Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 200

Văn bản gốc(Tây Tạng)

Trang 10 / 19 (50.000 ký tự/trang)
ག་གི་ནང་ཁྲོལ་རྒྱུ་མ་ལ་སོགས་པ་གཡོས་སུ་བྱས་པ་དང་། ཟན་དྲོན་དང་། སྦྱོར་ཐུག་དང་། མ་ཤ་གཉིས་པོ་སྟེ་མོན་སྲན་སྡེའུ་དང་། མོན་སྲན་དཀར་པོ་གཉིས་སྦྱིན་པ་དང་། སོགས་པའི་སྒྲས་རྒྱ་སྣེའུའི་ཚོད་མ་
དང་། ཞོ་ག་ཆུ་དང་། རྩབ་མོ་རང་སྐྱུར་ལ་སོགས་པ་སྦྱིན་པ་བསྡུའོ། །གཅིན་འཕེལ་གྱུར་ལ་གཅིན་འབྲི་བ། །གཅིན་ཟད་ལས་བྱུང་གཅིན་སྙི་གསོ། །ཞེས་བྱ་བ་ལ། གཅིན་མང་བ་ལས་བྱུང་བའི་ནད་ལ་ནི། གཅིན་འབྲི་བའི་གསོ་བའི་ཆོ་གས་གསོ་བར་བྱའོ། །གཅིན་ཟད་
པ་ལས་བྱུང་བའི་ནད་ལ་ནི། གཅིན་སྙི་བ་གསོ་བའི་ཆོ་གས་གསོ་བར་བྱའོ། །རྔུལ་མི་འབྱུང་ལ་རྩོལ་དང་བསྐུ། །རྔུལ་འབྱུང་ཆོ་གས་གསོ་བར་བྱ། །ཞེས་བྱ་བ་ལ། རྔུལ་ཟད་པ་ལས་བྱུང་བའི་ནད་ལ་ནི། རྩོལ་བ་ལ་སོགས་པས་རྔུལ་དབྱུང་བའི་ཆོ་གས་གསོ་བར་བྱའོ། །ལུས་
ཀྱི་མེ་དྲོད་རང་གནས་འདུག །ཆ་ཤས་ལུས་ཟུངས་རྣམས་ལ་བརྟེན། །དེ་རྣམས་འབྲི་ཞིང་རབ་འབར་བས། །ལུས་ཟུངས་འཕེལ་དང་ཟད་པར་འགྱུར། །ཞེས་བྱ་བ་ལ། ལུས་ཀྱི་མེ་དྲོད་ཅེས་བྱ་བ། ཕོ་བའི་མེ་དྲོད་ཡིན་ལ། རང་གནས་སུ་འདུག་ཅེས་བྱ་བ། རང་གི་གནས་ཞུ་བའི་

གནས་ཀྱི་བར་ན་འདུག་པ་དེའི་ཆ་ཤས་གང་ཡིན་པ་རྣམས་ལུས་ཟུངས་ལ་བརྟེན་ཅིང་གནས་པའི་ཆ་དེ་རྣམས་འབྲི་ཞིང་ཉམས་དམས་པས་དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་འཕེལ་བར་འགྱུར་ལ། ཆ་ཤས་དེ་རྣམས་ཉིད་རབ་ཏུ་འབར་ཞིང་སྟོབས་ཆེ་བར་གྱུར་པས་ནི་ལུས་ཟུངས་རྣམས་
ཟད་པར་འགྱུར་རོ། །ལུས་ཟུངས་དང་པོ་ཕྱི་མ་ནི། །རྒྱས་བྱེད་ཟད་པའང་དེ་བཞིན་ནོ། །ཞེས་བྱ་བ་ལ། ལུས་ཟུངས་ཀྱི་དང་པོ་དངས་མ་ཞེས་བྱ་བ་རྒྱས་པར་གྱུར་ན་དེའི་ཕྱི་མ་ཁྲག་ཅེས་བྱ་བའི་ལུས་ཟུངས་རྒྱས་པར་བྱེད་ལ། ལུས་ཟུངས་ཀྱི་དངས་མ་ཟད་ན་ཕྱི་མ་ཁྲག་ཀྱང་དེ་བཞིན་དུ་ཟད་པར་
འགྱུར་རོ། །ནད་དང་། ལུས་ཟུངས་དང་། དྲི་མ་དང་། དྲི་མ་རྣམས་ཀྱི་གནས་ལ་གནོད་པའི་རིམ་པ་དང་། ནད་འབྱུང་བའི་རིམ་པ་སྨྲས་པ་ནི། ཉེས་འཁྲུགས་པས་ནི་ལུས་ཟུངས་ཉེན། །གཉི་གས་དྲི་མ་ལ་གནོད་བྱེད། །འོག་ན་གཉིས་ཏེ་མགོ་བོར་བདུན། །བུ་ག་དང་ནི་རྔུལ་འབྱུང་
བའི། །དྲི་མའི་གནས་ནི་དྲི་མ་སྟེ། །རང་རང་གནས་སུ་ནད་སྐྱེད་འགྱུར། །ཞེས་བྱ་བ་ལ། ཉེས་པ་ནི་རླུང་ལ་སོགས་པ་སྟེ། དེ་རྣམས་འཁྲུགས་པ་ནི་རང་གི་རྒྱུ་རྣམས་ཀྱིས་ལྡང་ཞིང་གཡོས་སོ། །དེས་ན་ལུས་ཟུངས་བྱ་བ་དངས་མ་ལ་སོགས་པ་ལ་ཉེན་ཅིང་གནོད་པར་འགྱུར་རོ། །ཉེས་པ་
དང་ལུས་ཟུངས་དེ་གཉིས་ཀ་འཁྲུགས་ཤིང་གཡོས་པས་ནི་དྲི་མ་ལ་གནོད་པར་བྱེད་ལ། གནོད་པ་དང་ལྡན་པ་ནི་དྲི་མ་དེས་ནི་དྲི་མའི་གནས་ལ་གནོད་པ་སྐྱེད་པར་འགྱུར་ན། དྲི་མའི་གནས་དེ་དག་གང་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ་ནི། འོག་ན་གཉིས་ཏེ་བཤང་བའི་ལམ་དང་གཅི་བའི་
ལམ་མོ། །མགོ་བོར་ནི་དྲི་མའི་གནས་བདུན་ཏེ། མིག་གཉིས་དང་རྣ་བའི་བུ་ག་གཉིས་དང་། སྣའི་བུ་ག་གཉིས་དང་། ལྐོག་མའི་བུ་ག་གཅིག་སྟེ། བུ་ག་ནི་བུ་གའི་ཁུང་བུ་རྣམས་དང་། དེ་བཞིན་དུ་རྔུལ་འབྱུང་བར་བྱེད་པ་སྟེ། ལུས་ཐམས་ཅད་དུ་གཏོགས་པའི་བ་སྤུའི་བུ་ག་རྣམས་ཏེ། དེ་
ཐམས་ཅད་ཀྱང་དྲི་མའི་གནས་ཡིན་ལ། དེ་རྣམས་ནི་གནོད་པ་ཅན་གྱི་དྲི་མས་གནོད་པ་སྐྱེད་དོ། །དེ་བས་ན་ལུས་ཟུངས་དང་དྲི་མའི་གནས་དེ་རྣམས་སུ་རང་རང་གི་གནས་པ་དེ་རྣམས་སུ་རང་གི་ནད་སྐྱེད་ཅིང་འབྱུང་བར་འགྱུར་རོ། །དེ་ཡང་ལུས་ཟུངས་རྣམས་ལ་ཉེས་བས་གནོད་པ་སྐྱེད་ལ། དྲི་མའི་

གནས་རྣམས་སུ་ནི་དྲི་མས་གནོད་པ་བསྐྱེད་ནས་རང་རང་ཇི་ལྟ་བའི་ནད་རྣམས་འབྱུང་བར་འགྱུར་རོ། །དེ་ལྟར་ཉེས་པ་དང་ལུས་ཟུངས་དང་དྲི་མ་རྣམས་རང་གི་ལས་ཉིད་ལ་སོགས་པའི་ཁྱད་པར་གྱིས་བཤད་ནས། ད་ནི་ཉེས་པ་དང་ལུས་ཟུངས་དང་དྲི་མ་རྣམས་ཀྱི་རྩ་བ། ལུས་འདིའི་
ཉེས་པ་དང་ལུས་ཟུངས་དང་དྲི་མ་རྣམས་ཟད་དམ་མ་ཟད་པར་གྱུར་ཀྱང་སྲོག་དང་བཅས་པར་ཟད་པར་གྱུར་ལ། དེ་འཕེལ་བས་སྲོག་དང་བཅས་པ་འཕེལ་བར་འགྱུར་བའི་ལུས་གནས་པའི་རྒྱུའི་གཙོ་བོ་དེ་སྨྲས་པ་ནི། ལུས་ཟུངས་ཁུ་བའི་མཐར་ཐུག་པའི། །ནང་ནས་གཟི་ཅན་མདངས་མཆོག་
ཡིན། །སྙིང་ལ་གནས་ཀྱང་ཁྱབ་པ་དང་། །ལུས་ནི་བརྟན་པར་གནས་པ་ཡིན། །གང་ཞིག་འཇིག་ན་དེས་འཇིག་ལ། །གང་ཞིག་གནས་ན་གནས་གྱུར་པ། །གང་ལ་དངོས་རྣམས་སྣ་ཚོགས་པ། །ལུས་ལ་བརྟེན་པ་འབྱུང་བ་ཡིན། །ཞེས་བྱ་བ་ལ། ལུས་ཟུངས་དངས་མ་ནས་ཁུ་བའི་མཐར་
ཐུག་པ་རྣམས་ཀྱི་ནང་ན་གཟི་ཅན་མདངས་ནི་མཆོག་ཡིན་ཏེ། ཤིན་ཏུ་སྙིང་པོར་གྱུར་པ་ཡིན་ལ། དེ་ནི་མདངས་ཞེས་བྱ་བར་སློབ་དཔོན་གྱིས་བཤད་དོ། །དེ་བཞིན་དུ་སྙིང་ག་ལ་གནས་སུ་ཟིན་ཀྱང་ལུས་མ་ལུས་པར་ཁྱབ་པ་ཡིན་ནོ། །དེ་ཡང་རྣམ་པ་གཉིས་སུ་བཤད་དེ། ཐིག་ལེ་དྲུག་པའི་ཚད་དང་
ཁྱབ་པར་བྱེད་དེ། །དེ་ནི་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་ཅིང་ཐིག་ལེ་དྲུག་པ་ཁ་དོག་དཀར་པོ་དང་། དམར་པོ་ལྟ་བུ་དང་། ཅུང་ཟད་སེར་པོར་སྣང་བ་ཁྱད་པར་དུ་སྙིང་ལ་གནས་པ་ཡིན་ནོ། །དེ་ཡང་ལུས་ནི་བརྟན་པར་གནས་པ་ཡིན་ཞེས་བྱ་བ་སྟེ། དེ་ནི་ལུས་བརྟན་པར་གནས་པ་དང་། དེ་བསྲུང་
ཞིང་གནས་པར་བྱེད་པ་ཡིན་ཏེ། དེ་ལུས་གནས་ཤིང་འཇོག་པར་བྱེད་པ་ཡིན་ནོ། །གཞན་ཡང་གང་ཞིག་འཇིག་ཅིང་མེད་པར་གྱུར་ན། ངེས་པར་གདོན་མི་ཟ་བར་འཇིག་པར་འགྱུར་ལ། དེ་བཞིན་དུ་མདངས་གང་ཞིག་གནས་ཤིང་ཡོད་པར་གྱུར་ན། སྐྱེས་བུ་དེ་གནས་ཤིང་འཚོ་བར་འགྱུར་བ་དང་།
དེ་བཞིན་དུ་མདངས་གང་ལས་དངོས་པོའི་ངོ་བོ་རྣམས་རྣམ་པ་དུ་མར་འབྱུང་ཞིང་སྣང་བར་འགྱུར་ལ། ལུས་ལ་སོགས་པ་སྣ་ཚོགས་པར་འབྱུང་བར་འགྱུར་ཞིང་བརྟེན་པ་དེ་ནི་མདངས་ཞེས་བྱའོ། །དེ་ཡང་བསྡུས་པ་ལས། འབྱུང་བ་ཀུན་གྱི་མདངས་གང་ཡིན། །གཟི་ཅན་དེ་ནི་མཆོག་ཏུ་བཤད། །དེ་

ནི་ཟླ་བའི་རང་བཞིན་དག །དམར་ཞིང་ཅུང་ཞིག་སེར་དང་བཅས། །དང་པོ་མངལ་གྱི་སྙིང་པོ་གང་། །གང་དེ་མངལ་གྱི་དངས་མར་གནས། །སྙིང་ནི་ཆགས་པར་གྱུར་པ་ན། །གང་ཞིག་སྔོན་ཆད་བརྟེན་གྱུར་ཅིང་། །ལུས་ཀྱི་དངས་མ་སྣུམ་དག་དང་། །སྲོག་ནི་གང་ལ་བརྟེན་གྱུར་ལ། །གང་ཞིག་
འཇིགས་པས་འཇིག་འགྱུར་ཞིང་། །གང་གིས་ལུས་ཅན་འཚོ་བྱེད་ལ། །སྙིང་ལ་གནས་ཀྱང་ཁྱབ་གྱུར་གང་། །དེ་ནི་སྲོག་གི་གནས་མཆོག་ཡིན། །ཞེས་བཤད་པ་ཡིན་ནོ། །མདངས་ནི་སེམས་འཁྲུགས་བཀྲེས་སེམས་ལས། །མྱ་ངན་ངལ་ལ་སོགས་པས་ཟད། །ཅེས་བྱ་བ་ལ། མདངས་དེ་
ནི་སེམས་བྱུང་འཁྲུགས་པ་ལ་སོགས་པས་ཟད་པར་འགྱུར་ཏེ་སེམས་འཁྲུགས་པ་ནི་ཁྲོས་པའོ། །བཀྲེས་པ་ནི་ཤིན་ཏུ་མི་བཟད་པར་བྲུབ་ཚ་བའོ། །སེམས་ལས་ནི་ཡུལ་རྣམ་པ་དུ་མ་ལ་དཔྱོད་པའོ། །མྱ་ངན་ནི་སེམས་ཀྱི་སྡུག་བསྔལ་ལོ། །ངལ་བ་ནི་ལུས་ཉོན་མོངས་པའོ། །སོགས་པའི་སྒྲས་
ནི་འཇིག་པ་ལ་སོགས་པ་བསྡུའོ། །དེ་ཟད་སྔངས་ཤིང་ལུས་རིད་ལ། །ཡང་ཡང་སེམས་ཤིང་དབང་པོ་ཉམས། །གཟི་ཉམས་རྩུབ་དང་ཡིད་མི་དགའ། །ཉམ་ཆུང་བར་ནི་འགྱུར་བ་ཡིན། །ཞེས་བྱ་བ་ལ། མདངས་དེ་ཟད་ཅིང་ཉམས་པར་གྱུར་ན་མི་སྔངས་པ་སྟེ། གློ་བུར་དུ་སྐྲག་པ་དང་བཅས་པར་
འགྱུར། དེ་བཞིན་དུ་ལུས་རིད་ཅིང་མེ་སྟོབས་ཆུང་བ་དང་། ཡང་དང་ཡང་དུ་སེམས་ཤིང་དཔྱོད་པ་ལ་བརྩོན་པར་གྱུར་པ་དང་། དབང་པོ་ཐམས་ཅད་ཉམས་ཤིང་སྡུག་བསྔལ་ལ། མྱོ་མྱོ་པོར་ནུས་པ་ཆུང་བར་འགྱུར་བ་དང་། གཟི་བྱིན་ཉམས་ཤིང་སྐྱ་བོ་འོད་འོད་པོར་འགྱུར་བ་དང་། རྩུབ་པ་སྟེ་པགས་པ་
ལ་སོགས་པ་སྣུམ་མེད་པ་དང་། ཡིད་མི་དགའ་ཞིང་སེམས་ཀྱི་མདུད་པའི་ཤས་ཆེ་བར་འགྱུར་བ་དང་། ཉམ་ཆུང་བ་སྟེ་ལུས་ཟུངས་རྣམས་ཟད་ཅིང་འབྲི་བར་འགྱུར་བ་ཡིན་ནོ། །འཚོ་བྱེད་སྨན་དང་འོ་མ་དང་། །ཤ་ཁུ་ལ་སོགས་དེའི་སྨན་ཡིན། །ཞེས་བྱ་བ་ལ། མདངས་ཟད་པ་དེའི་སྨན་ནི་ཛི་བན་
ཏི་དང་། ཉེའུ་ཤིང་ལ་སོགས་པ་འཚོ་བྱེད་ཀྱི་སྨན་རྣམས་དང་། དེ་བཞིན་དུ་འོ་མ་དང་། ཤའི་ཁུ་བ་དང་། སོགས་པའི་སྒྲས་བརྟས་པར་བྱེད་པའི་སྨན་རྒུན་འབྲུམ་ལ་སོགས་པའི་སྨན་མངར་བའི་སྡེ་ཚན་ལས་བསྟན་པ་རྣམས་བསྡུས་ཏེ། དེ་དག་ཀྱང་དེའི་སྨན་ཡིན་ནོ། །འོ་མ་ཡང་འཚོ་བྱེད་

ཡིན་པས། འཚོ་བྱེད་ཀྱི་སྨན་གྱི་སྡེ་ཚན་གྱི་ནང་དུ་གཏོགས་ན། ཅིའི་ཕྱིར་ལོགས་ཤིག་ཏུ་སྨོས་ཤེ་ན། འོ་མ་ནི་དེར་སྨན་གྱི་མཆོག་ཡིན་པས་ཁྱད་པར་དུ་སྨོས་པ་ཡིན་ནོ། །ཟད་པ་དང་འཕེལ་བ་དག་ནི་སྨན་མདོར་བསྡུས་ཏེ་སྨྲས་པ་ནི། ཟས་གང་མི་འདོད་གང་ཞིག་སློང་། །དེ་
ལ་མི་འཕྲོད་འཕྲོད་པ་ནི། །སྤང་དང་སྦྱིན་པར་བྱ་བ་དག །དེ་དང་དེས་འཕེལ་ཟད་པར་འགྱུར། །ཞེས་བྱ་བ་ལ། བཟའ་བར་བྱ་བའི་ཟས་གང་སྐྱེས་བུ་མི་འདོད་ཅིང་འགྲངས་པ་དང་། ཡང་ཟས་གང་ཞིག་སློང་ཞིང་འདོད་པར་བྱེད་པ་དེ་དང་དེ་ལ་ཟས་མི་འཕྲོད་པ་དང་ཞེ་འགྲངས་པ་ནི། སྤང་ཞིང་མི་བཟའ་
བ་དང་། འཕྲོད་པ་དང་ཡིད་ལ་འདོད་པ་ནི་སྦྱིན་ཞིང་བཟའ་བར་བྱ་བ་གང་ཡིན་པ་དེ་དང་དེ་ནི་ནད་འཕེལ་བ་དང་ནད་ཟད་པར་འགྱུར་རོ། །དེ་ཡང་འདོད་ཅིང་སློང་བའི་ཟས་དེ་མི་འཕྲོད་པ་མེད་པར་གྱུར་ན་བཟའ་བར་བྱའི་གཞན་དུ་ནི་མ་ཡིན་ནོ། །ཉེས་པ་ཕྱིན་ཅི་ལོག་པ་དང་། །མཐུན་པས་སྲེད་པ་སྐྱེད་བྱེད་དེ། །
ཕལ་ཆེར་འཕེལ་དང་ཟད་པ་དག །མི་མཁས་པ་ཡིས་མི་ཤེས་སོ། །ཞེས་བྱ་བ་ལ། གང་གི་ཕྱིར་རླུང་ལ་སོགས་པའི་ཉེས་པ་དག་ནི་ཕྱིན་ཅི་ལོག་ཏུ་གྱུར་པའི་ཟས་ཀྱིས་ཡུལ་དེ་ལ་སྲེད་ཅིང་དགའ་བ་སྐྱེད་པར་བྱེད་ལ། དེ་ཡང་ཕལ་ཆེར་ཏེ་ཐམས་ཅད་དུ་མ་ཡིན་ནོ། །ཟད་པ་ནི་ཟས་ཀྱི་རིས་སུ་གཏོགས་
པ་དང་ཆ་འདྲ་ཞིང་མཐུན་པའི་ཡོན་ཏན་གྱིས་ཡུལ་དེ་སྲེད་པ་སྐྱེད་པར་བྱེད་དེ། ཇི་སྲིད་རླུང་འཕེལ་བ་ནི། ཟས་སྣུམ་པ་དང་། སྐྱུར་བ་དང་། མངར་བ་ལ་དགའ་བ་སྐྱེད་པར་བྱེད་པའོ། །མཁྲིས་པ་འཕེལ་བས་གྲང་བ་དང་བསིལ་བའོ། །བད་ཀན་འཕེལ་བ་ནི་ཁ་བ་དང་རྩུབ་པ་ལ་སྲེད་པ་སྐྱེད་པར་བྱེད་དོ། །
དེ་ལ་ཟད་པ་ལ་རླུང་ཟད་པས་སྣུམ་པ་དང་ལན་ཚྭའོ། །མཁྲིས་པ་ཟད་པས་ནི་སྐྱུར་བ་ལ་སོགས་པའོ། །བད་ཀན་ཟད་པས་ནི་ཟས་སྣུམ་པ་དང་། མངར་བ་ལ་སོགས་པ་ལ་དགའ་བ་སྐྱེད་པར་བྱེད་པ་ནི་དངོས་པོའི་རང་བཞིན་ནམ་ཆོས་ཉིད་ཡིན་ནོ། །དེ་ལྟ་བུའི་ཉེས་པའི་རང་བཞིན་ནི་སྨན་པ་མི་མཁས་
ཤིང་། ཤེས་རབ་ཆུང་བས་མི་ཤེས་ཤིང་ཡུལ་དེའི་རང་བཞིན་ཤེས་པ་དེ་ལ་མི་སྐྱེའོ། །ཞེས་བྱ་བའི་དོན་ཏོ། །ཡང་མཚན་ཉིད་གཞན་དག་མདོར་བསྡུས་ཏེ་སྨྲས་པ་ནི། ཅི་བཞིན་སྟོབས་དང་རང་ཇི་བཞིན། །འཕེལ་ན་ཉེས་པ་རྒྱས་པར་འགྱུར། །ཟད་པས་རང་བཞིན་འདོར་བར་འགྱུར། །མཉམ་ན་

རང་གི་ལས་རྣམས་བྱེད། །ཅེས་བྱ་བ་ལ། ནད་དང་ཉེས་པ་རྣམས་ཀྱི་སྟོབས་ཅི་ལྟ་བ་དང་། རང་གི་རང་བཞིན་ཅི་ལྟ་བ་ལས་ཚད་ལས་འཕེལ་བར་གྱུར་ན་ནི། ཉེས་པ་རྒྱས་ཤིང་སྐྱེ་བར་འགྱུར་ལ། དེ་བཞིན་དུ་ཟད་པ་སྟེ་རང་གི་སྟོབས་ཇི་ལྟ་བ་དང་། རང་གི་མཚན་ཉིད་ཆེན་པོ་དང་འབྲིང་དང་ཆུང་ངུ་ཅི་
ལྟ་བ་དང་། རང་གི་རང་བཞིན་རྩུབ་པ་དང་། དྲོ་བ་དང་སྣུམ་པ་ལ་སོགས་པའི་རང་བཞིན་ཅི་ལྟ་བ་ཟད་པ་ལས་ནི་ནད་དེ་རྣམས་རང་གི་མཚན་ཉིད་འདོར་ཞིང་སྤོང་བར་འགྱུར་རོ། །གང་གི་ཚེ་ཉེས་པ་དེ་རྣམས་མཉམ་པ་སྟེ་འཕེལ་བ་ཡང་མེད་ལ་ཟད་པ་ཡང་མེད་པ་དེའི་ཚེ་ནི་རང་གི་ཚད་དང་ལྡན་པར་
གནས་པ་ཡིན་ཏེ། དེའི་ཚེ་ན་ནི་མཉམ་ཞིང་མི་འགྱུར་བར་གནས་པ་ཉིད་ཀྱིས་ན། རང་གི་ལས་ནད་ལ་སོགས་པའི་ཚུལ་ཤེས་པར་བྱ་བ་ལས་བཤད་པ། དབུགས་རྔུབ་པ་དང་དབུགས་དབྱུང་བ་ལ་སོགས་པའི་ལས་དེ་རྣམས་བྱེད་ཅིང་སྐྱེད་པ་ཡིན་ནོ། །མཚན་ཉིད་དེས་ན་དེ་རྣམས་མཉམ་ཞིང་
འགྱུར་བ་མེད་པར་ཤེས་པར་བྱའོ། །ཉེས་པ་ཟད་པ་རྣམས་ནི་ལུས་ལ་ཉེས་པ་ཅི་ཡང་སྐྱེད་པར་མི་བྱེད་དེ། མི་ལྡང་བའི་ཕྱིར་དང་། ནུས་པ་ཟད་པའི་ཕྱིར་དང་། ཅི་ཡང་མི་བྱེད་པ་ཡིན་པའི་ཕྱིར་ཉེས་པ་ཅི་ཡང་སྐྱེད་པར་མི་བྱེད་དོ་སྙམ་དུ་སེམས་ནས། སྨན་པ་དག་ཉེས་པ་ཟད་པ་འཕེལ་བའི་ཕྱིར།
བཟའ་བ་དག་སྟེར་བར་བྱེད་པ་ལ་སྦྱོར་བར་བྱེད་པ་ནི་ནམ་ཡང་མ་གྱུར་ཅིག་སྙམ་ནས་སྨྲས་པ་ནི། གང་ཞིག་མཉམ་པས་ལུས་འདི་འཕེལ་བར་བྱེད། །ཉེས་པ་དེ་ཉིད་མི་མཉམ་གསོད་པར་བྱེད། །དེ་བས་ཟད་པའང་འཕེལ་བ་ལྟ་བུ་ནི། །ཕན་པའི་སྤྱོད་པ་ཉིད་ཀྱིས་བསྲུང་བར་བྱ། །ཞེས་བྱ་བ་ནི། ཉེས་པ་གང་ཞིག་མཉམ་ཞིང་
སྙོམས་པར་གྱུར་པས་ལུས་འཕེལ་བར་བྱེད་པའི་དོན་དུ་འགྱུར་ཏེ་རང་གི་ཚད་དང་ལྡན་པར་གནས་པ་ནི་ལུས་མཉམ་པའི་རྒྱུར་འགྱུར་རོ། །ཉེས་པ་དེ་ཉིད་མི་མཉམ་ཞིང་རང་གི་ཚད་ལས་ལྷག་པའམ་ཆད་པར་གྱུར་ན་ལུས་གསོད་པར་འགྱུར་རོ། །གང་གི་ཕྱིར་ཉེས་པ་མཉམ་པ་ནི་ལུས་འཕེལ་བའི་རྒྱུ་ཡིན་
ལ། མི་མཉམ་པ་ནི་ལུས་གསོད་པའི་རྒྱུ་ཡིན་པ་དེ་བས་ན། ཉེས་པ་རྣམས་ཟད་ཀྱང་འཕེལ་བ་བཞིན་དུ་ཕན་པའི་སྤྱོད་པས་བསྲུང་བར་བྱ་སྟེ། ཇི་ལྟར་འདི་རྣམས་འཕེལ་ནས་ནད་ལྡང་ཞིང་གནོད་པར་འགྱུར་བས་ན། ཁྱད་པར་དུ་མི་འཕེལ་བའི་ཕྱིར་སྲུང་བར་བྱེད་པ་བཞིན་དུ་ཟད་པ་ལས་ཀྱང་

རྗེས་སུ་མཐུན་ཞིང་ཕན་པའི་སྤྱོད་པ་ཉིད་ཀྱིས་ཀྱང་བསྲུང་ཞིང་བསྐྱང་བར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་བ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་བཅུ་གཅིག་པའི་རྣམ་པར་འགྲེལ་
པའོ།། །།དེ་ནས་ནད་ཀྱི་དབྱེ་བ་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། སྔར་ནད་ལ་སོགས་པའི་ཚུལ་ཤེས་པར་བྱ་བ་བཤད་མོད་ཀྱི། ནད་རྣམས་ནི་ཐ་དད་པར་འབྱུང་བ་ཡིན་པས། དེའི་ཕྱིར་ནད་ཀྱི་དབྱེ་བ་ཤེས་པར་བྱ་བ་མེད་པར་ནད་མ་ལུས་པའི་ཚུལ་ཤེས་པར་འགྱུར་བ་
བཤད་པ་མ་ཡིན་པས་དེའི་ཕྱིར་ནད་ལ་སོགས་པའི་ཚུལ་ཤེས་པར་བྱ་བའི་འོག་ཏུ་ནད་ཀྱི་དབྱེ་བ་ཤེས་པར་བྱ་བའི་ལེའུ་བཤད་པ་ཡིན་ནོ། །དེ་ལ་ནད་རྣམས་ཀྱི་དབྱེ་བ་ནི་ནད་ཀྱི་དབྱེ་བ་སྟེ། གནས་དང་མིང་དང་། དབྱེ་བ་ལ་སོགས་པའི་རབ་ཏུ་དབྱེ་བས་ཤེས་པར་བྱ་ཞིང་རྟོགས་པར་བྱ་བ་སྟེ།
དེ་ལ་ཕན་པའི་གཞུང་ནི་ནད་ཀྱི་དབྱེ་བ་ཤེས་པར་བྱ་སྟེ། དེའི་ལེའུ་བཤད་ཅིང་བསྟན་པར་བྱའོ་ཞེས་པའོ། །དེ་ལ་རེ་ཞིག་རླུང་ལ་སོགས་པ་ལུས་ལ་གནས་པའི་དབྱེ་བའི་ངེས་པར་བརྟག་པ་སྨྲས་པ་ནི། ཞུ་བའི་གནས་དང་རྐེད་པ་དཔྱི། །རྣ་བ་རུས་པ་རེག་དབང་པོ། །རླུང་གནས་ཡིན་ཏེ་དེ་
ལས་ཀྱང་། །ཞུ་བའི་གནས་སུ་ཁྱད་པར་གནས། །ཞེས་བྱ་བ་ལ། རླུང་གི་གནས་ནི་ཞུ་བའི་གནས་ལ་སོགས་པ་ཡིན་ཏེ། ལྟེ་བའི་འོག་ནས་རྐེད་པ་དང་། དཔྱི་དང་། རྣ་བ་དང་། རུས་པ་དང་། རེག་པའི་དབང་པོ་སྟེ། པགས་པ་རྣམས་ཡིན་ལ། དེ་རྣམས་ཀྱི་ནང་ནས་ཀྱང་ཞུ་བའི་
གནས་ནི་རླུང་གི་ཁྱད་པར་གྱི་གནས་ཡིན་ཏེ། ཟས་འཇུ་བ་རྣམས་གང་ན་གནས་ཤིང་བརྟེན་པ་དེ་ནི་ལྷག་པར་རླུང་གི་གནས་ཡིན་ནོ། །མཁྲིས་གནས་ལྟེ་བ་ཕོ་བ་རྔུལ། །ཆུ་སེར་དངས་མ་ཁྲག་དང་ནི། །མིག་དང་པགས་པ་དག་ཡིན་ཏེ། །དེ་ལས་ལྟེ་བ་ཁྱད་པར་གནས། །ཞེས་བྱ་བ་ལ།
མཁྲིས་པའི་གནས་ནི་ལྟེ་བ་ལ་སོགས་པ་ཡིན་ཏེ། ཕོ་བ་ནི་ལྟེ་བ་ཡན་ཆད་ཀྱི་མ་ཞུ་བའི་གནས་སྤྱི་ལ་བྱའོ། །ཆུ་སེར་ནི་པགས་པའི་ཤ་མདངས་ན་ཆུར་གནས་ཏེ་འདུག་པ་ལ་བྱ་སྟེ། པགས་པ་ཕྲུགས་པ་ལས་ཆུའི་རྣམ་པར་བྱུང་བར་སྣང་བའོ། །དངས་མ་དང་ཁྲག་ནི་ལུས་ཟུངས་དང་པོ་

དང་གཉིས་པའོ། །མིག་ནི་མིག་གི་དབང་པོའོ། །པགས་པ་ནི་རེག་པའི་དབང་པོ་སྟེ། དེ་ནི་རླུང་གནས་ཡིན་པར་བསྟན་མོད་ཀྱི། མཁྲིས་པའི་ཡང་དེ་ཉིད་ཡིན་ཏེ། རླུང་གི་གྲོགས་ཡིན་པའི་ཕྱིར་རོ། །འདིར་གནས་དེ་དག་ལས་ཀྱང་ལྟེ་བ་ནི་ཁྱད་པར་གྱི་གནས་ཡིན་ནོ། །བད་ཀན་བྲང་
དང་མགུལ་པ་མགོ། །གློ་བ་རུས་ཚིགས་མ་ཞུའི་གནས། །དངས་མ་ཚིལ་དང་སྣ་ལྕེར་གནས། །བྲང་ནི་ཁྱད་པར་དག་གི་གནས། །ཞེས་བྱ་བ་ལ། བད་ཀན་གྱི་གནས་ནི་བྲང་ལ་སོགས་པ་ཡིན་ནོ། །དེ་ལ་བྲང་ནི་ཐོང་ཁའི་གནས་སོ། །མགུལ་པ་ནི་ལྐོག་མའོ། །མགོ་བོ་ནི་སྤྱི་བོའོ།
གློ་བ་ནི་ཁོང་པའི་ནང་ཆ་སྟེ། ལུས་ཀྱི་ཡན་ལག་གི་དབྱེ་བ་ལས་འོག་ནས་བཤད་དོ། །རུས་ཚིགས་ནི་ཚིགས་ཀྱི་མདུད་པའོ། །ཕོ་བའི་གནས་ནི་ལྟེ་བ་ཡན་ཆད་དོ། །དངས་མ་ལ་སོགས་པ་ནི་གོ་བར་ཟད་དོ། །འདིར་གནས་འདི་རྣམས་ཀྱི་ནང་ན་བྲང་ནི་བད་ཀན་གྱི་ཁྱད་པར་གྱི་གནས་སོ། །
རླུང་ནི་སྲོག་སོགས་དབྱེ་བ་ཡིས། །ལྔ་ཡི་བདག་ཉིད། ཅེས་བྱ་བ་ལ། རླུང་གཅིག་པུ་གཡོ་བའི་བདག་ཉིད་ཅན། གཅིག་པུ་ནི་སྲོག་དང་། སྟོད་དུ་རྒྱུ་བ་དང་། ཁྱབ་བྱེད་དང་། མེ་དང་མཉམ་དུ་གནས་པ་དང་། ཐུར་དུ་སེལ་བ་ཞེས་བྱ་བ་རྣམ་པ་ལྔའི་བདག་ཉིད་ཅན་དུ་གནས་པ་ལ་སོགས་
པའི་དབྱེ་བས་འགྱུར་རོ། །འདིར་སྲོག་ནི། སྤྱིར་གནས་བྲང་དང་གྲེ་བར་རྒྱུ། །བློ་དང་དབང་པོ་སེམས་འཛིན་བྱེད། །མཆིལ་འདོར་སྦྲིད་འབྱུང་སྒྲེགས་པ་འདོན། །དབུགས་རྔུབ་ཟས་ནི་མིད་པར་བྱེད། །ཅེས་བྱ་བ་ལ། འདིར་ལྔ་པོ་འདི་དག་གི་ནང་ནས་སྲོག་ཅེས་བྱ་བའི་རླུང་ནི་སྤྱི་བོར་
གནས་ཤིང་མགོ་ལ་བརྟེན་པ་དང་། བྲང་དང་གྲེ་བར་རྒྱུ་ཞིང་འགྲོ་བ་དང་། བློ་དང་དབང་པོ་དང་སེམས་འཛིན་པར་བྱེད་པ་དང་། མཆིལ་མ་ལ་སོགས་པ་འདོར་ཞིང་འབྱིན་པར་བྱེད་དོ། །མཆིལ་མ་ནི་ཁ་ནས་བད་ཀན་འབྱུང་བའོ། །དབུགས་རྔུབ་པ་ནི་དབུགས་ནང་དུ་སྡུད་པའོ། །གྱེན་རྒྱུའི་
གནས་ནི་བྲང་ཡིན་ཏེ། །སྣ་དང་ལྕེ་དང་ལྐོག་མར་རྒྱུ། །ཚིག་འབྱིན་འབད་རྩོལ་མདངས་དང་ནི། །སྟོབས་དང་ཁ་དོག་དྲན་ལས་བྱེད། །ཅེས་བྱ་བ་ལ། རླུང་གྱེན་དུ་རྒྱུ་བའི་གནས་ནི་བྲང་ཡིན་ཏེ། དེར་བརྟེན་ནས་སྣ་ལ་སོགས་པ་གསུམ་དུ་རྒྱུ་བར་བྱེད་དོ། །དེའི་དབྱེ་བ་ནི་ཚིག་འབྱིན་པ་

ལ་སོགས་པ་ཡིན་ཏེ། འབད་རྩོལ་ནི་བྱ་བ་ལ་བརྩོན་པའོ། །མདངས་ནི་གཟི་མདངས་དང་ལྡན་པའོ། །སྟོབས་ནི་ནུས་པའོ། །ཁ་དོག་ནི་དཀར་པོ་ལ་སོགས་པའི་དབྱེ་བས་ཕྱེ་བའོ། །དྲན་པ་ནི་འདས་པའི་དོན་མ་བརྗེད་པའོ། །ཁྱབ་བྱེད་སྙིང་གནས་ལུས་ཀུན་ལ། །
མ་ལུས་ཁྱབ་ཅིང་རབ་ཏུ་མགྱོགས། །འགྲོ་དང་འདེགས་དང་འཇོག་པ་དང་། །མིག་འབྱེད་འཛུམས་པ་ལ་སོགས་པ། །ལུས་ཅན་བྱ་བ་ཕལ་ཆེར་ནི། །དེ་ལ་རག་ནི་ལུས་པ་ཡིན། །ཞེས་བྱ་བ་ལ། རླུང་ཁྱབ་བྱེད་ཅེས་བྱ་བ་ནི་སྙིང་ལ་གནས་ཏེ། ལུས་ཀུན་མ་ལུས་པར་ཁྱབ་ཅིང་རྒྱུ་བ་
ཡིན་ལ། རབ་ཏུ་མགྱོགས་པ་སྟེ་མྱུར་དུ་འགྲོ་ཞིང་ཤས་ཆེར་མགྱོགས་པ་ཡིན་ནོ། །དེའི་ལས་ནི་འགྲོ་བ་ལ་སོགས་པའི་ལུས་ཅན་ཏེ། སེམས་ཅན་གྱི་བྱ་བ་ཐམས་ཅད་ལས་ཕལ་ཆེར་ཏེ། མང་དུ་རླུང་དེ་ལས་རག་ལས་ཤིང་ལྟོས་པ་ཡིན་ནོ། །དེ་ཡང་འགྲོ་བ་ནི་ཡུལ་ནས་ཡུལ་གཞན་དུ་
འགྲོ་བ་ལ་སོགས་པའོ། །འདེགས་པ་ནི་གྱེན་དུ་འདྲེན་པའོ། །འཇོག་པ་ནི་ཡན་ལག་སྨད་དེ་འཇོག་པའོ། །མིག་འབྱེད་པ་ནི་མིག་གི་རྫི་མ་གཉིས་འབྱེད་པའོ། །འཛུམས་པ་ནི་དེ་ཉིད་འཛུམས་པའོ། །མཉམ་གནས་མེ་དྲོད་ཉེ་བར་གནས། །ནང་ཁྲོལ་ཀུན་ཏུ་རྒྱུ་བ་ཡིན། །བྱ་བ་ཟས་ལེན་
འཇུ་བ་དང་། །དངས་སྙིགས་འབྱེད་ཅིང་འདོར་བར་བྱེད། །ཅེས་བྱ་བ་ལ། རླུང་མེ་དང་མཉམ་དུ་གནས་པ་ཞེས་བྱ་བ་ནི། ཕོ་བའི་མེ་དྲོད་དང་ཉེ་བར་གནས་ཏེ། ནང་གྲོལ་གྱི་ནང་ན་མ་ཞུ་བའི་གནས་ཞེས་བྱ་བ་དེར་བརྟེན་ནས་ནང་གྲོལ་དུ་རྒྱུ་ཞིང་སྤྱོད་པ་ཡིན་ལ། དེའི་ལས་ཀྱི་བྱེ་བྲག་ནི་
ཟས་ལེན་ཅིང་འཛིན་པ་དང་དེ་བཞིན་དུ་འཇུ་ཞིང་སྨིན་པར་བྱེད་པ་དང་དངས་སྙིགས་འབྱེད་ཅིང་བྱེ་བྲག་འབྱེད་པ་དང་ཕྱི་རོལ་དུ་འདོར་ཞིང་འབྱིན་པར་བྱེད་པ་ཡིན་ནོ། །ཐུར་སེལ་གཞང་གནས་འདོང་མོ་དང་། །ལྒང་པ་ཕོ་མཚན་བརླ་ནང་རྒྱུ། །བྱ་བ་ཁུ་བ་ཟླ་མཚན་དང་། །བཤང་གཅི་མངལ་
ནས་འབྱིན་པར་བྱེད། །ཅེས་བྱ་བ་ལ། རླུང་ཐུར་དུ་སེལ་བ་ཞེས་བྱ་བ་ནི་གཞང་ན་གནས་པ་སྟེ། རྐེད་པའི་འོག་ན་འདུག་པ་དང་། དེ་བཞིན་དུ་འདོང་མོ་ཞེས་བྱ་བ་མཇུག་ཏོའི་ནང་ལ་སོགས་པའི་གནས་ན་རྒྱུ་བ་དང་། ལྒང་པ་དང་ཕོ་མཚན་དང་བརླའི་ནང་ན་རྒྱུ་བ་ཡིན་ནོ། །བྱ་བའི་ལས་

ནི་ཁུ་བ་དང་ཟླ་མཚན་འབྱིན་པ་ལ་སོགས་པ་ཡིན་ནོ། །མཁྲིས་པའི་རང་བཞིན་ལྔ། ཞེས་བྱ་བ་ལ། མཁྲིས་པའི་རང་བཞིན་ནི་རྣམ་པ་ལྔ་སྟེ། འཇུ་བྱེད་དང་། དམར་སྒྱུར་དང་། སྒྲུབ་བྱེད་དང་། མཐོང་བྱེད་དང་། མདོག་གསལ་ལོ། །དེ་ལ། །ཞུ་དང་མ་ཞུའི་བར་ན་གནས། །
འབྱུང་ལྔའི་བདག་ཉིད་ཅན་གྱིས་ནི། །གང་མེའི་ཡོན་ཏན་ཤས་ཆེ་བས། །གཤེར་ཉིད་སྐེམས་བྱེད་འཇུ་ལ་སོགས། །ལས་ཀྱི་མེ་ཡི་སྒྲར་བཤད་དོ། །ཟས་ནི་འཇུ་དང་དེ་བཞིན་དུ། །དངས་མ་སྙིགས་མ་འབྱེད་པར་བྱེད། །དེར་གནས་བཞིན་དུ་མཁྲིས་པ་ནི། །ལྷག་མ་རྣམས་ཀྱི་གྲོགས་
བྱེད་པས། །སྟོབས་སྐྱེད་པ་ཡིས་བྱེད་འགྱུར་བ། །དེ་ནི་འཇུ་བྱེད་ཅེས་བཤད་དོ། །ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ལྔ་པོ་དེ་རྣམས་ཀྱི་ནང་ནས། མཁྲིས་པ་འཇུ་བྱེད་ཅེས་བྱ་བ་ནི་ཞུ་བའི་གནས་དང་མ་ཞུ་བའི་གནས་ཀྱི་བར་ན་གནས་ཤིང་བརྟེན་ལ། དེ་ཡང་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་
ཅན་དུ་གྱུར་པ་ཡིན་གྱིས་ཀྱང་གང་གི་ཕྱིར་མེའི་ཡོན་ཏན་གྱི་ཤས་ཆེ་ཞིང་བདོ་བས་གཤེར་བ་ཉིད་སྐེམས་པར་བྱེད་པ་ཡིན་ཞིང་། ཟླ་བའི་ཡོན་ཏན་ཟད་པར་བྱས་པས་གཤེར་བ་ཉིད་སྐེམས་པ་ཡིན་ཏེ། དེས་ན་འཇུ་བ་ལ་སོགས་པའི་ལས་ཀྱིས་ཏེ་འཇུ་བ་དང་སྲེག་པ་ལ་སོགས་པའི་བྱ་བའི་ལས་ཀྱིས་མེའི་སྒྲར་བཤད་ཅིང་
མིང་འཐོབ་པ་ཡིན་ནོ། །དེ་བཞིན་དུ་ཟས་རྣམ་པ་བཞི་འཇུ་བར་བྱེད་པ་ཡིན་ནོ། །ཟས་ཞུ་བར་གྱུར་པ་རྣམས་ཀྱི་དངས་མ་དང་སྙིགས་མ་འབྱེད་པར་བྱེད་ཅིང་བྱེ་བྲག་ཏུ་ཐ་དད་པར་བྱེད་པ་དང་ཞུ་བ་དང་མ་ཞུ་བའི་བར་དེར་གནས་བཞིན་དུ་མཁྲིས་པ་དམར་སྒྱུར་ལ་སོགས་པ་བཞི་པོ་གྲོགས་བྱེད་ཅིང་སྟོབས་བྱེད་ལ། སྟོབས་སྐྱེད་པ་སྟེ་ནུས་པ་སྐྱེད་
པར་བྱེད་པར་འགྱུར་ཏེ། མཁྲིས་པ་དེ་ནི་འཇུ་བར་བྱེད་ཅེས་བཤད་དོ། །མཁྲིས་པ་མ་ཞུའི་གནས་ལ་བརྟེན། །དངས་མདོག་སྒྱུར་བས་དམར་སྒྱུར་ཡིན། །ཞེས་བྱ་བ་ལ། དམར་སྒྱུར་ཞེས་བྱ་བའི་མཁྲིས་པ་ནི་མ་ཞུ་བའི་གནས་ལ་བརྟེན་ཅིང་གནས་ནས། ལུས་ཟུངས་དངས་མ་ཞེས་
བྱ་བ་ཁྲག་གི་རང་བཞིན་དུ་མདོག་སྒྱུར་བར་བྱེད་པས། དམར་པོར་བྱེད་པའི་ཕྱིར་དམར་སྒྱུར་ཞེས་བྱ་བའི་སྒྲར་བཤད་པ་ཡིན་ནོ། །མཁྲིས་པ་སྒྲུབ་བྱེད་སྙིང་ལ་གནས། །བློ་དང་ཡིད་གཞུངས་ང་རྒྱལ་སོགས། །མངོན་འདོད་དོན་ནི་སྒྲུབ་བྱེད་པས། །ཞེས་བྱ་བ་ལ། མཁྲིས་པ་སྒྲུབ་བྱེད་

ཅེས་བྱ་བ་སྙིང་ལ་གནས་ཤིང་བརྟེན་པ་གང་ཡིན་པ་དེ་ནི་བློ་ལ་སོགས་པའི་རྒྱུར་གྱུར་པས་མངོན་པར་འདོད་པའི་དོན་རྫོགས་པར་བྱེད་ཅིང་། ཕྱིའི་དོན་རྣམས་འཛིན་ཅིང་དྲན་པར་བྱེད་པ་ལ་སོགས་པའི་ཚུལ་གྱིས་སྒྲུབ་པར་བྱེད་པས་ན་དེ་ནི་སྒྲུབ་བྱེད་ཅེས་བྱའོ། །བློ་དང་ཡིད་གཞུངས་
པ་ནི་ཕན་ཚུན་ཁྱད་པར་ཡོད་པར་ཤེས་པར་བྱ་སྟེ། ད་ལྟར་བྱུང་བའི་དུས་སུ་དོན་གང་ལ་ཡིད་ཐེ་ཚོམ་དུ་གྱུར་པའི་དོན་དེ་ལ་ཚིག་འདིའི་དོན་ནི་འདི་ཡིན་ནོ། །ཞེས་གང་ངེས་པ་སྐྱེད་པ་དེ་ནི་བློ་ཞེས་བྱ་ལ། ཡིད་གཞུངས་པ་ནི་བློའི་ཁྱད་པར་ཡིན་ནོ། །མིག་ལ་གནས་ཏེ་གཟུགས་མཐོང་བྱེད། །
མཐོང་བྱེད་ཅེས་བཤད། ཅེས་བྱ་བ་ལ། མིག་གི་དབང་པོ་ལ་གནས་པའི་མཁྲིས་པ་ནི། མིག་འབྲས་ཀྱི་ནང་ན་གནས་ནས་གཟུགས་མཐོང་བར་བྱེད་པས་ན་མཐོང་བྱེད་ཅེས་བཤད་དོ། །གཟུགས་འཛིན་པ་དེ་ནི་དེ་ལ་རག་ལས་པ་ཡིན་པའི་ཕྱིར་རོ། །མདོག་གསལ་ནི། །པགས་
མདོག་གསལ་བྱེད་པགས་པར་གནས། །ཞེས་བྱ་བ་ལ། མཁྲིས་པ་མདོག་གསལ་ནི་པགས་པ་མདོག་གསལ་ཞིང་དང་བར་བྱེད་པས་ན་མདོག་གསལ་ཞེས་བྱ་ལ། དེའི་གནས་ནི་པགས་པར་གནས་སོ། །དེས་ན་བསྐུ་བ་ལ་སོགས་པ་འཇུ་ཞིང་སྨིན་པར་བྱེད་དོ། །འཇུ་བར་མ་གྱུར་པའི་སྨན་
གྱིས་ནི་རང་གི་བྱ་བ་མི་བྱེད་དོ། །བད་ཀན་རྣམ་ལྔ་ཞེས་བྱ་བ་ནི། རྟེན་བྱེད་དང་། མྱགས་བྱེད་དང་། མྱོང་བྱེད་དང་། བརྟས་བྱེད་དང་། འབྱོར་བྱེད་དང་། དབྱེ་བ་རྣམ་པ་ལྔའོ། །བད་ཀན་རྣམ་ལྔ་བྲང་གནས་པ། །རང་གི་སྟོབས་ཀྱིས་སུམ་མདོ་དང་། །སྙིང་དང་ཟས་ཀྱི་མཐུ་དང་ནི། །དེ་
ཉིད་ལ་གནས་ཆུའི་ལས་བྱེད། །བད་ཀན་ལྷག་མའི་གནས་གྱུར་པའི། །རྟེན་ནི་གང་ཕྱིར་བྱེད་གྱུར་པས། །དེ་ཕྱིར་རྟེན་བྱེད་ཅེས་བཤད་དོ། །ཞེས་བྱ་བ་ལ། ཡང་བད་ཀན་དེ་ལས། བྲང་ལ་གནས་པ་དེ་རང་གི་སྟོབས་སམ། ནུས་པས་སུམ་མདོ་ཞེས་བྱ་བ་དཔུང་པ་གཉིས་དང་།
གཉའ་བ་འདུས་པའི་མདོ་རང་གི་ནུས་པས་རྟེན་པར་བྱེད་ཅིང་། རང་གི་བྱ་བའི་ནུས་པ་སྐྱེད་པར་བྱེད་པས་ན་རྟེན་བྱེད་ཅེས་བྱའོ། །དེ་བཞིན་དུ་སྙིང་གར་ཟས་ཟོས་པའི་མཐུ་དངས་མའི་ཚུལ་གྱིས་རྟེན་པར་བྱེད་པ་རང་གི་སྟོབས་ཀྱིས་གནས་པ་དང་། དེ་བཞིན་དུ་བྲང་དེ་ཉིད་ལ་གནས་ནས། ཆུའི་

ལས་བྱེད་ཅིང་ཆུའི་བྱ་བ་ངོམས་པ་དང་། འགེངས་པ་ཞེས་བྱེད་པས། བད་ཀན་ལྷག་མ་རྣམ་པ་བཞིའི་གནས་སུ་གྱུར་ཅིང་རྟེན་བྱེད་དེ། གང་གི་ཕྱིར་རྒྱུ་དེ་ལྟར་བྱེད་པར་གྱུར་པས། དེའི་ཕྱིར་བད་ཀན་རྟེན་བྱེད་ཅེས་མིང་དུ་བཤད་དོ། །གང་ཞིག་མ་ཞུའི་གནས་ལ་གནས། །དེ་ནི་ཟས་ཚོགས་
འདྲུལ་བྱེད་པས། །མྱགས་བྱེད་ཅེས་ནི་བྱ་བ་ཡིན། །ཞེས་བྱ་བ་ལ། བད་ཀན་དེ་ཉིད་གང་མ་ཞུ་བའི་གནས་ལ་གནས་ཤིང་། དེས་ཟས་ཀྱི་ཚོགས་ཏེ། ཟས་ཀྱི་ཕུང་པོ་འདྲུལ་བར་བྱེད་ཅིང་། མདག་མདག་པོར་བྱེད་པས་ན། མིང་མྱགས་བྱེད་ཅེས་བྱ་བ་ཡིན་ནོ། །མྱོང་བྱེད་ལྕེ་གནས་རོ་ཚོར་
བྱེད། །ཅེས་བྱ་བ་ལ། བད་ཀན་མྱོང་བྱེད་ནི་ལྕེར་གནས་ནས་རོ་ལེགས་པར་ཚོར་བར་བྱེད་ཅིང་། ཤེས་པར་བྱེད་པས་མྱོང་བྱེད་ཅེས་བྱའོ། །བརྟས་བྱེད་མགོར་གནས་དབང་པོ་ནི། །ཚིམ་པར་བྱེད་དེ། །ཞེས་བྱ་བ་ལ། བད་ཀན་བརྟས་བྱེད་ནི་མགོ་བོར་གནས་ནས། མིག་ལ་སོགས་
པའི་དབང་པོ་རྣམས་ཚིམ་པར་བྱེད་ཅིང་བརྟས་པར་བྱེད་པས་ན། མིང་བརྟས་བྱེད་ཅེས་བྱའོ། །འབྱོར་བྱེད་ནི། ཚིགས་ལ་གནས་ནས་འབྱོར་པར་བྱེད། །ཅེས་བྱ་བ་ལ། བད་ཀན་འབྱོར་བྱེད་ཅེས་བྱ་བ་ཡན་ལག་གི་ཚིགས་ལ་གནས་ནས་ཚིགས་རྣམས་འབྱོར་བར་བྱེད་པས་ན། འབྱོར་
བྱེད་ཅེས་བྱའོ། །དེ་ལྟར་ན་ནད་རྣམས་ཀྱི་གནས་དང་ལས་རྣམས་རྣམ་པར་ཕྱེ་སྟེ་བཤད་ནས་ཉེ་བར་བསྡུ་བའི་ཕྱིར་སྨྲས་པ་ནི། དེ་ལྟར་ནད་ནི་ཕལ་མོ་ཆེ། །མི་འགྱུར་བདག་ཉིད་ཅན་ཁྱབ་ཀྱང་། །གནས་ཡིན་པར་ནི་ཤེས་བྱ་སྟེ། །ལས་རྣམས་ཀྱང་ནི་ཐ་དད་ཡིན། །ཞེས་བྱ་བ་ཡིན་ཏེ།
བཤད་མ་ཐག་པའི་ཚུལ་དེ་ལྟར་རླུང་ལ་སོགས་པའི་ནད་ཕལ་མོ་ཆེ་མང་པོ་མི་འགྱུར་བའི་བདག་ཉིད་ཅན་ཏེ། བསྟན་བཅོས་ལས་ཇི་སྐད་བཤད་པའི་རང་གི་ཚད་དང་ལྡན་པར་གནས་ཤིང་། མི་མཉམ་པ་མེད་པར་གྱུར་པ་དག་ནི་ལུས་ཀུན་མ་ལུས་པར་ཁྱབ་ཅིང་རྒྱུ་བ་ཡིན་ཡང་། རང་རང་གི་
གནས་དེ་དག་ཡིན་པར་ཤེས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ། །གནས་འབའ་ཞིག་ཏུ་མ་ཟད་ཀྱི། དེ་རྣམས་ཀྱི་ལས་རྣམས་ཀྱང་སོ་སོ་ཐ་དད་པ་ཡིན་པར་ཤེས་པར་བྱའོ། །རླུང་ལ་སོགས་པ་དེ་དག་རེ་རེ་ཞིང་རྣམ་པ་ལྔར་ཕྱེ་བ་ཡིན་མོད་ཀྱི། འོན་ཀྱང་རྩུབ་པ་དང་། སྣུམ་པ་ཉིད་ཀྱི་རང་

གི་མཚན་ཉིད་འདོར་བར་བྱེད་པ་ཡིན་པས་ན། དེའི་ཕྱིར་རྫས་ལ་བརྟེན་པའི་ཡོན་ཏན་མཉམ་པས་ནི། ནད་དེ་རྣམས་ཀྱི་སོགས་པ་དང་འཕེལ་བར་འགྱུར་བ་ཡིན། དེ་རྣམས་ཀྱི་རང་གི་མཚན་ཉིད་དང་མི་མཐུན་པའི་ཡོན་ཏན་རྫས་ལ་བརྟེན་པས་ནི་ཞི་བར་གྱུར་པ་ཡིན་
ན། འདིར་གཞན་དག་ལ་ལྟོས་ཤིང་རག་ལས་པ་ནི་ཅུང་ཟད་ཀྱང་མེད་དེ། ཐམས་ཅད་ཀྱང་ཡོན་ཏན་མཉམ་པས་ནི་འཕེལ་བར་འགྱུར་ལ། མི་མཐུན་པས་ནི་ཞི་བར་བྱེད་པ་ཡིན་ནོ་སྙམ་དུ་སེམས་པ་ལ། དེའི་ཕྱིར་གཞུང་རྩོམ་པར་བྱེད་པས་འདི་སྐད་ཅེས་སྨྲས་པ་ནི། རྩུབ་སོགས་དྲོ་
བར་ལྡན་པ་ནི། །རླུང་ནི་སོགས་པར་འགྱུར་བ་ཡིན། །གྲང་བས་ལྡང་བྱེད་སྣུམ་ལ་སོགས། །ཡོན་ཏན་དྲོ་ལྡན་ཞི་བྱེད་འགྱུར། །ཞེས་བྱ་བ་ཡིན་ཏེ། རྩུབ་པ་ལ་སོགས་པའི་ཡོན་ཏན་ནི་རྩུབ་པ་དང་། བསིལ་བར་བྱེད་པ་དང་། ཕྲ་བ་དང་གཡོ་བ་དག་ནི་ཡོན་ཏན་དྲོ་བ་དང་ལྡན་ཞིང་།
རླུང་གི་གཉེན་པོར་གྱུར་ཅིང་དེ་དང་མི་མཐུན་པའི་ཡོན་ཏན་དང་ལྡན་ན་རླུང་ནད་སོགས་ཤིང་འཕེལ་བར་འགྱུར་བ་ཡིན་ཏེ། རླུང་གི་ཡོན་ཏན་གྱི་སྤྱིའི་མཚན་ཉིད་ཙམ་དང་ལྡན་པའི་རྩུབ་པ་ལ་སོགས་པ་དག་ནི། རླུང་སོགས་ཤིང་འཕེལ་བའི་རྒྱུར་གྱུར་པ་ཡིན་མོད་ཀྱི། འོན་ཀྱང་དེ་གཅིག་པུར་
མ་ཟད་དེ། ཡོན་ཏན་དྲོ་བ་རླུང་གི་གཉེན་པོར་འགྱུར་བ་དང་ལྡན་པའི་རྩུབ་པ་ལ་སོགས་པ་དེ་དག་ཀྱང་རླུང་སོགས་པར་བྱེད་དོ། །ཡང་རྩུབ་པ་ལ་སོགས་པའི་རླུང་གི་ཡོན་ཏན་དེ་དག་རླུང་དང་ལྡན་པར་གྲང་བའི་ཡོན་ཏན་དང་ལྡན་པ་ནི་རང་གི་རྗེས་སུ་མཐུན་པ་ཡིན་པས་ན། རླུང་ལྡང་བར་བྱེད་
པ་ཡིན་ནོ། །སྣུམ་པ་ལ་སོགས་པའི་ཡོན་ཏན་དེ། སྣུམ་པ་དང་། ལྕི་བ་དང་། ཕྲ་བ་དང་། སྦོམ་པ་དང་། བརྟན་པ་དག་དྲོ་བའི་ཡོན་ཏན་དང་ལྡན་ན་རླུང་རབ་ཏུ་ཞི་བར་བྱེད་དོ། །རྣོ་སོགས་བསིལ་བ་དང་ལྡན་པས། །མཁྲིས་པ་སོགས་པར་བྱེད་འགྱུར་ལ། །དྲོ་བས་ལྡང་
ཞིང་རོ་རྟུལ་སོགས། །བསིལ་བར་ལྡན་པས་ཞི་བར་འགྱུར། །ཞེས་བྱ་བ་ལ། རྣོ་བ་ལ་སོགས་པའི་ཡོན་ཏན་ནི་རྣོ་བ་དང་། ཡང་བ་དང་། དྲི་ང་བ་དང་། འཁྲུ་བ་དང་། སླ་བ་སྟེ། མཁྲིས་པའི་ཡོན་ཏན་ཆ་མཉམ་པ་དག་ནི་བསིལ་བའི་ཡོན་ཏན་མཁྲིས་པའི་མི་མཐུན་ཕྱོགས་དང་

ལྡན་པས། མཁྲིས་པའི་ནད་སོགས་ཤིང་འཕེལ་བར་འགྱུར་ལ། རྣོ་བ་ལ་སོགས་པའི་ཡོན་ཏན་མཁྲིས་པའི་ཡོན་ཏན་གྱི་ཆ་དང་མཉམ་པ་དེ་ཉིད་མཁྲིས་པའི་ཡོན་ཏན་དང་རྗེས་སུ་མཐུན་པ་དྲོ་བའི་ཡོན་ཏན་དང་ལྡན་པས་ལྡང་ཞིང་འཁྲུགས་པར་བྱེད་དོ། །དེ་རོ་རྟུལ་བ་ལ་སོགས་པའི་ཡོན་
ཏན་ཏེ། རོ་རྟུལ་བ་དང་། ལྕི་བ་དང་། རྩུབ་པ་དང་། བརྟན་པ་དང་། བསྐ་བ་དང་། དང་བའི་མཚན་ཉིད་མཁྲིས་པའི་ཡོན་ཏན་གྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་བསིལ་བ་ཞེས་པ་ཡང་མཁྲིས་པའི་གཉེན་པོར་གྱུར་པ་དང་ལྡན་པས་ཞི་བར་བྱེད་པར་འགྱུར་རོ། །སྣུམ་སོགས་
གྲང་དང་ལྡན་པ་ཡིས། །བད་ཀན་སོགས་པར་བྱེད་འགྱུར་ལ། །དྲོ་བས་ལྡང་འགྱུར་དེ་ཉིད་ནི། །རྩུབ་སོགས་ཡོན་ཏན་གྱིས་ཞིར་འགྱུར། །ཞེས་བྱ་བ་ལ། སྣུམ་པའི་ཡོན་ཏན་ནི་ལྕི་བ་དང་། རྟུལ་བ་དང་། འཇམ་པ་དང་། བརྟན་པ་སྟེ། བད་ཀན་གྱི་ཡོན་ཏན་དང་ཆ་
མཉམ་པ་དག །གྲང་དང་ལྡན་པ་ཡིས། ཞེས་བྱ་བ་བད་ཀན་གྱི་ཡོན་ཏན་གྲང་བ་དང་ལྡན་པར་གྱུར་ན། བད་ཀན་སོགས་པར་བྱེད་པར་འགྱུར་ཏེ། བད་ཀན་ནི་སྣུམ་པ་ལ་སོགས་པའི་ཡོན་ཏན་དག་ནི་དེའི་ཡོན་ཏན་དང་ཆ་མཐུན་པ་ཡིན་པས། དེ་ཙམ་གྱིས་གང་ལ་ཡང་མི་ལྟོས་
པར་སོགས་པར་བྱེད་པ་མ་ཡིན་གྱི། གཞན་དུ་ནི་གྲང་བའི་ཡོན་ཏན་ལྷག་པར་གྱུར་པ་ལ་ལྟོས་ན་གྲང་བ་ལྷག་པར་ཤས་ཆེ་བའི་ཡོན་ཏན་དེ་དང་ལྡན་ན། སྣུམ་པ་ལ་སོགས་པ་བད་ཀན་འཕེལ་ཞིང་སོགས་པར་བྱེད་དོ། །དེ་ཡང་འདིར་སྣུམ་པ་ལ་སོགས་པའི་བད་ཀན་གྱི་ཡོན་ཏན་
རྣམས་གྲང་ཞིང་བསིལ་བས་བསྡུས་པར་བཤད་པ་ནི་གྲང་བས་བསྒོངས་ཤིང་འཁྱགས་པར་བྱས་པས་སོགས་པ་ཉིད་དུ་འགྱུར་བ་ཡིན་ལ། དྲོ་བ་ལ་སོགས་པ་བད་ཀན་གྱི་ཡོན་ཏན་དང་ཆ་མཐུན་པ་འདི་དག་ཉིད་དྲོ་བའི་ཡོན་ཏན་གྱི་གཉེན་པོར་གྱུར་པ་དང་ལྡན་པས། བད་ཀན་ཞུ་
བར་བྱས་པའི་སྒོ་ནས་ལྡང་བར་འགྱུར་བ་ཡིན་ནོ། །དེ་ཉིད་ནི་ཞེས་པ་དྲོ་བའི་ཡོན་ཏན་བད་ཀན་གྱི་གཉེན་པོར་གྱུར་པ་དེ་ཉིད། རྩུབ་སོགས་ཡོན་ཏན་གྱིས་ཞེས་པ། རྩུབ་པ་དང་། ཡང་བ་དང་། རྣོ་བ་དང་། མཁྲང་བ་དང་། གཡོ་བ་སྟེ། བད་ཀན་གྱི་

ཡོན་ཏན་གྱི་གཉེན་པོར་གྱུར་པ་དང་ལྡན་པས་ཞི་བར་བྱེད་པར་འགྱུར་རོ། །དེ་ལ་དངོས་པོ་རྣམས་ཀྱི་ཆོས་ཉིད་དང་། རང་བཞིན་ནི་འདི་ཡིན་ཏེ། གལ་ཏེ་རྩུབ་པ་ལ་སོགས་པ་འབའ་ཞིག་ཉིད་རླུང་གི་ཡོན་ཏན་དང་ཆ་མཐུན་པ་ཙམ་གྱིས་
རླུང་ལྷག་པར་འཕེལ་བར་གྱུར་ན་ནི། དེའི་ཚེ་དེ་རྣམས་ལ་རླུང་གི་ཡོན་ཏན་གྱི་གཉེན་པོར་འགྱུར་བ། དྲོ་བ་ཞེས་བྱ་བ་མེད་པས་རྩུབ་པ་ལ་སོགས་པ་རྣམས་རླུང་ལྡང་ཞིང་འཁྲུགས་པའི་གནས་སྐབས་སྐྱེད་ཀྱི། སོགས་པར་ནི་མི་བྱེད་ལ། ཡང་
གང་གི་ཚེ་ཡོན་ཏན་དྲོ་བའི་ནུས་པ་དང་འབྲེལ་པས་རྩུབ་པ་དེ་རྣམས་ནུས་པ་ཞན་པར་གྱུར་པའི་ཕྱིར་སོགས་པའི་གནས་སྐབས་སྐྱེད་ཀྱི། ལྡང་བའི་གནས་སྐབས་ནི་མི་བྱེད་དེ། ནུས་པ་ཞན་པ་ཡིན་པའི་ཕྱིར་རོ། །མཁྲིས་པ་ལ་རྣོ་བ་ལ་སོགས་པ་འབའ་
ཞིག་གི་གཉེན་པོ་བསིལ་བའི་ཡོན་ཏན་མེད་པར་ནི་ལྡང་བའི་གནས་སྐབས་སྐྱེད་ཀྱི། སོགས་པའི་གནས་སྐབས་སུ་མི་བྱེད་དེ། རིགས་པ་སྔ་མའི་ཚུལ་གྱིས་སོ། །བད་ཀན་ལ་ཡང་སྣུམ་པ་ལ་སོགས་པའི་ཡོན་ཏན་དང་ཆ་མཐུན་པར་གྱུར་པ་ཡིན་
དུ་ཟིན་ཀྱང་། གྲང་བའི་ཡོན་ཏན་གྱི་ཤས་ལྷག་པར་ཆེ་བ་དང་ལྡན་པས་བད་ཀན་འཁྱགས་ཤིང་བསྒོངས་པའི་ཚུལ་སྐྱེད་པར་བྱེད་པས་སོ། །སོགས་པའི་གནས་སྐབས་ཉིད་བྱེད་ཀྱི། འདིའི་ལྡང་བའི་གནས་སྐབས་ནི་མི་བྱེད་དོ། །དེ་ཡང་དེའི་
གཉེན་པོར་གྱུར་པ་གྲང་བའི་ཡོན་ཏན་དང་ལྡན་པའི་སྣུམ་པ་ལ་སོགས་པས་བད་ཀན་འདིའི་གཟུགས་ཞུ་བར་བྱས་ནས། ལྡང་བའི་གནས་སྐབས་སྐྱེད་པར་བྱེད་ནུས་ཀྱི། ཞུ་བར་བྱེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་སོགས་པར་བྱེད་པའི་གནས་
སྐབས་ནི་བྱེད་མི་ནུས་སོ། །དེ་ལྟར་རླུང་ལ་སོགས་པ་དང་ལྡན་པ་ཅི་ལྟ་བ་ཉིད་ཡོན་ཏན་ཇི་ལྟ་བ་ལས་བྱུང་བ་དེ་ལྟར་བསྟན་ནས། ད་ནི་སོགས་པ་དང་འཕེལ་བ་ཇི་ལྟ་བ་ཉིད་དུ་འཁྲུལ་པ་དག་བསལ་བའི་ཕྱིར་གཞུང་རྩོམ་པར་བྱེད་པས། རང་གི་མཚན་

ཉིད་བཤད་པའི་འོག་ཏུ་སྨྲས་པ་ནི། རང་གནས་ཉིད་དུ་འཕེལ་སོགས་ཡིན། །དཀྱེལ་གྱུར་རྒྱུ་ལས་འཁྲུགས་པ་དང་། །མི་མཐུན་པ་ཡི་ཡོན་ཏན་འདོད། །ཅེས་བྱ་བ་ཡིན་ནོ། །གང་ཉེས་པ་རྣམས་རང་རང་གི་གནས་སུ་འཕེལ་བར་འགྱུར་བ་ཡིན།
ཞེས་བྱ་བ་འདིས་ནི་སོགས་པ་བཤད་ཅིང་བསྟན་པ་ཡིན་ནོ། །དཀྱེལ་གྱུར་རྒྱུ་ལས་འཁྲུགས་པ་དང་། །ཞེས་བྱ་བ་ལ། དེ་བཞིན་དུ་ཕྱིན་ཅི་ལོག་པའི་ཡོན་ཏན་འདོད། ཅེས་བྱ་བས་ནི་རྒྱུ་བསྟན་པ་ཡིན་ནོ། །དེ་ལྟར་ན་གང་གི་ཚེ་རླུང་ལ་སོགས་པར་
འགྱུར་བ་དེའི་ཚེ་རྩུབ་པ་ལ་སོགས་པའི་ཡོན་ཏན་དང་ཆ་མཐུན་པ་རྣམས། དཀྱེལ་དུ་གྱུར་པའི་རྒྱུ་ལས་འཁྲུགས་པར་འགྱུར་ལ། དེ་དང་མི་མཐུན་པའི་ཡོན་ཏན་སྣུམ་པ་ལ་སོགས་པ་འདོད་ཅིང་། མངོན་པར་དགའ་བ་ལས་འདིའི་རྗེས་སུ་དཔག་པར་བྱའོ། །
དེས་ན་འདི་སྐད་སྟོན་པར་འགྱུར་ཏེ། རང་གི་གནས་ཏེ་ནད་རང་ཉིད་ཀྱི་གནས་སུ་གང་འཕེལ་བར་གྱུར་པ་དེ་ནི་སོགས་པ་ཡིན་ལ། ནད་རྣམས་སོགས་པར་གྱུར་ནས་དཀྱེལ་དུ་གྱུར་པའི་རྒྱུ་ལས་ནི་འཁྲུགས་ཤིང་གཡོས་པར་གྱུར་པ་དང་། དེ་དང་མི་མཐུན་པའི་ཡོན་ཏན་
སྣུམ་པ་ལ་སོགས་པ་འདོད་པ་སྐྱེས་པར་འགྱུར་རོ། །ལྡང་བ་ལོག་པའི་ལམ་ཞུགས་ཉིད། །རང་གི་རྟགས་ནི་སྟོན་པ་དང་། །བདེ་མེད་ནད་ནི་འབྱུང་འགྱུར་བའོ། །ཞེས་བྱ་བ་ལ། ཡང་ལྡང་བ་ནི་འཕེལ་ཞིང་ལྷག་པར་གྱུར་བ་ལས། ནད་རྣམས་རང་གི་གནས་ལས་
གནས་གཞན་དུ་འགྲོ་བ་སྟེ། རང་གི་གནས་སྤངས་ནས། ལོག་པའི་ལམ་གཞན་དུ་ཞུགས་པར་འགྱུར་ཏེ། ལྡང་བ་ལོག་པའི་ལམ་ཞུགས་ཉིད། །ཅེས་བྱ་བ་འདིས་ནི་ནད་ལྡང་བ་སྟོན་པ་ཡིན་ནོ། །གཞན་དུ་ན་འཕེལ་བ་ཙམ་གྱི་རང་བཞིན་དུ་མཐུན་པས་ན་ཚུལ་
གཅིག་པ་ཉིད་དུ་འགྱུར་རོ། །དེས་ན་སོགས་པ་ནི་རང་གི་གནས་ཉིད་དུ་ནད་གང་འཕེལ་བར་མ་གྱུར་པ་ལ་བྱ་ལ། ལྡང་བའི་ཁྱད་པར་ནི་སོགས་པའི་རྒྱུའི་ཚོགས་ལས་གཞན་དུ་གྱུར་བ་སྟེ། རང་གི་གནས་ཡོངས་སུ་སྤངས་ནས་ནད་རྣམས་ལམ་གཞན་དུ་ཞུགས་པ་གང་ཡིན་པ་དེ་ལ་ལྡང་བ་ཞེས་བྱའོ། །

དེ་བས་ན། རྩུབ་སོགས་དྲོ་བར་ལྡན་པས་ནི། །ཞེས་བྱ་བ་ལ་སོགས་པས་སྔར་བསྟན་པ་ཉིད་ཀྱིས་སོགས་པའི་རྒྱུ་ནི་གཞན་ཡིན་ལ། ལྡང་བའི་རྒྱུ་ཡང་གཞན་ཡིན་པར་བཤད་པ་འདི་ནི་ངེས་པ་ཡིན་ནོ། །དེ་བཞིན་དུ། རང་གི་རྟགས་ནི་སྟོན་པ་དང་། །ཞེས་བྱ་བ་སྟེ། ནད་ཀྱི་
མཚན་ཉིད་ཇི་ལྟ་ཇི་ལྟ་བར་བྱུང་བ་དེ་ལྟ་དེ་ལྟར་ནད་རྣམས་འབྱུང་ཞིང་ལྡང་བར་འདོད་ལ། སྤྱིར་ལུས་དང་སེམས་ཟིལ་གྱིས་གནོན་པར་བྱེད་པ་ཉིད་ལ། བདེ་བ་མེད་པ་ཞེས་བྱའོ། །དེ་བཞིན་དུ་ནད་ནི་འབྱུང་འགྱུར་བའོ་ཞེས་བྱ་བ་འདིས་ནི་རྗེས་སུ་དཔོག་པར་བྱེད་པའི་རྒྱུ་སྟོན་པར་བྱེད་པའོ། །དེ་
ལྟར་ན་རྒྱུ་ལ་སོགས་པ་རེ་རེ་འབའ་ཞིག་ལས་ནད་རྣམས་ལྡང་བར་རྗེས་སུ་དཔག་པར་ནུས་པ་མ་ཡིན་ཏེ། མི་མཐུན་ཞིང་ཆ་མི་འདྲ་བ་ཉིད་ཡིན་པའི་ཕྱིར་རོ། །ཡང་ཉེས་པ་ཐམས་ཅད་ནི་རང་གི་ཚད་ལས་ལྷག་ཀྱང་ལམ་དེ་ཉིད་ན་གནས་ནས་ནད་སྐྱེད་པར་བྱེད་པར་མ་ཟད་པས། ནད་གང་འབྱུང་བ་
ལས་དེའི་རྗེས་སུ་དཔག་པར་བྱའོ། །དེ་ཡང་གང་གི་ཕྱིར་ནད་རང་གི་ཚད་ལས་ཆུང་བར་གྱུར་ཀྱང་། ནད་སྟོབས་ཅན་གཞན་ཟིལ་གྱིས་གནོན་པ་དང་། རང་གི་གནས་སྤངས་ཏེ་ལོག་པའི་ལམ་དུ་གྱུར་ནས། རང་གི་ནད་ཇི་ལྟ་བ་ཉིད་ཤས་ཆེར་སྐྱེད་པར་བྱེད་དོ། །དེ་བས་ན་མཚན་ཉིད་གསུམ་པོ་
འདི་དག་ནི། ནད་རྣམས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྨྲས་པ་ཡིན་གྱི་ལྷག་པར་སྨྲས་པས་ཅི་ཞིག་བྱ། རང་གནས་གནས་པ་མཉམ་ཉིད་དང་། །ནད་རྣམས་མ་བྱུང་ཞི་བ་ཡིན། །ཞེས་བྱ་བ་ལ། འདིར་ཚིག་འདི་ནི་བསྡུས་པ་ལས་བྱུང་བ་ཡིན་པར་ཤེས་པར་བྱའོ། །དེ་ལ་ནད་
རྣམས་རང་གི་གནས་ན་གནས་པ་མཉམ་པ་ཉིད་གང་ཡིན་པ་དེ་ནི་ཞི་བ་ཡིན་ནོ། །དེ་བཞིན་དུ་ནད་རྣམས་ཀྱི་རྣམ་པར་གྱུར་བ་མ་བྱུང་ཞིང་མ་སྐྱེས་པའི་མཚན་ཉིད་དེས་ཀྱང་ཞི་བར་རྗེས་སུ་དཔག་པར་བྱའོ། །ནད་རྣམས་སོགས་པ་དང་ལྡང་བ་དང་། ཞི་བའི་མཚན་ཉིད་བཤད་ནས། །ད་
ནི་རླུང་ལ་སོགས་པ་དུས་གང་དང་གང་གི་ཚེ་ན་སོགས་པ་དང་ལྡང་བ་དང་། ཞི་བར་འགྱུར་བ་བསྟན་པའི་ཕྱིར་སྨྲས་པ་ནི། སོགས་དང་ལྡང་དང་རབ་ཞི་བ། །རླུང་ནི་སོ་ག་སོགས་གསུམ་ཚེ། །མཁྲིས་པ་དབྱར་ལ་སོགས་པར་ཏོ། །བད་ཀན་དགུན་སྨད་སོགས་པར་རེ། །ཞེས་བྱ་བ་ཡིན་ཏེ།

གོང་དུ་བསྟན་པའི་ནད་སོགས་པ་དང་ལྡང་བ་དང་། རབ་ཏུ་ཞི་བར་འགྱུར་བ་དག་རླུང་ལ་སོགས་པ་རེ་རེ་དང་སྦྱར་བ་ལས། རླུང་ནི་སོ་ག་སོགས་གསུམ་ཚེ། །ཞེས་བྱ་བ་ནི། སོ་གའི་དུས་སུ་སོགས་པར་འགྱུར་ལ། དབྱར་གྱི་ཚེ་ལྡང་བར་འགྱུར་ཞིང་། སྟན་ནི་རབ་ཏུ་ཞི་བར་འགྱུར་རོ། །
མཁྲིས་པ་ནི་དབྱར་ལ་སོགས་པའི་དུས་གསུམ་དུ་སོགས་པ་དང་ལྡང་བ་དང་ཞི་བར་འགྱུར་ཏེ། དབྱར་ནི་སོགས་པར་འགྱུར་རོ། །སྟོན་ནི་ལྡང་ངོ་། །དགུན་ནི་ཞི་བར་འགྱུར་རོ། །བད་ཀན་ནི་དགུན་སྨད་ལ་སོགས་པའི་དུས་གསུམ་དུ་སོགས་པ་དང་ལྡང་བ་དང་། རབ་ཏུ་ཞི་བར་
འགྱུར་ཏེ། དེ་ལ་དགུན་སྨད་ནི་སོགས་པར་འགྱུར་རོ། །དཔྱིད་ནི་ལྡང་བར་འགྱུར་རོ། །སོ་ག་ནི་རབ་ཏུ་ཞི་བར་འགྱུར་རོ། །ཞེས་པ་རླུང་འདི་ནི་སོ་ག་སོགས་པར་མི་འཐད་ཀྱི། །ལྡང་བའི་དུས་ཡིན་ནོ། །དེ་ཡང་ཅིའི་ཕྱིར་ཞེ་ན། དེའི་ཚེ་ཡང་ཞིང་རྩུབ་པའི་དུས་ཡིན་པས། སྨན་
ཕལ་ཆེར་ཡང་དེ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དབྱར་ཡང་མཁྲིས་པ་སོགས་པར་མི་འཐད་དེ། ཆུ་རྣམས་སྐྱུར་བ་ཉིད་དུ་ཞུ་བར་བྱེད་པ་དང་། དེ་བཞིན་དུ་སྨན་རྣམས་ཀྱང་སྐྱུར་བ་སྨིན་པས་མཁྲིས་པ་ལྡང་བའི་དུས་ཡིན་ནོ། །དེ་བཞིན་དུ་བད་ཀན་ཡང་དགུན་
སོགས་པར་མི་འཐད་དེ། ཆུ་རྣམས་སྣུམ་པ་དང་། སྨན་རྣམས་ཀྱང་སྣུམ་པ་ཉིད་ཡིན་ལ། དུས་ཀྱང་གྲང་བ་ཉིད་ཀྱིས་ན། དེའི་ཚེ་ལྡང་བར་འགྱུར་གྱི། སོགས་པར་མི་འགྱུར་རོ་ཞེ་ན་དེའི་ཕྱིར་སྨྲས་པ་ནི། ཡང་དང་རྩུབ་པ་ལ་སོགས་པའི། །སྨན་དང་ལུས་ཀྱང་དེ་མཚུངས་
པས། །སོ་ག་རླུང་ནི་སོགས་འགྱུར་གྱི། །དྲོ་བའི་དུས་ཀྱིས་ལྡང་མི་འགྱུར། །ཞེས་བྱ་བ་ཡིན་ཏེ། སོགས་པ་སྟེ་སོ་གའི་དུས་སུ་ཡང་བ་དང་། རྩུབ་པ་ལ་སོགས་པའི་སྨན་རྣམས་དང་། ལུས་ཀྱང་དེ་བཞིན་དུ་ཡང་བ་དང་། རྩུབ་པ་ལ་སོགས་པ་ཡིན་པ་དང་། དུས་ཀྱང་ཡང་བ་དང་
རྩུབ་པ་ཡིན་པས། རླུང་ཡང་དུས་ཀྱི་རང་བཞིན་གྱིས་ཡང་བ་དང་རྩུབ་པ་ཉིད་ཡིན་ཏེ། དེ་བས་ན་ཡོན་ཏན་ཆ་མཚུངས་པ་ཉིད་ཀྱིས་རླུང་ལྡང་བར་རིགས་མོད་ཀྱི། སོ་གའི་ཚེ་རླུང་སོགས་པར་འགྱུར་གྱི། ལྡང་བར་མི་འགྱུར། དེ་གང་གིས་ཤེ་ན། དྲོ་བའི་དུས་ཀྱིས་ལྡང་མི་འགྱུར། །ཞེས་བྱ་བ་

འདིས་བཀག་པར་གྱུར་པ་ཡིན་ཏེ། དྲོ་བ་ཉིད་ཀྱིས་ན་རྒྱུ་སྔ་མ་ཉམ་ཆུང་བར་བྱས་པ་ཡིན་པའི་ཕྱིར་ལྡང་བར་མི་འགྱུར་གྱི་སོགས་པ་ཉིད་དུ་འགྱུར་རོ། །ཆུ་རྣམས་འཇུ་བ་སྐྱུར་བ་དང་། །སྨན་ཡང་དེ་དང་འདྲ་བ་ཡིན། །མཁྲིས་པ་སོགས་ཀྱི་དུས་ཀྱི་ནི། །གྲང་བ་
ཉིད་ཀྱིས་ལྡང་མི་འགྱུར། །ཞེས་བྱ་བ་ལ། དབྱར་ཆུ་རྣམས་ཀྱིས་འཇུ་བ་སྐྱུར་བར་འགྱུར་བ་དང་། དེ་བཞིན་དུ་སྨན་ཡང་དེ་དང་འདྲ་བར་འགྱུར་བའི་རྣམ་པ་ཡིན་པས། མཁྲིས་པ་དེ་ཡང་དེ་དང་འདྲ་བར་སོགས་པར་འགྱུར་གྱི། ལྡང་བར་ནི་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན།
དབྱར་སྨད་ཀྱི་ཚེ་གྲང་བ་ཡིན་པས་ན་ལྡང་བར་མི་འགྱུར་ཏེ། གྲང་བ་ནི་དྲོ་བའི་མི་མཐུན་པའི་ཕྱོགས་ཡིན་པས་གྲང་བ་འདིས་ལྡང་བའི་གནས་བྱེད་པ་ཡིན་ནོ། །ཆུ་དང་སྨན་ནི་བསིལ་བ་དང་། །སྣུམ་པས་དུས་ནི་མཚུངས་གྱུར་ཀྱང་། །དགུན་སྨད་བད་ཀན་སོགས་འགྱུར་གྱི། །
བསྒོངས་པས་ལྡང་བར་མི་འགྱུར་རོ། །ཞེས་བྱ་བ་ལ། དགུན་སྨད་ནི་ཆུ་དང་སྨན་བསིལ་བ་དང་། སྣུམ་པ་དང་། དུས་ཀྱང་བསིལ་བ་དང་སྣུམ་པ་ཡིན་པའི་ཕྱིར། བད་ཀན་དང་དུས་ལ་སོགས་པ་མཚུངས་ཤིང་འདྲ་བ་ཡིན་དུ་ཟིན་ཀྱང་། དུས་ཀྱི་རང་བཞིན་གྱིས་ལྡང་བར་མི་འགྱུར་
གྱི། སོགས་པ་ཁོ་ནར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གྲང་བས་བསྒོངས་ཤིང་མར་འཁྱགས་པ་ལྟར་གྱུར་པས་ལྡང་བར་མི་འགྱུར་ཏེ། བསྒོངས་པ་ཞེས་བྱ་བ་འདི་ཉིད་ཀྱིས་བཀག་པ་ཡིན་ནོ། །དེ་ལྟར་དུས་ཀྱི་རང་བཞིན་འདི། །ཞེས་བྱ་བ་ལ། གང་བསགས་པ་ལ་སོགས་པ་སོ་ག་
ལ་སོགས་པའི་ཚེ་འབྱུང་བ་བཤད་པ་དེ་ནི་དུས་ཀྱི་རང་བཞིན་ལ་བརྟེན་ནས་བཤད་པ་ཡིན་ཏེ། དེ་ཡང་། སོ་ག་ལ་སོགས་སྦྱོར་མཚུངས་ཀྱང་། །ཞེས་བྱ་སྟེ། རླུང་ལ་སོགས་པའི་རྒྱུ་བཤད་པ་ཡིན་ནོ། །ཅི་ནད་རྣམས་སོགས་པ་ལ། སོགས་པའི་རྒྱུ་དུས་འབའ་ཞིག་ཏུ་ཟད་དམ། གཞན་དག་ཀྱང་ཡོད་ཅེ་ན།
དེའི་ཕྱིར་སྨྲས་པ་ནི། ཟས་ལ་སོགས་པའི་དབང་གིས་ནི། །དུས་ལ་བབ་པར་མ་གྱུར་ཀྱང་། །འཕྲལ་དུ་སོགས་པ་ལ་སོགས་འགྱུར། །ཞེས་བྱ་བ་ལ། ཟས་ལ་སོགས་པའི་དབང་གིས་ཏེ། ཟས་དང་སྐོམ་ལ་སོགས་པའི་ནུས་པ་དང་། སོགས་པ་ཞེས་བྱ་བ་སློན་སྨན་དང་།

འཁྲུ་སྨན་དང་། འཇམ་རྩི་མས་གཏོང་བ་དང་། དུབ་པ་ལ་སོགས་པའི་དབང་གིས་ཀྱང་རླུང་ལ་སོགས་པའི་ནད་སོགས་པ་དང་། ལྡང་བ་དང་། རབ་ཏུ་ཞི་བར་འགྱུར་རོ། །དེ་ཡང་རྒྱུ་དེ་དག་གིས་དུས་དེ་དག་ལ་ཕྱིན་ཅིང་སྐབས་ལ་བབ་པར་མ་གྱུར་ཀྱང་། དེ་དག་ལ་ལྟོས་པ་
མེད་པར་འཕྲལ་དུ་སྟེ། དེའི་མོད་ལ་སོགས་པའི་དུས་ལ་སྡོད་པ་མེད་པར་ཟས་ལ་སོགས་པ་དེའི་དབང་གིས་སོགས་པ་ལ་སོགས་པར་འགྱུར་རོ། །ཡང་ན་སོགས་པའི་དུས་སུ་ནད་ལ་སོགས་པར་མི་འགྱུར་གྱི་ཟས་ལ་སོགས་པ་ཉིད་ལས་འགྱུར་རོ། །ནད་ནི་ལྡང་གྱུར་འཕྲལ་དུ་
ལུས། །མགོ་ནས་རྐང་གི་བར་དུ་ཁྱབ། །ལྡོག་འགྱུར་ཆུ་ཡི་རྒྱུན་བཞིན་དུ། །ཅུང་ཞིག་ཅུང་ཞིག་དག་གིས་ཞི། །ཞེས་བྱ་བ་ལ། ནད་ནི་ལུས་ཉོན་མོངས་པར་བྱེད་པ་སྟེ། རླུང་དང་མཁྲིས་པ་དང་བད་ཀན་ལ་སོགས་པའོ། །དེ་ལྡང་བར་གྱུར་པ་ནི་འཁྲུགས་པར་གྱུར་བ་སྟེ། དེའི་ཚེ་
ནི་འཕྲལ་དུ་ཞེས་པ་མོད་ལ་ལུས་ཀྱི་མགོ་ནས་རྐང་གི་བར་དུ་མ་ལུས་པར་ཁྱབ་ཅིང་གནོད་པར་འགྱུར་རོ། །ནད་དེ་ཉིད་ལུས་ལས་ལྡོག་པར་གྱུར་ཅིང་། གསོ་བས་ཞི་བར་བྱས་པ་ན། ཅུང་ཞིག་ཅུང་ཞིག་གིས་ཞི་བར་འགྱུར་ཏེ། དེ་ཡང་། དཔེར་ན་ཆུ་ཡི་རྒྱུན་བཞིན་དུ། །ཞེས་བྱ་བ་སྟེ། དཔེར་ན་
ཆུའི་རྒྱུན་སྐྱེ་བ་དང་། དེའི་ཚོགས་ཀྱིས་ཟམ་པ་ཡང་ཁྱེར་ནས། མོད་ལ་ཀུན་ཏུ་ཁྱབ་ཅིང་འགྲོ་བར་བྱེད་ལ། ཆུའི་རྒྱུན་དེ་འབྲི་བ་ན། གནས་དེ་ལས་རིམ་གྱིས་ཅུང་ཟད་ཅུང་ཟད་ཀྱིས་ལྡོག་ཅིང་འབྲི་བར་འགྱུར་རོ། །དེ་བཞིན་དུ་ནད་རྣམས་ཀྱང་ལྡང་བར་གྱུར་ན། ཉེས་པ་ཐམས་ཅད་སྐྱེད་པར་
འགྱུར་གྱི། འབྲི་བའི་ཚེ་ན་ནི་དེ་ལྟ་མ་ཡིན་ནོ། །ནད་ཐམས་ཅད་ལ་རྣམ་པར་འགྱུར་བ་རེ་རེ་ཞིང་ནད་གཞི་དང་གསོ་བའི་མཚན་ཉིད་མཐའ་ཡས་བསྟན་པར་མི་ནུས་པས་དེའི་ཕྱིར་དེ་བསལ་བ་ལ་ཡང་འབད་པར་མི་བྱེད་དོ་སྙམ་དུ་དོགས་པའི་ཕྱིར་འདིར་སྨྲས་པ་ནི། ནད་འཁྲུགས་སྣ་ཚོགས་ཚུལ་
ཅན་ནི། །གྲངས་མེད་པར་ནི་གྱུར་པའི་ལུས། །ཐམས་ཅད་ཉེ་བར་གཟིར་གྱུར་པ། །དེ་རྒྱུ་ཚུལ་དང་བསྒྲུབ་པ་དག། །རེ་རེ་ནས་ནི་བསྟན་མི་ནུས། །དེ་བས་སྤྱི་ཡི་བརྗོད་པ་ཡིན། །ཞེས་བྱ་བ་ཡིན་ཏེ། རླུང་ལ་སོགས་པའི་ནད་འཁྲུགས་པར་གྱུར་ཅིང་། རྣམ་པར་ལྡང་བར་གྱུར་ན་སྣ་

ཚོགས་པའི་ཚུལ་ཅན་དུ་འབྱུང་བའི་ནད་རྣམ་པ་ཐ་དད་པའི་མཚན་ཉིད་ཅན་གྲངས་མེད་ཅིང་། བརྩི་བ་ལས་འདས་པས་ལུས་ཐམས་ཅད་ཉེ་བར་གཟིར་ཞིང་གདུངས་པར་གྱུར་ཏེ། ལུས་སྡུག་བསྔལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེ་དག་གི་རྒྱུའི་
ཚུལ་གྱིས་འབྱིན་པར་བྱེད་པ་དག་གི་མཚན་ཉིད་དང་། བསྒྲུབ་ཅིང་གསོ་བར་བྱ་བ་དག་གི་རེ་རེ་ནས་ཞེས་པ། ནད་ཀྱི་ཚུལ་སོ་སོ་ནས་མིང་གིས་བསྟན་པར་མི་ནུས་ཏེ། ནད་འདིའི་རྒྱུ་ནི་འདི་ཡིན་ནོ། །འདིའི་མཚན་ཉིད་ནི་འདི་ཡིན་ནོ། །གསོ་བ་ནི་འདི་ལྟར་བྱའོ་ཞེས་བསྟན་པར་ཤིན་
ཏུ་དཀའ་སྟེ། དེ་བས་ན་སྤྱིའི་བརྗོད་པ་ཡིན་ཏེ། སྤྱིར་ཁྱབ་པའི་ཚིག་གང་ཡིན་པ་དེ་ཉིད་བཤད་ཅིང་བརྗོད་པ་ཡིན་ནོ། །དེ་ཉིད་ཀྱང་གང་ཞེ་ན། ནད་རྣམས་དག་ནི་ཐམས་ཅད་ཀྱི། །ཉེས་པའི་རྒྱུ་ནི་གཅིག་པུ་ཉིད། །ཅེས་བྱ་བ་ཡིན་ཏེ། འདི་ལྟར་ནད་ཐམས་ཅད་ཀྱི་རྒྱུ་ནི་ཉེས་པ་ཉིད་
གཅིག་པུ་རྒྱུར་གྱུར་པ་ཡིན་ཏེ། རྒྱུ་ཡང་ཡིན་ལ་གཅིག་པུ་ཉིད་ཀྱང་ཡིན་ཏེ། གཙོ་བོའི་རྒྱུར་གྱུར་པའམ། ཡང་ན་ཐམས་ཅད་ཀྱི་སྤྱིའི་མཚུངས་པའི་རྒྱུ་ཡིན་པས་ན་རྒྱུ་གཅིག་པུ་སྟེ། ཐུན་མོང་གི་རྒྱུ་ཞེས་བྱ་བའི་དོན་ཏོ། །ཉིད་ཅེས་བྱ་བ་ནི་ངེས་པར་གཟུང་བའི་ཕྱིར་སྨོས་པ་ཡིན་
ཏེ། ནད་ཀྱི་རྒྱུ་ནི་གཅིག་པུ་ཉིད་ཡིན་གྱི། དངོས་པོའི་རིགས་གཞན་དག་ནི་མ་ཡིན་ཏེ། ཐུན་མོང་མ་ཡིན་པའི་ཕྱིར་རོ། །དོན་འདིའི་དཔེ་བསྟན་པར་བྱ་བའི་ཕྱིར་ཚིག་ཏུ་སྨྲས་པ་ནི། དཔེར་ན་བྱ་ནི་ལྡིང་གྱུར་པ། །ཉིན་རངས་ཀུན་ཏུ་སོང་གྱུར་ཀྱང་། །རང་གི་གྲིབ་མ་དང་མི་འབྲལ། །འགྲོ་
ཀུན་དེ་དང་འདྲ་བ་ཡིན། །ཞེས་བྱ་བ་ཡིན་ཏེ། དཔེར་ན་ཁྲ་ལ་སོགས་པའི་བྱ་རྣམས་ལྡིང་བར་གྱུར་པ་ན་ཉིན་རངས་ཏེ། ཉིན་ཐོག་ཐག་ཀུན་སོང་ཞིང་ལྡིང་བར་གྱུར་ཀྱང་། རང་གི་གྲིབ་མ་དང་འབྲལ་བར་མི་འགྱུར་ཞིང་། གྲིབ་མ་དེ་དང་བྲལ་བར་སྐད་ཅིག་ཀྱང་མི་སྣང་སྟེ། འགྲོ་བའི་ནད་
ཀྱི་ཚུལ་ཡང་དེ་དང་འདྲའོ། །ཡང་དོན་འདིའི་དཔེ་གཞན་དག་བསྟན་པའི་ཕྱིར། སྨྲས་པ་ནི། ཡང་ན་ཇི་ལྟར་མ་ལུས་པའི། །འགྲོ་བ་མི་འདྲ་སྣ་ཚོགས་འདི། །ཡོན་ཏན་གསུམ་དང་མི་འབྲལ་ལོ། །ཞེས་བྱ་བ་ཡིན་ཏེ། དཔེའི་རྣམ་པ་གཞན་ཡང་མ་ལུས་པའི་འགྲོ་བ་རང་བཞིན་མི་

འདྲ་བ། མངལ་ནས་སྐྱེས་པ་ལ་སོགས་པའི་དབྱེ་བས་ཐ་དད་པའམ། རྒྱུ་བ་དང་མི་རྒྱུ་བ་ལ་སོགས་པའི་དབྱེ་བས་ཕྱེ་བ་སྣ་ཚོགས་ཤིང་རིགས་ཐ་དད་པ་འདི་དག་ཀྱང་། ཡོན་ཏན་གསུམ་པོ་སྙིང་སྟོབས་དང་། རྡུལ་དང་མུན་པའི་ཚུལ་དང་མི་འབྲལ་ཞིང་དེ་ལས་མི་འདའ་སྟེ། ཡོན་
ཏན་གསུམ་པོ་འདི་དག་དང་ནམ་ཡང་འབྲལ་བར་མི་འགྱུར་རོ། །དེ་བཞིན་རང་ཁམས་མ་སྙོམས་པའི། །རྒྱུ་ཡང་གནས་སྐབས་ཐམས་ཅད་དུ། །ནད་རིགས་ཉེས་པ་གསུམ་མི་འབྲལ། །ཞེས་བྱ་བ་ལ། དཔེ་དེ་བཞིན་དུ་རང་ཁམས་མ་སྙོམས་པའི་རྒྱུ་ཡང་དུས་དང་གནས་
སྐབས་ཐམས་ཅད་དུ་ནད་ཀྱི་རིགས་སུ་བཤད་པ། ཉེས་པ་གསུམ་པོ་དང་ནམ་ཡང་མི་འབྲལ་ལོ། །དེ་ཡང་རླུང་ལ་སོགས་པའི་ཁམས་འདི་རྣམས་ནི་ལུས་འཛིན་པར་བྱེད་པ་ཡིན་དུ་ཟིན་ཀྱང་གལ་ཏེ་ཁམས་མ་སྙོམས་པར་གྱུར་ན་དེ་ཡང་ནད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ནད་དང་དྲི་
མའི་ཚུལ་གྱིས་མ་སྙོམས་པ་མེད་པར་ཡང་། ནད་ཀྱི་རྒྱུར་འགྱུར་བར་བཤད་པའི་ཕྱིར། འདིར་ཡང་ཞེས་བྱ་བའི་སྒྲ་ཁྱད་པར་དུ་སྨྲས་པ་ཡིན་ནོ། །དེ་རྣམས་ཀྱིས་ནི་ལྡང་བའི་རྒྱུ། །དབང་དོན་མི་འཚམ་ཕྲད་པ་དང་། །དུས་དང་ཉེས་པའི་ལས་རྣམས་སོ། །ཞེས་བྱ་བ་ལ།
རླུང་ལ་སོགས་པ་དེ་རྣམས་ཀྱི་ལྡང་ཞིང་འཁྲུགས་པར་བྱེད་པའི་རྒྱུ་ནི། མིག་ལ་སོགས་པའི་དབང་པོའི་དོན་མི་མཐུན་ཞིང་འཚམ་པ་མ་ཡིན་པ་དང་། ཕྲད་ཅིང་འབྲེལ་པ་དང་། དུས་མི་འདྲ་བ་སྟེ། གྲང་བ་དང་། དྲོ་བ་དང་། ཆར་ལ་སོགས་པ་དང་། དེ་བཞིན་དུ་ལས་ཉེས་པར་
སྤྱད་པ་ཚེ་སྔ་མའམ། འདིར་ལུས་དང་ངག་དང་། ཡིད་རྣམ་པ་གསུམ་གྱི་ལས་མི་དགེ་བ་བྱས་པ་དེ་ཐམས་ཅད་ནི་རླུང་ལ་སོགས་པ་འཁྲུགས་ཤིང་ལྡང་བའི་རྒྱུ་ཡིན་ནོ། །དེ་ཡང་དམན་ལྷག་ལོག་སྦྱར་བས། །དབྱེ་བ་རྣམ་པ་གསུམ་དུ་འགྱུར། །ཞེས་བྱ་བ་ལ། གང་
རླུང་ལ་སོགས་པ་འདི་དག་གི་རྒྱུའི་ཚུལ་སྔར་རྣམ་པར་དབྱེ་བ་བྱས་སུ་ཟིན་ཀྱང་། ཡང་དེ་དམན་པ་དང་། ལྷག་པ་དང་། ལོག་པའི་སྦྱོར་བས་དབྱེ་བ་རྣམ་པ་གསུམ་དུ་འགྱུར་ཏེ། སྔ་མ་དེ་དག་རེ་རེ་ཞིང་ཡང་གསུམ་དུ་འགྱུར་བ་ཡིན་ནོ། །དབང་དོན་རང་ཡུལ་ཆུང་ངུའམ། །མི་སྦྱོར་བ་

ནི་དམན་པ་སྟེ། །ཤས་ཆེར་གཏད་པ་ལྷག་སྦྱོར་བ། །ཞེས་བྱ་བ་ལ། གང་མིག་ལ་སོགས་པའི་དབང་པོ་རྣམས་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་རང་གི་ཡུལ་ཆུང་ངུ་ལ་སྦྱོར་བའམ། རང་གི་ཡུལ་ལ་མི་སྦྱོར་ཞིང་མ་ཚང་བ་དེ་ནི་དམན་པའི་སྦྱོར་བ་ཞེས་བྱའོ། །
ཡང་རང་གི་ཡུལ་ཤས་ཆེར་གཏད་ཅིང་བསྟེན་དྲགས་པ་ནི་ལྷག་པའི་སྦྱོར་བ་ཞེས་བྱའོ། །རབ་ཕྲའི་འོད་དང་འཇིགས་པ་དང་། །ཤིན་ཏུ་ཉེ་དང་ཤིན་ཏུ་རིང་། །ཡིད་དུ་མི་འོང་མི་སྡུག་པའི། །གཟུགས་ལ་མིག་ནི་ལྟ་བྱེད་པ། །ལོག་སྦྱོར་དེ་ནི་མི་ཟད་ཡིན། །ཞེས་བྱ་བ་ལ།
ལོག་པའི་སྦྱོར་བ་ནི་རང་རང་གི་དབང་པོའི་ཡུལ་རབ་ཏུ་ཕྲ་བའི་འོད་མིག་གི་དབང་པོས་ལྟ་ཞིང་བརྟག་པར་བྱེད་པ་དེ་ནི་རང་གི་ཡུལ་ལ་ལོག་པར་སྦྱོར་བ་ཡིན་ནོ། །དེ་བཞིན་དུ་ཤིན་ཏུ་འཇིགས་པའི་གཟུགས་ལ་ལྟ་བ་ལ་སོགས་པ་རྗེས་སུ་མི་མཐུན་ཞིང་གནོད་པ་སྐྱེད་པར་བྱེད་པ་དག་ཀྱང་ལོག་
པའི་སྦྱོར་བ་ཡིན་ཏེ། དེ་དག་ནི་ཤིན་ཏུ་མི་བཟད་ཅིང་འཇིགས་པ་ཡིན་ནོ། །དེ་བཞིན་རབ་གྲག་རུལ་ལ་སོགས། །དབང་དོན་ཇི་བཞིན་ཤེས་པར་བྱ། །ཞེས་བྱ་བ་ལ། ཕྱོགས་འདིར་བསྡུ་བ་ནི་དབང་པོའི་དོན་རབ་ཏུ་མཐོང་བ་དང་། རུལ་བ་ལ་སོགས་པ་ཡང་ལོག་པའི་སྦྱོར་བའི་རང་
བཞིན་ཅན་ཡིན་པར་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །དེ་ཡང་ཇི་ལྟར་མྱ་ངན་སྐྱེད་པ་ལ་སོགས་པའི་སྒྲ་མི་སྡུག་པ་དྲག་པོ་རྣ་བའི་དབང་པོས་ཐོས་པ་ནི་ལོག་པའི་སྦྱོར་བར་འགྱུར་རོ། །གང་གི་ཚེ་རུལ་ཞིང་ཞིགས་པར་གྱུར་ཅིང་། མི་གཙང་བ་མྱགས་པ་ལ་སོགས་པའི་དྲི་མི་སྡུག་པ་
སྣའི་དབང་པོས་ཚོར་བ་ན། རང་གི་ཡུལ་དྲི་ཞེས་བྱ་བ་འདི་སྣའི་དབང་པོའི་ལོག་པའི་སྦྱོར་བ་ཡིན་ནོ། །སོགས་པའི་སྒྲས་ནི། ལྕེའི་ཡུལ་ལན་ཚྭ་ཤས་ཆེར་བྲོ་བ་ལ་སོགས་པ་དང་། དེ་བཞིན་དུ་རེག་བྱའི་ཡུལ་ཤིན་ཏུ་ཚ་བ་དང་། ཤིན་ཏུ་གྲང་བ་ལ་སོགས་པ་ནི་རང་གི་ཡུལ་ལོག་
པའི་སྦྱོར་བ་ཡིན་པར་བསྟན་ཏེ། དེ་དག་ནི་ནད་རྣམས་ལྡང་བའི་རྒྱུ་ཡིན་པར་བཤད་དོ། །དེ་དག་ཐམས་ཅད་ནི་དྲང་སྲོང་ཙ་ར་ཀས་གསལ་བ་ཁོ་ནར་བཤད་དེ། །དེ་ཡང་རང་གི་ནུས་པས་ཤས་ཆེར་ལྟ་བ་ནི་ལྷག་པར་སྦྱོར་བའོ། །ཕྱིས་མི་མཐོང་བར་གྱུར་པ་ནི་དམན་པའི་སྦྱོར་བའོ། །

ཕྲ་བ་དང་། ཤིན་ཏུ་ཐག་ཉེ་བ་དང་། ཤིན་ཏུ་ཐག་རིང་བ་དང་། དྲག་ཅིང་མི་བཟད་པ་དང་། འཇིགས་པ་དང་། ཞེ་འགྲས་པ་དང་། མི་སྡུག་པ་དང་། སྐྲག་པར་བྱེད་པ་ལ་སོགས་པའི་གཟུགས་མཐོང་བ་ནི་ལོག་པའི་སྦྱོར་བའོ། །དེ་བཞིན་དུ་རྔ་བོ་ཆེ་དྲག་ཏུ་བརྡུངས་པ་ལ་
སོགས་པའི་སྒྲ་གསང་མཐོ་བ་ལ་ལྷག་པར་གཏད་དེ་མཉན་པ་ནི་ལྷག་པའི་སྦྱོར་བའོ། །ཐམས་ཅད་དུ་མི་ཐོས་པ་ནི་དམན་པའི་སྦྱོར་བའོ། །སྒྲ་རྩུབ་པ་དང་། སྡུག་པ་དང་བྲལ་བ་དང་། འདར་བའི་སྒྲ་དང་འཇིགས་པའི་སྒྲ་ཐོས་པ་ནི་ལོག་པའི་སྦྱོར་བའོ། །དེ་བཞིན་དུ་འཛག་ཅིང་རུལ་
བའི་དྲི་ཤིན་ཏུ་རྣོ་ཞིང་དྲག་པ་ཤས་ཆེར་བསྣོམས་པ་ནི་ལོག་པའི་སྦྱོར་བའོ། །རྣམ་པ་ཐམས་ཅད་དུ་མ་བསྣོམས་པ་ནི་དམན་པའི་སྦྱོར་བའོ། །རུལ་བ་ལ་སྣོམ་པ་ལ་སོགས་པ་འདི་ནི་ལོག་པའི་སྦྱོར་བའོ། །ཡང་ཁྲུས་ལ་སོགས་པའི་ཚ་བ་དང་། གྲང་ཆེས་པ་བསྟེན་པ་དང་། གོ་རིམས་
འཆོལ་བར་བསྟེན་པ་དང་། གནོད་པ་དང་མི་གཙང་བ་ལ་སོགས་པ་ནི་ལོག་པའི་སྦྱོར་བའོ། །དུས་ཀྱང་གྲང་དང་ཚ་བ་དང་། །ཆར་དུས་དབྱེ་བས་གསུམ་དུ་འདོད། །ཅེས་བྱ་བ་ལ། དེ་བཞིན་དུ་དུས་ཀྱང་གྲང་བ་དང་། ཚ་བ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་ཡིན་ཏེ། དེ་ལ་
གྲང་བ་ནི་དགུན་སྟོང་དང་། དགུན་སྨད་ཅེས་བྱ་བའོ། །ཚ་བ་ནི་སོ་གའོ། །དབྱར་ནི་ཆར་གྱི་དུས་སོ། །དེའི་དམན་པའི་སྦྱོར་བ་དང་། ལྷག་པའི་སྦྱོར་བ་དང་། ལོག་པའི་སྦྱོར་བ་བསྟན་པའི་ཕྱིར། དེ་དམན་གྲང་སོགས་ཆུང་བ་དང་། །ལྷག་སྦྱོར་ཤིན་ཏུ་ཆེ་མཚན་ཉིད། །རང་གི་
མཚན་ཉིད་ཕྱིན་ཅི་ལོག །ལོག་པའི་སྦྱོར་བ་ཡིན་པར་བཤད། །ཅེས་བྱ་བ་ལ། དེ་བཞིན་དུ་གྲང་བ་དང་། ཚ་བ་དང་། ཆར་གྱི་དུས་དང་། དགུན་དང་། སོ་ག་དང་། དབྱར་ཞེས་བྱ་བའི་མཚན་ཉིད་ཅན། སྔར་ཇི་ཙམ་གྱི་ཚད་དུ་བསྟན་པ་དེ་ལས་གང་ཅུང་ཞིག་ཤིན་ཏུ་དམན་པར་སྣང་བ་
དེ་ཉིད་ནི་དུས་དང་མི་སྦྱོར་བ་ཡིན་པས་ན། ཆུང་བའམ། དམན་པའི་སྦྱོར་བ་ཞེས་བྱའོ། །ལྷག་པའི་སྦྱོར་བ་ནི་གང་གསུམ་པོ་དེ་དག་རང་གི་ཚད་ལས་ཀྱང་ཆེས་ལྷག་པར་སྟོན་པ། དེ་ནི་ལྷག་པའི་སྦྱོར་བ་ཞེས་བྱའོ། །ལོག་པའི་སྦྱོར་བ་ནི་རང་གི་མཚན་ཉིད་ལས་ཕྱིན་ཅི་ལོག་

པ་སྟེ། ཇི་ལྟར་དགུན་གྱི་དུས་སུ་དྲོ་བ་དང་། སོ་གའི་དུས་སུ་གྲང་བ་དང་། དབྱར་གྱི་དུས་སུ་ཆར་མི་འབབ་པའོ། །ལས་ཀྱང་དབྱེ་བ་རྣམ་པ་གསུམ་དུ་བཤད་དེ། སྨྲས་པ་ནི། ལུས་ངག་ཡིད་ཀྱི་དབྱེ་བ་ཡིས། །ལས་ཀྱང་རྣམ་པ་གསུམ་དུ་བཤད། །
ཅེས་བྱ་བ་ལ། ལས་ཞེས་བྱ་བ་ནི་སྦྱོར་བའི་རྒྱུ་ཡང་ལུས་དང་ངག་དང་ཡིད་ཀྱི་དབྱེ་བས་རྣམ་པ་གསུམ་དུ་བཤད་དོ། །ལུས་ལ་སོགས་པའི་ལས་དམན་ལ། །འཇུག་པ་དམན་པའི་མིང་ཅན་ཡིན། །ཞེས་བྱ་བ་ལ། ལུས་ཀྱི་ལས་དང་། ངག་གི་ལས་དང་། དེ་བཞིན་དུ་
ཡིད་ཀྱི་ལས་རྣམས་ཀྱང་། རང་གི་ཡུལ་དག་ལ་གང་དམན་པར་འཇུག་པ་དེ་ནི་དམན་པའི་སྦྱོར་བ་ཡིན་ནོ། །བརྟུན་ངས་འཇུག་པ་ལྷག་སྦྱོར་བའོ། །ཞེས་བྱ་བ་ནི། ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ལ་གང་རུང་བརྟན་ངས་ཤིང་དྲག་ཏུ་སྦྱོར་བ་དེ་ནི་ལྷག་པའི་སྦྱོར་
བ་ཡིན་ནོ། །ཤུགས་བཀག་པ་དང་བཙིར་བ་དང་། །མི་བཟད་ལུས་ཀྱི་ལས་རྣམས་དང་། །གཅུས་དང་རྡེག་འཆོས་གོམ་འཁྱོར་སོགས། །ལྡང་བཞིན་སྨྲ་བར་བྱེད་པ་དང་། །འདོད་ཆགས་ཞེ་སྡང་འཇིགས་སོགས་དང་། །སྲོག་གཅོད་ལ་སོགས་ལས་རྣམས་དང་། །
རྣམ་བཅུ་དེ་ཡང་སྨད་པ་ཡིན། །འདི་དང་གཞན་དུ་བྱས་པ་རྣམས། །དེ་དག་མ་ལུས་ལོག་སྦྱོར་ཡིན། །ཞེས་བྱ་བ་ལ། ལོག་པའི་སྦྱོར་བ་ནི་ཤུགས་བཀག་པ་ནས་བརྩམས་ཏེ། རྡེག་འཆོས་ཤིང་གོམ་པ་འཁྱོར་བ་ལ་སོགས་པའི་བར་གྱིས་ལས་གང་ཡིན་པ་དེ་ལྟ་བུ་ལ་འཇུག་པ་གང་ཡིན་
པ་དེ་ནི་ལུས་ཀྱི་ལོག་པའི་སྦྱོར་བའོ། །དེ་ལ་ཤུགས་བཀག་པ་ནི་རྒྱུ་བ་བརྣགས་པའོ། །ཤུགས་བཙིར་བ་ནི་ཁ་ནང་དུ་བལྟས་པར་གྱུར་པ་ཕྱིར་ཕྱོགས་པར་བྱས་པའོ། །མི་བཟད་ལུས་ཀྱི་ལས་རྣམས་དང་། །ཞེས་བྱ་བ་ནི། འདིར་མི་བཟད་པའི་སྒྲ་ནི་ཚིག་ཀུན་དང་སྦྱར་བར་བྱའོ། །སོགས་
པའི་སྒྲ་ནི་འགྲོ་བ་ལ་སོགས་པ་བསྡུའོ། །ལྡད་བཞིན་སྨྲ་བར་བྱེད་པ་ནི་གང་ཕྱེད་མིད་ཙམ་ན་སྨྲ་བ་སྟེ། འདི་དག་ནི་ངག་གི་ལས་ཏེ། རབ་ཏུ་དྲག་པ་ལ་བྱའི་ངལ་བ་ལ་ནི་མ་ཡིན་ནོ། །འདོད་ཆགས་དང་ཞེ་སྡང་ལ་སོགས་པ་གང་ཡིན་པ་དེ་དག་ནི་ཡིད་ཀྱི་ལས་ཡིན་ཏེ། གང་ཡུལ་དེ་

ལྟ་བུ་ལ་འཇུག་པ་དེ་ནི་ཡིད་ཀྱི་ལོག་པར་སྦྱོར་བའོ། །དེ་དག་ཐམས་ཅད་ཀྱང་ཚེ་འདིར་བྱས་ཤིང་སྤྱད་པའམ། སྐྱེ་བ་གཞན་དག་ཏུ་བྱས་ཀྱང་རུང་སྟེ། །དེ་རྣམས་ཐམས་ཅད་ལོག་པའི་སྦྱོར་བ་ཡིན་པར་ཤེས་པར་བྱའོ། །འདི་དག་ནད་ཀྱི་རྒྱུ་ཡིན་ནོ། །ཞེས་བྱ་བ་ལ། གསུམ་
གསུམ་དུ་བརྟགས་པ་ནི་ནད་ཀྱི་རྒྱུ་ལས་ལྡང་བར་བྱེད་པའི་གཞི་ཡིན་ནོ། །ལྡང་གྱུར་དེ་ནི་མཐའ་ཡས་ཏེ། །སྣ་ཚོགས་ནད་ནི་བྱེད་པར་འགྱུར། །ཡན་ལག་ནང་གྲོལ་ལྷུ་ཚིགས་བརྟེན། །ཡན་ལག་ཁྲག་སོགས་པགས་པ་ཡིན། །ཞེས་བྱ་བ་ལ། ནད་ཀྱི་གཞི་དེ་དག་ལས་
ནད་དེ་རྣམས་ལྡང་ཞིང་འཁྲུགས་པར་གྱུར་པ་དེ་ནི་གང་ཞིག་མཐའ་ཡས་པ་ཡིན་ཏེ། རྣམ་པ་ཐ་དད་པའི་ཚུལ་གྱི་ནད་ཀྱིས་འདེབས་ཤིང་སྐྱེས་པ་ཡིན་ནོ། །གང་དུ་སྐྱེ་ཞེ་ན། ཡན་ལག་རྣམས་དང་། དེ་བཞིན་དུ་ནང་གྲོལ་དང་། ལྷུ་ཚིགས་དང་། གནད་རྣམས་སུ་སྐྱེའོ། །
ཡན་ལག་ཁྲག་སོགས་པགས་པ་ཡིན། །ཞེས་བྱ་བ་ནི། དེ་ལ་ཡན་ལག་ནི་ཁྲག་ལ་སོགས་པའི་ལུས་ཟུངས་པགས་པའི་མཐར་ཐུག་པ་ལ་བྱའོ། །དེ་ནི་ཕྱི་རོལ་ནད་གནས་ཏེ། །ཞེས་བྱ་བ་ལ། དེ་དག་ནི་ཕྱི་རོལ་གྱི་ནད་རྣམས་ཀྱི་གནས་དང་རྟེན་ཡིན་པར་བཤད་དོ། །དེ་བརྟེན་
མ་ཞུ་ཡན་ལག་ན། །ལྦ་བ་བེའུ་སྣབས་འབྲུམ་པ་སོགས། །གཞང་འབྲུམ་སྐྲན་དང་འོར་ནད་སོགས། །དེ་དག་ཕྱི་རོལ་ནད་ཅེས་བྱ། །ཞེས་བྱ་བ་ལ། གང་གི་ཕྱི་རོལ་གྱི་ནད་ཡན་ལག་ཁྲག་ལ་སོགས་པའི་ལུས་ཟུངས་ཀྱི་གནས་སུ་གྱུར་པ་ཡིན་ལ། དེ་བས་ན་དེ་ལ་
བརྟེན་ཏེ་མ་ཞུ་བ་དང་། ཡན་ལག་ན་བ་ལ་སོགས་པ་འབྱུང་བར་འགྱུར་བ་དང་། དེ་བཞིན་དུ་ཕྱི་རོལ་གྱི་ནད་གཞང་འབྲུམ་ལ་སོགས་པའི་ནད་རྣམས་ཀྱང་འབྱུང་བར་འགྱུར་རོ། །ནང་ནད་རྩ་སྦུབས་ཆེན་པོ་དང་། །མ་ཞུ་ཞུ་བའི་གནས་ལ་བརྟེན། །ཞེས་བྱ་བ་ལ། ཡང་ན་ནང་གི་ནད་ཅེས་
བྱ་བ་ནི་ལྟོ་བ་དང་དེ་བཞིན་དུ་རྩ་སྦུབས་ཆེན་པོ་རྣམས་དང་། མ་ཞུ་བ་དང་ཞུ་བའི་གནས་ལ་བརྟེན་པ་རྣམས་སོ། །གནས་དེ་ལས་ནི་སྐྱུག་ཚད་འཁྲུ། །དམུ་རྫིང་ལུད་པ་དབུགས་མི་བདེ། །ནང་གི་ཆ་ཡི་གཞང་འབྲུམ་སྐྲང་། །སྐྲན་དང་མེ་དབལ་ཁོང་འབྲུམ་པ། །ཞེས་བྱ་བ་ལ། ནང་

གྲོལ་གྱི་གནས་དེ་ལ་ནི་སྐྱུག་པ་དང་། ཚད་པས་འཁྲུ་བ་ལ་སོགས་པའི་ནད་རྣམས་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ནང་གི་ཆའི་གཞང་འབྲུམ་དང་། སྐྲན་ལ་སོགས་པ་འབྱུང་བར་འགྱུར་ཏེ། དེ་ལྟར་ན་གཞང་འབྲུམ་ལ་སོགས་པ་ནི་ཕྱི་དང་ནང་གི་
ཆའི་དབྱེ་བས་རྣམ་པ་གཉིས་ཡིན་ནོ། །མགོ་བོ་སྙིང་དང་ཆུ་སོ་སོགས། །རུས་པའི་ཚིགས་ནད་གནད་ཡིན་ནོ། །ཞེས་བྱ་བ་ལ། འདི་དག་ནི་གནད་ཅེས་བྱ་སྟེ། མགོ་བོ་དང་། སྙིང་དང་། ཆུ་སོ་ལ་སོགས་པའི་ནད་དང་། རུས་པའི་ཚིགས་ཏེ། འདིར་ཚིགས་ནི་རུས་
པའི་ཚིགས་ལ་བྱའོ། །ཤ་དང་རྒྱུས་པ་དང་། རྩ་ལ་སོགས་པ་གཉིས་འདུས་པའི་ཚིགས་གཞན་དག་ལ་ནི་མི་བྱའོ། །དེ་བས་ན་འདིར་རུས་པའི་ཚིགས་ངེས་པར་གཟུང་བ་ཡིན་ནོ། །དེ་འབྲེལ་རྩ་དང་ཆུ་བ་དང་། ཆུ་བ་ཆེ་སོགས་བར་མ་ཡིན། །དེ་ལ་ནད་ལམ་དེར་གནས་
པ། །གཅོང་ཆེན་གཞོགས་ཕྱེད་མཇིང་ཁ་ཡོ། །གླད་ནད་སོགས་དང་ཚིགས་རུས་དང་། །དཔྱི་ཡི་གཟེར་དང་གནོད་ནད་སོགས། །ཞེས་བྱ་བ་ལ། དེ་རྣམས་དང་འབྲེལ་པ་ཡིན་པས་ན། དེ་འབྲེལ་ཏེ། གནད་དེ་རྣམས་དང་། དེ་བཞིན་དུ་རུས་པའི་ཚིགས་རྣམས་དང་
འབྲེལ་པའི་ལམ་བར་མ་ཞེས་བྱ་བ་དེ་ལ། ནད་གཅོང་ཆེན་པོ་ལ་སོགས་པ་གནས་པ་ཡིན་ནོ། །དེ་བཞིན་དུ་གླད་ནད་ལ་སོགས་པའི་ནད་དང་། ཚིགས་པ་དང་། རུས་པ་དང་དཔྱིའི་གཟེར་དང་། གནོད་ནད་ལ་སོགས་པ་ཡང་དེར་གནས་སོ། །འབྱིན་ཁྱབ་ཟུག་དང་སྙོམ་པ་དང་།
ལུས་ཚ་ནད་གཟེར་བྱེ་བ་དང་། །འབྱར་ཞིང་ཆག་སྙམ་རྐང་ལག་འཁུམས། །བསྒོངས་དང་བརྩེ་དང་སྐོམ་བྱེད་དང་། །འདར་དང་རྩུབ་དང་ཁོང་སྟོང་དང་། །སྐེམ་དང་འགུལ་དང་དཀྲིས་སྙམ་དང་། །རེངས་དང་རོ་བསྐ་བྲོ་བའོ། །མདོག་ནི་གནག་གམ་དམར་བ་དག །རླུང་གི་
ལས་ཡིན། ཞེས་བྱ་བ་ལ། རླུང་འཁྲུགས་པར་གྱུར་པ་ལས་འབྱིན་པ་སྙམ་བྱེད་པའི་ལས་བྱེད་པར་འགྱུར་རོ། །དེ་ལ་འབྱིན་པ་ནི་མིག་ལ་སོགས་པའི་ཡན་ལག་ཐུར་དུ་ལྷུང་བ་སྙམ་སེམས་པར་བྱེད་པའོ། །ལུས་ཀུན་ཏུ་ཁྱབ་ཅིང་འདྲེན་པར་བྱེད་པའོ། །ཟུག་པ་ནི་ཡན་ལག་རྡེག་

པ་སྙམ་སེམས་པའོ། །སྙོམ་པ་ནི་ལུས་ཀུན་དཀྲིས་པ་སྙམ་སེམས་པའོ། །ལུས་ཚ་བ་ནི་ལུས་བསྲེགས་པ་སྙམ་སེམས་པའོ། །ནད་ནི་ཚོར་བ་དྲག་པོའོ། །གཟེར་བ་ནི་ཁབ་ཀྱིས་ཕུག་པ་བཞིན་དུ་བྱེད་པའོ། །བྱེ་བ་ནི་འགྱེས་པ་སྙམ་སེམས་པའོ། །འབྱར་བ་ནི་བཤང་བ་ལ་
སོགས་པ་གནས་ལས་མི་འགུལ་བར་བྱེད་པའོ། །ཆག་པ་སྙམ་སེམས་པ་ནི་ཡན་ལག་ཆག་པ་ལྟར་ཟུག་ཅིང་ན་བའོ། །ཡན་ལག་འཁུམས་པ་ནི་ཡན་ལག་འཇའ་ཞིང་འཁུམས་པར་བྱེད་པའོ། །བསྒོངས་པ་ནི་ཐ་དད་པར་འདུག་པ་གཅིག་ཏུ་བསྡུས་པའོ། །བརྩེ་བ་ནི་ལུས་དང་
སྤུའི་ཚོགས་རྣམས་བརྩེ་བའོ། །སྐོམ་པར་བྱེད་པ་ནི་སྐོམ་གྱིས་གདུངས་པའོ། །འདར་བ་ནི་ཡན་ལག་གཡོ་ཞིང་འགུལ་བའོ། །རྩུབ་པ་ནི་རེག་ན་མི་བདེ་བར་རྩུབ་པའོ། །ཁོང་སྟོང་པ་ནི་ནང་སྟོང་པའོ། །སྐེམས་པ་ནི་ལུས་སྐེམས་བག་ཏུ་གྱུར་པའོ། །འགུལ་བ་ནི་ཅུང་ཟད་གཡོ་བའོ། །
དཀྲིས་པ་སྙམ་བྱེད་པ་ནི་ཡན་ལག་བཅིངས་པ་སྙམ་སེམས་པའོ། །རེངས་པ་ནི་ལུས་དང་ཡན་ལག་རྣམས་ཤིང་ལྟར་རེངས་པའོ། །རོ་བསྐ་བ་ནི་རོ་གཞན་དག་ཀྱང་བསྐ་བའི་རོར་ཚོར་བའོ། །མདོག་གནག་པ་ནི་ཕལ་ཆེར་ལུས་དྲི་མ་ཅན་དུ་འདུག་པའམ། དེ་བཞིན་དུ་ཕལ་ཆེར་དམར་བག་
ཏུ་སྣང་བ་སྟེ། འདི་དག་ནི་རླུང་གི་ལས་ཡིན་ནོ། །མཁྲིས་པའི་ལས། ལུས་ཚ་མདོག་དམར་དྲོ་སྨིན་བྱེད། །རྔུལ་དང་རྣག་དང་འཛག་རྨ་རེད། །འདྲུལ་དང་བརྒྱལ་ཞིང་མྱོས་པ་དག །ཁའི་རོ་ཁ་དང་སྐྱུར་བ་དང་། །མདོག་སྐྱ་དམར་རྩ་མ་ཡིན་པའོ། །ཞེས་བྱ་བ་ནི། མཁྲིས་པ་
ལྡང་བར་གྱུར་ན་དེའི་ལས་ནི་ལུས་ཚ་བ་ལ་སོགས་པ་བྱེད་པར་འགྱུར་རོ། །དེ་ལ་ལུས་ཚ་བ་ནི་གང་ལུས་ཐམས་ཅད་ལ་ཤིན་ཏུ་མི་བཟད་པའི་ཚ་བ་འབྱུང་བར་འགྱུར་བ་དེ་ལ་ཚ་བ་ནི་སྒྲར་བཤད་དོ། །མདོག་དམར་བ་ནི་ལུས་དང་ཡན་ལག་ཤས་ཆེར་དམར་བའོ། །དྲོ་བ་ནི་ལུས་དང་ཡན་ལག་ཚ་
བའོ། །སྨིན་པར་བྱེད་པ་ནི་ལུས་ཀྱི་ཡན་ལག་གི་ཕྱོགས་གཅིག་འདྲུལ་ཞིང་སྨིན་པའོ། །རྔུལ་བ་ནི་རླན་དང་ལྡན་པ་ཉིད་དོ། །རྣགས་པ་ནི་ལུས་འདྲུལ་ཞིང་སྨིན་པའོ། །འཛག་པ་ནི་རྣག་ལ་སོགས་པ་འཛག་པའོ། །རྨ་རེད་པ་ནི་རྨ་ཞིག་ཅིང་མནམ་པའོ། །འདྲུལ་བ་ནི་ལུས་དང་ཡན་ལག་

འདྲུལ་ཞིང་མྱགས་པའོ། །བརྒྱལ་བ་ནི་སེམས་མེད་ཅིང་མི་དྲན་པའོ། །མྱོས་པ་ནི་ཆང་གིས་མྱོས་པའི་ནད་ལྟ་བུའོ། །ཁའི་རོ་ནི་ཁ་བ་དང་སྐྱུར་བ་དག་ཏུ་ཚོར་བར་འགྱུར་རོ། །ལུས་ཀྱི་མདོག་ནི་སྐྱ་ཞིང་རྩ་དམར་བ་མ་ཡིན་པ་སྟེ། གཞན་དུ་ན་སྔོ་བ་དང་། སེར་བ་ལ་
སོགས་པའི་དབྱེ་བས་ཕྱེ་བར་སྣང་ངོ་། །བད་ཀན་ལས་ནི་མཁྲང་ཞིང་སྣུམ། །གཡའ་ཞིང་ཁོང་གྲང་ལྕི་བ་དང་། །ཚིགས་དམ་ཤ་རྒྱས་རྨོངས་བག་དང་། །སྐྲང་ཞིང་གཉིད་ཆེ་ཟས་མི་འཇུ། །མདོག་དཀར་ཁ་རོ་ལན་ཚྭ་མངར། །ལས་ཀྱི་མཐའ་ལ་འདམ་རིང་ངོ་། །ཞེས་བྱ་བ་ལ། བད་
ཀན་ལྡང་བར་འགྱུར་བའི་ལས་ནི་མཁྲང་བ་དང་སྣུམ་པ་ལ་སོགས་པ་བྱེད་བར་འགྱུར་རོ། །དེ་ལ་མཁྲང་བ་ནི་ལུས་ཀྱི་ཡན་ལག་དང་ཉིང་ལག་རྣམས་སྲ་བ་ཉིད་དོ། །སྣུམ་པ་ནི་པགས་པ་ལ་སོགས་པ་སྣུམ་བག་ཏུ་གནས་པའོ། །གཡའ་བ་ནི་ལུས་ཀྱི་པགས་པ་གཡའ་བའོ། །ཁོང་གྲང་
བ་ནི་ལུས་ཀྱི་ཡན་ལག་རྣམས་བསིལ་བག་ཏུ་གནས་པའོ། །ལྕི་བ་ནི་ལུས་ཟུངས་རྣམས་ལྕི་བ་ཉིད་དོ། །ཚིགས་དམ་པ་ནི་རྩ་སྦུབས་རྣམས་འགགས་པའོ། །ཤ་རྒྱས་པ་ནི་ལུས་ཀྱི་ཤ་ཆེ་བ་སྟེ། བད་ཀན་ཅན་དག་གི་ཁ་དང་ལྐོག་མ་ལ་སོགས་པའི་ལུས་ཀྱི་ཤ་རྒྱས་པའམ་འགགས་པའོ། །
རྨོངས་བག་ནི་ཡུལ་རྣམས་ལ་དབང་པོ་མི་གསལ་བ་ཉིད་དོ། །གཞན་དག་ནི་ཡུར་བ་ཉིད་དོ། །ཞེས་ཟེར་རོ། །སྐྲང་བ་ནི་འོར་བག་ཏུ་འདུག་པའོ། །གཉིད་ཆེ་བ་ནི་གཉིད་སྟུག་པའོ། །ཟས་མི་འཇུ་བ་ནི་ཕོ་བའི་མེ་དྲོད་མི་སྙོམས་ཤིང་འཇུ་བར་མི་ནུས་པའོ། །ལུས་ཀྱི་མདོག་ནི་དཀར་ཞིང་སྐྱ་
རྦབ་རྦབ་པོར་སྣང་བའོ། །ཁའི་རོ་ནི་ལན་ཚྭ་དང་། མངར་བག་ཏུ་བྲོ་བར་འགྱུར་རོ། །ལས་ཀྱི་མཐའ་ལ་འདམ་ཞིང་རིང་བ་ནི་ནད་ཡུན་རིང་བོ་ནས་འབྱང་བའམ། ཡུན་རིང་ཞིག་ནས་འཆི་བར་བྱེད་དོ། །དེ་ལྟར་ཇི་སྐད་བཤད་པ་ཡི། །མཚན་ཉིད་ཀྱིས་ནི་ནད་ཀུན་ཁྱབ། །ཅེས་བྱ་བ་ལ། དེ་ལྟར་
ཞེས་བྱ་བ་ནི་ཡོངས་སུ་རྫོགས་པའི་ཚིག་གམ། དེ་ལྟ་བུའི་རྣམ་པའི་དོན་ཡིན་ཏེ། རྫོགས་པ་ནི་ནད་རྣམས་ཀྱི་མཚན་ཉིད་གང་གིས། ནད་གང་ཡིན་པར་ཤེས་པར་འགྱུར་བའོ། །ཇི་ལྟ་བུ་ཞེ་ན། ནད་ཀུན་ཁྱབ་བྱེད་ཅེས་བྱ་བ་སྟེ། ནད་མ་ལུས་པ་ཁྱབ་པའི་ངང་ཚུལ་གང་ཡིན་པ་ནད་ཀུན་

ཁྱབ་པའོ། །དེ་ནི་མ་ཡེངས་བལྟ་སོགས་པས། །ཡང་དག་པར་ནི་ཤེས་པར་བྱ། །ནད་ཀྱི་གནས་སྐབས་དབྱེ་ཤེས་པས། །ནད་བ་སྐད་ཅིག་རེ་རེར་བལྟ། །ཞེས་བྱ་བ་ལ། དེ་ལྟར་ནད་ཀྱི་མཚན་ཉིད་ཀུན་ལ་ཁྱབ་པ་ཇི་སྐད་བཤད་པའི་ནད་ཀྱི་མཚན་ཉིད་དེ་ནི་མ་ཡེངས་པ་སྟེ།
འབད་པ་དང་ལྡན་ཞིང་སེམས་གཞན་དུ་མ་ཡེངས་པའི་སྨན་པ་ལ་སོགས་པ་བརྩོན་པ་དང་ལྡན་པས། བལྟ་བ་ལ་སོགས་པས་ཞེས་པ་བལྟ་བ་དང་། མྱང་བ་དང་དྲིས་པས་ཡང་དག་པར་ཤེས་པར་བྱ་ཞིང་རྟོགས་པར་བྱའོ། །དེ་ལ་བལྟ་བའི་མདོག་དང་། གནས་དང་། ཚད་དང་། མཆིལ་
སྣབས་དང་། བཤང་གཅི་དང་། སྐྱུགས་པ་ལ་སོགས་པ་ལ་བལྟ་བ་སྟེ། སོགས་པའི་སྒྲས་ནི་རྣ་བའི་སྒྲ་དང་། རྒྱུ་མ་ཀྲུག་ཀྲུག་ཟེར་བ་དང་། སོར་ཚིགས་ལ་སོགས་པ་གཅོག་པ་ཐོས་པ་ལས་ཤེས་པར་བྱའོ། །སྣུམ་པ་ནི་ལུས་དང་བཤང་བ་དང་རྨ་ལ་སོགས་པའི་དྲི་བརྟག་པར་བྱའོ། །
རེག་པ་ནི་གྲང་བ་དང་། དྲོ་བ་དང་འཇམ་པ་དང་རྩུབ་པ་དང་། འགུལ་པའི་རེག་བྱ་ཤེས་པར་བྱའོ། །ཁའི་རོ་ནི་དྲིས་པ་ལས་ཤེས་པར་བྱའོ། །དེ་བཞིན་དུ་སྐྱུག་སླ་བ་དང་། སྐྱུག་དཀའ་བ་དང་། ལྟོ་བ་སྲ་བ་དང་། སྙི་བ་དང་། རྨི་ལམ་དུ་ཅི་མཐོང་བ་དང་། གང་ལ་མངོན་པར་དགའ་བ་
དང་། ནད་གང་གི་ཚེ་ནས་ཞུགས་པ་དང་། སྐྱེས་པའི་སྐར་མ་དང་། མཛའ་བ་དང་། མི་མཛའ་བ་དང་། བདེ་བ་དང་སྡུག་བསྔལ་ལ་སོགས་པ་དྲི་བར་བྱའོ། །འདི་དག་ནི་ཕྱོགས་གཅིག་ཙམ་བསྟན་པ་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་རྗེས་སུ་དཔག་པ་ལས་ཀྱང་ཤེས་
པར་བྱའོ། །རེ་ཞིག་ཕྱིར་འབྱུང་ཞིང་རྒྱུ་བ་ལས་ལུས་ཀྱི་བཅུད་དང་། རོ་ཉམས་པ་ཤེས་པར་བྱའོ། །སྦྲང་བུ་འདུ་བ་ལས་ནི་མངར་བར་རོ། །དེ་བཞིན་དུ་ཕོ་བའི་དྲོད་ནི་འཇུ་བ་ལས་སོ། །སྟོབས་ནི་རྩོལ་བའི་ནུས་པ་ལས་ཤེས་པར་བྱའོ། །ནད་ཀྱི་མཚན་མ་མངོན་པ་དག་ནི་བསལ་བའི་
སྲེད་པ་དང་མི་སྲེད་པ་ལས་སོ། །ནད་ཀྱི་ཚད་ནི་སྤྱོད་པའི་ཁྱད་པར་ལས་སོ། །ཚེ་ཟད་པ་ནི་འཆི་ལྟས་ལས་སོ། །རང་བཞིན་དང་། སྙིང་སྟོབས་དང་། སྤྲོ་བ་དང་། གོམས་པ་ནི་རྟག་ཏུ་འགྲོགས་པ་ལས་ཤེས་པར་བྱའོ། །དེ་ཡང་ཙ་ར་ཀས། ཤེས་པའི་སྒྲོན་མའི་སྣང་བ་ཡིས། །

ནད་པའི་ནད་ཀྱི་བདག་ཉིད་ནི། །མ་ཤེས་བར་དུ་སྦྱོར་ཤེས་གང་། །དེ་ནི་ནད་རྣམས་གསོ་མི་བྱེད། །ཅེས་བཤད་པ་ཡིན་ནོ། །ཅི་སྨན་གང་ལ་ལ་ཞིག་ཅི་ལྟར་རུང་བ་ཙམ་ཞིག་དེའི་མཚན་ཉིད་དང་ལྡན་པ་ཡིན་ནམ་ཞེ་ན། དེ་ཐམས་ཅད་མ་ཡིན་ཏེ། གཞན་དུ་ན་
ནད་ཀྱི་གནས་སྐབས་ཀྱི་དབྱེ་བ་ཤེས་པ་དང་། དེ་བཞིན་དུ་ནད་ལ་སྐད་ཅིག་རེ་རེ་ཞིང་ལྟ་བ་དག་སྨན་པ་ཡིན་ཏེ། སྐད་ཅིག་སྐད་ཅིག་ཅིང་གནས་སྐབས་ཐམས་ཅད་དུ་ཡང་དང་ཡང་དུ་རྒྱུན་མི་འཆད་པར་ལྟ་ཞིང་། རྟོགས་པར་བྱེད་པའི་སྨན་པ་དེ་ལྟ་བུ་ནི་ནད་ཀྱི་གནས་སྐབས་ཀྱི་དབྱེ་བ་
ཤེས་པ་ཡིན་ཏེ། དེ་ལྟར་ན་ནད་པ་སྐད་ཅིག་རེ་རེ་ཡང་བལྟས་པས་དེ་རྣམས་སྐྱེ་བར་འགྱུར་བ་ཡིན་ནོ། །དེ་བས་ན་དེ་ནི། གོམས་པས་ངེས་པར་ཐོ་བ་འགྱུར་ཏེ། །ལས་རྣམས་འགྲུབ་པ་གསལ་བྱེད་ཡིན། །ཞེས་བཤད་པ་ཡིན་ཏེ། གོམས་པ་ནི་གསོ་བའི་ལས་ལ་ཡང་དང་ཡང་དུ་
འཇུག་པར་ངེས་པར་ཤེས་པར་གསོ་བ་ཤེས་པའི་ངེས་པ་རྙེད་པར་འགྱུར་གྱི། གསོ་བའི་བསྟན་བཅོས་ཁོང་དུ་ཆུད་པ་འབའ་ཞིག་ཙམ་གྱིས་ནི་མ་ཡིན་ཏེ། ཇི་ལྟ་བུའི་ངེས་པ་ཞེ་ན། ལས་རྣམས་འགྲུབ་པ་གསལ་བྱེད་ཡིན། །ཞེས་བྱ་བ་སྟེ། ལས་ཐམས་ཅད་འགྲུབ་པར་བྱེད་པ་
ཡིན་པས་ན་ལས་འགྲུབ་པ་སྟེ། དེ་གསལ་བར་བྱེད་པ་ནི་སྣང་བར་བྱེད་པའོ། །འདི་ཉིད་ཀྱི་དཔེ་བསྟན་པའི་ཕྱིར། རིན་ཆེན་ལ་སོགས་བཟང་ངན་ཤེས། །བསྟན་བཅོས་འབའ་ཞིག་ལས་མི་འབྱུང་། །ཞེས་བཤད་པ་ནི། མརྒད་ལ་སོགས་པ་འདི་དག་གི་བཟང་ངན་ཤེས་པ་གང་ཡིན་
པ་ནི་གོམས་པ་ཁོ་ན་རྒྱུའི་གཙོ་བོ་ཡིན་ཏེ། དེས་འདི་ནི་བཟང་པོའོ། །འདི་ནི་ངན་པའོ་ཞེས་རྟོགས་པར་འགྱུར་ཏེ། འདིར་ནི་རིན་པོ་ཆེ་བརྟག་པའི་བསྟན་བཅོས་ཡོད་དུ་ཟིན་ཀྱང་། དེ་ཤེས་པར་འགྱུར་བའི་བསྟན་བཅོས་འབའ་ཞིག་ལས་མི་འབྱུང་སྟེ། དེ་ནི་རིན་པོ་ཆེ་མང་པོ་ལན་མང་
དུ་མཐོང་བའི་གོམས་པ་ལས་འདི་ནི་རིན་པོ་ཆེ་བཟང་པོ་ཡིན་ནོ། །འདི་ནི་མ་ཡིན་ནོ་ཞེས་ཤེས་པ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་གང་ཞིག་སྨན་དཔྱད་ཀྱི་བསྟན་བཅོས་ཤེས་ཤིང་ཁོང་དུ་ཆུད་པ་དང་། དེ་བཞིན་དུ་ལས་ལ་གོམས་ཤིང་བྱ་བའི་སྨན་པ་དེས་ནད་རབ་ཏུ་ཞི་བའི་ལས་བྱེད་ན། སྲོག་

ཆགས་རྣམས་ཀྱི་སྲོག་སྟེར་བར་བྱེད་པ་ཡིན་གྱི། ལས་ལ་གོམས་ཤིང་བྱང་བར་མ་བྱས་པར། གསོ་བའི་བསྟན་བཅོས་ཤེས་པ་འབའ་ཞིག་གིས་ནི་མ་ཡིན་ཏེ། ཐོས་པ་མེད་པར་གོམས་པ་འབའ་ཞིག་གིས་ཀྱང་མ་ཡིན་ནོ། །དེ་བས་ན་འབའ་ཞིག་ཅེས་བྱ་བའི་སྒྲ་སྨོས་པ་ཡིན་ཏེ།
འདི་ལ་ནི་གཉི་ག་དགོས་པ་ཡིན་ནོ། །ནད་ནི་འདི་ལྟར་རྣམ་གསུམ་སྟེ། །ལ་ལ་ཚེ་འདིའི་ཉེས་ལས་བྱུང་། །ལ་ལ་སྔོན་གྱི་ཉེས་ལས་བྱུང་། །གཞན་དག་དེ་གཉིས་འདྲེས་ལས་བྱུང་། །ཞེས་བྱ་བ་ལ། ནད་པ་ལ་ལ་ནི་ཚེ་འདིའི་ཉེས་པ་ཞེས་པ་མཐོང་བའི་ཆོས་ཀྱི་ཉེས་པ་སྟེ། ནད་ཀྱི་རྒྱུ་ལ་
ཉེས་པ་ཞེས་བྱའོ། །དེ་བཞིན་དུ་ལ་ལ་ནི་སྔོན་གྱི་ཉེས་པ་ལས་བྱུང་སྟེ། བདག་ཉིད་ཀྱིས་སྔོན་ལས་མི་དགེ་བ་བྱས་པའི། ཉེས་པ་བྱས་པའི་རྣམ་པར་སྨིན་པ་ལས་བྱུང་བ་ཡིན་ནོ། །གཞན་དག་ལ་ལ་ནི་གཉིས་འདྲེས་ཤིང་འདུས་པ་ལས་བྱུང་སྟེ། དེ་ལྟར་མཐོང་བའི་ཆོས་ཀྱི་ཚེ་འདིའི་ཉེས་པ་དང་།
སྔོན་གྱི་ཉེས་པ་དང་། དེ་བཞིན་དུ་འདུས་པ་སྟེ། གསུམ་ཡོད་པ་སྟེ། དེ་ལྟར་ན་ནད་རྣམ་པ་གསུམ་ཡིན་པར་ཤེས་པར་བྱའོ། །ཡང་འདི་རྣམས་ཀྱི་མཚན་ཉིད་གོ་རིམས་ཇི་ལྟ་བའི་དབང་དུ་བྱས་ནས་སྨྲས་པ་ནི། ཉེས་འབྱུང་ནད་གཞི་ཇི་བཞིན་པར། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། བཤད་
པའི་ནད་གཞི་དེ་དང་དེ་ཉིད་ཡིན་གྱི་ཚེ་འདིའི་ཉེས་པ་ལས་བྱུང་བ་དེ་ཉིད་ནི་རླུང་དང་། མཁྲིས་པ་དང་བད་ཀན་ལས་བྱུང་བ་ཡིན་ལ། དེ་ལ་ནི་ནད་གཞི་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་ཞིང་། ནད་གཞི་མ་འཆོལ་བས་ནད་གང་ཡིན་པ་ལྡང་བའི་ནད་གཞི་གང་དང་གང་ཡིན་པ། ནད་ནི་ནད་གཞི་གཞན་ལས་
མི་འབྱུང་གི། རང་གི་ཉེས་པ་ཁོ་ན་ལས་བྱུང་བ་དེ་ནི་ཚེ་འདིའི་ཉེས་པ་ལས་བྱུང་བ་ཡིན་པར་ཤེས་པར་བྱའོ། །ལས་སྐྱེས་རྒྱུ་ནི་མེད་པ་ཡིན། །ཞེས་བྱ་བ་ནི། གང་རྒྱུ་ཞེས་པ་ནད་གཞི་མེད་པར་ཉེས་པ་གང་ཡང་རུང་བ་ཞིག་ལས་བྱུང་བ་འདི་ནི་ལས་ལས་བྱུང་བའི་ནད་ཡིན་ནོ། །ཞེས་ངེས་པར་ཤེས་པར་
བྱ་སྟེ། ནད་གཞི་ཇི་ལྟ་བའི་ཉེས་པ་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ། །རྒྱུ་ཆུང་བ་ལ་དཀྱེལ་ཆེའི་ནད། །ཉེས་དང་ལས་ལས་བྱུང་བ་ཡིན། །ཞེས་བྱ་བ་ལ། ནད་གང་རྒྱུ་ཆུང་ངུ་ཞིག་ལས་དཀྱེལ་ཤིན་ཏུ་ཆེ་བར་སྣང་བ་དེ་ནི་ནད་གཞི་ཇི་ལྟ་བའི་ཉེས་པ་ལས་བྱུང་བ་ཡིན་དུ་ཟིན་ཀྱང་། ནད་དེ་ངེས་པར་ནད་

གཞིའི་ངེས་པ་དང་། ལས་ཀྱི་ཉེས་པ་གཉིས་ལས་བྱུང་བ་ཡིན་པར་ངེས་པར་ཤེས་པར་བྱའོ། །དེ་ནི་ནད་རྣམ་པ་གསུམ་པོ་འདི་དག་གི་གསོ་བ་སྨྲས་པ་ནི། དང་པོ་མི་མཐུན་བཟའ་བ་ཡིན། །ལས་སྐྱེས་ལས་ནི་ཟད་པ་སྟེ། །ཞེས་བྱ་བ་ཡིན་ཏེ། དང་པོ་བཤད་པས་ན་
དང་པོ་སྟེ། གང་ནད་གཞིའི་ཉེས་པ་འབའ་ཞིག་ལས་བྱུང་བ་ལ། ཇི་སྐད་དུ་བཤད་པའི་རླུང་ལ་སོགས་པའི་མི་མཐུན་པའི་གཉེན་པོར་གྱུར་པ། ཟོས་པ་ལས་ཟད་ཅིང་དེངས་པར་འགྱུར་རོ། །ཞེས་ཚིག་སྦྱར་བར་བྱ