ཕྱུང་སྟེ། མཐོ་རིས་དང་ཐར་པ་ལ་རབ་ཏུ་ གཞག་པར་བྱ། གང་དགེ་བའི་རྩ་བ་མ་སྐྱེས་པ་རྣམས་དགེ་བའི་རྩ་བ་བསྐྱེད་པར་བྱ། གང་སྐྱེས་པ་རྣམས་ཡོངས་སུ་སྨིན་པར་བྱ། གང་ཡོངས་སུ་སྨིན་པ་རྣམས་རྣམ་པར་གྲོལ་བར་བྱ་སྙམ་དུ་གཟིགས་སོ། །ཡང་སྨྲས་པ། རྒྱ་མཚོ་ཆུ་སྲིན་གནས་དེ་ནི། །དུས་ལས་གལ་ཏེ་ ཡོལ་ཀྱང་སྲིད། །འདུལ་བ་ཡི་ནི་བུ་རྣམས་ལ། །སངས་རྒྱས་དུས་ལ་འདའ་མི་མཛད། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་པ་དང་། ཆོས་ཉིད་ཀྱིས་ནམ་གྱི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེར་འཛུམ་པ་མཛད་པ་དེའི་ཚེ། ཞལ་ནས་འོད་ཟེར་ཁ་དོག་སྔོན་པོ་ དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཕྱུང་སྟེ། ཁ་ཅིག་ནི་འོག་ཏུ་དོང་། ཁ་ཅིག་ནི་སྟེང་དུ་དོང་ངོ་། །གང་འོག་ཏུ་དོང་བ་དེ་དག་གིས་ནི་ཡང་སོས་དང་། ཐིག་ནག་པོ་དང་། འཇོམས་པ་དང་། འོ་དོད་འབོད་པ་དང་། འོ་དོད་ཆེར་འབོད་པ་དང་། ཚ་བ་དང་། རབ་ཏུ་ ཚ་བ་དང་། མནར་མེད་པ་དང་། ཆུ་བུར་ཅན་དང་། ཤིན་ཏུ་ཆུ་བུར་ཅན་དང་། ཨ་ཧ་ཧ་དང་། ཧ་ཧ་བ་དང་། ཧུ་ཧུ་བ་དང་། ཨུཏྤ་ལ་ལྟ་བུ་དང་། པད་མོ་ལྟ་བུ་དང་། པད་མོ་ཆེན་པོ་ལྟ་བུ་དག་གི་སེམས་ཅན་དམྱལ་བར་སོང་ནས་གང་ཚ་བའི་སེམས་ཅན་དམྱལ་བ་དེར་བབ་ན་ནི་བསིལ་བར་ གྱུར། གང་གྲང་བའི་སེམས་ཅན་དམྱལ་བ་དེར་བབ་ན་ནི་དྲོ་བར་གྱུར་ཏེ། དེས་སེམས་ཅན་དེ་དག་གི་སྡུག་བསྔལ་གྱི་ཁྱད་པར་སླར་བདེ་བར་གྱུར་པས་དེ་དག་འདི་སྙམ་དུ་སེམས་སོ། །ཀྱེ་ཅི་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་ཞིག་ཏུ་སྐྱེས་སྙམ་མོ། །དེ་དག་དད་པ་ བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྲུལ་པ་དེར་བཏང་ངོ་། །དེ་དག་སྤྲུལ་པ་མཐོང་ནས་དེ་དག་འདི་སྙམ་དུ་སེམས་སོ། །ཀྱེ་བདག་ཅག་ནི་ཚེ་འདི་ལས་འཆི་འཕོས་པའམ། གཞན་དུ་སྐྱེས་པ་ནི་མ་ཡིན་མོད་ཀྱི་སྔོན་ཆད་མ་མཐོང་བའི་སེམས་ཅན་འདིའི་མཐུས་ན་བདག་ཅག་གི་སྡུག་ བསྔལ་གྱི་ཁྱད་པར་བདེ་བར་གྱུར་ཏོ། །སྙམ་ནས། དེ་དག་སྤྲུལ་པ་ལ་མངོན་པར་སེམས་དད་པ་ལས་དེ་དག་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་ལས་ཟད་ནས་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་འགྱུར་བ་དེར་ལྷ་དང་མིའི་ཕྱིར་གྱི་མཚམས་ལེན་ཏོ། །གང་སྟེང་གི་ཕྱོགས་སུ་དོང་བ་དེས་ ནི་རྒྱལ་ཆེན་བཞིའི་རིས་དང་། སུམ་བཅུ་རྩ་གསུམ་དང་། མཚེ་མའི་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་སྣང་དང་། དགེ་ཆུང་གནས་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་འཕེལ་དང་། འབྲས་བུ་ཆེ་དང་། མི་ཆེ་དང་། མི་གདུང་དང་། ཤིན་ཏུ་སྣང་དང་། གྱ་ནོམ་མཐོང་དང་། འོག་མིན་གནམ་གྱི་ལྷ་དག་གི་དྲུང་དུ་སོང་ནས། མི་རྟག་པ་དང་། སྡུག་བསྔལ་དང་། སྟོང་པ་དང་། བདག་ མེད་པའོ་ཞེས་སྒྲ་འབྱིན་ཅིང་ཚིགས་སུ་བཅད་པ་གཉིས་ཀྱང་བརྗོད་དོ། །འབྱུང་བ་ལ་ནི་བཙལ་བར་བྱོས། །སངས་རྒྱས་བསྟན་ལ་ནན་ཏན་གྱིས། །འཆི་བདག་སྡེ་རྣམས་གཞོམ་པ་ནི། །བལ་གླང་དག་གིས་རྩྭ་ཁྱིམ་བཞིན། །ཆོས་ཀྱི་འདུལ་བ་འདི་ལ་གང་། །བག་ཡོད་པ་རུ་ སུ་སྤྱོད་པ། །སྐྱེ་བ་འཁོར་བ་སྟོང་པ་སྟེ། །སྡུག་བསྔལ་བ་ཡི་མཐར་བྱེད་འགྱུར། །དེ་ནས་འོད་ཟེར་དེ་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་ཁམས་བསྐོར་ནས་བཅོམ་ལྡན་འདས་ཀྱི་སྣམ་གྱི་ཕྱི་བཞིན་འབྲང་ཞིང་འོང་ངོ་། །དེ་སྟེ་བཅོམ་ལྡན་འདས་ཀྱིས་འདས་པ་ལ་ལུང་བསྟན་ པར་བཞེད་ན་ནི་བཅོམ་ལྡན་འདས་ཀྱི་སྣམ་དུ་མི་སྣང་བར་འགྱུར་རོ། །མ་འོངས་པ་ལ་ལུང་བསྟན་པར་བཞེད་ན་ནི་མདུན་དུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་བསྟན་པར་བཞེད་ན་ནི་ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །བྱོལ་སོང་དུ་སྐྱེ་བར་ལུང་བསྟན་ པར་བཞེད་ན་ནི་ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དགས་སུ་སྐྱེ་བར་ལུང་བསྟན་པར་བཞེད་ན་ནི་ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་བསྟན་པར་བཞེད་ན་ནི་པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་ པོར་ལུང་བསྟན་པར་བཞེད་ན་ནི་ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་ལུང་བསྟན་པར་བཞེད་ན་ནི་ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་བསྟན་པར་བཞེད་ན་ནི་ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ ཐོས་ཀྱི་བྱང་ཆུབ་ཏུ་ལུང་བསྟན་པར་བཞེད་ན་ནི་ཞལ་གྱི་ནང་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་བསྟན་པར་བཞེད་ན་ནི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བཞེད་ན་ནི་གཙུག་ཏོར་གྱི་ནང་ དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་དེ་དག་བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཞལ་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། རྣམ་པ་སྣ་ཚོགས་ཁ་དོག་སྟོང་ གིས་བརྒྱན། །ཞལ་གྱི་ནང་ནས་མང་པོ་འབྱུང་བ་དག །ཐམས་ཅད་ཕྱོགས་སུ་གང་གིས་སྣང་མཛད་པ། །སྣང་བྱེད་ཤར་བས་ཇི་ལྟར་དེ་བཞིན་ནོ། །ཡང་ཚིགས་སུ་བཅད་དེ་སྨྲས་པ། འཕྱར་བ་མེད་ཅིང་མི་དགའ་དྲེགས་སྤངས་པ། །སངས་རྒྱས་སྐྱེ་བོ་མཆོག་གི་རྒྱུར་གྱུར་ ཏེ། །རྒྱུ་མ་མཆིས་པར་དུང་དཀར་པད་མའི་རྩ། །མགོན་པོ་བརྟན་པ་རྒྱ་མཚོ་རི་བོ་བཞིན། །རྒྱུ་མེད་པར་ནི་སངས་རྒྱས་བཞད་མི་མཛད། །འཛུམ་པ་མི་སྟོན་རྒྱལ་བ་དགྲ་ཕམ་མཛད། །དེ་ཚེ་ཉིད་ཀྱིས་རྟོགས་ཤིང་བསྟན་པའི་བློ། །ཉན་པ་རྒྱལ་དབང་ལས་ནི་ཐོས་པར་འཚལ། ། ཐུབ་པ་ཁྱུ་མཆོག་བརྟན་ཚིག་དམ་པས་ནི། །ཐེ་ཚོམ་སྐྱེས་པ་མཆོག་གིས་བསལ་བར་མཛོད། །བརྟན་པས་གང་གིས་ཕྱིར་ནི་འཛུམ་བསྟན་པ། །སྐྱེ་བོ་མང་པོ་འདི་དག་ཐོས་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དེ་བཞིན་ནོ། །ཀུན་དགའ་བོ་རྒྱུ་མེད་རྐྱེན་ མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ་ཁྱོད་ཀྱིས་བུ་མོ་ཆོས་སྦྱིན་མ་ལ་དགེ་སློང་མའི་དགེ་འདུན་དང་ངའི་བཀས་དགེ་སློང་མ་ཨུཏྤ་ལའི་ཁ་དོག་མ་ཕྲིན་པར་བཏང་སྟེ། སྐྱབས་སུ་འགྲོ་བ་ གསུམ་ནས་རིམ་བཞིན་དུ་རབ་ཏུ་ཕྱུང་ལ་ལོ་གཉིས་ཀྱི་བར་དུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་ཡང་བྱིན་ནོ། །དེ་ནི་སང་བག་མར་གཏོང་སྟེ། དེའི་ཕྱིར་སྐྱེ་བོ་མང་པོ་འདུས་པ་རྣམས་མཐོང་ངམ། བཙུན་པ་མཐོང་ངོ་། །ཀུན་དགའ་བོ་བུ་མོ་ དེ་སླར་ཁྱིམ་དུ་མི་མོར་གནས་པའི་སྐབས་མ་ཡིན། གནས་མ་ཡིན་ཏེ། དགའ་བར་བྱ་བའི་ཕྱིར་འདོད་པའི་ལོངས་སྤྱོད་ལ་ཡོངས་སུ་སྤྱད་པའི་གནས་སུ་འདི་མི་འགྱུར་གྱི་འདི་ནི་ད་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་སྟེ་དགྲ་བཅོམ་པ་མངོན་དུ་བྱེད་པར་འགྱུར་རོ། །ཀུན་ དགའ་བོ་སོང་སྟེ་དགེ་སློང་མ་རྣམས་འདི་ལྟར་ཆོས་སྦྱིན་མས་ནི་ལོ་གཉིས་ཀྱི་བར་དུ་ཆོས་དྲུག་དང་རྗེས་སུ་འབྲང་བའི་ཆོས་དྲུག་གི་བསླབ་པ་བསླབས་ཟིན་གྱིས་དེ་ད་ཨུཏྤ་ལའི་ཁ་དོག་མ་ཕྲིན་པར་ཐོང་ལ་དེ་ཚངས་པར་སྤྱད་པ་སྐྱེད་པའི་སྡོམ་པ་བྱིན་ཅིག་པར་བསྒོ་ཤིག །བཙུན་པ་ དེ་བཞིན་དུ་འཚལ་ལོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ་དགེ་སློང་མ་དག་ལ་བསྒོ་བ་དང་། དགེ་སློང་མའི་དགེ་འདུན་གྱིས་ཀྱང་ཨུཏྤ་ལའི་ཁ་དོག་མ་ཕྲིན་པར་བསྒོས་ཏེ་བཏང་ངོ་། །དེ་སོང་ནས་བུ་མོ་ཁྱོད་ནི་དགེ་སློང་མའི་དགེ་འདུན་གྱིས་ ཚངས་པར་སྤྱད་པ་སྐྱེད་པའི་སྡོམ་པ་གནང་གིས་ད་ནི་ཁྱོད་བསྙེན་པར་རྫོགས་པར་བྱའོ། །ཅི་ནས་འདི་ལྟ་བུའི་ཆོས་བཤད་པ་དེས་ཐོས་མ་ཐག་ཏུ་སླར་མི་ལྡོག་པའི་འབྲས་བུ་མངོན་དུ་བྱས་ནས་རྫུ་འཕྲུལ་བསྒྲུབས་སོ། །ཨུཏྤ་ལའི་ཁ་དོག་མ་སོང་ནས་བཅོམ་ལྡན་ འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་སྟེ། དགེ་སློང་མ་དག་ལ་འདི་ལྟར་ངས་གནང་གིས་དགེ་འདུན་སྡེ་གཉིས་ཀྱིས་ཨུཏྤ་ལའི་ཁ་དོག་མ་ཕྲིན་པར་ཐོང་སྟེ། བུ་མོ་ཆོས་སྦྱིན་མ་བསྙེན་པར་རྫོགས་པར་ གྱིས་ཤིག་ཅེས་བསྒོ་ཤིག། །བཙུན་པ་དེ་ལྟར་འཚལ་ལོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ་དགེ་སློང་མ་དག་ལ་བསྒོའོ། །དགེ་སློང་མའི་དགེ་འདུན་གྱིས་དགེ་འདུན་སྡེ་གཉིས་ཀ་བསྡུས་ཏེ་ཆོས་སྦྱིན་མ་ཁྱིམ་དེ་ན་འདུག་བཞིན་དུ་ཨུཏྤ་ལའི་ཁ་ དོག་མ་ལས་ཕྲིན་གྱིས་བསྙེན་པར་རྫོགས་པར་བྱས་ཏེ་ཨུཏྤ་ལའི་ཁ་དོག་མ་སོང་སྟེ། དེ་ལ་ཁྱོད་ནི་བཅོམ་ལྡན་འདས་ཀྱིས་གནང་སྟེ། དགེ་འདུན་སྡེ་གཉིས་ཀྱིས་བསྙེན་པར་རྫོགས་པར་བྱས་སོ་ཞེས་བསྒོའོ། །འདི་ལྟ་བུའི་ཆོས་ཀྱང་བཤད་དེ་དེ་ཐོས་པས་ན་དགེ་སློང་མ་ཆོས་ སྦྱིན་མས་འཁོར་བའི་འཁོར་ལོ་དུམ་བུ་ལྔ་པོ་འདི་གཡོ་བ་དང་མི་གཡོ་བར་ཤེས་ཏེ། འདུས་བྱས་ཀྱི་ངོ་བོ་ཐམས་ཅད་འཇིག་པ། ལྟུང་བ་རྣམ་པར་འགྱེས་པ། རྣམ་པར་ཞིགས་པའི་ཆོས་ཉིད་ཀྱིས་རབ་ཏུ་བཅོམ་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་མངོན་དུ་བྱས་ ནས་དགྲ་བཅོམ་པར་གྱུར་ཏེ་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། གསེར་དང་བོང་བ་འདྲ་བ། ནམ་མཁའ་ལ་ལག་མཐིལ་ཆགས་པ་མེད་པ་དེ་བཞིན་དུ་མཉམ་པའི་སེམས་སྟེའུ་དང་ཙན་དན་དུ་འདྲ་བ་རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་། སོ་སོར་རིག་པ་རྣམས་ཐོབ་པ་སྲིད་པའི་འདོད་པ་ལ་ཆགས་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས། དབང་པོ་དང་ཉེ་དབང་པོ་དང་ལྷར་བཅས་པ་རྣམས་ཀྱིས་མཆོད་པ་དང་། ཕྱག་བྱ་བ་དང་། ཚིག་གིས་སྙན་པ་རྗོད་པར་གྱུར་ཏོ། །དགྲ་བཅོམ་པའི་དགེ་སློང་མ་ཟག་པ་ཟད་པ་ ཁྱིམ་པར་ཁྱིམ་ན་གནས་པའི་སྐབས་མ་ཡིན་གནས་མ་ཡིན་ཏེ། དགའ་བར་བྱ་བའི་ཕྱིར་འདོད་པའི་ལོངས་སྤྱད་པ་ཡོངས་སུ་སྤྱོད་པའི་གནས་མ་ཡིན་ནོ། །ནམ་ཆོས་སྦྱིན་མ་དགྲ་བཅོམ་པ་མངོན་དུ་བྱས་པ་དང་དེའི་ཚེ་ཕ་མ་ལ་ཡབ་དང་ཡུམ་བདག་གིས་ནི་དགྲ་བཅོམ་པ་མངོན་དུ་བགྱིས་ཀྱིས་ རྒྱལ་པོའི་ཀུན་དགར་དགེ་སློང་མའི་དབྱར་མོ་ཁང་དུ་མཆི་ན་གནང་བར་མཛོད་ཅིག་ཅེས་སྨྲས་པ་དང་། ཁྱིམ་བདག་བྱིན་པ་དང་། ཆུང་མ་དང་གཉིས་གྲོས་བྱས་ནས་བུ་མོ་དེ་ལྟར་ན་བདག་ཅག་ལ་རྒྱལ་པོས་གྱོད་རྨས་པར་མི་འགྱུར་རམ། དེ་ལ་རིམ་བཞིན་དུ་བྱས་ཏེ་བཅོམ་ལྡན་འདས་ དང་ལྷན་ཅིག་ཏུ་སོང་ཤིག་ཅེས་སྨྲས་པ་དང་། དེས་སྨྲས་པ་ལེགས་ཀྱིས་དེ་ལྟར་བགྱིའོ། །དེ་ནས་ཁྱིམ་བདག་བྱིན་པས་སངས་རྒྱས་བཅོམ་ལྡན་འདས་ལ་སོགས་ཏེ་དགེ་སློང་གི་དགེ་འདུན་དག་ཁྱིམ་དུ་སྤྱན་དྲངས་ཏེ། ཁྱིམ་བདག་རི་དགས་སྒྲ་ལ་མཛའ་བོ་བུ་མོ་ཆོས་སྦྱིན་མ་ནི་ ཁྱིམ་དུ་གནས་སུ་མི་བཏུབ་སྟེ། རབ་ཏུ་འབྱུང་དུ་གདོན་མི་ཟས་ཚུར་ཤོག་ལ། དེ་ནན་གྱིས་བླང་བར་གྱིས་ཤིག་ཅེས་སྤྲིང་ངོ་། །ཁྱིམ་བདག་རི་དགས་སྒྲས་ཀྱང་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་གསོལ་ནས། མཛའ་བོ་དང་། ཕུ་ནུ་དང་། གཉེན་དང་། སྐྱེ་བོ་མང་པོ་དག་ སྡུད་པ་ལ་ཞུགས་སོ། །ཁྱིམ་བདག་བྱིན་པས་དེའི་ནུབ་མོ་གཙང་ཞིང་བསོད་པའི་བཟའ་བ་དང་། བཅའ་བ་དག་སྦྱར་ནས། ནང་པར་སྔར་ལངས་ཏེ་གདན་བཏིང་ཆུ་བུམ་པ་བཀང་སྟེ་བཞག །བཅོམ་ལྡན་འདས་ལ་སྤྱན་འདྲེན་པས་བཙུན་པ་བཤོས་ཀྱང་ལགས་གདུགས་ཚོད་ ལ་ཡང་བབ་ན་བཅོམ་ལྡན་འདས་ད་དུས་ལ་བབ་པར་དགོངས་ཤིག་ཅེས་དུས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ན་ཤམ་ཐབས་གསོལ་ལྷུང་བཟེད་དང་། ཆོས་གོས་བསྣམས་ཏེ། དགེ་སློང་མང་པོ་དག་གིས་བསྐོར། དགེ་སློང་གི་དགེ་འདུན་གྱིས་མདུན་ དུ་བྱས་ནས་ཁྱིམ་བདག་བྱིན་པའི་ཁྱིམ་གང་ན་བ་དེར་གཤེགས་སོ། །དེར་ཕྱིན་པ་དང་། དགེ་སློང་གི་དགེ་འདུན་གྱི་མདུན་དུ་སྟན་བཏིང་བ་ལ་བཞུགས་སོ། །དེ་ནས་ཁྱིམ་བདག་བྱིན་པས་མཛའ་བོ་དང་། ཕུ་ནུ་དང་། གཉེན་དག་གིས་བསྐོར་ཏེ། སངས་རྒྱས་དང་། དགེ་ སློང་གི་དགེ་འདུན་དག་བདེ་བར་བཞུགས་པར་ཤེས་ནས་གཙང་ཞིང་བསོད་པའི་བཟའ་བ་དང་། བཅའ་བ་བདག་ཉིད་ཀྱི་ལག་གིས་དར་ཏེ་ཚིམ་པ་དང་། ཡང་དག་པར་བསྟབས་སོ། །དེའི་སྐབས་སུ་ཁྱིམ་བདག་རི་དགས་སྒྲས་མཛའ་བོ་དང་། ཕུ་ནུ་དང་། གཉེན་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་ཁྱེར་པ་དང་། ལྗོངས་ཀྱི་སྐྱེ་བོ་མང་པོ་དང་། ལྷན་ཅིག་བུ་ས་ག་བསྲུང་བ་དང་། བཀྲ་ཤིས་དང་ཞི་བ་དག་བྱས་ཏེ་བག་མ་ལེན་པར་ཆས་ཏེ་ཁྱིམ་བདག་བྱིན་པའི་སྒོ་དྲུང་ཉིད་ལ་འཁོད་དོ། །ཁྱིམ་བདག་བྱིན་པས་སངས་རྒྱས་དང་ དགེ་སློང་གི་དགེ་འདུན་ལ་བདག་ཉིད་ཀྱི་ལག་ནས་དར་ཏེ་ཚིམ་པར་བྱས། ཡང་དག་པར་བསྟབས་ནས། བཅོམ་ལྡན་འདས་བཤོས་གསོལ་ནས། ཕྱག་བཅབས་ལྷུང་བཟེད་བླངས་པར་ཤེས་ནས་སྟན་དམའ་བ་ཞིག་བཏིང་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་ ཉན་པའི་ཕྱིར་མཛའ་བོ་དང་། ཕུ་ནུ་དང་། གཉེན་དུ་བཅས་ཏེ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་བྱིན་པ་མཛའ་བོ་དང་། ཕུ་ནུ་དང་། གཉེན་དག་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་བསྐུལ། ཡང་དག་པར་གཟེངས་བསྟོད། ཡང་དག་པར་མགུ་བར་བྱས་སོ། །ཆོས་ཀྱི་གཏམ་རྣམ་གྲངས་དུ་མར་ཡང་དག་པར་བསྟན། ཡང་དག་པར་གཟེངས་བསྟོད། མགུ་བར་བྱས་ཏེ་གདན་ལས་བཞེངས་ནས་བཞུད་དོ། །དགེ་སློང་མ་ཆོས་སྦྱིན་མ་ཡང་ཁམས་གསུམ་གྱི་གཉེན་པོ་ཐོབ། མི་འཇིགས་པ་ཐོབ་བོ། །དེ་ དག་བག་མར་བླང་བའི་དུས་ལ་བབ་ནས་ཁྱིམ་བདག་རི་དགས་སྒྲའི་བུ་ས་གས་ཀྱང་མཛའ་བོ་དང་། ཕུ་ནུ་དང་། གཉེན་དང་། གཞོན་ནུ་དང་། བློན་པོ་དང་། གྲོང་ཁྱེར་པ་དང་། ལྗོངས་ཀྱི་སྐྱེ་བོ་མང་པོ་དང་ལྷན་ཅིག་ཏུ་དེར་སིལ་སྙན་རྣམ་པ་སྣ་ཚོགས་པ་གསོལ་ཏོ། །ཆོས་སྦྱིན་མ་ བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྱུང་བར་འདོད་པ་དང་། དེ་ནས་ཁྱིམ་བདག་རི་དགས་སྒྲའི་བུ་ས་གས་འཕྲལ་ལ་དཔུང་པ་བརྐྱང་ནས་ཆོས་སྦྱིན་གྱི་ལག་པ་ནས་གཟུང་བར་བཤམས་པ་དང་། ཆོས་སྦྱིན་མ་སེམས་ཅན་གྲངས་མེད་པ་བརྒྱ་སྟོང་གིས་མཐོང་བཞིན་དུ་ངང་པའི་རྒྱལ་པོ་འདབ་ མ་བརྐྱང་པ་བཞིན་ནམ་མཁའ་ལ་འཕུར་ཏེ་རྣམ་པ་སྣ་ཚོགས་ཀྱི་ཆོ་འཕྲུལ་བསྟན་པ་དང་། དེ་ནས་ཁྱིམ་བདག་རི་དགས་སྒྲའི་མཛའ་བོ་དང་། ཕུ་ནུ་དང་། གཉེན་དག་དང་། གཞོན་ནུ་དང་། བློན་པོ་དང་གྲོང་ཁྱེར་པ་དང་། ལྗོངས་ཀྱི་སྐྱེ་བོ་མང་པོ་དང་། ཁྱིམ་བདག་རི་དགས་སྒྲའི་བུ་ ས་ག་དང་། གཞན་ཡང་ལྟད་མོ་ལ་ལྷགས་པའི་སེམས་ཅན་དག་ངོ་མཚར་ཆེར་གྱུར་ནས་ཤིང་རྩ་བ་ནས་བཅད་པ་བཞིན་དུ་རྐང་པ་ལ་ཕྱག་འཚལ་ནས། སྲིང་མོ་འདི་འདྲ་བའི་ཡོན་ཏན་མང་པོ་འཐོབ་ན་ཁྱོད་འདོད་ཆགས་ལ་སྤྱོད་པའི་སྐབས་མ་ཡིན་གནས་མ་ཡིན་ཏེ། བཟོད་པར་ གསོལ་ལོ་ཞེས་སྨྲས་པ་དང་། དེ་ནས་ཆོས་སྦྱིན་མ་ནམ་མཁའ་ལས་བབས་ཏེ། སྐྱེ་བོ་མང་པོ་དག་གི་མདུན་དུ་འདུག་ནས་འདི་ལྟ་བུའི་ཆོས་བཤད་དེ་སེམས་ཅན་མང་པོ་བརྒྱ་སྟོང་གིས་ཐོས་ནས་ཁྱད་པར་ཆེར་རྟོགས་ཏེ། ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་ བྱས་སོ། །ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ། ཁ་ཅིག་གིས་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་དུ་བྱས་སོ། །ཁ་ཅིག་གིས་ནི་ཉན་ཐོས་ པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུའོ། །འཁོར་དེ་དག་ལས་ཕལ་ཆེར་སངས་རྒྱས་ལ་གཞོལ་ལ། ཆོས་ལ་འབབ་དགེ་འདུན་ལ་རབ་ཏུ་བབ་པར་བཀོད་དོ། ། དེ་ནས་དགེ་སློང་མ་ཆོས་སྦྱིན་གྱིས་ཐོབ་པ་དང་། ཕུན་སུམ་ཚོགས་པ་རྙེད་སེམས་ཅན་གྱི་དོན་ཆེན་པོ་བྱས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་། །དེ་ནས་ བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་སྩལ་པ། འདི་ལྟར་ངའི་བཀའ་ཐོབ་སྟེ་བསྙེན་པར་རྫོགས་པའི་ངའི་དགེ་སློང་མ་ཉན་ཐོས་མ་ཆོས་ཀྱི་གཏམ་སྨྲ་བའི་ནང་ན་དགེ་སློང་མ་ཆོས་སྦྱིན་མ་འདི་ནི་མཆོག་ཡིན་ནོ། །དགེ་སློང་ཕ་དག་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་ གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ། བཙུན་པ་དགེ་སློང་མ་ཆོས་སྦྱིན་མས་ལས་ཅི་ཞིག་བགྱིས་ན་དེ་ཁྱིམ་ན་མཆིས་བཞིན་དུ་ཕྲིན་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོ་ཐོབ་ནས་དེ་ཉིད་དུ་དགྲ་བཅོམ་པ་མངོན་དུ་བགྱིས་ནས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་གཏམ་སྨྲ་བའི་ནང་ན་མཆོག་ཏུ་གསུངས་ཞེས་གསོལ་པ་དང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མ་ཆོས་སྦྱིན་མས་ལས་བྱས་ཤིང་བསགས་པས་ཚོགས་རྙེད་པ་དང་། རྐྱེན་སྦྱིན་པ་ནི་ཆུ་བོ་བཞིན་དུ་ཉེ་བར་གནས་ ཏེ་གདོན་མི་ཟའོ། །ཆོས་སྦྱིན་གྱིས་ལས་བྱས་ཤིང་བསགས་པ་ནི་གཞན་གྱིས་མྱོང་བར་མི་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་མི་སྨིན། ཆུའི་ཁམས་ལ་མ་ཡིན། མེའི་ཁམས་ལ་མ་ཡིན། རླུང་གི་ཁམས་ལ་མ་ ཡིན་གྱི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་འདི་ཉིད་ལ་དགེ་བ་དང་། མི་དགེ་བའི་ལས་བྱས་པ་རྣམ་པར་སྨིན་པར་འགྱུར་རོ། །ལས་རྣམས་སྟོར་བར་མི་འགྱུར་བ། །བསྐལ་པ་དག་ནི་བརྒྱ་ལོན་ཀྱང་། །དུས་དང་འཕྲོད་ནས་ཐོབ་པ་ནི། །ལུས་ཅན་རྣམས་ ལ་འབྲས་བུར་སྨིན། །དགེ་སློང་དག་སྔོན་བྱུང་བ་ན་བསྐལ་པ་བཟང་པོ་འདིའི་ཚེ་སྐྱེ་དགུའི་ཚེ་ལོ་སྟོང་ཕྲག་ཉི་ཤུ་ཐུབ་པ་ན་སྟོན་པ་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་རྐང་པར་ལྡན་པ་བདེ་ བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ་སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡུལ་འཁོར་མོ་འཇིག་གི་གྲོང་ཁྱེར་ན་བཞུགས་ཤིང་དྲང་སྲོང་གནས་ཀྱི་རི་དགས་ཀྱི་ཚལ་ན་བཞུགས་སོ། །དེའི་དུས་ན་ ཡུལ་འཁོར་མོ་འཇིག་ན་ཁྱིམ་བདག་གཞན་ཞིག་གནས་པ་དེས་རིགས་དང་མཉམ་པ་ལས་ཆུང་མ་བླངས་ཏེ་དེ་དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་ལ་རྩེ་དགའ་ཡོངས་སུ་སྤྱད་པ་དང་། དེ་དུས་ཕྱི་ཞིག་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏེ། དེ་ཟླ་བ་བརྒྱད་དམ་ དགུ་འདས་པ་དང་། དེ་ལས་བུ་མོ་ཞིག་བྱུང་སྟེ་དེ་ཞག་བདུན་གསུམ་ཉི་ཤུ་གཅིག་གི་བར་དུ་བཙས་པའི་བཙས་སྟོན་ཆེན་པོ་རྒྱ་ཆེར་བྱས་ཏེ། རིགས་དང་མཐུན་པའི་མིང་བཏགས་ནས། དེ་ནས་ལུས་ཆེར་གྱུར་པ་དེ་ན་རབ་ཏུ་འབྱུང་བར་འདོད་པས་དེའི་ཕ་མ་དག་གིས་རབ་ཏུ་འབྱུང་དུ་མི་ སྟེར་རོ། །ཁྱིམ་དེ་ནི་དགེ་སློང་མ་རྒན་མོ་གཞན་ཞིག་རིགས་ལ་སྟོན་པར་བྱེད་ཅིང་། དེའི་ཁྱིམ་དུ་དུས་དུས་སུ་འོང་ངོ་། །བུ་མོ་དེས་དགེ་སློང་མ་རྒན་མོ་དེ་ལ་འཕགས་མ་བདག་ནི་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་ འཚལ་ན། བདག་གི་ཕ་མས་མི་གནང་ཞིང་ཁྱིམ་ལས་ཕྱིར་འབྱུང་དུ་ཡང་མི་སྟེར་ན། གནས་འདི་ཉིད་དུ་རབ་ཏུ་འབྱུང་བར་ནུས་སམ་ཞེས་སྨྲས་པ་དང་། དེས་བུ་མོ་བཅོམ་ལྡན་འདས་ལ་ཞུས་ཏེ་བྱའོ་ཞེས་སྨྲས་ནས། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ འོད་སྲུང་ལ་ཞུས་པ་དང་། དེ་ཉིད་ཕྲིན་པར་བཏང་སྟེ། ཁྱིམ་ན་འདུག་བཞིན་དུ་རབ་ཏུ་ཕྱུང་ནས་དགེ་སློང་མའི་སྡོམ་པ་གནང་ནས་དགེ་འདུན་སྡེ་གཉིས་ཀྱིས་བསྙེན་པར་རྫོགས་པར་བྱས་ཏེ། དགེ་སློང་མ་རྒན་མོ་དེས་དེ་ལ་ཆོས་བཤད་པ་དང་། དེ་ཁྱིམ་ན་འདུག་བཞིན་དུ་དགྲ་བཅོམ་ པ་མངོན་དུ་བྱས་སོ། །དེ་ནས་དགེ་སློང་མ་རྒན་མོས་བསམས་པ། བུ་མོ་འདིས་ཁྱིམ་ན་འདུག་བཞིན་དུ་ཕྲིན་གྱིས་རབ་ཏུ་བྱུང་སྟེ་སློབ་པའི་སྡོམ་པ་དང་བསྙེན་པར་རྫོགས་པ་ཐོབ། ཁྱིམ་ན་འདུག་བཞིན་དུ་དགྲ་བཅོམ་པ་མངོན་དུ་བྱས་པ་དེ་ཐམས་ཅད་ཀྱང་བདག་ལས་གྱུར་ཏེ། བདག་གིས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཚེ་ཚངས་པར་སྤྱད་པའི་དགེ་བའི་རྩ་བས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལ་བྲམ་ཟེའི་བུ་ཁྱོད་སྐྱེ་དགུ་ལོ་བརྒྱ་ཐུབ་པའི་ཚེ་དེ་བཞིན་ གཤེགས་པ་བླ་ན་མེད་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དེའི་བསྟན་པ་ལ་འདི་ལྟར་བདག་ཁྱིམ་ན་འདུག་བཞིན་དུ་ཕྲིན་གྱིས་རབ་ཏུ་ཕྱུང་། བསླབ་པའི་སྡོམ་པ་དང་། དགེ་སློང་མའི་དངོས་པོ་ཐོབ་ ཅིང་ཁྱིམ་ན་འདུག་བཞིན་དུ་དགྲ་བཅོམ་པ་མངོན་དུ་བྱེད་པ་དང་། ཇི་ལྟར་བདག་གི་མཁན་མོ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཆོས་ཀྱི་གཏམ་སྨྲ་བའི་ནང་ན་མཆོག་ཏུ་བསྔགས་པ་དེ་བཞིན་དུ་བདག་ཀྱང་ཤཱཀྱ་ཐུབ་པ། བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོས་ཆོས་ཀྱི་གཏམ་སྨྲ་བའི་ནང་ན་མཆོག་ཏུ་བསྔགས་པར་ཤོག་ཤིག་ཅེས་སྨྲས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དགེ་སློང་མ་རྒན་མོ་དེ་ནི་ད་ལྟར་གྱི་དགེ་སློང་མ་ཆོས་སྦྱིན་མ་འདི་ཉིད་ཡིན་ནོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་ པའི་སངས་རྒྱས་འོད་སྲུང་གི་དྲུང་ན་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ། སྨོན་ལམ་གྱི་མཐུས་ན་ཁྱིམ་ན་འདུག་བཞིན་དུ་ཕྲིན་པས་རབ་ཏུ་བྱུང་། བསླབ་པའི་སྡོམ་པ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོ་ཡང་འཐོབ། ཁྱིམ་ན་འདུག་བཞིན་དུ་དེས་ཉོན་མོངས་པ་ ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་དུ་བྱས། དེ་བཞིན་གཤེགས་པས་ཀྱང་ཆོས་ཀྱི་གཏམ་སྨྲ་བའི་ནང་ན་མཆོག་ཏུ་བསྔགས་སོ། །དེ་ལྟ་བས་ན་དགེ་སློང་དག་ལས་གཅིག་ཏུ་གནག་པ་ནི་རྣམ་པར་སྨིན་པ་ཡང་གཅིག་ཏུ་གནག་གོ། །དཀར་བ་ནི་གཅིག་ཏུ་དཀར་རོ། །འདྲེས་པ་ནི་ གཅིག་ཏུ་འདྲེས་པའོ། །དེ་ལྟ་བས་ན་དགེ་སློང་དག་གཅིག་ཏུ་གནག་པ་དང་། འདྲེས་པའི་ལས་སྤོངས་ལ་གཅིག་ཏུ་དཀར་བའི་ལས་ཉིད་ལ་བསྒྲུབ་པར་བྱ་སྟེ། དགེ་སློང་དག་དེ་ལྟ་བུར་བསླབ་པར་བྱོས་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་ དེ་དག་བཅོམ་ལྡན་འདས་ཀྱིས་བཤད་པ་ལ་ཡི་རངས་ཏེ་མངོན་པར་དགའོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་བཞི་བཅུ་རྩ་གསུམ་པ། མདོར་ན། ཕྱི་རོལ་དགེ་སློང་བཟོད་མི་གསོལ། །གཅིག་པུ་འབྲེག་མཁན་གྱིས་མི་བྲེག །དབྱར་མོ་ཁང་ནི་གླར་མི་གཏང་། ། ཕ་གུས་ཡང་ནི་ལུས་མི་ཕྱི། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དགེ་སློང་མ་གཅིག་གིས་དགེ་སློང་ཕ་ལ་ཀློག་སློབ་པ་དང་། དེ་ནས་དུས་ཕྱི་ཞིག་ན་ཉེས་པ་ཞིག་བྱས་ནས་དེས་སྤྱོས་པ་དང་། དེ་དབྱར་ མོ་ཁང་དུ་སོང་ནས་འཕྲེས་ཏེ་འདུག་གོ། །དེའི་མཁན་མོས་མཐོང་ནས་གཞོན་ནུ་མ་ཁྱོད་ཅི་ཞིག་ཉེས་ན་འཕྲེས་ཏེ་འདུག་ཅེས་སྨྲས་པ་དང་། དེས་མཁན་མོ་སློབ་དཔོན་གྱིས་སྤྱོས་ན་ཇི་ལྟར་བྱ་མི་ཤེས་སོ་ཞེས་སྨྲས་སོ། །བུ་དེ་ལ་གཞན་ཅི་ཞིག་བྱར་ཡོད། སློབ་དཔོན་དང་། མཁན་ པོ་ནི་བསྟན་པ་གནས་པར་བྱ་བའི་ཕྱིར་སྦྱོར་བར་ཟད་ཀྱི་སོང་ལ་བཟོད་པ་གསོལ་ཅིག་ཅེས་སྨྲས་པ་དང་། དེས་ལེགས་ཀྱིས་དེ་ལྟར་བྱས་བཟོད་པ་གསོལ་དུ་འགྲོའོ་ཞེས་ཟེར་ཏེ་ཛེ་ཏའི་ཚལ་དུ་སོང་སྟེ་མི་སྣང་བ་དང་། དེས་དེ་བཙལ་ནས་ཇི་ཙམ་ཞིག་ན་དེ་གཙུག་ལག་ཁང་གི་ཕྱི་ རོལ་གྱི་འཆག་ས་ན་འཆག་ཅིང་འདུག་པ་དང་། དེས་དེའི་རྐང་པ་ལ་ཕྱག་འཚལ་བ་དང་། དགེ་སློང་དེ་མ་གུས་པར་སོང་ངོ་། བྱིས་པ་དག་གིས་མཐོང་ནས་དེ་དག་ཉོན་མོངས་པའི་དབང་གིས་གཟིར་ཏེ། འཕགས་མ་ཁྱོད་ཀྱི་དོན་ཅིའི་ཕྱིར་ཁྱོད་ཀྱིས་བཟོད་པ་བྱ་བ་བདག་ཅག་ཤེས་ཏེ། དེས་ནི་མ་བཟོད་ན་ཚུར་ཤོག །བདག་ཅག་གིས་ཁྱོད་ཀྱིས་དོན་བསྒྲུབ་བོ་ཞེས་སྨྲས་པ་དང་། དེ་ངོ་ཚ་ནས་ཅང་མི་སྨྲ་བར་སོང་ངོ་། །དེ་ལྟ་བུར་གྱུར་པ་དགེ་སློང་དག་གིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། གང་ཉེས་ པའི་དམིགས་སུ་གྱུར་པ་ནི་དགེ་སློང་མ་ལ་སྤྱོས་ནས་བཟོད་པ་གསོལ་ན་ཡང་རིམ་གྲོ་མི་བྱེད་པར་འགྲོ་སྟེ། བྱིས་པ་དག་གིས་ཀྱང་ཕྱི་ཕྱིར་མི་དགེ་བ་གཞན་དུ་རྟོག་གིས་དེ་ལྟ་བས་ན་དགེ་སློང་མས་དགེ་སློང་ཕ་ལ་གཙུག་ལག་ཁང་གི་ཕྱི་རོལ་དུ་བཟོད་པ་མ་གསོལ་ཞིང་དགེ་སློང་ཕས་དགེ་སློང་ མ་ལ་མ་གུས་པ་བཞིན་དུ་འགྲོ་བར་མི་བྱ་བར་དགོངས་ཤིང་མཁྱེན་ནས་བཀའ་སྩལ་པ། དགེ་སློང་དག་བྱིས་པ་རྣམས་ཕྱི་ཕྱིར་མི་དགེ་བ་ལ་རྟོག་པར་འགྱུར་གྱིས་དེ་ལྟ་བས་ན་དགེ་སློང་མས་དགེ་སློང་ཁྲོས་པ་ལ་གཙུག་ལག་ཁང་གི་ཕྱི་རོལ་དུ་བཟོད་པ་མ་གསོལ་ཅིག །དེ་ལྟ་ཡང་ དགེ་སློང་མས་དགེ་སློང་ཕ་ལ་བཟོད་པ་གསོལ་ནས་མ་གུས་པར་བྱས་ཏེ་མ་འགྲོ་ཤིག །དགེ་སློང་མས་དགེ་སློང་ཕ་ལ་གཙུག་ལག་ཁང་གི་ཕྱི་རོལ་དུ་གསོལ་ལམ། དགེ་སློང་མས་དགེ་སློང་ལ་བཟོད་པ་གསོལ་བ་ལ་མ་གུས་པར་སོང་ན་གཉིས་ཀ་ལ་ཡང་འདས་པ་དང་བཅས་པར་ འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་འབྲེག་མཁན་གྱིས་སྐྲ་བྲེགས་པ་དང་། དེ་ནས་འབྲེག་མཁན་གཞོན་ནུར་གྱུར་པས་དྲན་པ་ཉེ་བར་མི་འཇོག་གོ། །དེས་དེ་དག་མཐོང་བ་དང་ཆགས་པར་གྱུར་ཏོ། །རྣམ་པ་དེ་ལྟ་བུར་གྱུར་པ་དགེ་སློང་ དག་གིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སེམས་ནི་རྒོད་པ་སྟེ། དྲན་པ་ཉེ་བར་མ་གཞག་པས་ན་བསླུས་པར་འགྱུར། བུད་མེད་ནི་ཕལ་ཆེར་འདོད་ཆགས་རབ་ཏུ་ཆེ་སྟེ། དེ་ལྟ་བས་ན་དགེ་སློང་མ་དག་ གཅིག་པུ་འབྲེག་མཁན་གྱི་དྲུང་དུ་སྐྲ་འབྲེག་པར་མ་བྱེད་པར་དེའི་དྲུང་དུ་དགེ་སློང་མ་གཞན་ཞིག་ཞོག་ལ་དེ་སྟེ་འབྲེག་མཁན་དེ་ཆགས་པར་གྱུར་ན་དེའི་དྲུང་ན་དགེ་སློང་མ་འདུག་པས་འདི་སྐད་སྨྲོས་ཤིག །བཞིན་བཟངས་དགེ་སློང་མ་འདིའི་ལུས་ནི་རུས་པའི་འཁྲུལ་འཁོར། འདི་ནི་རྒྱན་མེད་ལ་ ལུས་དྲི་མ་ཅན། འདི་ནི་རབ་ཏུ་བྱུང་བ་ཡིན་གྱིས་དེ་ལྟ་བུའི་སེམས་ཟློག་ཤིག་སེམས་ཅན་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་སྟེ་དགེ་སློང་མ་ཆགས་པར་གྱུར་ན་ཡང་འདི་སྐད་དུ་སྨྲོས་ཤིག །ཕུ་ནུ་མོ་ཁྱིམ་པའི་ལས་ནི་ཁྱོད་ཀྱིས་སྤངས་ན་ཅི་ཁྱོད་ཀྱིས་བསྙེན་པར་རྫོགས་པའི་ཚེ་དགེ་འདུན་ སྡེ་གཉིས་ལ་ཁྱོད་ཀྱིས་ཁས་བླངས་པ་དེ་སོམས་ཤིག །འདོད་པ་ནི་བདེ་བ་ཆུང་ཞིང་སྡུག་བསྔལ་མང་ལ་ཉེས་པའི་དམིགས་མང་བར་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་གྱིས། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་སྤངས་ལ་རབ་ཏུ་བྱུང་བའི་སེམས་ཉེ་བར་ཞོག་ཤིག །དེས་དེ་ལ་ དེ་སྐད་དུ་སྨྲས་ན་ནི་ལེགས། དེ་སྟེ་མ་སྨྲས་ན་དྲུང་ན་འདུག་པའི་དགེ་སློང་མ་ལ་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོ་ཁྱིམ་བདག་གཞན་ཞིག་དད་པར་བྱས་ཏེ་དབྱར་མོ་ཁང་རྩིག་ཏུ་བཅུག་ནས་དེ་ན་དགེ་སློང་མ་མང་ཞིག་ གནས་པར་གྱུར་ཏོ། །ཇི་ཙམ་ཞིག་ན་ལྷོ་ཕྱོགས་ནས་ཚོང་པ་ལྔ་བརྒྱ་ཙམ་ཞིག་ཟོང་ཁྱེར་ཏེ་མཉན་དུ་ཡོད་པར་ལྷགས་སོ། །ཚོང་པ་དེ་དག་ནོར་གཞག་པའི་ཁང་པ་གླས་བཙལ་བ་དང་མ་རྙེད་དེ། དེ་ནས་དེ་དག་གིས་མཉན་དུ་ཡོད་པར་ཀུན་དུ་བཙལ་ཀྱང་མ་རྙེད་དེ། ཚོང་དུས་དང་སྲང་དང་ ལམ་གྱི་བཞི་མདོར་ནོར་རྣམས་བསོགས་ཏེ་འཁོད་ན་འབྲུག་ཀྱང་ཟེར་ཉི་མ་ཡང་ནུབ་ཏུ་ཉེ་ནས་དེའི་ཚེ་ཆར་པ་ཆུང་ཟད་ཅིག་བབ་པ་དང་། དེ་དག་ལག་པས་འགྲམ་པ་ལ་བརྟེན་ནས་རབ་ཏུ་སེམས་ཤིང་འཁོད་པ་དང་། སྦོམ་དགའ་མོས་མཐོང་སྟེ་སྨྲས་པ། བཞིན་བཟངས་ཆར་ པ་ཡང་བབ་ན་སྲང་དུ་འཁོད་དེ་ཅི་བྱེད་ནོར་རྣམས་གནས་ཞིག་ཏུ་གཟུད་ན་ཅི་ཉེས། དེ་དག་གིས་འཕགས་མ་བདག་ཅག་གིས་མཉན་དུ་ཡོད་པར་ཁྱབ་པར་བཙལ་ཏེ་འཇིག་རྟེན་པ་མི་སྲུན་པས་ཁང་པ་གླར་ཡང་མ་རྙེད་ན་ཇི་ལྟར་བགྱི་ཞེས་སྨྲས་པ་དང་། དེས་བུ་རྣམས་མཚན་མོའི་ཚེ་ ཅི་འདྲ་བ་ཤེས་པར་བྱོས་ལ་གླ་ཡང་ལྷག་པར་བྱིན་ཏེ་ཁྱིམ་ཚོལ་ཅིག །འདི་ནི་ཟོང་དུ་མ་རུང་བར་འགྱུར་བ་དང་། ཆར་པས་གཤེར་ན་སུ་ཞིག་ཉོ་བ་ཡོད་ཅེས་སྨྲས་པ་དང་། དེས་འཕགས་མ་འཇིག་རྟེན་འདི་དག་མི་སྲུན་ཏེ། དེ་དག་ལ་བདག་ཅག་གིས་ཁྱིམ་གྱི་གླ་ཉི་རིམ་དུ་ བྱིན་ཀྱང་སུ་ཡང་མ་སྟེར་ཏོ། །བདག་གི་ལས་བྱུང་བ་ལྟ་སྟེ། ཇི་ལྟ་བུ་ཡང་རུང་སྟེ། ཞག་གཅིག་ལོན་ནས་གཞན་དུ་འདོང་ངོ་ཞེས་བྱས་པ་དང་། དེས་སྨྲས་པ། བུ་དེ་ལྟར་ཁང་པའི་གླ་ལྷག་པར་བྱིན་ལ་བདག་གི་དབྱར་མོ་ཁང་གི་ནང་དུ་འཁོད་ཅིག །དེ་དག་གིས་འཕགས་ མ་ལེགས་ཀྱིས་དེས་མཆིའོ་ཞེས་སྨྲས་པ་དང་། དེ་ནས་སྦོམ་དགའ་མོས་དགེ་སློང་མ་དག་ནུབ་མོ་དབྱར་མོ་ཁང་ནས་བསྐྲད་དེ་དབྱར་མོ་ཁང་དེ་ཚོང་པ་དེ་དག་ལ་གླར་བཏང་ངོ་། །དགེ་སློང་མ་དེ་དག་ཆར་པ་བབ་ནས་ཆོས་གོས་གཤེར་བཞིན་དུ་དབྱར་མོ་ཁང་གཞན་དུ་སོང་ངོ་། ། དེའི་དགེ་སློང་མ་དག་གིས་ཆེ་ཞེ་འུ་བུ་ཅག་ནུབ་མོ་ཆོས་གོས་གཤེར་བཞིན་དུ་འདིར་ཅི་ལ་འོངས་ཞེས་དྲིས་པ་དང་། དེ་དག་གིས་ཞིབ་ཏུ་སྨྲས་སོ། །དོན་ཆུང་ངུ་མའི་དགེ་སློང་མ་དག་གིས་འཕྱ་ཞིང་སྨོད་ལ་ངན་དུ་འཛེར་བ་ནི་སྦྱིན་བདག་གིས་དགེ་སློང་མའི་དབྱར་མོ་ཁང་དུ་བྱས་པའི་ ཁང་པ་གླར་བཏང་བ་ག་ལ་རིགས། དེ་ལྟ་བུར་གྱུར་པ་དགེ་སློང་དག་གིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མ་དག་འཕྱ་བ་ནི་གནས་ཏེ། དེ་བས་ན་དགེ་སློང་མ་དག་དབྱར་མོ་ཁང་གླར་མ་བཏང་ ཞིག། དགེ་སློང་མས་དབྱར་མོ་ཁང་གླར་བཏང་ན་འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་མ་སྦོམ་དགའ་མོས་བྱིས་པ་གཞོན་ནུ་དག་ལུས་འཁྲུ་བའི་ནང་དུ་ཞུགས་ཏེ། སོ་ཕག་གིས་ལུས་དྲུད་ཅིང་ཁྲུས་བྱས་པ་དང་། དེ་དག་ཆགས་པར་གྱུར་ཏེ་ཀུན་ཏུ་ལྟ་ཞིང་གཏམ་དུ་འཛེར་བ་ནི་ཀྱེ་ལྟོས་ཤིག །དགེ་སྦྱོང་མགོ་རེག་མ་ཕ་བི་གྱད་ཆེན་པོ་གོ་ཆར་བགོས་པ་དང་འདྲ་བ་ཞིག་ལུས་ཕ་གུས་ཕྱི་ཞིང་ཕྱིས་ནས་འཕྱི་ཞིང་འདུག་གོ། །དེ་དག་དེ་ལ་འཕྱ་བར་གྱུར་ཏོ། །དེ་འཕྱ་བ་དང་དེ་ལ་དེ་དག་རབ་ཏུ་དགོད་དེ། དེ་ ལྟ་བུར་གྱུར་པ་དགེ་སློང་དག་གིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་བྱིས་པ་གཞོན་ནུ་དེ་དག་ནི་འཕྱ་བ་གནས་ཡིན་ཏེ། མི་རིགས་པའི་ལས་བྱས་པ་མཁྱེན་ནས་བཀའ་སྩལ་པ། དགེ་སློང་དག་སྦོམ་དགའ་མོས་མི་མཛེས་ཤིང་ལས་ ངན་པ་བྱས་ཏེ་བྱིས་པ་གཞོན་ནུ་དེ་དག་འཕྱ་བའི་གནས་ཡིན་ཏེ། དེ་ལྟ་བས་ན་དགེ་སློང་མ་དག་ལུས་ཕ་གུས་མ་ཕྱི་ཤིག །དགེ་སློང་མ་དག་གིས་ལུས་ཕ་གུས་ཕྱིས་ན་འདས་པ་དང་བཅས་པར་འགྱུར་རོ།། །།མདོར་ན། ལུས་ལ་ཕ་གུས་ཕྱི་མི་བྱ། །རྡོ་ལེབ་དག་ཀྱང་དེ་བཞིན་ཏེ། ། གོས་དཀྲིས་དང་ནི་ཁུ་ཚུར་གྱིས། །ཅི་དང་ཅིས་ཀྱང་མི་ཕྱིའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་མ་དག་ལུས་ཕ་གུས་མ་ཕྱི་ཤིག་ཅེས་བཀའ་སྩལ་པ་དང་། རྡོ་ལེབ་ ཀྱིས་ཕྱིས་ཏེ་དེ་ཡང་ཉེས་པའི་དམིགས་སུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་རྡོ་ལེབ་ཀྱིས་མ་ཕྱི་ཤིག་ཅེས་བཀའ་སྩལ་པ་དང་། དེ་དག་གིས་གོས་དཀྲིས་པས་ཕྱིས་སོ། །དེ་ཡང་ཉེས་པའི་དམིགས་སུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་གོས་དཀྲིས་པས་མ་ཕྱི་ཤིག་ཅེས་ བཀའ་སྩལ་པ་དང་། དེ་དག་ཁུ་ཚུར་གྱིས་ཕྱིས་ནས་དེ་ཡང་ཉེས་པའི་དམིགས་སུ་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཁུ་ཚུར་གྱིས་མ་ཕྱི་ཤིག་ཅེས་བཀའ་སྩལ་པ་དང་། དེ་དག་གིས་ཅི་དང་ཅིས་ཀྱང་ཕྱིས་པ་དང་། དེ་ཡང་ཉེས་པའི་དམིགས་སུ་གྱུར་ནས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ལག་པ་གཅིག་པུ་མ་གཏོགས་པར་གཞན་ཅི་དང་ཅིས་ཀྱང་རུང་སྟེ། མ་ཕྱི་ཤིག་འཕྱི་ན་འདས་པ་དང་བཅས་པར་འགྱུར་རོ། །འདུལ་བ་ཕྲ་མོའི་དངོས་པོའི་སྒོ་བདུན་པ་རྫོགས་སོ།། །།བསྡུས་པའི་མདོ་སྡེ། དགེ་སློང་མ་ཡི་ བཀུར་སྟི་བྲི། །བསྒོ་བ་དང་ནི་ལྕགས་ཀྱི་སྣོད། །བུད་མེད་གཉིས་ཀྱིས་བལྟ་བ་དང་། །དེ་བཞིན་ནག་པོ་ཨུ་དི་ཀ།། །།མདོར་ན། བསྟི་སྟང་མེད་དང་ཀུན་མ་ཡིན། །ལུས་བསྟན་པ་ནི་མ་གཏོགས་སོ། །བཀྱིགས་པ་ལས་ཀྱང་མི་སྦྱིན་པ། །གསོ་སྦྱོང་དང་ནི་ཚུལ་ནས་བྱུང་། །སངས་ རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་གྲེ་ལས་སྐྱེས་དུས་ལས་འདས་པ་དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེས་དེའི་རུས་པ་རྣམས་བསྡུས་ནས་བཀུར་སྟི་ཆེན་པོས་ས་ཕྱོགས་ཡངས་པར་མཆོད་རྟེན་བརྩིགས་ཏེ། དེ་ལ་གདུགས་དང་། རྒྱལ་མཚན་དང་། བ་དན་དག་ཀྱང་བཏགས། དྲི་དང་མེ་ཏོག་གིས་བརྒྱན་ཏེ་སྙན་པར་སྨྲ་བའི་དགེ་སློང་མ་གཉིས་ཀྱང་བསྐོས་ནས་དེར་ཉིན་གཅིག་བཞིན་དུ་ས་དང་། ཆུ་དང་། བདུག་པ་དང་། མེ་ཏོག་དག་འཇོག་པར་བྱེད་དོ། །དེ་ནས་དགེ་སློང་གང་དག་ ཡུལ་གཞན་ནས་འོངས་པ་དེ་དག་ལ་ལག་པ་བཀྲུ་བ་བྱིན་ཏེ། མེ་ཏོག་དང་། བདུག་པ་དང་། ཚིགས་སུ་བཅད་པའི་དབྱངས་ཀྱིས་མཆོད་རྟེན་ལ་ཕྱག་འཚལ་བར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་ཚེ་དང་ལྡན་པ་ཆུ་འཐུང་འཁོར་ལྔ་བརྒྱ་དང་ལྗོངས་རྒྱུ་ཞིང་མཉན་ཡོད་དུ་ཕྱིན་ཏོ། ། དགྲ་བཅོམ་པ་རྣམས་ནི་མ་དགོངས་པར་ཡེ་ཤེས་མཐོང་བ་མི་འཇུག་པས་དེས་མཆོད་རྟེན་དེ་རྒྱང་རིང་པོ་ནས་མཐོང་བ་དང་། འདི་ནི་བཅོམ་ལྡན་འདས་ཀྱི་སྐྲ་དང་། སེན་མོའི་མཆོད་རྟེན་སར་པ་ཡིན་པས་སོང་ལ་ཕྱག་བྱའོ་སྙམ་དུ་བསམས་ཏེ། དེ་དག་དེར་སོང་བ་དང་། དགེ་ སློང་མ་དེ་གཉིས་ཀྱིས་དེ་དག་ལ་ལག་པ་དང་། རྐང་པ་བཀྲུས་པའི་ས་དང་ཆུ་དག་བྱིན་ནོ། །དེ་ནས་མེ་ཏོག་དང་། བདུག་པ་བྱིན་པ་དང་། ཚིགས་སུ་བཅད་པའི་དབྱངས་ཀྱིས་མཆོད་རྟེན་ལ་ཕྱག་བྱས་སོ། །དེ་ལ་འཁོར་ལྔ་བརྒྱ་དང་ཕྱག་བྱས་ནས་སོང་ངོ་། །མཆོད་ རྟེན་དེ་དང་ཧ་ཅང་མི་རིང་བ་ཞིག་ན་ཚེ་དང་ལྡན་མ་ཨུཏྤ་ལའི་མདོག་ཤིང་དྲུང་ཞིག་ན་ཉིན་པར་གནས་པའི་ཕྱིར་འདུག་པ་དེས་དེ་དག་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་ཆུ་འཐུང་ཁྱེད་ཀྱིས་སུའི་མཆོད་རྟེན་ལ་ཕྱག་བགྱིས་པ་དགོངས་ཤིག །དེས་བསམས་པ་ ཅིའི་ཕྱིར་ཚེ་དང་ལྡན་མ་ཨུཏྤ་ལའི་མདོག་ཅན་འདི་སྐད་ཅེས་ཚེ་དང་ལྡན་པ་ཆུ་འཐུང་ཁྱོད་ཀྱིས་སུའི་མཆོད་རྟེན་ལ་ཕྱག་བགྱིས་པ་དགོངས་ཤིག་ཅེས་སྨྲས་སྙམ་ནས་དེས་སྨྲས་པ། རེ་ཞིག་བསམ་པར་བྱའོ། །རེ་ཞིག་སེམས་པ་ལ་ཞུགས་པ་ན་དགེ་སློང་གྲེ་ལས་སྐྱེས་ཀྱི་རུས་ པའི་མཆོད་རྟེན་ཡིན་པར་མཐོང་ནས་དེ་རྒྱུད་ཞེ་སྡང་གི་ཀུན་ནས་དཀྲིས་པའི་བག་ཆགས་ཀྱིས་བསྒོས་པས་སླར་ལོག་སྟེ། ཚེ་དང་ལྡན་མ་ཨུཏྤ་ལའི་མདོག་ཅན་ལ་སྨྲས་པ། བསྟན་པ་ལ་ཆུ་བུར་བྱུང་ན་ཁྱོད་འདི་ན་འདུག་བཞིན་དུ་ཡལ་བར་བོར་རོ་ཞེས་བྱས་པ་དང་། དེ་ཅང་མི་ ཟེར་བར་འདུག་གོ། །དེས་སློབ་མ་དང་ཉེ་གནས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་སྟོན་པ་ལ་སྡུག་པ་དང་ཕངས་པར་བྱེད་པ་གང་ཡིན་པ་དེ་དག་གིས་དེའི་ཕྱིར་རུས་པ་དང་རུས་གོང་གི་ཕུང་པོ་འདི་ལས་སོ་ཕག་རེ་རེ་ཕྱུང་ལ་དྲེལ་ཅིག །དེ་འཁོར་མང་བ་ཡིན་པས་དེ་དག་གིས་ རུས་པ་དང་། རུས་གོང་གི་ཕུང་པོ་ལས་སོ་ཕག་རེ་རེ་ཕྱུང་སྟེ་བོར་ནས་སྐད་ཅིག་ཉིད་ལ་བཤིག་གོ། །དགེ་སློང་མ་དེ་གཉིས་ངུས་ནས་རིངས་པ་རིངས་པར་དབྱར་མོ་ཁང་དུ་སོང་སྟེ་དགེ་སློང་མ་རྣམས་ལ་སྨྲས་པ་དང་། དགེ་སློང་མ་བཅུ་གཉིས་སྡེ་དང་། དེ་ལ་ཡིད་གཞོལ་ ཞིང་མཛའ་བ་འདོད་ཆགས་དང་མ་བྲལ་བ་གཞན་དག་གིས་ཐོས་ནས། བདག་ཅག་གི་མིང་པོ་དེང་གདོད་ཤི་བ་ལྟ་ཞེས་ངུ་ཞིང་འཁོད་པ་ལས་སྦོམ་དགའ་མོས་སྨྲས་པ། ཕུ་ནུ་མོ་དག་དེ་ལ་སུ་ཞིག་གིས་བསྟན། དེ་དག་གིས་སྨྲས་པ། དེ་ནི་གློ་བུར་དུ་འོངས་པས་སྙིང་ནས་མི་ཤེས་ ཀྱི་འཕགས་མ་ཨུཏྤ་ལའི་མདོག་ཅན་ཕྱོགས་དེ་ན་འདུག་པ་དེས་དེ་དག་ལ་སྨྲས་ཡང་དག་གོ། །སྦོམ་དགའ་མོས་སྨྲས་པ། ཕུ་ནུ་མོ་དག་དེ་ནི་འབྲེག་མཁན་ལས་རབ་ཏུ་བྱུང་བ་ཡིན་ལ། དེ་ཡང་དེ་རང་བཞིན་ཉམས་པ་ཡིན་པས་དེའི་ལས་ཡིན་པ་བདག་གིས་ནི་སྨྲས་པ་ཙམ་ཁོ་ནས་ ཤེས་སོ། །བཅོམ་ལྡན་འདས་ཀྱིས་འཁོར་སུན་འབྱིན་པར་བྱེད་པ་འཁོར་གྱི་ནང་དུ་གཞག་པར་མི་བྱའོ་ཞེས་ལེགས་པར་གསུངས་པ་ཡིན་པས། དེའི་ཕྱིར་དེ་ལ་བསམ་དུ་ཅི་ཡོད་ཀྱིས་ཚུར་ཤོག་འདོང་བར་བྱའོ། །དེ་དག་ཁྲོ་བས་ཀུན་ནས་དཀྲིས་པ་དེ་དག་དེ་གསད་པའི་ཕྱིར་ མཚོན་ཆ་དང་ཁབ་དང་། སེང་ལྡེང་གི་ཕུར་བུ་དག་བླངས་ནས་དོང་ངོ་། །དེས་དེ་དག་རྒྱང་རིང་པོ་ནས་རིངས་པ་རིངས་པར་འོང་བ་མཐོང་ནས་བསམས་པ། དེ་དག་ཤུགས་དེ་ལྟ་བུས་འོང་བ་ལས་ན་གདོན་མི་ཟ་བར་དེ་དག་བདག་ལ་གནོད་པ་བྱེད་པར་འགྱུར་རོ། །འོན་ཀྱང་དེ་དག་ བསམ་པ་ཇི་ལྟ་བུ་ཞིག་གིས་འོང་བ་བསམ་པར་བྱའོ་སྙམ་ནས་རེ་ཞིག་བསམ་པ་ལ་ཞུགས་པ་ན་གསད་པའི་བསམ་པ་ཅན་དུ་མཐོང་ནས་དེས་སྣམ་སྦྱར་བྱིན་གྱིས་བརླབས་ཏེ་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་སོ། །དེ་དག་གིས་དེའི་སྣམ་སྦྱར་ལ་མཚོན་ཆ་ དང་། ཁབ་དང་། སེང་ལྡེང་གི་ཕུར་བུ་དག་གིས་བསྣུན་པ་དང་། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཤི་བ་བཞིན་དུ་དབུགས་ཕྱི་ནང་དུ་མི་རྒྱུ་བར་འདུག་གོ། །དེ་དག་གིས་སྨྲས་པ། ཕུ་ནུ་མོ་སྤྱོད་པ་ངན་པས་འཚོ་བ་འདི་བསད་པས་ཤ་ལོན་ཟིན་གྱིས་ཚུར་ཤོག་འདོང་ངོ་ཞེས་སྨྲས་ནས་ དོང་ངོ་། །དེ་དག་དོང་བ་དང་། ཚེ་དང་ལྡན་མ་ཨུཏྤ་ལའི་མདོག་ཅན་ཏིང་ངེ་འཛིན་དེ་ལས་ལངས་པ་དང་། རེ་ཞིག་ན་དེ་དག་གིས་བདག་ལ་གནོད་པ་བྱས་པ་མཐོང་ངོ་། །དེ་གནས་སྐབས་དེ་བཞིན་དུ་གཙུག་ལག་ཁང་དུ་སོང་བ་དང་། དགེ་སློང་རྣམས་ཀྱིས་མཐོང་ནས་དེ་དག་ གིས་སྨྲས་པ། ཚེ་དང་ལྡན་མ་ཨུཏྤ་ལའི་མདོག་ཅན་ཅིའི་ཕྱིར་འདི་ལྟར་གྱུར། དེས་སྨྲས་པ། ཚེ་དང་ལྡན་པ་དག་དགེ་སློང་མ་རྣམས་ཀྱིས་བདག་དེའུ་བསད་པ་ལ་གཟིགས་སུ་གསོལ། དེ་དག་གིས་སྨྲས་པ། ཅིའི་ཕྱིར་དེས་ཇི་ལྟར་གྱུར་པ་རྣམས་རྒྱས་པར་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་རྣམས་ཁྲོས་ནས་གནས་དང་གནས་དག་ན་བཙུན་པ་དག་དགེ་སློང་མ་ནི་ཤིན་ཏུ་ཁྲོས་པར་གྱུར་ཀྱང་དེ་ལ་ཕྱག་མི་བྱ་བ་ཙམ་དུ་བྱའི་འདི་ལྟར་ཚེ་དང་ལྡན་མ་ཨུཏྤ་ལའི་མདོག་ཅན་གསད་པར་བྱས་པ་ནི་མཚར་གྱི་གཟུ་ལུམས་བྱེད་དོ་ཞེས་འཕྱ་བར་བྱེད་དོ། །དེ་ལ་གཅིག་ གིས་སྨྲས་པ། ཀྱེ་ཤེས་ལྡན་དག་དེ་ལྟར་དེར་ཟད་ནས་འདི་ལྟ་ཇི་ལྟར་བསྒྲུབ་པར་དཔྱད་པར་བྱའོ། །གཅིག་གིས་སྨྲས་པ། བསྒྲུབ་ཏུ་ཅི་ཡོད་བཅོམ་ལྡན་འདས་ལ་གསོལ་དུ་ཟད་མོད། གཅིག་གིས་སྨྲས་པ། བཅོམ་ལྡན་འདས་ལ་གསོལ་ཅི་དགོས། བདག་ ཅག་འདུས་ལ་ཅི་ལྟར་དགེ་སློང་མ་འགའ་ཡང་རྒྱལ་བྱེད་ཀྱི་ཚལ་དུ་འོང་བར་མི་གཞུག་པར་ཁྲིམས་སུ་བྱའོ། །དེ་དག་འདུས་ནས་དགེ་སློང་མ་རྣམས་གཙུག་ལག་ཁང་དུ་འོང་དུ་མ་གཞུག་པར་དེ་ལྟ་བུར་ཁྲིམས་སུ་བྱས་སོ། །དགེ་སློང་མ་རྣམས་གཙུག་ལག་ཁང་དུ་འོང་དུ་མི་གཞུག་ པར་བརྩམས་པ་དང་བཀུར་སྟི་བྲི་བར་གྱུར་ཏོ། །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་ཀུན་དུ་སྤྱོད་པ་ནི་ཉིན་གཅིག་བཞིན་དུ་བཅོམ་ལྡན་འདས་ཀྱི་ཞབས་ལ་མངོན་པར་ཕྱག་འཚལ་དུ་འོང་བ་ཡིན་པ་ལས། དེ་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། གཽ་ཏ་མཱི་དགེ་སློང་གི་དགེ་ འདུན་གྱིས་དགེ་སློང་མ་རྣམས་གཙུག་ལག་ཁང་དུ་མི་འཇུག་པར་ཁྲིམས་སུ་བྱས་ཀྱིས་མ་འགྲོ་བར་སྡོད་ཅིག །དེས་སྨྲས་པ། འཕགས་པ་དག་དེ་དག་གིས་ནོངས་པ་བགྱིས་པ་བཞིན་དུ་བདག་གིས་ཀྱང་བགྱིས་སམ་ཅི། དགེ་སློང་རྣམས་ཀྱིས་སྨྲས་པ། དགེ་འདུན་རྣམས་དེ་ལྟར་ བཞེད་པ་ལ་ཁོ་བོ་ཅག་གིས་བྱར་ཅི་ཡོད། དེ་སླར་ལོག་ནས་དབྱར་ཁང་དུ་སོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་རྣམས་མཁྱེན་བཞིན་དུ་འདྲི་བར་མཛད་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་སྐྱེ་དགུའི་བདག་མོ་ཆེན་མོ་ནད་ཀྱིས་ ཐེབས་སམ་ཅི་བཙུན་པ་མ་ལགས་སོ། །འོ་ན་ཅིའི་ཕྱིར་མི་འོང་། དེས་བཅོམ་ལྡན་འདས་ལ་སྐབས་དེ་དག་རྒྱས་པར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་གི་དགེ་འདུན་གྱིས་ཁྲིམས་སུ་བྱས་པ་ཐོག་ཏུ་བབ་པོ། །འོན་ཀྱང་ དགེ་སློང་མ་རྣམས་ནི་དགེ་སློང་རྣམས་ལ་རག་ལུས་པ་མང་བ་ཡིན་ཞིང་། གལ་ཏེ་དེ་དག་འོང་དུ་མ་བཅུག་ན་བཀུར་སྟི་མེད་པར་འགྱུར་རོ། །དེའི་ཕྱིར་དགེ་སློང་མས་དགེ་སློང་སྒོ་བ་ལ་དྲིས་ཏེ་འོང་དུ་བཅུག་ལ་གདམས་ངག་མི་སྦྱིན་ནོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་མས་དགེ་སློང་ སྒོ་བ་ལ་དྲིས་ནས་གཙུག་ལག་ཁང་དུ་འོང་དུ་བཅུག་ལ་གདམས་ངག་ནི་བཀྱིག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དགེ་སློང་མ་རྣམས་ཀྱིས་ཇི་སྐད་དུ་དྲིས་ནས་ནང་དུ་འཇུག་པར་མི་ཤེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མས་གཙུག་ལག་ཁང་ དུ་མི་འཇུག་པར་འདི་སྐད་ཅེས་འཕགས་པ་དག་བདག་ཅག་གཙུག་ལག་ཁང་དུ་འཇུག་གིས་མཁྱེན་པར་མཛོད་ཅིག་ཅེས་སྨྲོས་ཤིག །དགེ་སློང་གིས་ཀྱང་སྲིང་མོ་དག་འཁོན་ཅན་མཚོན་ཆ་དང་ཁབ་དག་འཆང་བ་མ་ཡིན་ནམ་ཞེས་དྲིས་ཤིག །དགེ་སློང་མས་མ་དྲིས་པར་ཞུགས་ན། འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་གིས་མ་སྨྲས་ན་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་གདམས་ངག་བཀྱིག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་རྣམས་ཀྱིས་མ་བཀྱིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ མ་ཉེས་པ་དང་བཅས་པ་ལ་དགེ་སློང་གི་དགེ་འདུན་མི་བཟོད་བཞིན་དུ་དགེ་སློང་གིས་གདམས་ངག་བརྗོད་པར་མི་བྱའོ། །དགེ་སློང་མ་ཉེས་པ་དང་བཅས་པ་ལ་དགེ་སློང་གི་དགེ་འདུན་མི་བཟོད་བཞིན་དུ་དགེ་སློང་གིས་གདམས་ངག་རྗོད་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། ། གདམས་ངག་ལ་ཇི་ལྟ་བ་བཞིན་དུ་གསོ་སྦྱོང་དང་དགག་དབྱེ་ལ་ཡང་དེ་བཞིན་ནོ།། །།སྡོམ་ལ། དགེ་སློང་མས་ནི་བཟོད་གསོལ་དང་། །དགག་དབྱེ་ལས་ནི་གསོ་སྦྱོང་མིན། །གཅིག་ལ་གཅིག་ཀྱང་བཟོད་པ་གསོལ། །གཉིས་ནི་རྒན་རིམས་ཇི་བཞིན་ནོ། །སངས་ རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་མ་གཞན་ཞིག་དགེ་སློང་ཞིག་ལས་ཀློག་པར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་དེ་ལ་ཉེས་པ་ཞིག་བྱུང་ནས་དེས་དེ་སྤྱོས་པ་དང་། དེ་དབྱར་ཁང་ དུ་སོང་ནས་གློས་ཕབ་སྟེ་འདུག་གོ། །དེ་ནས་མཁན་མོས་མཐོང་ནས་སྨྲས་པ། གཞོན་ནུ་མ་ཁྱོད་ཅིའི་ཕྱིར་གློས་ཕབ་སྟེ་འདུག །དེས་སྨྲས་པ་མཁན་མོ་སློབ་དཔོན་གྱིས་བདག་ལ་སྤྱོས་ན་ཅི་ལྟར་བགྱི་བ་མ་འཚལ་ཏོ། །བུ་མོ་མཁན་མོ་དང་སློབ་དཔོན་ནི་བསྟན་པ་ གནས་པར་བྱ་བའི་ཕྱིར་གཤེ་བ་ཡིན་པས་བཟོད་པ་གསོལ་དུ་ཟད་མོད། དེ་ལ་ཅི་ཞིག་ཤེས་པར་བྱར་ཡོད། ལེགས་ཀྱིས་བཟོད་པར་གསོལ་དུ་མཆིའོ། །དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་དགེ་སློང་དེའི་རྐང་པ་གཉིས་ལ་གཏུགས་པ་དང་། དགེ་ སློང་དེས་དེ་ལ་འགོངས་ཏེ་སོང་ངོ་། །དགེ་སློང་མ་དེ་སྤོབས་པ་མེད་པར་གྱུར་ནས་དགེ་སློང་མའི་དབྱར་ཁང་དུ་འོངས་པ་དང་། དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་ཁྱོད་ཀྱིས་སློབ་དཔོན་ལ་བཟོད་པ་གསོལ་ན་དེ་བཟོད་པར་གྱུར་ཏམ། དེས་སྨྲས་པ། དེ་ལྟ་བུ་ནི་ ནམས་ཀྱང་སློབ་དཔོན་དུ་མ་གྱུར་ཅིག །སྨྲས་པ། ཅི་ཉེས་དེས་ཇི་ལྟར་གྱུར་པ་རྣམས་བསྙད་པ་དང་། དགེ་སློང་མ་རྣམས་ཕུ་ནུ་མོ་དག་བུ་མོ་དག་བུད་མེད་ལ་བརྙས་པའི་ཕྱིར་རེ་ཞིག་བཟོད་པ་གསོལ་ཡང་ཇི་ལྟར་བཟོད་པ་མི་བྱེད་པ་དང་། གཉིས་སུ་ན་རྐང་པ་ལ་ ཕྱག་བྱས་ཀྱང་འགོངས་ཏེ། འགྲོ་བར་བྱེད་པ་ལ་ལྟོས་ཞེས་འཕྱ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་ཕ་ལ་སྨྲས་སོ། །དགེ་སློང་ཕས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མ་རྣམས་འཕྱ་བ་ནི་ཐོག་ ཏུ་བབ་པོ། །དེའི་ཕྱིར་དགེ་སློང་གི་རྐང་པ་གཉིས་ལ་ཕྱག་འཚལ་ནས་བཟོད་པ་གསོལ་བ་ན་འགོངས་ཏེ་འགྲོ་བར་མི་བྱའོ། །དགེ་སློང་གི་རྐང་པ་ལ་དགེ་སློང་མས་ཕྱག་འཚལ་ནས་བཟོད་པ་གསོལ་བ་ན་འགོངས་ཏེ་འགྲོ་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་ མས་མོད་ཁོ་ན་ལ་བཟོད་པ་མི་གསོལ་ཏོ། །འོན་ཀྱང་བགས་ཀྱིས་བྱའོ། །བཅོམ་ལྡན་འདས་ཀྱིས་བགས་ཀྱིས་བྱའོ་ཞེས་བཀའ་སྩལ་པ་དང་། ཇི་ལྟར་བགས་ཀྱིས་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དང་པོར་དགེ་སློང་ངམ། དགེ་སློང་མའམ་ དགེ་བསྙེན་ནམ། དགེ་བསྙེན་མ་གཞན་གྱིས་མང་དུ་སྦྱང་བ་བྱས་ལ། དེ་མཐུན་པར་བྱེད་ན་དེའི་འོག་ཏུ་བཟོད་པ་གསོལ་བར་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །བཅོམ་ལྡན་འདས་ཀྱིས་དབྱར་གནས་པའི་དགེ་སློང་གིས་དགེ་འདུན་ལ་མཐོང་བ་དང་། ཐོས་པ་དང་། དོགས་པའི་གནས་གསུམ་གྱིས་དགག་དབྱེ་བྱའོ་ཞེས་བཀའ་སྩལ་པ་དང་། དབྱར་གནས་པའི་དགེ་སློང་གིས་དགེ་འདུན་ལ་གནས་གསུམ་གྱིས་དགག་དབྱེ་བྱས་ནས་ཡང་གསོ་སྦྱོང་བྱེད་དོ། །དེ་ལས་ཁ་ཅིག་གིས་སྨྲས་པ། ཚེ་དང་ལྡན་པ་དག་རྣམ་པར་དག་པར་བྱ་བའི་ཕྱིར་གསོ་ སྦྱོང་བྱ་བ་ཇི་ལྟ་བར་དགག་དབྱེ་ཡང་དེ་ལྟ་བུ་ཡིན་པར་བདག་གིས་མཐོང་ངོ་། །དེའི་ཕྱིར་གསོ་སྦྱོང་གང་ཡིན་པ་དེ་ནི་དགག་དབྱེ་ཡང་ཡིན་ནོ། །གཞན་དག་གིས་སྨྲས་པ། གསོ་སྦྱོང་ཡང་གཞན་ལ་དགག་དབྱེ་ཡང་གཞན་ཡིན་ནོ་ཞེས་བྱ་བའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གསོ་སྦྱོང་ཡང་གཞན་ལ། དགག་དབྱེ་ཡང་གཞན་པ་བདེན་མོད་ཀྱི་དགག་དབྱེ་ལས་གསོ་སྦྱོང་གཞན་དུ་བྱར་མེད་པས་དེའི་ཕྱིར་དགེ་སློང་དགག་དབྱེ་བྱས་ནས་གསོ་སྦྱོང་བྱ་མི་དགོས་སོ། །འདི་ལྟར་རྣམ་པར་ དག་པའི་ཕྱིར་གསོ་སྦྱོང་བྱ་བ་ཡིན་ལ་དགག་དབྱེ་ཡང་ཐམས་ཅད་དུ་རྣམ་པར་དག་པ་ཉིད་ཡིན་པའི་ཕྱིར་རོ། །གླེང་གཞི་ནི་མཉན་ཡོད་ནའོ། །དགེ་སློང་དག་འཁོན་ཡོད་པས་སེམས་མཉམ་པར་འཇོག་པ་བཏང་སྟེ་གཅིག་ལ་གཅིག་གླགས་ཚོལ་ཞིང་དགག་དབྱེ་བྱེད་པའི་ཚེ་དགེ་ འདུན་གྱི་ནང་དུ་ཞུགས་ནས། དེ་དག་དགེ་འདུན་གྱི་ནང་དེར་གཅིག་ལ་གཅིག་འགྲན་བྱེད་ཅིང་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པ་དག་གླེང་བར་བྱེད་ཅིང་དེ་དག་གཞན་དུ་གཏམ་འདྲེས་པ་དང་། ཕེབས་པར་སྨྲ་བ་ དང་། སྨོན་འགྲིན་དང་། གྲོགས་བཤེས་དང་། སློབ་དཔོན་དང་། མཁན་པོ་དང་། སློབ་དཔོན་གཅིག་པ་དང་། མཁན་པོ་གཅིག་པ་རྣམས་ཕྱོགས་ཕྱོགས་སུ་ཆད་ནས་འདུག་གོ། །དེའི་ཚེ་དགེ་འདུན་གྱི་དབྱེན་ཆེན་པོར་གྱུར་ནས་དགེ་འདུན་ཅ་ཅོ་འདོན། དགེ་འདུན་ གཉིས་སུ་གྱུར། དགེ་འདུན་མི་མཐུན་པར་གྱུར་པ་ན་དེ་དག་ལ་གཟུ་བོ་བྱེད་པ་རྣམས་ཀྱིས་ཚེ་དང་ལྡན་པ་དག་རྩོད་མི་དགོས་ཀྱིས་རབ་ཏུ་བྱུང་བའི་སེམས་སོ་སོར་ཐོབ་པར་གྱིས་ཤིག་ཅེས་འཆུགས་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་ཕ