Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 200
Văn bản gốc(Tây Tạng)
Trang 4 / 19 (50.000 ký tự/trang)
་ཡིན་པ་དེ་ནི་དཔྱིད་ཀྱི་ཚེ་རྣམ་པར་བསལ་ཞིང་བསལ་བར་བྱའོ། །དེ་བཞིན་དུ་སོ་གའི་ཚེ་བསགས་པ་ལས་བྱུང་བའི་ཉེས་པའི་ཚོགས་ནི་དབྱར་གྱི་དུས་ན་རྣམ་པར་སྦྱང་བར་བྱའོ། །དེ་བཞིན་དུ་དབྱར་བསགས་ པའི་ཉེས་པ་རྣམས་ནི་སྤྲིན་བྲལ་དུས་ཏེ། སྟོན་གྱི་དུས་སུ་མྱུར་ཞིང་རིངས་པར་གསོ་དཔྱད་ཀྱི་བསྟན་བཅོས་ལས་བྱུང་བའི་ཆོ་ག་བཞིན་དུ་ལེགས་པར་སྦྱངས་ཤིང་རྣམ་པར་བསལ་ན། དུས་ལས་བྱུང་བའི་ནད་སྐྱེས་བུ་དེ་ལ་ནམ་ཡང་འབྱུང་ཞིང་སྐྱེ་བར་མི་འགྱུར་རོ། །དཔྱིད་ཀྱི་ཚེ་རྣམ་བསལ་ ཞེས་སྨོས་པ་འདིར་ནི་དཔྱིད་ཟླ་འབྲིང་པོ་མགོ་ཟུག་པ་ཁོ་ནའི་དུས་སུ་སྦྱང་བར་བྱ་བ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། དེ་ལྟར་མ་བྱས་ན་བཟློག་དཀའ་བའི་ཉེས་པ་ཡོད་དེ། དུས་གཉིས་པོ་འདི་ལ་བསགས་པའི་ཉེས་པའི་ཚོགས་སྦྱང་བར་བྱ་བའི་དུས་ལ་བབ་པ་དག་ནི་དུས་གཞན་དག་ལ་བསྡད་ པ་ན་བསལ་བར་དཀའ་བ་ཡིན་པའི་ཕྱིར་རོ། །སོ་ག་ལས་བྱུང་དབྱར་དུས་ན། །ཞེས་བྱ་བའི་སྐབས་འདིར་ཡང་དབྱར་གྱི་དུས་རྩོམ་པ་ཉིད་ན་ཡིན་པར་བྱ་ཞིང་། ཇི་སྲིད་གྲང་བ་དང་། རླུང་དང་། བ་མོ་དང་། ཆར་གྱི་རྒྱུན་དང་། འདྲེས་པའི་དུས་སུ་མ་ཕྱིན་པར་བྱ་བ་ཡིན་ནོ། །དབྱར་བསགས་ སྤྲིན་བྲལ་དུས་ཞེས་བྱ་བ་འདིས། དུས་གང་གི་ཚེ་སྤྲིན་དང་ཤིན་ཏུ་བྲལ་ཞིང་། ནམ་མཁའ་དང་བར་གྱུར་པ་སྟེ། སྟོན་ཟླ་གཉིས་ཀྱི་ཕྱི་མའི་ཆ། སྟོན་ཟླ་ཐ་ཆུངས་ཡིན་པར་ཤེས་པར་བྱའི་མགོ་རྩོམ་པ་ལ་ནི་མི་བཟུང་ངོ་། །དེ་སྐད་དུ་གཞུང་རྩོམ་པར་བྱེད་པས་ཀྱང་། དབྱར་དང་སྟོན་ཟླ་ ཆུངས་དཔྱིད་འབྲིང་། །ཟླ་བ་རིམ་བཞིན་ཐུན་མོང་ཡིན། །སོ་ག་དབྱར་དགུན་ལ་བསགས་པའི། །རླུང་ལ་སོགས་པ་མྱུར་དུ་བསལ། །ཞེས་བཤད་པ་ཡིན་ནོ། །ཇི་ལྟར་ན་མི་རྣམས་རྟག་ཏུ་ནད་མེད་པར་འགྱུར་བ་དེ་བསྟན་པའི་ཕྱིར་སྨྲས་པ་ནི། རྟག་ཏུ་ཕན་ པའི་ཟས་དང་སྤྱོད་ལམ་བསྟེན། །བརྟགས་ཏེ་བྱེད་ཅིང་ཡུལ་རྣམས་ལ་མི་ཆགས། །གཏོང་ལྡན་སེམས་སྙོམས་བདེན་བརྩོན་བཟོད་དང་ལྡན། །ཉམས་ལྡན་སྟེན་པར་བྱེད་ན་ནད་མེད་འགྱུར། །ཞེས་བྱ་བ་ནི་ཡོན་ཏན་འདི་ལྟ་བུ་དང་ལྡན་པའི་སྐྱེས་བུ་ནི་ནད་མེད་ཅིང་ཐ་མལ་པར་ བདེ་བར་གནས་པར་འགྱུར་རོ། །དེ་ཡང་གང་ཞིག་ཅེ་ན། གང་རྟག་ཏུ་ཞེས་པ་དུས་ཐམས་ཅད་དུ་ཕན་ཞིང་འཕྲོད་པའི་ཟས་དང་། སྤྱོད་ལམ་བསྟེན་ཞིང་གོམས་པར་བྱེད་པ་སྟེ། ཕན་པའི་ཟས་ནི་འོག་ནས་བཤད་པ་དང་། དུས་སུ་སྤྱད་པའི་ལེའུ་ལས་བཤད་པར་བྱའོ། །སྤྱོད་ ལམ་ནི་ལུས་དང་ངག་དང་ཡིད་ཀྱི་ཀུན་ཏུ་སྤྱོད་པ་སྟེ། དེ་ཡང་ཉིན་རེ་བརྟག་པར་སྤྱད་པའི་ལེའུ་ལས་བཤད་པ་ཡིན་ཏེ། དེ་དག་ལ་བརྟེན་པ་དང་། དེ་བཞིན་དུ་བརྟགས་ཏེ་བྱེད་ཅིང་ཞེས་བྱ་བ་སྟེ། གང་དང་གང་བྱེད་པ་དེ་དང་དེ་སྤང་བ་དང་བླང་བར་བྱ་བ་ལེགས་པར་བརྟགས་ཤིང་བྱེད་དེ། འདི་བྱས་ན་ནི་རྫོགས་པར་འགྱུར་ལ། འདི་བྱས་ན་ནི་མི་རྫོགས་ཤིང་མཐར་ཕྱིན་པར་མི་འགྱུར་རོ་ཞེས་པ་དེ་ལྟར་ཤེས་པར་བྱས་ནས། དགེ་བ་བྱེད་ཅིང་མི་དགེ་བ་སྤོང་བར་བྱེད་པ་དང་། དེ་བཞིན་དུ་ཡུལ་རྣམས་ལ་མི་ཆགས་ཞེས་པ་སྟེ། གཟུགས་དང་། སྒྲ་དང་། དྲི་ལ་སོགས་པ་ལ་ སེམས་ཆགས་པ་མེད་པ་དང་། གཏོང་ལྡན་ཞེས་པ་གཏོང་ཞིང་སྦྱིན་པར་བྱེད་པའི་ངང་ཚུལ་ཅན་དང་། སེམས་སྙོམས་ཞེས་པ་སེམས་ཅན་ཐམས་ཅད་ཉེ་དུར་གྱུར་ཅིང་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་མེད་པ་དང་། བདེན་བརྩོན་ཞེས་པ་བདེན་པ་གཙོ་བོར་ལྷུར་བྱེད་ཅིང་། བདེན་པར་ དམ་འཆའ་ལ། སླུ་བ་མེད་པའི་ཚིག་ཕྱིན་ཅི་མ་ལོག་པར་སྨྲ་བ་དང་། བཟོད་པ་དང་ལྡན་ཞེས་པ་སྟེ། བཟོད་ཅིང་དེས་པའི་ངང་ཚུལ་ཅན་དང་། དེ་བཞིན་དུ་ཉམས་ལྡན་སྟེན་པར་བྱེད་པ་སྟེ། མཁས་པའི་ངང་ཚུལ་ཅན་ཡིན་པས་ན་མཁས་པ་སྟེ། འཇིག་རྟེན་གཉི་ག་ལ་སླུ་བ་མེད་ཅིང་ ཆགས་པ་དང་། འཚེ་བ་མེད་པའི་དངོས་པོ་མཐོང་བ་ལ་མཁས་པ་ཞེས་བྱའོ། །དེ་ཡང་དྲང་སྲོང་ཙ་ར་ཀས། གང་ཞིག་དུས་གསུམ་དྲི་མེད་པར། །ཤེས་ཤིང་རྟག་ཏུ་མ་ཉམས་པ། །དེ་མཁས་ཕུལ་བྱུང་བློ་རྒྱས་ཡིན། །དེའི་ཚིག་ཐེ་ཚོམ་མེད་ཅིང་བསྟེན། །སྐྱོན་བྲལ་རྨོངས་པ་མེད་པ་སྟེ། ། མི་བདེན་པར་ནི་ཇི་ལྟར་སྨྲ། །ཞེས་བྱ་བ་ཡིན་ཏེ། མཁས་ཤིང་ལུང་དང་ལྡན་པ་དེ་ལ་བརྟེན་ན་ནད་མེད་པར་འགྱུར་རོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་བ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་བཞི་པའི་རྣམ་ པར་འགྲེལ་པའོ།། །།དེ་ནས་ཆུ་སྣ་ཚོགས་པ་ལ་སོགས་པའི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། སྔར་གོང་དུ་རྟག་ཏུ་ཕན་པའི་ཟས་དང་སྤྱོད་ལམ་བསྟེན་ན། ནད་མེད་པར་འགྱུར་རོ། །ཞེས་བསྟན་ལ། ཕན་པའི་ཟས་དང་སྤྱོད་ལམ་དེ་གཉིས་ ཀྱང་མིང་ཙམ་ཞིག་བསྟན་པ་ཡིན་ནོ། །དེ་ལ་སྤྱོད་ལམ་ནི་རྩོལ་བ་ལ་སོགས་པའི་རང་གི་ངོ་བོ་དང་། ལས་ཀྱི་བྱེ་བྲག་བཤད་པས། ཕལ་ཆེར་བཤད་ཟིན་པ་དང་། འོག་ནས་ཀྱང་སྟོན་ཏོ། །ཟས་ཀྱིས་ཀྱང་རང་གི་ངོ་བོ་དང་། ལས་དང་ཡོན་ཏན་དག་འདིར་ཅུང་ཟད་ཀྱང་མ་སྨོས་སོ། ། དེ་བས་ན་ད་ནི་དེའི་རང་གི་ངོ་བོ་དང་ལས་དང་ཡོན་ཏན་བཤད་པར་བྱ་བའི་ཕྱིར་དང་། ལེའུ་འདི་གཉིས་བརྩམས་པ་ཡིན་ལ། དེ་གཉིས་ལས་ཀྱང་ཆུ་སྣ་ཚོགས་པ་གཤེར་བའི་རྫས་ཀྱི་བྱེ་བྲག་ཤེས་པ་ནི་གཙོ་བོ་ཡིན་པས་དང་པོར་བསྟན་པ་ཡིན་ནོ། །ཆུ་སྣ་ཚོགས་པ་ནི་ཆུ་རྣམས་དང་། འོ་མ་ དང་བུ་རམ་ཤིང་གི་ཁུ་བ་དང་། ཏིལ་མར་དང་། ཆང་ལ་སོགས་པའོ། །དེ་རྣམས་ཀྱི་བྱེ་བྲག་ཤེས་པར་བྱ་བ་ནི་ཕན་པ་དང་གནོད་པ་ཉིད་ཀྱིས་རོ་དང་ནུས་པ་དང་། འཇུ་བ་དང་ཡོན་ཏན་ལ་སོགས་པ་ཤེས་ཤིང་རྟོགས་པའོ། །དེ་ལ་ཕན་ཞིང་དགོས་པ་ནི་ལེའུ་སྟེ། དེ་བཤད་པར་ བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དང་པོར་ནི་ཆུའི་ཡོན་ཏན་གྱི་ངེས་པ་སྟོན་པ་ཡིན་ཏེ། དེ་ནི་ཐམས་ཅད་ལ་དགོས་པ་ཡིན་པའི་ཕྱིར་རོ། །དེ་ཡང་སློབ་དཔོན་གྱིས། ཆུ་ནི་སྲོག་ཆགས་རྣམས་ཀྱི་ཚོགས། ལུས་ཀྱང་དེ་ཡི་རང་བཞིན་ཡིན། །དེ་བས་ཤིན་ཏུ་དགག་པ་ཡིས། ། ཆུ་ནི་གང་དུའང་བཟློག་པ་མེད། །ཅེས་བཤད་པ་ཡིན་ནོ། །མཁའ་ལས་འབབ་པའི་གང་གཱའི་ཆུ། །འཚོ་བྱེད་ངོམས་བྱེད་ཡི་གར་འོང་། །ཚིམ་བྱེད་སེམས་ནི་གསལ་བྱེད་ལ། །སླ་ཞིང་རོ་མི་གསལ་ལ་ཞིམ། །བསིལ་ཞིང་ཡང་བ་བདུད་རྩིར་མཚུངས། ། ཉི་ཟླ་རླུང་གིས་རེག་གྱུར་པ། །དེ་ཡི་ཡུལ་དུས་ལ་ལྟོས་ནས། །ཕལ་ཆེར་ཕན་དང་གནོད་པ་ཡིན། །ཞེས་བྱ་བ་ནི། ནམ་མཁའ་ལས་འབབ་པའི་གང་གཱའི་ཆུ་ནི། ཡོན་ཏན་འདི་དག་དང་ལྡན་པ་སྟེ། འཚོ་བྱེད་ཅེས་བྱ་བ་མདངས་འཕེལ་བར་བྱེད་པའོ། །ངོམས་བྱེད་ནི་ངལ་ བ་སེལ་བར་བྱེད་པའོ། །དགའ་བར་བྱེད་པ་ནི་སྙིང་དགའ་བར་བྱེད་པའོ། །ཡང་ན་སྙིང་ལ་ཕན་པར་བྱེད་པའོ། །ཚིམ་བྱེད་ནི་བདེ་བ་སྐྱེད་པའམ་ནད་སེལ་བའོ། །བློ་སད་པར་བྱེད་པ་ནི་ཤེས་རབ་ཀྱི་ཁ་འབྱེད་པར་བྱེད་པ་སྟེ། གང་ལ་ཤེས་རབ་ཅི་ཙམ་ཞིག་དེ་ལ་གསལ་བར་ སྣང་བ་ཉིད་དུ་དེ་འཐུངས་པ་ལས་གྱུར་པའོ། །སླ་བ་ནི་སྐ་བ་མ་ཡིན་པའོ། །རོ་མི་གསལ་བ་ཞེས་བྱ་བ་ནི། མངར་བ་ལ་སོགས་པའི་རོ་དེ་ལ་གསལ་བ་མེད་པས་ན་རོ་མི་གསལ་བའོ། །ཞིམ་པ་ནི་རོ་བདའ་བ་སྟེ། སྲོག་ཆགས་རྣམས་ཀྱིས་ཤིན་ཏུ་སྲེད་པར་བྱས་ནས། བཏུང་བའི་དོན་ དུ་འཐུང་བ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གང་གི་ཕྱིར་དྲང་སྲོང་དག་གིས། བསིལ་ཞིང་གཙང་ལ་དགེ་ཞིང་ཞིམ། །ཞེས་བཤད་པ་ཡིན་ནོ། །བསིལ་བ་ཞེས་བྱ་བ་ནི་རེག་པ་དང་ནུས་པ་གཉི་ག་སྦྱར་རོ། །ཡང་བ་ཞེས་བྱ་བ་ནི་ཡང་བའི་ཡོན་ཏན་དང་ལྡན་པའོ། །དེ་བཞིན་དུ་བདུད་རྩིར་ མཚུངས་ཞེས་བྱ་བ་ནི་བདུད་རྩིའི་ཡོན་ཏན་དང་ལྡན་པ་སྟེ། ཡོན་ཏན་དམ་པའི་ཚོགས་དང་ལྡན་པའོ། །དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་དག་ཀྱང་ནམ་མཁའ་སྟེ། བར་སྣང་ལས་བབ་ཅིང་ལྷུང་བ་ནི། ཉི་མ་དང་། ཟླ་བ་དང་། རླུང་གིས་རེག་ཅིང་ཕྲད་པར་གྱུར་པའི་ཆུ་དེ་ཡང་ཡུལ་ དང་དུས་ལ་ལྟོས་ཤིང་ཡུལ་དང་དུས་ཀྱི་རྗེས་སུ་ཞུགས་པས། ཡུལ་དང་དུས་ཀྱི་ཡོན་ཏན་དང་འདྲེས་ཤིང་བདག་གིར་བྱེད་ལ། དེས་ན་ཕལ་ཆེར་སླར་ཞིང་ཕན་པ་དང་གནོད་པ་སྟེ། ལུས་ལ་ཕན་པར་འགྱུར་བ་དང་། གནོད་པར་འགྱུར་བར་བྱེད་པ་ཡིན་ཏེ། དེ་ཡང་རླན་ཆེ་བ་ལ་སོགས་པའི་ ཡུལ་ཕྱོགས་གཞན་འགའ་ཞིག་ཏུ་འབབ་པ་ན། དེ་ཡང་ནག་པོའམ། དཀར་པོ་ལ་སོགས་པ་ལས་གཞན་དུ་འགྱུར་བ་དང་། དུས་ཏེ་དུས་དྲུག་ལ་ལྟོས་ན་ཕན་པ་དང་གནོད་པ་ཡིན་ནོ། །གང་ཞིག་ཆར་འབབ་དྲི་མ་མེད། །འབྲས་ཆན་དངུལ་ཕོར་ནང་གནས་པ། །མ་རུལ་མདོག་ ཀྱང་མ་གྱུར་པ། །གང་གཱའི་ཆུ་སྟེ་བཏུང་བར་བྱ། །ཞེས་བྱ་བ་ནི། ཆུ་གང་ལེགས་པར་ཆར་དུ་འབབ་པས་བརླན་ཞིང་སྤངས་པའི་སཱ་ལུའི་ཆན་ཏེ། དངུལ་ཕོར་གྱི་ནང་ན་གནས་པ་དེ་ཡང་རུལ་བར་མ་གྱུར་ཅིང་། མདོག་ཀྱང་གཞན་དུ་མ་གྱུར་ན། ཆུ་དེ་ནི་གང་གཱའི་ཆུ་ཞེས་བྱ་སྟེ། དེ་ནི་འཐུངས་ན་གནོད་པ་མེད་པ་ཡིན་པས་ན་བཏུང་བར་བྱ་བ་ཡིན་ནོ། །གཞན་དུ་མཚོ་ཆུ་སྟོན་ཟླ་ནི། །འབྲིང་པོ་མིན་པར་བཏུང་མི་བྱ། །ཞེས་བྱ་བ་ནི། ཆུ་དེ་སྤངས་པའི་འབྲས་སཱ་ལུའི་ཆན་རུལ་བའམ། མདོག་གཞན་དུ་གྱུར་ན། དེ་ནི་རྒྱ་མཚོའི་ཆུ་དང་འདྲ་བ་ཡིན་པས་བཏུང་བར་ མི་བྱ་སྟེ། བ་ཚ་ལ་སོགས་པའི་སྐྱོན་དང་འདྲེས་པ་ཡིན་པའི་ཕྱིར་རོ། །ཅི་དུས་ཐམས་ཅད་དུ་བཏུང་བར་མི་བྱའམ། འོན་ཏེ་ལན་འགའ་ཞིག་བཏུང་བར་མི་བྱ་ཞེ་ན། སྟོན་ཟླ་འབྲིང་པོ་མིན་པར་བཏུང་མི་བྱ། །ཞེས་བྱ་བ་སྨྲས་པ་ཡིན་ཏེ། སྟོན་ཟླ་འབྲིང་པོ་མ་གཏོགས་པར་དུས་ གཞན་དག་ཏུ་དེ་བཏུང་བར་མི་བྱའོ་ཞེས་སྟོན་པ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དྲང་སྲོང་རྀ་ཥི་འཆར་བའི་དུས་ཡིན་པས། དེས་མཚོ་དང་རྫིང་བུ་ལ་སོགས་པར་གཏོགས་པའི་ཆུ་ཐམས་ཅད་གནོད་པ་དག་ཀྱང་ཕན་པར་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཆར་པའི་ཆུ་ནི་སྣོད་བཟང་བཞག ། འགྱུར་བ་མེད་པ་རྟག་ཏུ་བཏུང་། །ཞེས་བྱ་བ་ནི། ཆར་པའི་ཆུ་ནི་དབང་པོས་བར་སྣང་ལ་ཆར་དུ་འབབ་པའི་ཆུའོ། །སྣོད་བཟང་བཞག་ཅེས་པ་ནི་སྣོད་བཟང་པོ་བཟེད་དེ་བསགས་པའོ། །འགྱུར་བ་མེད་ཅེས་བྱ་བ་ནི་ཁ་དོག་དང་རོ་མ་ཉམས་ཤིང་འགྱུར་བ་མེད་པ་སྟེ། དེ་ནི་རྟག་ཏུ་ ཞེས་པ་དུས་ཐམས་ཅད་དུ་བཏུང་ཞིང་སྤྱད་པར་བྱའོ། །དེ་མེད་ན་ནི་ཐང་ལ་གནས། །བར་སྣང་བ་དང་རྗེས་མཐུན་ཡིན། །ས་ཕྱོགས་དཀར་ནག་གཙང་ཞིང་ཡངས། །ཉི་འོད་རླུང་གིས་ཕོག་པ་བསྔགས། །ཞེས་བྱ་བ་ནི། དེ་མེད་ན་ཞེས་པ་བར་སྣང་གི་ཆུ་བསགས་པ་དེ་མ་རྙེད་ན། ཐང་ལ་གནས་ཞེས་པ། ས་ལ་ལྟེང་ཀར་གནས་པའི་ཆུ་ནི་བར་སྣང་བ་དང་རྗེས་མཐུན་ཡིན། ཞེས་བྱ་བ། བར་སྣང་གི་ཆུ་དང་འདྲ་བར་འཚོ་བར་བྱེད་པ་ལ་སོགས་པའི་ཡོན་ཏན་ཆ་མཐུན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ས་ཕྱོགས་ཁ་དོག་དཀར་བ་དང་། གནག་པ་དག་གི་ཆ་འདྲེས་པ་སྟེ། ཕལ་ཆེར་དཀར་གནག་ཏུ་གནག་པ་ན་ཡོད་པ་དང་གཙང་བ་སྟེ། དག་པ་དང་ཡངས་པ་སྟེ་ས་ཕྱོགས་རྒྱ་ཆེ་བ་ན་ཡོད་པ་དེ་ཉི་མའི་འོད་དང་རླུང་གི་སེར་བུས་ཀུན་ནས་ཕོག་ཅིང་བསྟེན་པའི་ཆུ་གང་ཡིན་པ་དེ་བསྔགས་པ་ཡིན་པས་བཏུང་བར་བྱའོ། །ལྟེང་ ཀ་འདམ་རྫབ་ཉ་ལྕིབས་དང་། །རྩྭ་དང་ལོ་མ་རྙོག་མ་ཅན། །ཉི་ཟླ་རླུང་གིས་མ་ཕོག་པ། །མངོན་དུ་འབབ་དང་ཆུ་གར་ལྕི། །སྦུ་བ་སྲོག་ཆགས་ཅན་དང་དྲོ། །གྲང་ཆེས་སོ་ཡིས་མི་བཟོད་པ། །ཆར་གང་དུས་སུ་མ་བབ་དང་། །དུས་ཀྱིའང་དང་པོར་འབབ་པ་གང་། །སྲོག་ཆགས་ གདུག་དང་བ་སོགས་འདྲེས། །བཤང་གཅི་དུག་བསྲེས་གནོད་མི་བཏུང་། །ཞེས་བྱ་བ་ནི། ལྟེང་ཀ་དང་འདམ་རྫབ་ལ་སོགས་པས་རྙོག་པ་ཅན་དུ་གྱུར་པའི་ཆུ་དེ་བཏུང་ཞིང་ལོངས་སྤྱད་པར་མི་བྱའོ། །དེ་ལ་འདམ་རྫབ་ནི་འདམ་གྱི་རྣམ་པ་སྟེ། དེས་རྙོག་པས་ནག་ནོག་ཅན་དུ་བྱས་ པའོ། །ཉ་ལྕིབས་ནི་ཆུའི་ནང་ཉིད་ནས་སྐྱེས་པའོ། །རྩྭ་དང་ལོ་མ་ནི་གྲགས་པར་ཟད་དོ། །དེས་རྙོག་པ་ཅན་དུ་གྱུར་པ་ནི་གཡོགས་པའོ། །དེ་བཞིན་དུ་ཉི་ཟླ་རླུང་གིས་མ་ཕོག་པ་ཞེས་བྱ་བ་སྟེ། ཉི་མ་དང་ཟླ་བའི་འོད་དང་རླུང་གི་ཟེར་གྱིས་མ་ཕོག་པའོ། །དེ་བཞིན་དུ་མངོན་དུ་འབབ་ པ་ཞེས་པ་སྟེ། མདུན་དུ་འབབ་པ་དང་འདྲེས་ཤིང་ཆུ་གཞན་གྱིས་གང་བར་འགྱུར་བའོ། །ཆུ་གར་ནི་ཡུན་རིང་པོར་གནས་པའི་ཕྱིར་རོ། །སླ་བ་མ་ཡིན་པ་ལས་སྐ་བ་ཉིད་དུ་གྱུར་པའོ། །དེ་བཞིན་དུ་ལྕི་བ་སྟེ། ཡང་བ་ལས་ཀྱང་ལྕི་བར་གྱུར་པའོ། །སྦུ་བ་ཅན་ནི་སྦུ་བ་ཡོད་པའོ། ། སྲོག་ཆགས་ཅན་ནི་འབུ་སྲིན་དང་ལྡན་པའོ། །དྲོ་བ་ནི་ཉི་མ་ལ་སོགས་པའི་ཚ་བས་གདུངས་པའོ། །དེ་བཞིན་དུ་ཤིན་ཏུ་གྲང་ཆེས་པས། སོ་དང་རེག་པར་མི་བཟོད་པ་དེ་ཡང་བཏུང་བར་མི་བྱའོ། །དེ་བཞིན་དུ་ཆར་པ་གང་དུས་སུ་མ་བབ་པ་ཡང་བཏུང་བར་མི་བྱ་སྟེ། ཆར་ཆུ་ཡིན་པའི་ ཕྱིར་བཏུང་བར་བྱ་བ་ཉིད་ཡིན་ཡང་། ཆར་འབབ་པའི་དུས་སུ་མ་བབ་པ་ཉིད་ཀྱིས་ན་གནོད་པ་ཡིན་པའི་ཕྱིར་བཀག་པ་ཡིན་ནོ། །དུས་མ་ཡིན་པར་འབབ་པ་བཀག་པ་ལས་ན་དུས་སུ་འབབ་པ་ལས་ན་བར་བྱའོ་ཞེས་གནང་བར་དོན་གྱིས་གོ་བར་བྱའོ། །དེ་བས་ན་བར་སྣང་ལས་འབབ་པའི་ ཆུ་ཁྱད་པར་ཅན་དེ་ནི་བཏུང་བར་བྱ་བ་ཉིད་ཡིན་པ་ལས། དེ་དུས་སུ་བཏུང་བར་བྱ་བ་ཡིན་ལ། དེ་ཡང་དབྱར་གྱི་དུས་ཡིན་ཏེ། གང་གི་ཚེ་དབྱར་ནམ་མཁའ་ལས་འབབ་པ་བཏུང་བར་བྱ་བ་ཉིད་ཡིན་གྱི། དུས་གཞན་དག་ཏུ་འབབ་པ་ནི་དུས་མ་ཡིན་པར་བཏུང་བར་མི་བྱའོ། །ཅི་དུས་ སུ་བབ་པ་ཐམས་ཅད་དུ་བཏུང་བར་བྱ་བའམ། དུས་སུ་བབ་པ་ཡིན་དུ་ཟིན་ཀྱང་བཏུང་བར་མི་བྱ་བ་ཅུང་ཞིག་ཡོད་དམ་ཞེ་ན། དེའི་ཕྱིར་དུས་ཀྱི་དང་པོར་འབབ་པ་གང་ཞེས་བྱ་བར་སྨོས་པ་ཡིན་ཏེ། དུས་དང་པོར་འབབ་པའི་ཆུ་གང་ཡིན་པ་དེ་ནི་བཏུང་བར་མི་བྱའོ། །དེས་ན་འདི་སྐད་སྟོན་ པ་ཡིན་ཏེ། དབྱར་གྱི་དུས་སུ་འབབ་པ་ནི་བཏུང་བར་བྱ་ལ། དེ་ལས་ཀྱང་དང་པོར་འབབ་པ་ནི་དུས་སུ་འབབ་པ་ཡིན་ཡང་བཏུང་བར་མི་བྱའོ། །དེ་བཞིན་དུ་སྲོག་ཆགས་གདུག་པ་དང་། ལུ་ཏ་ལ་སོགས་པ་རྣམས་ཀྱི། རྒྱ་དང་། བཤང་བ་དང་། གཅི་བ་དང་། དུག་དང་འདྲེས་ པས་རྨས་པར་བྱས་པའི་ཆུ་གང་ཡིན་པ་དེ་བཏུང་བར་མི་བྱའོ། །ནུབ་ཕྱོགས་ནས་ནི་རྒྱ་མཚོར་འབབ། །གང་ཡང་མྱུར་འབབ་རྡུལ་མེད་ཆུ། །དེ་དག་མདོར་ན་དགེ་བ་ཡིན། །དེ་ལས་བཟློག་པ་བཟང་མ་ཡིན། །ཞེས་བྱ་བ་ནི། ཆུ་བོ་གང་ནུབ་ཕྱོགས་ནས་མི་འབབ་པ་དང་། དེ་ བཞིན་དུ་མྱུར་བར་མི་འབབ་པ་དང་། རྡུལ་མེད་པ་མ་ཡིན་པ་སྟེ་གོང་མ་ལས་བཟློག་པ་དེ་དག་ནི་བཟང་པོ་མ་ཡིན་པ་སྟེ། གནོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྡོ་ལ་ཤུགས་དྲག་རྡེབས་པ་ཡིས། །རྒྱུན་ཅན་གཡེངས་པའི་ཆུ་དག་དང་། །གངས་ཅན་མ་ལ་ཡ་ལས་ བྱུང་། །དགེའོ། །ཞེས་བྱ་བ་ལ། རྡོའི་ཚོགས་ལ་ཤུགས་དྲག་པོས་རྡེབས་པར་བྱེད་ལ། དེས་རྒྱུན་ཆད་ཅིང་རྣམ་པར་འཐོར་བས་གཡེངས་ཤིང་སྤྲུགས་པའི་ཆུ་གང་དག་ཡིན་པ་དེ་དག་གངས་ཅན་ཏེ་རི་ཁ་བ་ཅན་དང་། མ་ལ་ཡའི་རི་ལས་བྱུང་བ་སྟེ། དེ་གཉིས་ ལས་འཐོན་ཅིང་འབབ་པའི་ཆུ་བོ་ནི་དགེའོ་ཞེས་པ་སྟེ་ཕན་ཞིང་བསོད་པ་ཡིན་པའོ། །དེ་ནི་བརྟན་གཡུང་ན། སྲིན་བུ་རྐང་བམ་སྙིང་དང་ནི། །ལྐོག་མ་གླད་པའི་ནད་སྐྱེད་འགྱུར། །ཞེས་བྱ་བ་ནི། ཁ་བ་ཅན་དང་མ་ལ་ཡའི་རི་ལས་བྱུང་བ་དེ་ཉིད་ བརྟན་ཞིང་གཡུང་བ་སྟེ། དལ་གྱིས་འབབ་པ་ཡིན་ན། སྲིན་བུ་ལ་སོགས་པ་སྐྱེད་པར་འགྱུར་རོ། །རྐང་བམ་ནི་ཚིལ་དང་ཤ་ལ་བརྟེན་ཏེ། རྐང་པ་དག་ཏུ་རྐང་པ་དག་འབྱུང་བ་སྟེ། མཚན་ཉིད་འོག་ནས་བཤད་དོ། །ཤར་དང་ནུབ་ཀྱི་མཐའ་ལས་བྱུང་། །གཞང་འབྲུམ་ སྐྱེད་དོ། །ཞེས་བྱ་བ་ནི། ཤར་གྱི་ལྷོ་བལ་གྱི་ཡུལ་ནས་འབབ་པ་དང་། ནུབ་ཕྱོགས་ཏེ། སྟག་གཟིག་གི་ཡུལ་ནས་འབབ་པ་དང་། མཐའ་ལས་བྱུང་བ་ལྷོ་ནུབ་ཀྱི་མཚམས་ཀྱི་ཡུལ་མ་ལ་ཡ་ལས་བྱུང་ཞིང་འབབ་པའི་ཆུ་བོ་ནི། གཞང་འབྲུམ་ཞེས་བྱ་བའི་ནད་སྐྱེད་པར་བྱེད་དོ། ། དབང་ཆེན་འབབ། དམུ་རྫིང་རྐང་བམ་ནད་སྐྱེད་འགྱུར། །ཞེས་བྱ་བ་ནི། དབང་ཆེན་ཞེས་བྱ་བའི་རི་ལས་འབབ་ཅིང་རྒྱུ་བའི་ཆུ་བོ་ནི་དམུ་རྫིང་གི་ནད་དང་། རྐང་བམ་གྱི་ནད་སྐྱེད་པར་འགྱུར་རོ། །སད་ཧྱ་བིན་དའི་རི་ལས་འབབ། །མཛེ་དང་སྐྱ་རྦབ་ཀླད་ནད་འགྱུར། །ཞེས་བྱ་ བ་ནི། རི་བོ་སད་ཧྱ་དང་། རི་བོ་བིན་ད་ཞེས་བྱ་བའི་རི་གཉིས་ལས་འབབ་ཅིང་། དེ་ལས་འཐོན་པའི་ཆུ་བོ་ནི་མཛེ་དང་། སྐྱ་རྦབ་ཀྱི་ནད་དང་། ཀླད་པའི་ནད་སྐྱེད་པར་འགྱུར་རོ། །པ་རི་ཡད་ཏྲའི་ནད་ཀུན་སེལ། །ཞེས་བྱ་བ་ནི་རི་བོ་པ་རི་ཡད་ཏྲ་ཞེས་བྱ་བ་ཞིག་ཡོད་དེ། དེ་ལས་ བྱུང་བའི་ཆུ་བོ་ནི་ཉེས་པ་གསུམ་ཆར་སེལ་བ་ཡིན་ནོ། །ཁྲོན་པ་རྫིང་ལ་སོགས་པའི་ཆུ། །སྐམ་ས་རླན་ཅན་བྲག་ལས་ཤེས། །ཞེས་བྱ་བ་ནི། ཁྲོན་པ་དང་། རྫིང་བུ་ལ་སོགས་པའི་ཆུ་ཡང་བ་དང་། ལྕི་བ་དང་། ཡོན་ཏན་དང་། སྐྱོན་གཉིས་ཀ་ཡང་སྐམ་ས་དང་། གཤེར་ས་ རླན་ཅན་དང་བྲག་ལས་ཤེས་པར་བྱ་སྟེ། སྐམ་ས་ལ་སོགས་པའི་ཡོན་ཏན་གྱིས། དེའི་ཁྲོན་པ་ལ་སོགས་པའི་ཆུའི་བྱེ་བྲག་ཤེས་པར་བྱའོ། །དེ་ཡང་། ཁྲོན་པ་རྫིང་བུ་མཚེའུ་དང་། །མཚོར་བཅས་ཆུ་མིག་ལ་སོགས་ཆུ། །སྐམ་ས་རླན་ཅན་བྲག་ལས་ནི། །ཡོན་ཏན་སྐྱོན་དག་ ཤེས་པར་བྱ། །ཞེས་དྲང་སྲོང་ཙ་ར་ཀས་བཤད་པ་དང་། བསྡུས་པ་ལས་ཀྱང་། སྐམ་ས་གཤེར་ས་རི་བོ་དང་། །ཉེ་ལས་ཡང་དང་ལྕི་བ་འབྱུང་། །ཞེས་བཤད་པ་ཡིན་ནོ། །དེས་ན་འདི་སྐད་སྟོན་པ་ཡིན་ཏེ། སྐམ་སའི་ས་ཕྱོགས་ན་གནས་པའི་ཁྲོན་པ་ལ་སོགས་པའི་ཆུ་ནི་ཡང་བ་ ཉིད་ཡིན་ལ་རླན་ཅན་གྱི་ཕྱོགས་ལ་གནས་པའི་ཁྲོན་པ་ལ་སོགས་པའི་ཆུ་ནི་ལྕི་བ་ཉིད་ཡིན་ནོ། །རི་བོའི་ཕྱོགས་ན་གནས་པའི་ཁྲོན་པ་ལ་སོགས་པའི་ཆུ་ནི་ཉེས་པ་སྐྱེད་པ་ཡིན་ལ། བ་རི་ཡ་ཏྲའི་ཕྱོགས་ན་གནས་པའི་ནི་ཉེས་པ་འཇོམས་པ་ཡིན་ཏེ། ཐམས་ཅད་ལ་ཡང་འདི་བཞིན་ དུ་སྦྱར་བར་བྱའོ། །དྲོད་ཆུང་སྐྲན་ཡོད་སྐྱ་རྦབ་དང་། །དམུ་རྫིང་ཚད་འཁྲུ་གཞང་འབྲུམ་མམ། །ཕོ་བའི་དྲོད་ཆུང་འོར་ནད་ཅན། །མི་བཏུང་བརྣག་དཀའ་ཉུང་ཟད་བཏུང་། །ཞེས་བྱ་བ་ནི། དྲོད་ཆུང་བ་ལ་སོགས་པས་ཆུ་བཏུང་བར་མི་བྱའོ། །གལ་ཏེ་བརྣག་བར་དཀའ་ཞིང་ སྐོམ་པ་མི་བཟོད་པར་གྱུར་ན། རང་གི་རང་བཞིན་དང་། ཡུལ་དང་། དུས་དང་། སྤྱོད་ལམ་དང་། ལུས་ཀྱི་ཚོད་ལས་དཔགས་ཏེ། ཅུང་ཟད་ཅིག་བཏུང་བར་བྱའོ། །སྟོན་ཀ་སོ་ག་མ་གཏོགས་པར། །ནད་མེད་མིས་ཀྱང་ཅུང་ཟད་བཏུང་། །ཞེས་བྱ་བ་ནི། སྟོན་ཀ་དང་སོ་ གའི་དུས་མ་གཏོགས་པར་དུས་གཞན་དགུན་སྟོད་དང་། དགུན་སྨད་དང་། དཔྱིད་དང་། དབྱར་དག་གི་ཚེ་ནད་མེད་པའི་མིས་ཀྱང་ཅུང་ཟད་བཏུང་། ཞེས་བྱ་བ་ནི། ཉུང་ཤས་ཉུང་ཤས་དག་བཏུང་བར་བྱའོ། །ཟས་ཟོས་པར་མཐའ་ཐོག་མར་ནི། །ཆུ་འཐུངས་རན་དང་སྦོམ་སྐེམ་ འགྱུར། །ཞེས་བྱ་བ་ནི། ཟས་ཟོས་པའི་བར་དང་མཐའ་མ་དང་། །ཐོག་མར་ཆུ་འཐུངས་ན། ལུས་སྦོམ་ཕྲ་རན་པ་དང་། སྦོམ་པ་དང་། སྐེམ་པར་འགྱུར་རོ། །དེས་ནི་འདི་སྐད་སྟོན་པར་འགྱུར་ཏེ། མིས་ཟས་ཟོས་པའི་བར་དུ་སྐོམ་འཐུངས་ན་ལུས་ཟུངས་རན་པ་སྟེ། ཕྲ་སྦོམ་ འཚམ་པར་འགྱུར་ལ། ཟས་ཟོས་པའི་བར་མར་སྐོམ་འཐུངས་པས་ནི་སྦོམ་ཞིང་རགས་པར་འགྱུར་ལ། ཟས་ཟོས་པའི་ཐོག་མར་འཐུངས་པས་ནི་སྐེམས་པར་འགྱུར་རོ། །དེ་ཡང་སྐོམ་བར་དུ་འཐུངས་པས་ལུས་ཟུངས་མཉམ་པོར་སྐྱེད་ཅིང་རན་པ་ཉིད་དུ་བྱེད་དོ། །མཐའ་མར་འཐུངས་ པས་ནི་མ་ཞུ་བའི་གནས་སུ་བད་ཀན་འཕེལ་བར་བྱེད་པས་སྦོམ་པོ་བྱེད་དོ། །ཟས་ཀྱི་ཐོག་མར་འཐུངས་པས་ནི་ཟས་ཀྱི་ཤིང་མེད་པས། ཕོ་བའི་མེ་ཉམས་པར་བྱེད་དེ། མེའི་དྲོད་ཀྱིས་མི་མཐུན་པའི་ཕྱོགས་སུ་གྱུར་པས། མེའི་དྲོད་འབྲི་བར་བྱེད་ལ། དེས་ན་ཟས་ལེགས་པར་འཇུ་བར་མི་ནུས་ལ། ཟས་མི་འཇུ་བས་དེའི་ཚེ། དངས་མ་ལ་སོགས་པའི་ལུས་ཟུངས་ཇི་ལྟ་བ་བཞིན་དུ་རྒྱས་པར་མི་འགྱུར་ལ། དེ་རྒྱས་ཤིང་འཕེལ་བར་མ་གྱུར་པས་སྐྱེས་བུ་སྐེམ་པོར་འགྱུར་རོ། །དེ་སྐད་དུ་སློབ་དཔོན་གྱིས་བསྡུས་པ་ལས། ཟས་ཀྱི་ཐོག་མར་ཆུ་འཐུངས་ན། །མེ་ཉམས་བྱེད་པས་སྐེམས་པར་འགྱུར། །ཐ་མས་སྦོམ་པོ་ཉིད་བྱེད་དེ། །དེ་ནི་མ་ཞུ་བད་ཀན་རྒྱས། །བར་མ་ཡན་ལག་མཉམ་ཞིང་སྙོམས། །ལུས་ཟུངས་སྨིན་པས་བདེ་བ་ཡིན། །ཞེས་བཤད་པ་ཡིན་ནོ། །ཆུ་བསིལ་ཆང་ནད་ བརྒྱལ་བ་དང་། །སྐྱུགས་དང་ངལ་དང་མགོ་འཁོར་དང་། །སྐོམ་དང་ལུས་ཚ་མཁྲིས་པ་དང་། །ཁྲག་རྒྱས་དུག་ནི་སེལ་བྱེད་ཡིན། །ཞེས་བྱ་བ་ལ། ཆུ་བསིལ་བདག་ནི་ཆང་དྲགས་པའི་ནད་ལ་སོགས་པ་སེལ་ཞིང་འཇོམས་ལ་ཟློག་པར་བྱེད་པ་ཡིན་ནོ། །དེ་ལ་ཆང་ ནད་ནི་ཆང་དྲགས་པ་ལས་གྱུར་པའི་ནད་དོ། །དེ་ལ་ནད་ཅེས་བྱ་བ་ནི། གནོད་པ་སོགས་ཤིང་སྙོན་རྨོངས་པར་བྱེད་པའོ། །བརྒྱལ་བ་ནི་དྲན་པ་སྟོར་བའོ། །སྐྱུགས་པ་ལ་སོགས་པ་ནི་གོ་བར་ཟད་དོ། །ལུས་ཚ་བ་ནི་ཟས་དང་སྤྱོད་ལམ་ཚ་བས་ཚ་བར་གྱུར་པའོ། ། མཁྲིས་པ་དང་ཁྲག་རྒྱས་པ་དེ་ནི་དེ་དག་འཕེལ་བའོ། །དུག་ནི་རྒྱུ་བ་དང་། རྒྱུ་བ་ལས་བྱུང་བའི་དབྱེ་བས་གཉིས་སོ། །སེལ་བྱེད་ཡིན་ཞེས་བྱ་བ་ནི། འཐུངས་པ་དང་གཏོར་བ་ལ་སོགས་པས་འདི་དག་སེལ་ཞིང་འཇོམས་པར་བྱེད་པའོ། །ཆུ་ཚན་དྲོད་སྐྱེད་ཟས་འཇུ་ཞིང་། ། མགུལ་བདེ་ལུས་ཡང་གཅིན་ནད་སེལ། །སྐྱིགས་བུ་ལྟོ་སྦོས་རླུང་བད་ཀན། །རིམས་སར་འཕྲལ་དུ་ཟློག་བྱེད་ཅིང་། །ལུད་པ་ཆམ་སར་དབུགས་མི་བདེ། །རྩིབ་ལོགས་ཟུག་ལ་བསྔགས་པ་ཡིན། །ཞེས་བྱ་བ་ནི། ཆུ་བསྐོལ་ཞིང་ཚ་བར་བྱས་པ་དག་ནི་མེའི་དྲོད་ སྐྱེད་པར་བྱེད་པ་དང་། དེ་བཞིན་དུ་མ་ཞུ་བའི་ཉེས་པ་སེལ་བར་བྱེད་པ་དང་། མགུལ་པ་བདེ་ཞིང་ལྐོག་མ་སྦྱོང་ལ། གདངས་སྙན་པ་དང་། ཡང་བའི་ཡོན་ཏན་དང་ལྡན་པས། ལུས་ཡང་བར་བྱེད་བ་དང་། གཅིན་ནད་སེལ་ཞེས་པ་གཅིན་གྱི་གནས་ནི་ཆུ་སོ་སྟེ། དེ་ལ་གནོད་པས་ ཁེབས་པར་གྱུར་པ་སེལ་བར་བྱེད་པའམ། ཡང་ན་དེ་ན་གནས་པའི་གཅིན་གྱི་སྐྱོན་སེལ་བར་བྱེད་པས་ན། གཅིན་ནད་སེལ་ཞེས་བྱའོ། །ཡང་ཆུ་བསྐོལ་བ་འདི་ནི་སྐྱིགས་བུ་ལ་སོགས་པའི་ནད་རྣམས་ལ་ཡང་བསྔགས་པ་ཡིན་ཏེ། སྐྱིགས་བུ་ལ་སོགས་པ་ནི་འོག་ནས་བཤད་པར་ བྱའོ། །ཆམ་སར་ནི་ཆམ་པ་ཡང་ཡིན་ལ། སར་པ་ཡང་ཡིན་པས་ཆམ་སར་ཞེས་བྱ་སྟེ། དེ་ལ་ཡང་བསྔགས་པ་ཡིན་ཏེ། གང་གི་ཕྱིར་དྲོད་སྐྱེད་པ་དང་། ཟས་འཇུ་བར་བྱེད་པ་ཡིན་པར་གོང་དུ་བཤད་པ་དེས་ན། འཇུ་ཞིང་སྨིན་པར་བྱེད་པས་ནི་མ་ཞུ་བ་ཡིན་པས་དེ་ལ་བསྔགས་པ་ཡིན་ ནོ། །ཆུ་ནི་བསྐོལ་ནས་གྲངས་པ་དག །བད་ཀན་མི་སྐྱེད་ལུས་ཡང་ཞིང་། །མཁྲིས་པ་ཅན་ལ་ཕན་པ་ཡིན། །དེ་ནི་ཞག་ལོན་ཉེས་གསུམ་སྐྱེད། །ཅེས་བྱ་བ་ནི། ཆུ་བསྐོལ་ནས་བསྒྲངས་པ་ནི་བད་ཀན་སྐྱེད་པར་མི་བྱེད་དེ། མ་བསྐོལ་བའི་ཆུ་ལས་རང་བཞིན་གྱི་ཡོན་ཏན་དང་ལྡན་ པ་ཡིན་པ་ལས་ཀྱང་བསྐོལ་ནས་བསྒྲངས་པ་ན། ཤིན་ཏུ་ཡང་བ་ཡིན་ལ། བསྐོལ་ནས་བསྒྲངས་པ་དེ་ཡང་རླུང་དང་བད་ཀན་གྱི་ཉེས་པ་གང་ཡང་རུང་བ་མཁྲིས་པ་དང་ལྡན་པ་ལ་ཕན་པ་ཡིན་ལ། གསུམ་ཆར་འདུས་པ་ལས་བྱུང་བའི་ནད་ལ་ནི་གནོད་པ་ཡིན་ནོ། དེ་ཡང་། ཡུལ་དུས་ལྕི་ དང་ཡང་བ་ལས། །བཞི་ཆ་གསུམ་ཆ་ཕྱེད་འདུས་པར། །ལྦུ་བ་མེད་པར་བསྐོལ་བ་ནི། །ཤུགས་མེད་དྲི་མ་མེད་ཅིང་ཕན། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་ཡོན་ཏན་དང་ལྡན་ཞིང་། །དེ་ལྟར་བསྐོལ་ནས་བསྒྲངས་པ་དེ་ནི་ཞག་ལོན་པ་སྟེ། ཉིན་ཞག་གཅིག་འདས་པའམ། ཡུན་ རིང་པོར་བཞག་པ་དེ་ནི། ཉེས་གསུམ་སྐྱེད་ཅེས་བྱ་བ་ཡིན་ཏེ། རླུང་ལ་སོགས་པའི་ཉེས་པ་གསུམ་སྐྱེད་པར་བྱེད་དོ། །དུས་ཀྱི་རང་བཞིན་ཉིད་དང་། མེའི་ཡོན་ཏན་ལས་ཉམས་པ་དང་། སྐྱུར་པའི་རྣམ་པར་འགྱུར་བས་ཉེས་པ་རྣམས་སྐྱེད་པ་ཡིན་ནོ། །རྒྱ་སྟར་ཆུ་ནི་སྣུམ་པ་དང་། །རོ་མངར་རོ་ ཙ་བསིལ་ཞིང་ཡང་། །སྐོམ་དང་མཁྲིས་པ་རླུང་ནད་སེལ། །དྲོད་སྐྱེད་ལྒང་བའི་ནད་སྦྱོང་བྱེད། །དབྱར་ནི་ཆར་ཆུ་ཆུ་བོའི་ཆུ། །མཆོག་ཏུ་བཟང་དང་ངན་པར་བཤད། །ཅེས་བྱ་བ་ནི། རྒྱ་སྟར་གྱི་འབྲས་བུའི་ནང་ན་གནས་པའི་ཆུ་གཙོར་གཟུང་བར་བྱའོ། ། དེའི་ཆ་ཤས་ལས་བྱུང་བ་གཞན་དག་ནི་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་ཆུའི་སྡེ་ཚན་འདིར་བསྟན་པ་བྱས་པ་ཡིན་ལ། རྒྱ་སྟར་གྱི་འབྲས་བུ་དེའི་ནང་གི་ཆུ་ནི་སྣུམ་པའི་ཡོན་ཏན་དང་ལྡན་པས་ན། སྣུམ་པ་དང་རོ་མངར་ཞིང་ཞིམ་པ་དང་། རོ་མངར་ཞིང་ཁུ་བ་འཕེལ་བར་བྱེད་པ་དང་། བསིལ་ཞིང་གྲང་བའི་སྟོབས་དང་ལྡན་པ་དང་། ཡང་བ་ལ་སོགས་པ་དང་ལྡན་པ་དང་། མེའི་དྲོད་སྐྱེད་པར་བྱེད་པ་དང་ལྒང་པ་སྟེ། གཅིན་གྱི་གནས་ཀྱི་ནད་སྦྱོང་ཞིང་དག་པར་བྱེད་པ་ཡིན་ནོ། །ཆར་འབབ་པ་སྟེ་བར་སྣང་ལས་འབབ་པའི་ཆུ་དང་ཆུ་བོའི་ཆུ་སྟེ། དེ་ལྟར་ཆར་གྱི་ཆུ་དང་ཆུ་ བོའི་ཆུ་སྟེ། དེ་ལས་དབྱར་གྱི་ཆར་གྱི་ཆུ་ཤིན་ཏུ་བཟང་ཞིང་མཆོག་ཏུ་གྱུར་པ་ཡིན་ལ། ཆུ་བོའི་ཆུ་ནི་དབྱར་མཆོག་ཏུ་ངན་ཞིང་སྨད་པར་བྱ་བ་ཡིན་པར་བཤད་དོ། །ཆུའི་སྡེ་ཚན་ནོ། །ད་ནི་འོ་མ་ཐམས་ཅད་ཀྱི་སྤྱིའི་ཡོན་ཏན་དང་། ལས་རྣམས་སྨྲས་པ་ནི་འདི་ཡིན་ཏེ། དེ་ཡང་ཅི་ལྟར་ཆུ་ནི་ འཚོ་བར་བྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེ་བཞིན་དུ། འོ་མ་ཡང་ཡོན་ཏན་མང་པོ་དང་ལྡན་པ་ཡིན་པས། སྡེ་ཚན་གཞན་དག་ལས་འོ་མའི་སྡེ་ཚན་ཉིད་མཆོག་ཏུ་གྱུར་པ་ཡིན་པ་དང་། གཞན་ཡང་གང་གི་ཕྱིར། ཞུན་མར་ནི་སྣུམ་ཐམས་ཅད་ཀྱི་མཆོག་ཡིན་ལ། དེའི་སྐྱེ་བའི་ གནས་ནི་འོ་མ་ཉིད་ཡིན་ཏེ། དེ་བས་ན་མཆོག་ཏུ་གྱུར་པ་ཡིན་ནོ། །འོ་མ་ཕལ་ཆེར་རོ་ཞུ་མངར། །སྣུམ་ཞིང་མདངས་སྐྱེད་ལུས་ཟུངས་འཕེལ། །རླུང་དང་མཁྲིས་སེལ་རོ་ཙ་བྱེད། །བད་ཀན་སྐྱེད་ཅིང་བསིལ་བ་ཡིན། །ཞེས་བྱ་བ་ལ། འོ་མ་ཕལ་ཆེར་ཞེས་པ་ནི་འོ་མ་ཕལ་མོ་ཆེའི་ཡོན་ཏན་ འདི་དག་ཡིན་གྱི། ཐམས་ཅད་ཀྱི་ནི་མ་ཡིན་ནོ། །དེ་ལ་འོ་མར་གཏོགས་པ་ཐམས་ཅད་ཀྱི་ནི་རོ་མངར་བ་དང་ཞུ་བའི་རྗེས་ལ་མངར་ཞིང་འཇམ་པ་ཡིན་པས། དེ་དག་ནི་ཁྱད་པར་མེད་པར་རོ་མངར་བ་དང་ཞུ་བའི་རྗེས་མངར་བ་ཡིན་ནོ། །སྣུམ་པའི་ཡོན་ཏན་དང་ལྡན་པས་སྣུམ་པའོ། །གཟི་མདངས་ སྐྱེད་པ་ལ་ཕན་པས་ན་མདངས་སྐྱེད་དེ། མདངས་ཞེས་བྱ་བ་ལུས་ཟུངས་རྣམས་ཀྱི་སྙིང་པོར་གྱུར་པ། འོག་ནས་བཤད་པའི་མཚན་ཉིད་དང་ལྡན་པ་དེ་སྐྱེད་པར་བྱེད་པ་དང་། ལུས་ཟུངས་ཞེས་པ་དངས་མའི་བཅུད་ལ་སོགས་པ་འཕེལ་བར་བྱེད་པ་དང་། རླུང་དང་མཁྲིས་སེལ་ཞེས་བྱ་བ། རླུང་དང་མཁྲིས་པའི་ནད་འཇོམས་པར་བྱེད་པ་དང་། རོ་ཙ་བྱེད་ཅེས་པ་ཁུ་བ་འཕེལ་བར་བྱེད་པ་དང་། བད་ཀན་སྐྱེད་ཅེས་པ་བད་ཀན་འཕེལ་བར་བྱེད་པ་དང་། ལྕི་བའི་ཡོན་ཏན་དང་ལྡན་པས་ལྕི་བ་དང་། བསིལ་ཞིང་གྲང་བ་སྟེ། ཡོན་ཏན་དེ་དག་དང་ལྡན་པས་ལྕི་བའོ། །དེ་དག་ནི་ ཕལ་མོ་ཆེའི་སྤྱིའི་ཡོན་ཏན་ཡིན་གྱི། ཐམས་ཅད་ཀྱི་ཡོན་ཏན་འདི་ལྟ་བུ་ནི་མ་ཡིན་ཏེ། ལ་ལ་ནི་གཞན་དག་ཏུ་ཡང་མཐོང་སྟེ། དཔེར་ན་རྔ་མོའི་ཅུང་ཟད་རྩུབ་ཅིང་ཚ་བ་དང་། ལན་ཚྭ་བྲོ་བ་ཡང་བ་དང་། དེ་བཞིན་དུ་རའི་འོ་མ་ཡང་ཡང་བ་དང་། ལུག་གི་འོ་མའི་ནུས་པ་ཚ་བ་ སྐྱེད་པ་དང་། རྨིག་པ་གཅིག་པའི་འོ་མ་ཚ་བའི་ནུས་པ་ཅན་ཉིད་ཡིན་ནོ། །འདིར་སྤྱིའི་ཡོན་ཏན་བཤད་པ་ལས། གང་དེ་དང་མི་མཐུན་པའི་ཁྱད་པར་གྱི་ཡོན་ཏན་བཤད་པ་དེ་ནི་སྤྱིའི་ཡོན་ཏན་དང་མི་མཐུན་པ་ཉིད་ཡིན་པར་ཤེས་པར་བྱའོ། །འོན་ཏེ་ཆ་འདྲ་བ་དག་ཡིན་ན་ནི། དེ་ཉིད་སྟོབས་ སྐྱེད་ཅིང་གྲོགས་སུ་གྱུར་པ་ཡིན་ནོ། །འདིར་ཁྱད་པར་དུ་བྱ་བ་ནི། བ་ཡི་འོ་མ་འཚོ་བྱེད་ཅིང་། །བཅུད་ཀྱིས་ལེན་ཡིན་གློ་རྡོལ་དང་། །གློ་གཅོང་ལ་ཕན་ཡིད་གཞུངས་བྱེད། །སྟོབས་སྐྱེད་ནུ་ཞོ་སྐྱེད་དང་འཁྲུ། །ངལ་དང་མགོ་འཁོར་མྱོས་དབལ་ཉམས། །ལུད་པ་དབུགས་མི་བདེ་ བཀྲེས་སྐོམ། །རིམས་རྙིང་གཅིན་ནི་སྲི་བ་དང་། །ཁྲག་དང་མཁྲིས་པ་སེལ་བ་ཡིན། །ཞེས་བྱ་བ་ནི་འདིར་འོ་མའི་ནང་ནས་གལ་ཏེ། དེ་བའི་འོ་མ་ཡིན་ན་འཚོ་བར་བྱེད་པ་ཡིན་པས་ན་འཚོ་བྱེད་ཅིང་ཞེས་བྱ་སྟེ། འོ་མ་ཐམས་ཅད་ཀྱང་འཚོ་བྱེད་ཡིན་མོད་ཀྱི། བའི་འོ་མ་འདི་ཡང་ཤིན་ཏུ་འཚོ་ བར་བྱེད་པ་ཡིན་ཏེ། མདངས་སྐྱེད་ཅིང་ལུས་ཟུངས་མཉམ་པོར་འཕེལ་བར་བྱེད་པ་ཡིན་ནོ། །བཅུད་ཀྱིས་ལེན་ཡིན་ཞེས་བྱ་བ་ནི། སྲོག་ཡང་དག་པར་འཛིན་པར་བྱེད་པ་ཡིན་པས། བཅུད་ཀྱིས་ལེན་དང་འདྲ་བའི་ཕྱིར་བཅུད་ཀྱིས་ལེན་ཞེས་བྱ་སྟེ། དེ་ཡང་བསྡུས་པ་ལས། མར་དང་ འོ་མ་བསྟེན་པས་ནི། །བཅུད་ཀྱིས་ལེན་ནི་འཐོབ་པ་ཡིན། །གང་ཕྱིར་འོ་མ་བསྔགས་པ་ཡི། །བཅུད་རྣམས་ཀྱི་ནི་བཅུད་ལེན་ཡིན། །ཞེས་བཤད་པ་ཡིན་ནོ། །གློ་རྡོལ་དང་གཅོང་ལ་ཕན་པ་ནི་གློ་དང་བྲང་རྡོལ་བ། ལུས་ཟུངས་ཟད་པར་བྱེད་པའི་གཅོང་ལ་ཕན་ ཞིང་རྗེས་སུ་མཐུན་པ་ཡིན་ནོ། །དེ་བཞིན་དུ་བློ་གྲོས་ཏེ། ཡིད་གཞུངས་བ་ལ་ཕན་པ་ཡིན་པས་ན། ཡིད་གཞུངས་བྱེད་ཅེས་བྱའོ། །སྟོབས་ལ་ཕན་པས་ན་སྟོབས་སྐྱེད་དོ། །ནུ་ཞོ་སྐྱེད་པ་ནི་བུད་མེད་རྣམས་ཀྱི་ནུ་ཞོ་འཕེལ་བར་བྱེད་པ་སྟེ། ནུ་ཞོ་སྣུམ་པ་བུད་མེད་ཀྱི་འོ་མ་སྐྱེད་པའོ། །འཁྲུ་བ་ ནི་ཁོང་ནས་འཁྲུ་བའི་ངང་ཚུལ་ཅན་ནོ། །དེ་བཞིན་དུ་ངལ་བ་ལ་སོགས་པ་ཡང་སེལ་བ་ཡིན་ནོ། །མི་བདེ་བ་ནི་ཡིད་ཀྱི་གནོད་པའོ། །གཞན་དག་ནི་གོ་སླའོ། །མ་ཧེའི་འོ་མ་འཇུ་དྲགས་དང་། །གཉིད་མེད་ལ་ཕན་རབ་ལྕི་བསིལ། །ཞེས་བྱ་བ་ལ། མ་ཧེའི་འོ་མ་ནི་འཇུ་དྲགས་པ་སྟེ་མེའི་དྲོད་ཆེ་ བས་འགྲངས་མི་ཤེས་པ་དང་། གཉིད་མེད་པ་ལ་ཕན་པ་དང་། དེ་འོ་མ་གཞན་དག་ལས་རབ་ཏུ་ཞི་ཞིང་འཇུ་དཀའ་བ་དང་། བསིལ་ཞིང་གྲང་བའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ར་ནི་ཆུ་ཉུང་འཐུང་ཟས་རྒོད། །ཁ་ཞིང་ཚ་བ་ཟབས་ཡང་། །སྐེམ་དང་རིམས་དང་དབུགས་མི་བདེ། །ཁྲག་ དང་མཁྲིས་པ་ཚད་ནད་སེལ། །ཞེས་བྱ་བ་ལ། རའི་འོ་མ་ནི། ཆུ་ཉུང་ངུ་འཐུང་བ་ལ་སོགས་པའི་རང་བཞིན་ནི་ཡིན་ཏེ། འདིར་རྒྱུ་སྨོས་པ་ནི་གཞན་དག་ཀྱང་འདི་བཞིན་དུ་རྒྱུ་དང་ལྡན་པའི་དབང་གིས་འོ་མ་ཡང་བ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་སྨོས་པ་ཡིན་ཏེ། འདི་ལས་གོ་བཟློག་པའི་རང་ བཞིན་ཅན་ནི་ལྕི་བ་ཡིན་པར་ཤུགས་ཀྱིས་གོ་བར་བྱའོ། །ཆུ་ཉུང་ངུ་འཐུང་བ་ལ་སོགས་པའི་རང་བཞིན་ནི་དུས་དང་ཡུལ་ལ་སོགས་པ་ལ་ལྟོས་ནས་བྱ་བ་ཡིན་ནོ། །རའི་འོ་མ་འདི་ནི་སྐེམ་པ་ལ་སོགས་པའི་ནད་སྐྱེད་པ་ཡིན་ཏེ། སྐེམ་པ་ནི་གཅོང་ཆེན་པོའོ། །རྔ་མོའི་འོ་མ་ཅུང་རྩུབ་དྲོ། །ལན་ ཚ་བྲོ་ཞིང་དྲོད་ཆེ་ཡང་། །རླུང་དང་བད་ཀན་ལྟོ་སྦོས་སྲིན། །འོར་ནད་དམུ་རྫིང་གཞང་ནད་སེལ། །ཞེས་བྱ་བ་ལ། རྔ་མོའི་འོ་མ་ནི་ཅུང་ཟད་རྩུབ་པ་དང་། ཅུང་ཟད་དྲོ་བ་དང་། ཅུང་ཟད་ལན་ཚྭ་བྲོ་བ་ཡིན་ཞིང་། མེ་དྲོད་ཆེ་བར་སྐྱེད་པ་དང་། ཡང་བ་ཡིན་ལ། རླུང་དང་། བད་ཀན་དང་། ལྟོ་སྦོས་ པ་དང་། སྲིན་ནད་དང་། འོར་ནད་དང་། དམུ་རྫིང་དང་། གཞང་འབྲུམ་གྱི་ནད་ལ་ཕན་ཞིང་བསྔགས་པ་ཡིན་ནོ། །བུད་མེད་ནུ་ཞོ་རླུང་མཁྲིས་ཁྲག །སྣད་བའི་མིག་ནད་སེལ་བྱེད་དེ། །ཚིམ་བྱེད་མིག་དང་སྣར་བླུགས་ཕན། །ཞེས་བྱ་བ་ལ། བུད་མེད་ཀྱི་འོ་མ་དེ་ནི་རླུང་དང་། མཁྲིས་པ་དང་། ཁྲག་དང་། སྣད་པ་ལས་བྱུང་བའི་མིག་ནད་གང་ཡིན་པ་དག་སེལ་ཞིང་འཇོམས་པར་བྱེད་དོ། །ཇི་ལྟར་ན་དེ་སེལ་བར་བྱེད་ཅེ་ན། ཚིམ་བྱེད་མིག་དང་སྣར་བླུགས་ཕན། །ཞེས་བྱ་བ་ཡིན་ཏེ། ཚིམ་པར་བྱེད་པ་ལ་སོགས་པའི་མཚན་ཉིད་ནི། གནས་འདི་ཉིད་ཀྱི་འོག་ནས་བཤད་པ་ཡིན་ཏེ། ཚིམ་པར་བྱ་བ་ནི་མིག་བཀང་བ་སྟེ། ནས་སམ་སྲན་མ་ཤའི་ཟན་གྱི་རེང་བུ་སྦོམ་པར་བྱས་ལ་བསྐོར་ཏེ་བཀང་བའོ། །མིག་ཏུ་བླུགས་པ་ནི་མིག་འབྲས་ཀྱི་སྟེང་དུ་བླུགས་པའོ། །སྣར་བླུགས་པ་ནི་སྣ་ནས་གཏོང་བའོ། །ལུག་གི་འོ་མ་སྙིང་གནོད་ཚ། །རླུང་འཇོམས་སྐྱིགས་བུ་དབུགས་མི་བདེ། ། མཁྲིས་པ་བད་ཀན་སྐྱེད་པ་ཡིན། །ཞེས་བྱ་བ་ལ་ལུག་གི་འོ་མ་ནི་སྙིང་ལ་གནོད་པ་སྟེ། ཤིན་ཏུ་མི་དགའ་བའམ། སྙིང་ནད་སྐྱེད་པའོ། །ཚ་བ་ནི་ནུས་པ་ཚ་བ་དང་ལྡན་པའོ། །རླུང་འཇོམས་པ་ནི་རླུང་གི་ནད་འཇིག་པའོ། །དེ་ལ་སྐྱིགས་བུ་དང་དབུགས་མི་བདེ་བ་དང་། མཁྲིས་པ་དང་། བད་ཀན་ནི་སྐྱེད་པར་བྱེད་པ་ཡིན་ནོ། །བ་གླང་མོ་ཡིས་རབ་བརྟན་བྱེད། །ཅེས་བྱ་བ་ནི། བ་གླང་མོའི་འོ་མ་ནི་རབ་ཏུ་བརྟན་པར་བྱེད་པ་ཡིན་ཏེ། ལུས་ཤིན་ཏུ་བརྟན་པར་བྱེད་པ་ཡིན་ནོ། །རྨིག་པ་གཅིག་པའི་འོ་མ་ཚ། །ཡན་ལག་རླུང་སེལ་སྐྱུར་བཅས་ཤིང་། །ལན་ཚྭ་བྲོ་ཞིང་རྨོངས་པར་ བྱེད། །ཅེས་བྱ་བ་ལ། རྨིག་བ་གཅིག་པ་ནི། རྨིག་སྦུབས་གཅིག་ཡོད་པ་སྟེ། རྨིག་བ་ལ་ཁ་བྲག་ཏུ་མ་གྱུར་པ། རྟ་དང་བོང་བུ་ལ་སོགས་པ་རྣམས་ལ་རྨིག་པ་གཅིག་པ་ཞེས་བྱ་བ་སྟེ། དེ་དག་གི་འོ་མ་ནི་ཚ་ཞིང་དྲོ་བའི་ནུས་པ་དང་ལྡན་པ་ཡིན་ནོ། །ཡན་ལག་ནི་ཁྲག་ལ་སོགས་པའི་ལུས་ཟུངས་ རྣམས་ཏེ། དེ་ལ་གནས་པའི་རླུང་སེལ་ཞིང་འཇོམས་པར་བྱེད་པ་དང་། སྐྱུར་དང་བཅས་པ་དང་། ལན་ཚྭ་བྲོ་བ་ནི་ཅུང་ཟད་སྐྱུར་བ་དང་། ཅུང་ཟད་ལན་ཚྭ་བྲོ་བའོ། །རྨོངས་པར་བྱེད་ཅེས་བྱ་བ་ནི་རྨོངས་རྨོངས་པོར་བྱེད་ཅིང་། ལུས་མི་གསལ་བ་བེམས་པོ་ཉིད་དུ་བྱེད་པའམ། ཤེས་རབ་ལ་ གནོད་པར་བྱེད་པའོ། །ཡང་ན་རྨོངས་པ་ནི་བླུན་པ་ཉིད་དུ་གྱུར་པའོ། །ཞེས་ལ་ལས་བཤད་དོ། །འོ་རློན་བད་ཀན་སྐྱེད་ཅིང་ལྕི། །རིགས་པར་བསྐོལ་བས་དེ་ལས་གཞན། །ཤིན་ཏུ་བསྐོལ་ན་འཇུ་དཀའ་ལྕི། །བཞོས་མ་ཐག་དྲོ་བདུད་རྩིར་མཚུངས། ། ཞེས་བྱ་བ་ལ། འོ་མ་ཐམས་ཅད་མ་བསྐོལ་བ་ནི་བད་ཀན་སྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ཏེ། དྲི་མ་དང་ལྡན་པས་ལུས་ཀྱི་མི་རྒྱུ་བ་ཡིན་པར་རོ། །ལྕི་བ་ནི་ཡུན་རིང་ཞིག་ན་འཇུ་བ་སྟེ། ས་ནི་ཟླ་བའི་ཡོན་ཏན་གྱི་ཤས་ཆེ་བ་ཡིན་པས་དེ་ལས་འབྱུང་བའི་ཕྱིར་རོ། །རིགས་པར་བསྐོལ་ ན་ཞེས་བྱ་བ་ནི་འོ་མ་དེ་ཉིད་རློན་པ་ལས་གོ་བཟློག་པར་བསྟན་ན་དེ་ལས་གཞན་པ་སྟེ། བད་ཀན་སྐྱེད་པ་མ་ཡིན་ལྕི་བ་ཡང་མ་ཡིན་ཏེ། བད་ཀན་སེལ་ཞིང་ཡང་བར་གྱུར་པའོ། །དེ་ལ་ལེགས་པ་ནི་སྦྱོར་བའི་ཐབས་ཏེ། ཇི་ལྟར་འོ་མའི་ཕྱེད་ཀྱི་ཆུས་བསྣན་ལ་བསྐོལ་བ་ནི། འོ་མ་རློན་པ་བས་ ཤིན་ཏུ་ཡང་བ་ཡིན་ནོ། །ཞེས་རྒྱུད་གཞན་ནས་བཤད་པ་ཡིན་ནོ། །ཡང་ན་ཤིན་ཏུ་བསྐོལ་བ་མ་ཡིན་ལ། ཅུང་ཟད་བསྐོལ་བ་ཡང་མ་ཡིན་པ་ནི་རིགས་པ་ཡིན་ཏེ། མི་རིགས་པར་བསྐོལ་བ་ནི་མེ་དང་ཕྲད་པ་ཡིན་དུ་ཟིན་ཀྱང་ལྕི་བ་ཉིད་དུ་འགྱུར་རོ། །དེ་ཡང་གང་གི་ཕྱིར་མི་རིགས་པར་ བསྐོལ་ཞིང་། ཆུ་མེད་པར་བསྐོལ་བ་ལས། ཆ་གཅིག་དང་། ཆ་གཉིས་དང་། གསུམ་དང་། བཞི་ནས་ཆ་བརྒྱད་ལུས་པའི་བར་གྱིས་ནི། གོང་ནས་གོང་དུ་སྙིང་པོ་འདུས་པར་འགྱུར་རོ། །དེ་ཡང་རྒྱུད་གཞན་ལས། འོ་མ་ཆུ་མེད་པར་བསྐོལ་བ། གཉིས་གསུམ་བཞི་ནས་བརྒྱད་ཆ་ ལུས། །ཇི་ལྟར་ཤིན་ཏུ་བསྐོལ་བ་བཞིན། །སྙིང་པོ་ལྕི་ཞིང་རབ་སྟོབས་ལྡན། །ཞེས་བཤད་པ་ཡིན་ནོ། །དེ་བས་ན་ཤིན་ཏུ་བསྐོལ་ན་འཇུ་དཀའ་ཞིང་རབ་ཏུ་ལྕི་བར་འགྱུར་རོ། བཞོས་མ་ཐག་པའི་འོ་མ་དྲོ་བ་ནི་འཕྲལ་དུ་བཞོས་པའོ། །དེ་ནི་ཕན་པ་ཉིད་ཀྱིས་ན་བདུད་རྩིར་མཚུངས། ཞེས་བྱ་བ་ སྟེ། བདུད་རྩི་དང་འདྲ་བ་ཡིན་ནོ། །ད་ནི་འོ་མ་ལས་ཞོར་གྱུར་བ་ལས། གནས་སྐབས་དུ་མ་ཉིད་དུ་གྱུར་བ། མ་རྫོགས་པ་ལས་ཇི་སྐད་དུ་བཤད་པའི་སྐྱུར་བ་དང་། ཤིན་ཏུ་སྐྱུར་བ་ལ་སོགས་པའི་ཚུལ་གྱིས་ཞོ་མ་ལངས་པ་དང་། ལེགས་པར་ལངས་པ་དང་། ལངས་ནས་ཐལ་ཆེས་པ་ཉིད་དུ་ ཡོངས་སུ་གྱུར་པ་ལས། ཇི་ལྟར་ཞོའི་གནས་སྐབས་དུ་མར་གྱུར་པའི་རང་བཞིན་གྱི་གནས་སྐབས་གཞུང་རྩོམ་པས་སྙིང་ལ་བཞག་སྟེ། སྨྲས་པ་ནི། ཞོ་ནི་རོ་དང་ཞུ་རྗེས་སྐྱུར། །རྟུག་སྐེམས་ལྕི་ལ་རླུང་ནད་སེལ། །ཚིལ་དང་ཁུ་ཆུ་སྟོབས་བད་ཀན། །ཁྲག་མཁྲིས་དྲོད་སྐྱེད་འོར་ནད་སྐྱེད་ ཡིག་འབྱེད་ཅིང་ཁ་ཟས་ལེན། །གྲང་བའི་རིམས་དང་མི་སྙོམས་རིམས། །ཆམ་པ་གཅིན་འགགས་གྱུར་པ་དང་། །འཁྲུ་བའི་ནད་ལ་རྩུབ་མོ་ཕན། །ཞེས་བྱ་བ་ལ། ཞོ་གང་རོ་དང་ཞུ་བའི་རྗེས་སྐྱུར་བ་ནི་རོ་དང་ཞུ་རྗེས་སྐྱུར་བའོ། །རྟུག་སྐེམས་ཞེས་བྱ་བ་ནི་བཤང་གཅི་ལ་སོགས་པ་རང་གི་ གནས་ནས་བསྐུལ་ནས་གོང་པོར་བྱེད་པ་ལ་བྱའོ། །ལྕི་བའི་ཡོན་ཏན་དང་ལྡན་པ་ནི་ལྕི་བའོ། །རླུང་གི་ནད་སེལ་བས་ན་རླུང་སེལ་ལོ། །དྲོ་བ་ནི་དྲོ་བའི་ནུས་པ་བསྐྱེད་པའོ། །དེ་བཞིན་དུ་ཚིལ་དང་ཁུ་ཆུ་དང་སྟོབས་ལ་སོགས་པ་རང་གི་གནས་ནས། དེ་བཞིན་དུ་ཡིག་འབྱེད་ཅིང་འགྲངས་སུ་ཟིན་ ཀྱང་འདོད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཁ་ཟས་ལེན་ཞེས་བྱ་སྟེ། ཡིག་འཆུས་པ་ལ་ཕན་ཞིང་ཟས་གཞན་དག་ཀྱང་ཡི་གར་འོང་བར་བྱེད་པའོ། །དེ་བཞིན་གྲང་བའི་རིམས་དང་ཞེས་པ། གྲང་བ་ལས་གྱུར་པའི་རིམས་དང་། རིམས་ལྡང་དུབ་མི་སྙོམས་པ་ལ་སོགས་པ་དང་། ཆམ་པ་ དང་གཅིན་འགགས་པར་གྱུར་པ་དང་། འཁྲུ་བའི་ནད་རྣམས་ལ་ཕན་པ་ཡིན་ནོ། །དེ་ལ་རྩུབ་པ་ནི་ལེགས་པར་ལངས་པའི་ཞོ་ལས་དུས་འདས་ནས། རིམ་གྱིས་ཤིན་ཏུ་སྨིན་པར་གྱུར་པ་ནི་རྩུབ་པོ་ཡིན་བའམ། ཡང་ན་སྤྲིས་མ་བཤུས་པའི་ཞོ་ནི་རྩུབ་པོ་ཡིན་ནོ། །ཞོ་དྲོན་དཔྱིད་དང་སོ་ག་དང་། ། སྟོན་དུས་མཚན་མོ་བཏུང་མི་བྱ། །དེ་ནི་མུངྒའི་སྲན་ཚོད་དང་། །སྦྲང་རྩི་མར་དང་ཤ་ཁ་ར། །སྐྱུ་རུ་ར་ནི་མེད་མི་བཏུང་། །རྟག་ཏུ་མ་ཡིན་མ་ལངས་མིན། །གཞན་དུ་རིམས་ཁྲག་མེ་དབལ་དང་། །མཛེ་དང་སྐྱ་རྦབ་མགོ་འཁོར་སྐྱེད། །ཅེས་བྱ་བ་ལ། ཞོ་དེ་ནི་དྲོན་པོར་མི་བཏུང་བ་དང་། དེ་བཞིན་ དུ་དཔྱིད་དང་སོ་ག་དང་། སྟོན་གྱི་དུས་སུ་བཏུང་བར་མི་བྱའོ། །དེ་ལྟར་ན་སྔར་དྲོན་པོར་ཞེས་སྨོས་པ་ནི་སོ་གའི་དུས་ཡིན་པར་ཤེས་པར་བྱ་སྟེ། དེའི་ཚེ་བཏུང་བར་མི་བྱ་སྟེ། དེ་བཞིན་དུ་མཚན་མོ་ཡང་བཏུང་བར་མི་བྱའོ། །གལ་ཏེ་དེ་འཐུང་བར་བྱེད་ན་སྲན་མུངྒ་སྟེ། མོན་སྲན་སྡེའུའི་ཚོད་མ་དང་ སྦྱར་བ་བཏུང་བར་མི་བྱ་བ་དང་། དེ་བཞིན་དུ་སྦྲང་རྩི་དང་མར་དང་སྦྱར་བའམ། མར་དང་ཤ་ཁ་ར་དཀར་པོ་དང་། ཤ་ཁ་ར་དང་མི་ལྡན་པར་བཏུང་བ་དང་། སྐྱུ་རུ་ར་མ་ཟོས་པར་མི་བཏུང་ངོ་། །དེ་བཞིན་དུ་རྟག་པར་རྒྱུན་དུ་མི་བཏུང་བ་དང་། མ་ལངས་མིན་ཞེས་བྱ་བ་སྟེ། ལེགས་པར་མ་ཆགས་ལ། གང་གི་ཚེ་འོ་མའི་རང་བཞིན་མ་སྤངས་ཤིང་ཞོར་ལེགས་པར་མ་ཆགས་པ་དེའི་ཚེ་མ་ལངས་པ་ཞེས་བྱ་སྟེ། དེ་མི་བཏུང་ངོ་། །གཞན་དུ་ཞེས་བྱ་བ་ནི་སྔར་བཤད་པའི་ཆོ་ག་དང་མི་ལྡན་ཞིང་དེ་མ་སྤངས་པར། ལ་ལ་ཞིག་སྤྱོད་པར་བྱེད་ན། དེའི་ཚེ་ཞོ་དེས་རིམས་ལ་ སོགས་པ་སྐྱེད་པར་འགྱུར་རོ། །དར་སར་ཡང་ལ་བསྐ་ཞིང་སྐྱུར། །དྲོད་སྐྱེད་བད་ཀན་རླུང་དག་སེལ། །སྐྲན་ནད་དམུ་རྫིང་གཞང་འབྲུམ་དང་། །ཕོ་ནད་ཆུ་སྲི་ཡི་ག་འཆུས། །མཆེར་པ་སྐྲན་དང་མར་མ་ཞུ། །སྦྱར་དུག་སྐྱ་རྦབ་ནད་རྣམས་སེལ། །ཞེས་བྱ་བ་ལ། དར་སར་ཞེས་བྱ་བ་ལ་ཞོ་ སྲུབ་ཤིང་ལ་སོགས་པས་བསྲུབས་པ་ལས་བྱུང་བ་སྟེ། སྲུབ་ཤིང་སྣུམ་མེད་པ་དང་། མར་གྱི་ཕྱེད་ཕྱུང་བ་དང་། མར་མ་ཕྱུང་བ་སྟེ། གསུམ་ཆར་ཡང་ཡང་བ་ཡིན་ལ། དེ་ལས་རོ་ནི་བསྐ་བ་དང་སྐྱུར་བ་ཡིན་ནོ། །དྲོད་སྐྱེད་པ་ནི་ཕོ་བའི་མེ་དྲོད་འཕེལ་བར་བྱེད་པའོ། །བད་ཀན་རླུང་དག་སེལ་ ཞེས་བྱ་བ་ནི། དེ་ལས་གཉིས་བསྲུབས་པ་ལས་བྱུང་བ། དེ་བཞིན་དུ་སྐྲན་ནད་དང་དམུ་རྫིང་ལ་སོགས་པ་སེལ་བར་འགྱུར་བ་དང་། ཆུ་སྲི་བ་སྟེ། གཅིན་སྲི་བ་དང་མཆེར་བ་ཞེས་པ་ལྟོ་བའི་གཡོན་ལོགས་ན་བརྟེན་པའི་རྣམ་པ་ན་བ་དང་། མར་མ་ཞུ་ཞེས་པ་མར་ལྷག་པར་ཟོས་པའམ། མ་ལེགས་པར་ཟོས་པ་ལས་བྱུང་བའི་ནད་ལ་ནི་མར་མ་ཞུ་བ་ཞེས་བྱའོ། །སྦྱར་དུག་ནི་བཅོས་མའི་དུག་གོ། །སྐྱ་རྦབ་ཀྱི་ནད་ནི་སྐྱ་རྦབ་ལས་ནད་དུ་གྱུར་པ་སྟེ། ནད་དེ་རྣམས་སེལ་ཞིང་འཇོམས་པ་ཡིན་ནོ། །དེ་འདྲ་ཞོ་ག་ཆུ་འཁྲུ་ཡང་། །རྩ་སྲུབས་སྦྱོང་ལ་རྟུག་སྐམས་སེལ། །ཞེས་བྱ་བ་ལ། དེ་ འདྲ་ཞེས་པ་ནི་དར་བ་སར་པ་སྟེ་དེ་དང་ཞོ་ག་ཆུ་ཡོན་ཏན་འདྲ་ཞིང་མཚུངས་པར་ཤེས་པར་བྱ་ལ། དེ་ཡང་འཁྲུ་བ་སྟེ་ཅུང་ཟད་ཁོང་འཁྲུ་བ་དང་། ཡང་པ་ཞེས་པ་དར་བ་སར་པ་ཡང་ཡང་བ་ཡིན་མོད་ཀྱི། འདི་ནི་ཤིན་ཏུ་ཡང་བས་ན་ཁྱད་པར་སྨོས་པ་ཡིན་ནོ། །རྩ་སྦུབས་སྦྱོང་ཞིང་དག་པར་བྱེད་པ་དང་། རྟུག་སྐམས་འགགས་པ་སེལ་ཞིང་འཇིག་པར་བྱེད་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །འཕྲལ་གྱི་མར་སར་རོ་ཙ་ཞིང་། །བསིལ་ཞིང་མདོག་སྟོབས་དྲོད་སྐྱེད་བྱེད། །འཁྲུ་གཅོད་རླུང་མཁྲིས་ཁྲག་གཞང་འབྲུམ། །གློ་གཅོང་ཁ་ཡོན་ལུད་པ་སེལ། །ཞེས་བྱ་བ་ལ། འཕྲལ་གྱི་མར་སར་ ཞེས་པ་ནི་བསྲུབས་ཟིན་མ་ཐག་ཕྱུང་བའི་མར་སར་རོ། །རོ་ཙ་བ་ནི་ཁུ་བ་འཕེལ་བའོ། །བསིལ་བ་ནི་ནུས་པ་བསིལ་བའོ། །དེ་བཞིན་དུ་མདོག་དང་སྟོབས་ལ་སོགས་པ་ཡང་སྐྱེད་པར་བྱེད་པ་ཡིན་ནོ། །འཁྲུ་བ་གཅོད་པ་ནི་བཤང་གཅི་སླ་བ་ལས་སྐ་བར་བྱེད་དོ། །དེ་བཞིན་དུ་རླུང་ དང་མཁྲིས་པའི་ཁྲག་སེལ་བ་ཡིན་ཏེ། རླུང་གི་ཁྲག་ནི་རླུང་ལས་གྱུར་པའི་ཁྲག་གོ། །མཁྲིས་པའི་ཁྲག་ནི་མཁྲིས་པ་ལས་གྱུར་པའི་ཁྲག་སྟེ། དེ་དག་དང་གཞང་འབྲུམ་ལ་སོགས་བསེལ་ཞིང་བསྔགས་པ་ཡིན་ནོ། །ཞུན་མར་བློ་རྣོ་དྲན་གསལ་ཞིང་། །ཡིད་གཞུངས་དྲོད་སྐྱེད་སྟོབས་ཚེ་ འཕེལ། །མིག་དང་བྱིས་རྒན་བུ་འདོད་དང་། །མདངས་བཟངས་རབ་གཞོན་སྐད་སྙན་ཕན། །གློ་རྡོལ་སྐེམ་དང་གཅོང་དང་འབྲས། །མཚོན་རྨས་མེས་ཚིག་རྨ་ལའང་བསྔགས། །རླུང་དང་མཁྲིས་པ་དུག་དང་སྨྱོ། །ལུས་སྐེམས་མདངས་ཉམས་རིམས་རྣམས་སེལ། །སྣུམ་གྱི་ ནང་ན་སྣུམ་མཆོག་སྟེ། །བསིལ་ཞིང་ན་ཚོད་འཇོག་པའི་མཆོག །ཞུན་མར་སྟོབས་ནི་སྟོང་དང་ལྡན། །སྦྱོར་བས་ལས་ནི་སྟོང་བྱེད་འགྱུར། །ཞེས་བྱ་བ་ལ། ཞུན་མར་ནི་བློ་རྣོ་བ་ལ་སོགས་པ་ལ་ཕན་པ་ཡིན་ནོ། །དེ་ལ་བློ་རྣོ་བ་ནི་བློ་གྲོས་དང་ལྡན་པ་སྟེ། དངོས་པོ་རྣམས་འཛིན་པར་ ནུས་པའོ། །དྲན་པ་ནི་འདས་པའི་དངོས་པོ་ཡིད་ལ་དྲན་པར་ནུས་པའོ། །ཡིད་གཞུངས་པ་ནི་དངོས་པོ་རྣམས་བྱེ་བྲག་ཕྱེད་པའི་ཤེས་རབ་འཛིན་པར་བྱེད་པའོ། །དྲོད་སྐྱེད་པ་ནི་ཕོ་བའི་མེ་དྲོད་སྐྱེད་པའོ། །སྟོབས་ནི་ནུས་མཐུའོ། །ཚེ་ནི་སྲོག་དང་འཚོ་བར་ལྡན་པ་སྟེ། དེ་དག་འཕེལ་ བར་བྱེད་པའོ། །མིག་ནི་མིག་ཉིད་ལ་ཕན་པར་བྱེད་པ་སྟེ། ཞུན་མར་ནི་དེ་དག་ལ་བསྔགས་པ་ཡིན་ནོ། །བྱིས་བ་ནི་བཅུ་དྲུག་ལོན་གྱི་བར་རོ། །རྒན་པོ་ནི་དྲུག་ཅུ་ཡན་ཆད་ལོན་པའོ། །བུ་འདོད་པ་ནི་བུ་སྐྱེ་བར་འདོད་པའོ། །མདངས་ནི་ལུས་ལ་གནས་པའི་མཛེས་སྡུག་པའོ། །རབ་ གཞོན་ནི་ལུས་གཞོན་ཤ་ཆགས་ཤིང་མི་རྩུབ་པའོ། །སྐད་སྙན་པ་ནི་ཚིག་གསལ་བའོ། །ཕན་ཞེས་པ་ནི་དེ་དག་འདོད་པ་ལ་ཕན་ཞིང་རྗེས་སུ་མཐུན་པ་ཡིན་ནོ། །དེ་བཞིན་དུ་གློ་རྡོལ་བ་ལ་སོགས་པ་རྨྱ་ཞིང་སྙོན་རྨོངས་པའི་བདག་ཉིད་ཅན་རྣམས་ལ་ཡང་བསྔགས་ཏེ་ ཕན་པ་ཡིན་ནོ། །ལུས་སྐེམ་པ་ནི་ལུས་ཟུངས་ཟད་པའོ། །གཞན་དག་ནི་གོ་བར་ཟད་དོ། །སྣུམ་གྱི་ནང་ན་ཞེས་པ་ནི་ཏིལ་མར་དང་ཞག་དང་། རྐང་རྣམས་ཀྱི་ནང་ནའོ། །སྣུམ་མཆོག་སྟེ་ཆེས་པ་ནི་གཙོ་བོ་ཡིན་པའོ། །བསིལ་བ་ནི་བསིལ་བའི་ནུས་པ་དང་ལྡན་པའོ། །ན་ཚོད་ འཇོག་པ་ནི་རྒས་པ་འཇོམས་པ་སྟེ། གཞོན་ནུ་ཉིད་དུ་དུས་ཡུན་རིང་པོར་འཇོག་པའོ། །མཆོག་ཅེས་བྱ་བ་ནི་ཤིན་ཏུ་དམ་པ་ཡིན་པའོ། །སྟོབས་སྟོང་དང་ལྡན་པ་ནི་ནུས་པ་མཐའ་ཡས་ཤིང་མཐུ་དུ་མ་ཡོད་པའོ། །དེ་བཞིན་དུ་སྦྱོར་བས་ཞེས་བྱ་བ་ཆོ་ག་ཐ་དད་པ་སྟེ་བཏུང་བ་དང་། སྣ་ནས་ བཏང་བ་དང་། བསྐུ་བ་དང་། འཇམ་རྩི་མས་གཏོང་བ་ལ་སོགས་པའི་སྦྱོར་བས་སོ། །ལས་ནི་སྟོང་བྱེད་འགྱུར། ཞེས་བྱ་བ་ནི། བྱ་བ་མང་པོ་བྱེད་པའི་ཕྱིར། །ལས་མཐའ་ཡས་པ་བྱེད་བའོ། །མར་རྙིང་སྨྱོ་དང་བརྗེད་བྱེད་བརྒྱལ། །གླད་ནད་རྣ་མིག་མངལ་ནད་དང་། །རྨ་རྣམས་ སྦྱོང་ཞིང་འཚོ་བྱེད་པས། །ནད་ལས་རྒྱལ་བྱེད་དམ་པ་ཡིན། །ཞེས་བྱ་བ་ལ། མར་རྙིང་བ་སར་པ་མ་ཡིན་པ་ལོ་མང་པོ་ལོན་པ་ནི་སྨྱོ་བ་ལ་སོགས་པའི་ནད་སེལ་བ་ཡིན་པ་དང་། དེ་བཞིན་དུ་གླད་པ་དང་། རྣ་བ་དང་། མིག་དང་། མངལ་གྱི་ནད་རྣམས་སེལ་བ་ཡིན་ནོ། །སྨྱོ་བ་ དང་བརྒྱལ་བ་དག་ནི་འོག་ནས་ཆང་ནད་ཀྱི་ནད་གཞིའི་སྐབས་ན་བཤད་པར་བྱའོ། །བརྗེད་བྱེད་ཀྱང་འོག་ནས་བཤད་པར་བྱའོ། །རྨ་རྣམས་སྦྱོང་ཞིང་ཞེས་བྱ་བ་ནི་རྨའི་རྣག་ལ་སོགས་པ་སེལ་བའོ། །དེ་བཞིན་དུ་འཚོབ་ཅིང་འབྱོར་པར་བྱེད་པ་ཡང་ཡིན་ཏེ། འཚོབ་བ་ནི་རྨ་དེ་པགས་པ་ གཞན་དང་མདོག་མཉམ་པར་བྱེད་པའོ། །ཕྲུམ་སར་སྤྲི་དང་རྒྱ་ཕྲུམ་དང་། །ཆུར་བ་ལ་སོགས་སྟོབས་སྐྱེད་ཅིང་། །ཁུ་བ་གཉིད་དང་བད་ཀན་འཕེལ། །རྟུག་སྐམས་བྱེད་ལྕི་ཉེས་དང་ལྡན། །ཞེས་བྱ་བ་ལ། ཕྲུམ་སར་ཞེས་བྱ་བ་ནི་འོ་མ་དང་དར་བ་ལས་བྱས་པ་སྟེ། གྲགས་པར་ ཟད་དོ། །སྤྲི་ནི་བ་ལ་སོགས་པ་འབྲངས་མ་ཐག་པའི་འོ་མ་ལས་བྱས་པའོ། །རྒྱ་ཕྲུམ་ནི་འོ་མའི་བཙོ་ཕྲུམ་ཨ་མི་ཚ་ཞེས་གྲགས་པའོ། །ཆུར་བ་ནི་ཞོ་ག་ཆུ་ལས་གདུས་པའི་གོང་བོའོ། །འོ་མ་ལས་གྱུར་པ་འདི་དག་ནི་སྟོབས་སྐྱེད་ཅིང་འཕེལ་བར་བྱེད་པ་དང་། དེ་བཞིན་དུ་ཁུ་བ་དང་། གཉིད་ དང་། བད་ཀན་འཕེལ་བར་བྱེད་པ་ཡིན་ནོ། །གཞན་ཡང་རྟུག་སྐམས་བྱེད་པ་དང་། ལྕི་བ་དང་ཉེས་པ་དང་ལྡན་པ་སྟེ་གནོད་པའི་འགྱུར་བ་དག་སྟོན་པའོ། །སོགས་པ་ཞེས་སྨོས་པ་ནི་འོ་མ་ལས་བྱས་པའི་རྣམ་པ་གཞན་གང་དག་ཡོད་པ་བསྡུའོ། །བ་མར་འོ་མ་མཆོག་ཡིན་ཏེ། ། ལུག་ལས་བྱུང་བ་སྨད་པ་ཡིན། །ཞེས་བྱ་བ་ལ། བའི་མར་དང་འོ་མ་དག་ནི་མཆོག་ཡིན་ཏེ་ཞེས་བྱ་བ། ཀུན་གྱི་མཆོག་གཙོ་བོ་ཡིན་ཞིང་དམ་པ་ཡིན་ལ། ལུག་ལས་བྱུང་བའི་མར་དང་འོ་མ་ནི་སྨད་ཅིང་མི་བསྔགས་པ་ཡིན་ནོ། །འོ་མའི་སྡེ་ཚན་ནོ། །འོ་མའི་སྡེ་ཚན་གྱི་ འོག་ཏུ་བུ་རམ་ཤིང་གི་སྡེ་ཚན་སྨོས་པའི་དགོས་པ་ནི་ཇི་ལྟར་འོ་མའི་རོ་དང་། ཞུ་བའི་རྗེས་མངར་བ་ཡིན་པ་དེ་བཞིན་དུ། བུ་རམ་ཤིང་གི་ཁུ་བ་ཡང་རོ་དང་ཞུ་བའི་རྗེས་མངར་བ་ཡིན་ནོ། །བུ་རམ་ཤིང་ཁུ་འཁྲུ་ལྕི་སྣུམ། །ཤ་སྐྱེ་རོ་ཙ་བད་གཅིན་འཕེལ། །བསིལ་ཞིང་ཁྲག་མཁྲིས་སེལ་བ་དང་། ། རོ་དང་ཞུ་རྗེས་མངར་བ་ཡིན། །ཞེས་བྱ་བ་ལ། བུ་རམ་ཤིང་ལས་བྱུང་བའི་ཁུ་བ་ནི་འཁྲུ་བ་སྟེ། བཤང་བ་ལ་སོགས་པ་སླ་བར་བྱེད་པ་དང་། ལྕི་བ་དང་། སྣུམ་པར་བྱེད་པ་དང་། ཤ་སྐྱེ་བ་དང་། ལུས་སྦོམ་ཞིང་འཕེལ་བར་བྱེད་པ་དང་། རོ་ཙ་ཞིང་ཁུ་བ་འཕེལ་བ་དང་། བད་ཀན་ དང་གཅིན་འཕེལ་བར་བྱེད་པ་དང་། བསིལ་བ་སྟེ་ནུས་པ་བསིལ་བ་དང་། དེ་བཞིན་དུ་ཁྲག་དང་མཁྲིས་པ་སེལ་ཞིང་འཇོམས་པ་དང་། རོ་དང་ཞུ་བའི་རྗེས་མངར་ཞིང་བདའ་བའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །དེ་ཚེ་ལན་ཚྭ་བྲོ་ཞིང་སོས། །བཅས་ན་ཁ་ར་དག་དང་འདྲ། །ཞེས་བྱ་བ་ལ། བུ་རམ་ཤིང་དེའི་རྩེ་མོ་ཅུང་ཟད་ལན་ཚྭ་བྲོ་ཞིང་། སོས་བཅས་ཤིང་ཟོས་པ་དང་། དེའི་ཡོན་ཏན་ཤ་ཁ་ར་དང་འདྲ་བ་ཡིན་ནོ། །རྩ་བ་རྩེ་མོ་འབུས་ཟོས་སོགས། །བཙིར་དང་དྲི་མས་སྦགས་པ་དང་། །དུས་ནི་ཅུང་ཟད་ལོན་པ་ལས། །འཁྲུལ་འཁོར་ཅན་ནི་རྣམ་འགྱུར་ཏེ། །ཚ་ཞིང་ལྕི་ལ་ མཁྲེགས་པར་འགྱུར། །ཞེས་བྱ་བ་ལ། རྩེ་མོ་དང་རྩ་བ་འབུས་ཟོས་པ་ལ་སོགས་པ་རྩ་བ་རྩེ་མོ་འབུས་ཟོས་སོགས། །ཞེས་བྱ་བ་ལ། དེ་རྣམས་བཙིར་བ་དང་། དེ་བཞིན་དུ་དྲི་མས་སྦགས་ཤིང་གོས་པར་གྱུར་པ་དང་། དེ་བཞིན་དུ་དུས་ཅུང་ཟད་ལོན་པར་གྱུར་ཞིང་། དུས་ཅུང་ཟད་འདས་པར་གྱུར་པའི་འཁྲུལ་འཁོར་གྱིས་བཙིར་བའི་བུ་རམ་གྱི་ཁུ་བ་དེ་ནི་རྣམ་པར་འགྱུར་བར་བྱེད་ཅིང་། གཞན་དུ་གྱུར་པ་ཉིད་དུ་འགྱུར་ཏེ། འགྱུར་པ་ཞེས་བྱ་བ་ནི་རང་གི་ངོ་བོ་ལས་གཞན་དུ་འགྱུར་བའོ། །དེས་ན་དེའི་ཚེ་བསིལ་བ་ཡིན་པ་ལས། ཚ་བར་འགྱུར་བ་དང་། ཡང་བ་ལས་ལྕི་བར་འགྱུར་བ་དང་། འཁྲུ་བ་ཡིན་པ་ལས་མཁྲེགས་པར་འགྱུར་བ་སྟེ། འདི་དག་ནི་དེའི་འགྱུར་བ་ཡིན་ནོ། །དེ་ལ་གོང་དུ་ཚ་བ་ཞེས་སྨོས་པ་ནི་གང་ལ་ཚ་བ་ཡོད་པ་དེ་ནི་ཚ་བ་སྟེ། ཕོ་བའི་མེ་དྲོད་དང་ཕྲང་ནས་གང་འཇུ་བར་གྱུར་པ་དེ་ནི། འཇུ་བའི་གནས་སྐབས་ཕྱེད་ཞུ་ཙམ་དུ་ གྱུར་པ་ན། རྣམ་པར་ཚ་ཞིང་མཁྲིས་པ་སྐྱེད་པར་བྱེད་པས་ཡུན་རིང་དུ་གནས་ཀྱི་མྱུར་དུ་འཇུ་བར་མི་བྱེད་དོ། །དེ་ནི་ལྕི་བ་ཡིན་པའམ། དངོས་པོའི་རང་གི་རང་བཞིན་ཡིན་པས་ན། དེ་ཚ་བ་དང་ལྡན་པ་ཡིན་ནོ། །ཞེས་སྨན་དཔྱད་ཀྱི་ལུང་ལ་བརྟེན་པ་རྣམས་འཆད་དོ། །དེ་ལ་ཁ་ར་དཀར་ པོའི་ཤིང་། །བསིལ་དང་མངར་བས་མཆོག་ཡིན་ལ། །ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་བུ་རམ་ཤིང་དེ་རྣམས་ཀྱི་ནང་ནས་ཁ་ར་དཀར་པོའི་བུ་རམ་ཤིང་ནི་བསིལ་ཞིང་དྲི་མ་མེད་པ་དང་། མངར་བས་མཆོག་སྟེ་དམ་པ་ཡིན་ནོ། །དེས་ན་འདི་ནི་ཕུལ་དུ་བྱུང་བ་ཉིད་ཡིན་ནོ། །དེ་ཡི་འོག་མ་ སྦུབས་ཅན་ཡིན། །ཞེས་བྱ་བ་ནི། ཁ་ར་དཀར་པོའི་ཤིང་དེ་ལས་བང་ཤི་ཀ་ཞེས་བྱ་བའི་བུ་རམ་ཤིང་སྦུབས་ཆེ་བ་བསིལ་བ་ལ་སོགས་པའི་ཡོན་ཏན་ཆུང་བ་ཡིན་ཏེ། བསིལ་བ་ལ་སོགས་པའི་ཡོན་ཏན་ཉུང་ཟད་ཅིག་དང་ལྡན་ཞེས་བྱ་བའི་དོན་ཏོ། །ཚིགས་བརྒྱ་པ་དང་ཀན་ཏ་ར། །བལ་ ཡུལ་སྐྱེས་སོགས་དེ་ལས་རིམ། །ཅུང་ཟད་ཚྭ་བྲོ་བསྐ་བ་དང་། །དྲོ་བཅས་ཅུང་ཟད་ཚ་བ་སྐྱེད། །ཅེས་བྱ་བ་ལ། ཚིགས་བརྒྱ་པ་ལ་སོགས་པའི་བུ་རམ་ཤིང་རྣམས་ནི། རིམ་གྱིས་འོག་ནས་འོག་ཏུ་བསིལ་བ་ལ་སོགས་པའི་ཡོན་ཏན་དམན་པ་ཡིན་ཏེ། སྦུབས་ཅན་དེ་ལས་ཡོན་ཏན་ཚིགས་བརྒྱ་ པ་དམན་པ་ཡིན་ལ། དེ་བས་ཀྱང་ཀན་ཏ་རའི་ས་བྱ་བའི་བུ་རམ་ཤིང་ཕྲ་མོ་ཞིག་ཡོད་པ་དམན་པ་ཡིན་ལ། དེ་བས་ཀྱང་བལ་ཡུལ་གྱི་དམན་པ་ཡིན་ཏེ། དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །དེ་རྣམས་ཀྱང་ཅུང་ཟད་ལན་ཚྭ་བྲོ་བ་དང་། ཅུང་ཟད་བསྐ་བ་དང་། ཅུང་ཟད་དྲོ་བ་ དང་། ཅུང་ཟད་ཚ་བ་སྐྱེད་པའི་ངང་ཚུལ་ཅན་ཡིན་ནོ། །སྦུ་བ་ཅན་ལྕི་བད་ཀན་སྐྱེད། །སོགས་བྱེད་གཅིན་ནི་སྦྱོང་བྱེད་ཡིན། །ཞེས་བྱ་བ་ལ། སྦུ་བ་ཅན་ཞེས་བྱ་བ་ནི་བུ་རམ་ཕྲ་མོ་དག་གི་ཛི་རྣམ་གྲངས་ཡིན་ཏེ། དེ་ནི་ལྕི་བ་དང་། བད་ཀན་སྐྱེད་ཅིང་འཁྲུགས་པར་བྱེད་པ་དང་། སོགས་བྱེད་ཅེས་བྱ་བ་ཉེས་པ་གསུམ་སོགས་ཤིང་སྡུད་པར་བྱེད། །ཅེས་བྱ་བའི་དོན་ཏོ། །དེ་བཞིན་གཅིན་ནི་སྦྱོང་བྱེད་ཡིན། །ཞེས་བྱ་བ་ནི། གཅིན་སྦྱོང་ཞིང་དྲི་མ་མེད་པར་བྱེད་པའམ། ཡང་ན་གཅིན་མང་པོ་འབྱིན་པར་བྱེད་པ་ཡིན་ནོ། །དཀར་པོ་བད་ཀན་ཆེར་མི་སྐྱེད། ། བཤང་དང་གཅི་བ་བདེ་བར་འབྱིན། །ཞེས་བྱ་བ་ལ། བུ་རམ་སྐམ་པོ་དང་པོ་བསྐོལ་བ་ན། །རྙོག་པ་དང་བྲལ་བར་བྱས་པ་ནི། བད་ཀན་ཆེར་མི་སྐྱེད་ཅེས་པ་སྟེ། བད་ཀན་ཅུང་ཟད་ཙམ་ཞིག་སྐྱེད། །ཅེས་བྱ་བའི་དོན་ཏེ། །དེ་བཞིན་དུ། བཤང་དང་གཅི་བ་བདེ་བར་འབྱིན། །ཞེས་ བྱ་བ་སྟེ། བཤང་བ་དང་གཅི་བ་བདེ་བླག་ཏུ་ཕྱི་རོལ་དུ་འབྱིན་ཞིང་འབྱུང་བར་བྱེད་པ་ཡིན་ནོ། །དམར་ནག་ཕལ་ཆེར་སྲིན་བུ་ཁྲག །རྐང་ཚིལ་ཤ་དང་བད་ཀན་སྐྱེད། །ཅེས་པ་ནི། བུ་རམ་དམར་ནག་རྙོག་པ་ཅན་ནི་ཁོང་པའི་འབུ་སྲིན་མང་དུ་སྐྱེད་པ་ལ་སོགས་པ་བྱེད་པ་ཡིན་ནོ། །རྙིང་ པ་ཡིད་འོང་ཕན་པ་ཡིན། །ཞེས་བྱ་བ་ནི། བུ་རམ་རྙིང་པ་ལོ་མང་པོ་ལོན་པ་ནི་ཡིད་དུ་འོང་། ཞེས་བྱ་བ་སྟེ། ཡི་གར་འོང་ཞིང་སེམས་དགའ་བར་བྱེད་པ་དང་། དེ་བཞིན་དུ་ཕན་པ་སྟེ། ལུས་ཟུངས་རྣམས་དང་། གནོད་པ་རྣམས་ལ་ཕན་པ་ཡིན་ནོ། །སར་པ་དྲོད་འབྲི་བད་ཀན་སྐྱེད། །ཅེས་ བྱ་བ་ནི། བུ་རམ་སར་པ་དག་ནི་བད་ཀན་སྐྱེད་ཅིང་མེའི་དྲོད་འབྲི་བ་ཡིན་ནོ། །ཧྭགས་དང་ཁཎྜ་ཁ་ར་དཀར། །རིམ་གྱིས་ཡོན་ཏན་ཆེ་བ་སྟེ། །རོ་ཙ་གློ་གཅོང་གློ་རྡོལ་དང་། །ཁྲག་དང་མཁྲིས་པ་རླུང་སེལ་ཡིན། །ཞེས་བྱ་བ་ལ། ཧྭགས་ཞེས་བྱ་བ་ནི་བུ་རམ་གྱི་དངས་མའི་ཤ་ཁ་ར་ སྟེ། ག་ལ་ཞེས་མིང་དུ་གྲགས་པའོ། །ཁཎྜ་ནི་དེ་ལས་ཀྱང་དངས་ཤིང་དྲི་མ་མེད་པའོ། །ཁ་ར་དཀར་པོ་ནི་དེ་བས་ཀྱང་ཆེས་དངས་ཤིང་རྙོག་པ་མེད་པའི་ཁ་ར་དཀར་པོའོ། །དེ་ལྟར་ན་རིམ་གྱིས་ཡོན་ཏན་ཆེ་བའོ། །དེ་དག་ནི་རོ་ཙ་བ་སྟེ་ཁུ་བ་འཕེལ་བར་བྱེད་པ་ དང་། གཅོད་དང་གློ་རྡོལ་བ་ལ་སོགས་པ་ལ་ཕན་པ་ཡིན་ནོ། །ཡ་བ་ཀ་ར་ཚ་ཞིང་མངར། །བསྐ་སྟེ་ཡོན་ཏན་དེ་དང་འདྲ། །ཞེས་བྱ་བ་ནི། ཡ་བ་ཀ་ར་ཞེས་འཇིག་རྟེན་ན་གྲགས་པ་ཡིན་གྱི། གཞན་དུ་ན་ཡ་ཤཱ་བ་ར་ཞེས་བྱའོ། །ལ་ལ་དག་ནི་བྱི་ཚེར་བའི་ཁུ་བ་ལས་བྱེད་དོ། །ཞེས་ ཟེར་རོ། །དེའི་ཡོན་ཏན་ཡང་རོ་ཚ་བ་དང་། མངར་བ་དང་། བསྐ་བའི་རྒྱུས་ཧྭགས་ལ་སོགས་པ་དེ་དང་འདྲ་ཞིང་མཚུངས་པ་ཡིན་ནོ། །ཁ་ར་དཀར་ཀུན་ཚ་དང་སྐོམ། །སྐྱུགས་བྲོ་བརྒྱལ་དང་ཁྲག་མཁྲིས་སེལ། །ཞེས་བྱ་བ་ལ། ཁ་ར་འདི་དག་དང་ཁ་ར་གཞན་གང་དག་ཡོད་པ་དེ་ ཐམས་ཅད་ནི་ཚ་བ་ལ་སོགས་པ་སེལ་ཞིང་འཇོམས་པ་ཡིན་ནོ། །བུ་རམ་ཤིང་གདུས་ཁ་ར་དང་། །སྦུ་བ་ཅན་མཆོག་ཐ་མ་ཡིན། །ཞེས་བྱ་བ་ལ། བུ་རམ་ཤིང་གདུས་པ་ནི་བུ་རམ་ཤིང་གི་ཁུ་བ་གདུས་པ་རྣམས་ཀྱི་ནང་ན་ཁ་ར་ནི་མཆོག་ཡིན་ལ། དབུ་བ་ཅན་ཞེས་པ་བུ་རམ་ཕྲ་མོ་རྙོག་པ་ཅན་ ནི་ཐ་མ་ཡིན་ནོ། །སྦྲང་རྩི་མིག་ཕན་གཅོད་སྐོམ་དང་། །བད་ཀན་སྐྱིགས་བུ་ཁྲག་མཁྲིས་འཇོམས། །ཚིལ་ཆེན་མཛེ་ནད་གཅིན་ནད་སྐྱུག། ལུད་པ་དབུགས་མི་བདེ་ཚད་སེལ། །རྨ་སྦྱོང་རྨ་འཚོ་ཆག་གྲུགས་འབྱོར། །རླུང་ནི་སྐྱེད་པར་བྱེད་པ་ཡིན། །རྩུབ་ཅིང་བསྐལ་མངར་བ་ སྟེ། །སྦྲང་རྩིའི་ཁཎྜ་དེ་དང་འདྲའོ། །ཞེས་བྱ་བ་ལ། སྦྲང་རྩི་དག་ནི་མིག་ལ་ཕན་ཞིང་བསོད་པ་ཡིན་པ་དང་། གཅོད་པ་ཞེས་བྱ་བའི་ངང་ཚུལ་ཅན་ཡིན་པ་སྟེ། བད་ཀན་དང་མདུད་པ་ལྟར་འདྲིལ་ཏེ་གནས་པ་དེ། རང་གི་མཚན་ཉིད་རྣོ་བ་ལས་གཅོད་ཅིང་འཇིག་པར་བྱེད་པ་ཡིན་པ་དང་། དེ་བཞིན་དུ་སྐོམ་པ་ལ་སོགས་པ་སེལ་ཞིང་འཇིག་པར་བྱེད་པ་དང་། དེ་བཞིན་དུ་མཛེ་ནད་དང་གཅིན་ནད་ལ་སོགས་པ་ལ་ཕན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་རྨའི་རྣགས་པ་དང་། འདྲུལ་བ་ལ་སོགས་པ་སྦྱོང་བར་བྱེད་པས་ན། རྨ་སྦྱོང་ཞེས་བྱ་བ་ལ། འདིར་འཚོ་བར་བྱེད་པས་ན་རྨ་ འཚོ་སྟེ། པགས་པ་འཚོབ་ཅིང་མདོག་མ་ཉམས་པར་བྱེད་པའོ། །ཆག་གྲུགས་འབྱོར་པ་ནི་འདིས་རྨ་གཉིས་གཅིག་ཏུ་འབྱོར་པ་དང་། ཆག་པ་འབྱོར་པར་བྱེད་པས་ན་དེ་སྐད་ཅེས་བྱའོ། །རླུང་སྐྱེད་པར་བྱེད་པ་ནི་རླུང་གི་ནད་འཁྲུགས་པར་བྱེད་པའོ། །དེ་བཞིན་དུ་རྩུབ་པ་ དང་། རོ་བསྐ་བ་དང་མངར་བ་ཡིན་ནོ། །སྦྲང་རྩིའི་ཁཎྜའང་དེ་དང་འདྲ། །ཞེས་བྱ་བ་ནི། སྦྲང་རྩིའི་ཡོན་ཏན་ཇི་སྙེད་ཡོད་པ་དེ་ཐམས་ཅད་སྦྲང་རྩིའི་ཁཎྜའི་ཡོན་ཏན་ཡང་ཡིན་པས་ན། དེ་གཉིས་ཡོན་ཏན་མཚུངས་ཤིང་འདྲ་བ་ཡིན་པས་ཤེས་པར་བྱའོ། །ཚ་ཞིང་ཚས་ གདུངས་ཚ་བར་ལྡན། །ཚ་བ་དེས་ནི་བསོད་པར་འགྱུར། །ཞེས་བྱ་བ་ནི། སྦྲང་རྩི་དེ་ཚ་ཞིང་ཞེས་པ། མེ་ལ་སོགས་པས་བསྲོས་ན། དེས་མི་བསོད་ཅིང་འཇོམས་པར་འགྱུར་རོ། །དེ་བཞིན་དུ་ཚ་གདུངས་ཞེས་པ། ཉི་ཚན་ལ་སོགས་པ་ཚ་བས་གདུངས་པའི་སྦྲང་རྩིས་བསོད་ པར་བྱེད་དོ། །དེ་བཞིན་དུ་ཚ་བར་ལྡན་ཞེས་བྱ་བ་ཚ་བའི་དུས་སམ། ཚ་བའི་ཡུལ་དུ་སྦྲང་རྩི་ཟོས་ན་མི་བསོད་བར་བྱེད་དོ། །དེ་བཞིན་དུ་ཚ་བ་ཞེས་བྱ་བ། མེ་ལ་སོགས་པས་བསྐོལ་ཞིང་ཚ་བར་བྱས་པའི་སྨན་དང་ལྷན་ཅིག་སྦྲང་རྩི་ཟོས་ན་ཡང་མི་བསོད་པར་བྱེད་དོ། །སྐྱུགས་སྨན་ སྨན་མར་མས་གཏོང་ལ། །སྦྲང་རྩི་དྲོ་བ་བཀག་པ་མེད། །ཅེས་བྱ་བ་ལ། སྦྲང་རྩི་དྲོ་བ་དག་ཀྱང་སྐྱུགས་སྨན་གཏོང་བ་དང་། སྨན་མར་མས་གཏོང་བ་ལ་དགག་པ་མེད་དེ། གང་ཕྱིར་དེ་ནི་མི་འཇུ་བར། །མྱུར་དུ་ལྡོག་བར་འགྱུར་ཕྱིར་རོ། །ཞེས་བསྡུས་པ་ལས་གཏན་ཚིགས་ བཤད་པ་ཡིན་ནོ། །བུ་རམ་ཤིང་གི་སྡེ་ཚན་ནོ།། །།འབྲུ་མར་རང་གནས་ལྟ་བུ་ཡིན། །དེ་ལ་ཏིལ་མར་ཏིལ་དང་མཚུངས། །གཙོ་བོ་རྣོ་ཞིང་ཁྱབ་པ་ཡིན། །པགས་པའི་ཉེས་སེལ་མིག་ལ་གནོད། །ཚ་ཞིང་རྣོ་ལ་བད་ཀན་སེལ། །སྐེམ་པོ་དག་ནི་ཤ་སྐྱེད་ཅིང་། །སྦོམ་ པོའི་ཤ་འབྲི་མཁྲེགས་པར་འོང་། །རྟུག་འགགས་སྲིན་བུ་འཇོམས་པ་དང་། །སྦྱར་བས་ནད་རྣམས་ཐམས་ཅད་སེལ། །ཨེ་རཎྜའི་མར་ཚ་ཞིང་ཁ། །ཞུ་རྗེས་མངར་ལྕི་འཁྲུ་བ་ཡིན། །རླིག་རླུགས་སྐྲང་རླུང་བད་ཀན་དང་། །ལྟོ་ནད་ལྡང་དུབ་རིམས་རྣམས་སེལ། །འོར་ནད་སྐེད་པ་ གས་པ་དང་། །ལྟོ་བ་རོ་རྒྱབ་ནད་ལ་ཕན། །ཨེ་རཎྜ་ནི་དམར་པོའི་མར། །རྣོ་ཚ་དྲི་ང་རབ་འབྱིལ་འགྲེང་། །ཡུངས་མར་ཚ་དྲོ་རྣོ་བ་དང་། །བད་ཀན་རླུང་སེལ་ཁུ་བ་འབྲི། །ཡང་ཞིང་ཁྲག་མཁྲིས་སྐྱེད་བྱེད་ལ། །ཤ་བཀྲ་མཛེ་འབྲུམ་རྨེན་བུ་སེལ། །བ་རུ་རའི་ མངར་བསིལ་ཞིང་ལྕི། །སྐྲན་སྐྱེད་རླུང་དང་མཁྲིས་པ་སེལ། །ནིམ་མར་རབ་ཏུ་ཚ་མིན་ཁ། །ལྟོ་སྲིན་མཁྲིས་པ་བད་ཀན་སེལ། །ཟར་མ་ལེ་བརྒན་རྩི་ཡི་མར། །དྲོ་ཞིང་པགས་ནད་བད་མཁྲིས་སྐྱེད། །ཞག་དང་རྐང་ནི་རླུང་འཇོམས་ཤིང་། །སྟོབས་དང་ཁུ་ཆུ་བད་ཀན་སྐྱེད། ། ཤ་ནི་རང་དངོས་རྗེས་མཐུན་ལ། །ཚིལ་ཡང་དེ་དག་འདྲར་ཤེས་བྱ། །ཏིལ་མར་ལ་སོགས་པའི་སྡེ་ཚེན་ནོ།། །།ཆང་གི་སྡེ་ཚན་བརྩམས་པའི་དགོས་པ་ནི། ཆང་ནི་ནད་མེད་པར་བྱེད་པ་དང་། །མེའི་དྲོད་སྐྱེད་ཅིང་ཡི་ག་འབྱེ་བ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་རྣམས་དང་ལྡན་པའི་ ཕྱིར་བསྟན་པ་ཡིན་ནོ། །དེ་ཡང་ཏིལ་མར་དང་ཐུན་མོང་གི་ཡོན་ཏན་ཅུང་ཟད་ཡོད་པས། ཏིལ་མར་ལ་སོགས་པའི་འོག་ཏུ་ཆང་ཐམས་ཅད་ཀྱི་སྤྱིའི་ཡོན་ཏན་སྨོས་པ་ནི། ཆང་ནི་དྲོད་འབར་ཡིག་འབྱེད། །རྣོ་ཞིང་དྲོད་སྐྱེད་ཁོང་བརྟ་དགའ། །མངར་བཅས་ཁ་ཞིང་ཚ་བ་དང་། །ཞུ་རྗེས་ སྐྱུར་ཞིང་ཅུང་ཟད་འཁྲུ། །བསྐ་བཅས་གདོངས་སྙན་ནད་མེད་དང་། །སྤོབས་སྐྱེད་མདོག་འགྱུར་ཁོང་ཡང་ལ། །གཉིད་མེད་པ་དང་གཉིད་ཆེ་ལ། །ཕན་ཞིང་ཁྲག་དང་མཁྲིས་པ་སྐྱེད། །རིགས་འཐུངས་སྐེམ་དང་སྦོམ་ཕན་ཞིང་། །རྩུབ་རྣོ་ལུས་སྒོ་ཁྱབ་ཅིང་སྦྱོང་། །རླུང་དང་བད་ཀན་སེལ་ བ་ཡིན། །གཞན་དུ་བསྟེན་ན་དུག་དང་མཚུངས། །ཞེས་བྱ་བ་འདི་ནི་ཆང་ཐམས་ཅད་ཀྱི་ཐུན་མོང་གི་ཡོན་ཏན་བརྗོད་པ་ཡིན་ཏེ། དེ་ལ་ཆང་ངོ་ཅོག་ཐམས་ཅད་ནི་དྲོད་འབར་བར་བྱེད་ཅིང་མེའི་ཤས་བསྐྱེད་པས་ན་དྲོད་འབར་རོ། །ཡི་ག་འབྱེ་ཞིང་ཟས་ལ་སྲེད་པ་སྐྱེ་བས་ན། ཡི་ག་འབྱེད་ཅེས་བྱ་ སྟེ། འབྲས་ཆན་ལ་སོགས་པ་འདོད་པ་སྐྱེད་པའོ། །རྣོ་བ་ནི་ལུས་ཟུང་རྣམས་སྤྱོད་པར་བྱེད་ཅིང་། ཚིགས་ཀྱི་མཚམས་འབྱོར་དམ་པོ་ལྷོད་པར་བྱེད་པའོ། །དྲོད་སྐྱེད་པ་ནི་ནུས་པ་དང་ལྡན་པ་དང་། ཁོང་བརྟ་བ་ནི་ལུས་རྒྱས་པར་བྱེད་བའོ། །དགའ་བ་ནི་སེམས་མགུ་བར་བྱེད་པའོ། །མངར་ བཅས་ཁ་ཞིང་ཚ་དང་བཅས། །ཞེས་བྱ་བ་ནི། རོ་ཅུང་ཟད་མངར་བ་དང་། ཅུང་ཟད་ཁ་བ་དང་། དེ་བཞིན་དུ་ཞུ་བའི་རྗེས་དང་། རོ་ཅུང་ཟད་སྐྱུར་བ་ཉིད་ཡིན་པ་དང་། འཁྲུ་བ་སྟེ་ཁོང་འཁྲུ་བར་བྱེད་པ་དང་། བསྐ་བཅས་ཞེས་བྱ་བ། ཅུང་ཟད་བསྐ་བའི་རོ་དང་ལྡན་པའོ། །དེ་བཞིན་དུ་ གདངས་སྙན་པར་བྱེད་པའང་ཡིན་ཏེ། གདངས་སྙན་པ་ནི་ཚིག་གསལ་ཞིང་གདངས་མཐོ་བའོ། །ནད་མེད་པ་ནི་ཐ་མལ་པར་གནས་པ་ཉིད་དེ། དེ་བྱེད་པ་དང་། སྤོབས་པ་ནི་སྨྲ་བ་ལས་ཞུམ་པ་མེད་པར་འགྱུར་བ་དང་། མདོག་སྟེ་མདངས་དང་ལྡན་ལ་ཡང་བ་ཉིད་དང་། གཉིད་མེད་པ་དང་། གཉིད་ཆེ་བ་ལ་ཕན་ཞིང་བསོད་པ་ནི་ཆང་ཐམས་ཅད་མ་ཡིན་གྱི། གང་བད་ཀན་ལ་སོགས་པ་འཕེལ་བར་བྱེད་པ་ནི་གཉིད་མེད་པ་ལ་ཕན་ཏེ། དཔེར་ན་འབྲུའི་ཆང་ལ་སོགས་པ་ལྟ་བུའོ། །ཆང་ལ་ལ་ནི་གཉིད་ཆེ་བ་ལ་ཕན་ཏེ། གང་བད་ཀན་ལ་སོགས་པ་སེལ་བར་བྱེད་པ་སྦྲང་ཆང་ལ་ སོགས་པ་ལྟ་བུའོ། །ཡང་ན་མཐུ་ཉིད་ཀྱིས་ཆང་ཐམས་ཅད་གཉིད་མེད་པ་དང་། གཉིད་ཆེ་བ་ལ་ཕན་ནོ། །ཁྲག་དང་མཁྲིས་པ་སྐྱེད་པ་ནི་ཁྲག་དང་མཁྲིས་པའི་ནད་སེལ་བར་བྱེད་པའོ། །རིགས་འཐུངས་སྐེམས་དང་སྦོམ་ཕན་ཞིང་། །ཞེས་པ་ནི་མི་སྐེམ་པོ་དང་ཚོ་ཞིང་སྦོམ་པ་ལ་ཕན་ཞིང་ བསོད་པ་ཡིན་ནོ། །ཞེས་སྤྱིར་སྨོས་སུ་ཟིན་ཀྱང་ཆང་ལ་ལ་ནི་སྐེམ་པ་ལ་ཕན་པ་ཡིན་ལ། ཆང་ལ་ལ་ནི་སྦོམ་པ་ལ་ཕན་པ་ཡིན་གྱི། སྦོམ་པ་ལ་ཕན་པ་དེ་ཉིད་སྐེམ་པ་ལ་ཕན་པ་ནི་མ་ཡིན་ནོ། །ཡང་ན་ཟས་ལ་སོགས་པ་དང་རན་པར་འཐུངས་པའི་དབང་གིས་སམ། སྦྱོར་བ་ལ་སོགས་ པའི་དབང་གིས་སམ། རྫས་ཀྱི་ནུས་པའི་དབང་གིས་ཐམས་ཅད་ཀྱང་སྐེམ་པ་དང་སྦོམ་པ་ལ་ཕན་པ་ཡིན་ནོ། །དེ་བཞིན་དུ་རྩུབ་པའི་ཡོན་ཏན་དང་ལྡན་པ་དང་། རྣོ་བ་ནི་རྩ་ཕྲ་མོ་རྣམས་ལ་འཇུག་པར་བྱེད་པའོ། །ལུས་ཀྱི་སྒོ་ཁྱབ་ཅིང་སྦྱོང་བ་ནི་བད་ཀན་དང་། རླུང་དང་། ཚིལ་དང་། དྲི་མས་ཡོངས་སུ་གང་བ་རྣམས་དྲི་མ་མེད་པར་བྱེད་པའོ། །དེ་བཞིན་དུ་དེ་རན་པར་འཐུངས་ན་རླུང་དང་བད་ཀན་དག་ཀྱང་སེལ་ཞིང་འཇོམས་པ་ཡིན་ནོ། །དེ་ལ་རན་པ་ཞེས་བྱ་བ་ནི་ཆ་མཉམ་པའི་སྦྱོར་བ་སྟེ། ཐུན་ཚོད་དང་། ཡུལ་དང་དུས་ལ་སོགས་པའི་རྣམ་པ་ཤེས་པར་བྱས་ནས། དེ་དང་ རྗེས་སུ་གང་མཐུན་པ་གང་འཐུང་བ་དེ་ནི། དེའི་རིགས་པའམ་རན་པ་ཡིན་ནོ། །དེ་ཉིད་ཀྱིས་ན་གཞུང་ལས། དེ་བས་འདི་ཡི་སྦྱོར་བཤད་པ། །གང་ཞིག་བདེར་གྱུར་འབའ་ཞིག་ཕྱིར། །ཞེས་བཤད་པ་དང་། དེ་བཞིན་དུ་ནུས་སྟོབས་དང་དུས་དང་། ཡུལ་དང་། བདག་ཉིད་ཀྱི་རང་བཞིན་གང་ཡིན་པ་དང་། མཐུན་པའི་གྲོགས་དང་། ནད་ཀྱི་ཚུལ་དང་། ན་ཚོད་ཀྱི་རིམ་པ་ཤེས་པར་བྱས་ནས། དེ་དང་རྗེས་སུ་མཐུན་པར་འཐུངས་ན་བདུད་རྩི་འཐུངས་པ་དང་མཚུངས་པ་ཡིན་གྱི། དེ་ལས་གཞན་པར་རིགས་པ་དང་མི་ལྡན་ ཞིང་། རྣམ་པར་མ་དཔྱད་པར་འཐུངས་ན་དུག་དང་མཚུངས་ཤིང་འདྲ་བ་ཡིན་ནོ། །མི་རིགས་པར་འཐུངས་པ་ནི་དམན་པའམ། ལོག་པའམ་ཧ་ཅང་མང་དུ་འཐུངས་པ་ཡིན་ནོ། །དེ་ཡང་བསྡུས་པ་ཆེན་པོ་ལས་ཆང་ལ་སོགས་པ་བསྟེན་པ་ནི་བློ་དང་བརྟན་པ་དང་། དྲན་པ་འཕྲོག་པར་བྱེད་པ་ ཡིན་ནོ་ཞེས་བཤད་དོ། །ཆང་སར་ལྕི་ཞིང་ཉེས་སྐྱེད་ཡིན། །ཆང་རྙིང་དེ་ལས་གཞན་དུ་བྱེད། །ཅེས་བྱ་བ་ལ། ཆང་དེ་ཐམས་ཅད་ལས་ཆང་སར་པ་ནི་ལྕི་ཞིང་ཉེས་པ་རྣམས་འཁྲུགས་ལ་སྐྱེད་པར་བྱེད་པ་ཡིན་ནོ། །ཆང་རྙིངས་ཤིང་གྲུངས་མར་གྱུར་པ། ཁ་དོག་དང་དྲི་དང་རོ་ཕུན་ སུམ་ཚོགས་པ་དང་ལྡན་པའི་ཆང་ཐམས་ཅད་ནི་སྔར་བཤད་པའི་ཆང་སར་པ་དེ་ལས་གཞན་དུ་བྱེད་དེ། དེ་ཡང་ཞིང་ཉེས་པ་སེལ་བར་བྱེད་པ་ཡིན་མོད་ཀྱི། འོན་ཀྱང་མཁྲིས་པ་ནི་སྐྱེད་ལ། རླུང་དང་བད་ཀན་ནི་འཇོམས་པ་ཡིན་པར་སྔར་བཤད་པ་ཡིན་ནོ། །ཚ་བའི་སྤྱོད་པར་ལྡན་མི་བཏུང་། ། སུན་ཅིང་བཀྲེས་ཉེན་ནད་པས་མིན། །ཤིན་ཏུ་རྣོ་མིན་སར་པ་དང་། །ལེགས་པར་མ་བསླངས་རྙོག་ཅན་ཡིན། །ཞེས་བྱ་བ་ནི། ཆང་དེ་ཐམས་ཅད་ཚ་ཞིང་དྲོ་བའི་ཀུན་ཏུ་སྤྱོད་པ་དང་ལྡན་པའི་སྐྱེས་བུས་བཏུང་བར་མི་བྱའོ། །དེ་ལ་སྤྱོད་པ་ཞེས་བྱ་བ་ནི་བྱ་བ་སྟེ། དེ་ཡང་ཟས་དང་སྤྱོད་ལམ་གྱི་ ཚུལ་ཏེ། ཟས་ཚ་བ་ཟོས་པའི་རྗེས་དང་། སོ་ག་ལ་སོགས་པ་ཚ་བའི་དུས་དང་། ཉི་ཚན་ལ་སོགས་པས་གདུངས་ཤིང་ཚ་བའི་སྐྱེས་བུས་བཏུང་བར་མི་བྱའོ། །དེ་བཞིན་དུ་ཆང་གིས་སུན་པས་དེའི་ཚེ། བཏུང་བར་མི་བྱ་བ་དང་། དེ་བཞིན་དུ་བཀྲེས་པས་ཉེན་ཞིང་ཟིལ་གྱིས་མནན་པའི་ མིས་མི་བཏུང་བ་དང་། དེ་བཞིན་དུ་ནད་པས་བཏུང་བར་མི་བྱ་སྟེ། དེ་བས་ན་ལུས་ཀྱི་གནས་སྐབས་ལས་དཔགས་ཏེ། ཆང་མི་བཏུང་བ་ཡང་ཡོད་པས་ཤེས་པར་བྱའོ། །དེ་བཞིན་དུ་ཤིན་ཏུ་རྣོ་ཞིང་ཚ་བས་མི་བཏུང་བ་དང་། ཤིན་ཏུ་གཞོན་ཞིང་འཇམ་པས་ནི་མི་བཏུང་བ་དང་། དེ་ བཞིན་དུ་ལེགས་པར་མ་བསླངས་པ་སྟེ། རྒུན་འབྲུམ་དང་། བུ་རམ་ཤིང་དང་། འབྲས་བུ་དང་། སྦྲང་རྩི་ལ་སོགས་པ་དང་། ཏ་ཀི་ལ་སོགས་པའི་རྩི་ཉུང་ཟད་དང་སྦྱར་ཞིང་། ཆང་དུ་ལེགས་པར་མ་རེག་པ་ཡང་བཏུང་བར་མི་བྱའོ། །རྙོག་ཅན་ཡིན་ཞེས་བྱ་བ་ནི་རྡུལ་དང་། འདམ་རྫབ་དང་། བོང་བ་དང་། རྡོའི་གསེག་མ་ལ་སོགས་པ་དང་ལྡན་པ་དང་བཏུང་བར་མི་བྱའོ། །འབྲུ་ཆང་སྐྲན་དང་དམུ་རྫིང་དང་། །རྟུག་སྐེམ་གློ་གཅོང་སེལ་བ་དང་། །རླུང་འཇོམས་ཚིལ་དང་ཁྲག་སྐྱེད་ཅིང་། །གཅིན་བདེར་འབྱིན་དང་བད་ཀན་སྐྱེད། །ཅེས་བྱ་བ་ནི། ཆང་ གང་འབྲས་སཱ་ལུ་བཏགས་པ་ལས་བྱས་པ། སྐ་ཞིང་དཀར་བ་དེའི་ཡོན་ཏན་འདི་དག་ཡིན་ཏེ། ཆང་དེས་སྐྲན་ལ་སོགས་པ་སེལ་ཞིང་འཇོམས་པ་དང་། ཚིལ་སྐྱེད་པར་བྱེད་པ་དང་། དེ་བཞིན་དུ་ལྕི་ཞིང་རླུང་འཇོམས་པར་བྱེད་པ་དང་། ཚིལ་ལ་སོགས་པ་སྐྱེད་ཅིང་འཕེལ་བར་བྱེད་དོ། །ཆང་ དངས་ཡོན་ཏན་དེ་འདྲ་བས། །ཡིད་འོང་ཡང་ཞིང་རྣོ་བ་དང་། །གཟེར་དང་ལུད་པ་དབུགས་མི་བདེ། །སྐྱུག་བྲོ་བཤང་འགགས་སྦོས་ཆམ་འཇོམས། །ཞེས་བྱ་བ་ནི། ཆང་གི་དངས་མ་སྟེང་དུ་བྱུང་བ་རྙོག་པ་མེད་པ་ཆུ་ལྟ་བུ་དེ་ལ་ནི་དངས་མ་ཞེས་བྱ་སྟེ། དེ་ཡང་ལུང་ལས། དངས་མ་ཆུ་ ཞེས་བྱ་བར་བཤད། །འཛག་བདེ་དེ་བཞིན་ཆང་ཡིན་ལ། །དེ་འོག་བསྐ་བ་ཞེས་བྱ་སྟེ། །དེ་ཡི་འོག་མ་སྙིགས་མར་བཤད། །ཅེས་འབྱུང་བ་ཡིན་ནོ། །ཆང་གི་དངས་མ་དེ་ནི་སྔ་མའི་ཆང་སྐ་བའི་ཡོན་ཏན་གང་ཡིན་པ་དེ་ཐམས་ཅད་དངས་མ་འདི་ཡང་ཡིན་པས། ཡོན་ཏན་སྔ་མ་དེ་དང་འདྲ་ བར་ཤེས་པར་བྱ་བ་དང་། དེ་ནི་ཡང་ཡིད་དུ་འོང་ཞིང་སྙིང་དགའ་བར་བྱེད་པ་དང་། དེ་བཞིན་དུ་ཡང་བ་དང་རྣོ་བས་བད་ཀན་དང་ཚིལ་ལ་སོགས་པ་སེལ་བར་བྱེད་པ་དང་། གཟེར་བ་ལ་སོགས་པ་ཡང་འཇོམས་ཤིང་སེལ་བ་ཡིན་ནོ། །བ་རུའི་ཆང་ནི་ཡང་ཞིང་ཕན། །ཤིན་ཏུ་ར་རོར་མི་འགྱུར་ཞིང་། ། རྨ་དང་སྐྱ་རྦབ་མཛེ་ནད་ལ། །ཧ་ཅང་གནོད་པར་མི་འགྱུར་ཞིང་། །ཞེས་བྱ་བ་ལ། བ་རུ་ར་ལས་སྦྱར་བའི་ཆང་ནི་བ་རུ་རའི་ཆང་སྟེ། དེ་ནི་ཡང་བ་དང་ཕན་པ་དང་། ཤིན་ཏུ་ར་རོར་མི་འགྱུར་ཞིང་། །ཞེས་པ་ཤས་ཆེར་མྱོས་པར་མི་བྱེད་པ་དང་། དེ་བཞིན་དུ་རྨ་དང་སྐྱ་ རྦབ་ཀྱི་ནད་དང་། མཛེ་ནད་དག་ལ་དེ་ཆང་གཞན་ལྟར་ཧ་ཅང་མི་གནོད་པ་ཡིན་ནོ། །རྫས་བཞིན་ཡོན་ཏན་རྗེས་མཐུན་ཆང་། །ཆང་གི་ཡོན་ཏན་ཀུན་ལས་ལྷག །ཕོ་ནད་སྐྱ་རྦབ་མཛེ་གཞང་འབྲུམ། །ལུས་སྐེམ་སྐྲང་འོར་དམུ་རྫིང་རིམས། །སྐྲན་དང་སྲིན་ནད་མཆེར་ནད་སེལ། ། རོ་ནི་བསྐ་ཞིང་ཚ་རླུང་སྐྱེད། །ཅེས་བྱ་བ་ལ། རྫས་བཞིན་ཡོན་ཏན་རྗེས་མཐུན་ཆང་། །ཞེས་བྱ་བ་ནི། རྫས་གང་བསྐོལ་ནས་བྱས་པའམ། མནན་ནས་བྱས་པ་ན། དེ་རྣམས་ཀྱི་ཡོན་ཏན་དེ་དེའི་རྗེས་སུ་འགྲོ་ཞིང་རྗེས་སུ་འབྲང་བ་སྟེ། དེའི་ཡོན་ཏན་དང་ལྡན་པར་འགྱུར་རོ། །ཞེས་བྱ་བའི་ དོན་ཏོ། །དེ་ཡང་ཆང་གི་ཡོན་ཏན་ཀུན་ལས་ལྷག་ཅེས་བྱ་བ་ཡིན་ཏེ། དྲོད་སྐྱེད་པ་ལ་སོགས་པའི་ཆང་གི་ཡོན་ཏན་ཐམས་ཅད་ལས་ཡོན་ཏན་ལྷག་ཅིང་མང་བ་ཡིན་པ་དང་། དེ་བཞིན་དུ་ཕོ་བའི་ནད་ལ་སོགས་པའི་གནོད་པ་རྣམས་སེལ་ཞིང་འཇོམས་པ་ཡིན་ནོ། །དེའི་རོ་ནི་བསྐ་བ་དང་ཚ་བ་ ཡིན་ཞིང་རླུང་སྐྱེད་པར་བྱེད་པ་ཡིན་ནོ། །རྒུན་ཆང་ནད་སྦྱོང་སྙིང་ལ་ཕན། །ཤིན་ཏུ་དྲོ་མིན་མངར་ཞིང་འཁྲུ། །མཁྲིས་རླུང་ཅུང་ཟད་སྐྱེད་སྐྱ་རྦབ། །གཅིན་ནད་གཞང་འབྲུམ་སྲིན་ནད་སེལ། །ཞེས་བྱ་བ་ལ། རྒུན་འབྲུམ་ལས་བྱས་པའི་ཆང་ནི་རྒུན་ཆང་སྟེ། དེ་ནི་ནད་སྦྱོང་ཞིང་སེལ་བ་ཡིན་ཏེ། ཤིན་ཏུ་རྣོ་བ་ཡིན་པས་བད་ཀན་ལ་སོགས་པ་སེལ་བ་ཡིན་ནོ། །སྙིང་ལ་ཕན་པ་ནི་སྙིང་དགའ་བར་བྱེད་པའོ། །ཤིན་ཏུ་དྲོ་བ་མ་ཡིན་པ་ནི་ཅུང་ཟད་དྲོ་བའོ། །མངར་བ་ནི་རོ་མངར་བའོ། །དེ་བཞིན་དུ་འཁྲུ་བར་བྱེད་པ་དང་། མཁྲིས་པ་དང་རླུང་ཅུང་ཟད་སྐྱེད་པ་ནི། ཆང་གཞན་ལ་ལྟོས་ན་སྐྱེད་པ་ཡིན་ ནོ། །དེ་བཞིན་དུ་སྐྱ་རྦབ་ལ་སོགས་པ་སེལ་བ་ཡིན་ནོ། །བུ་རམ་ཆང་ནི་གཅིན་རྟུག་འགགས། །འབྱིན་ཞིང་ངོམས་ལ་དྲོད་སྐྱེད་ཡིན། །ཞེས་བྱ་བ་ལ། བུ་རམ་ལས་བྱས་པའི་ཆང་གི་བྱེ་བྲག་གིས་ནི་བུ་རམ་ཆང་སྟེ། དེ་ནི་གཅིན་རྟུག་འགགས་པ་འབྱིན་པ་ཡིན་ཏེ། གཅིན་འགགས་པ་དང་ རྟུག་པ་དང་འཕྱེན་འགགས་པ་འབྱིན་ཞིང་ཕྱི་རོལ་དུ་བདེ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ། ཚིམ་ཞིང་ངོམས་པར་བྱེད་པ་དང་། མེའི་དྲོད་གསལ་བར་བྱེད་ཅིང་སྐྱེད་པར་བྱེད་པ་ཡིན་ནོ། །བུ་རམ་ཤིང་ཆང་རླུང་མཁྲིས་སྐྱེད། །སྣུམ་དང་བད་ཀན་ལས་བྱུང་འཇོམས། །ཚིལ་འོར་དམུ་རྫིང་ གཞང་འབྲུམ་སེལ། །དེ་ལས་ཁུ་བ་བསྐོལ་མཆོག་ཡིན། །ཞེས་བྱ་བ་ལ། བུ་རམ་ཆང་ནི་བུ་རམ་ཤིང་གི་ཁུ་བ་བསྐོལ་བ་དང་། མ་བསྐོལ་བ་ལས་བྱུང་བ་སྟེ། དེ་ཡང་ལུང་ལས། བུ་རམ་ཤིང་ཁུའི་བུ་རམ་ཆང་། །རློན་པ་ཡིས་ནི་ནུས་པ་བསིལ། །བསྐོལ་བ་བསྐོལ་མའི་ཆང་ཞེས་བྱ། ། ཞེས་བཤད་པ་ཡིན་ནོ། །བུ་རམ་ཆང་དེ་ནི་རླུང་དང་མཁྲིས་པ་སྐྱེད་པར་བྱེད་པ་ཡིན་ལ། སྣུམ་ལས་བྱུང་བ་དང་། བད་ཀན་ལས་བྱུང་བ་ནི་འཇོམས་ཤིང་སེལ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཚིལ་དང་། འོར་ནད་དང་། གཞང་འབྲུམ་དང་། སྦོས་པ་སེལ་བ་ཡིན་ནོ། །དེ་ལས་ཞེས་ པ་བུ་རམ་ཤིང་ལས་བྱུང་བའི་ཆང་གཉིས་ཀྱི་ནང་ནས་ཁུ་བ་བསྐོལ་བའི་ཆང་ནི་མཆོག་སྟེ་དམ་པ་ཡིན་ནོ། །སྦྲང་ཆང་འགྲིབ་བྱེད་རྣོ་བ་སྟེ། །གཅིན་ནད་ཆམ་པ་ལུད་པ་སེལ། །ཞེས་བྱ་བ་ནི། སྦྲང་རྩི་དང་ད་ཏ་ཀི་ལ་སོགས་པ་སྦྱར་བ་ལས་བྱས་པའི་ཆང་ནི་སྦྲང་ཆང་སྟེ། དེ་ནི་འགྲིབ་བྱེད་ཅེས་ བྱ་བ་ཚིལ་ལ་སོགས་པ་འགྲིབ་པར་བྱེད་ཅིང་། རྣོ་བ་ལས་ལུས་ཟུངས་རྣམས་སེལ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་གཅིན་ནད་དང་། ཆམ་པ་དང་ལུད་པའི་ནད་སེལ་ཞིང་རྒྱལ་བར་བྱེད་པ་ཡིན་ནོ། །ཚ་ནི་ཁྲག་མཁྲིས་བད་ཀན་དག། འཇུ་ཞིང་རླུང་ནི་སྙོམས་བྱེད་ལ། །རབ་ཏུ་ཚ་ཞིང་རྣོ་རྩུབ་ སྐྱུར། །ཡིད་འོང་ཡི་ག་འབྱེད་ཅིང་འཁྲུ། །དྲོད་སྐྱེད་རེག་ན་བསིལ་བ་དང་། །སྐྱ་རྦབ་སྲིན་སེལ་མིག་ལ་གནོད། །ཅེས་བྱ་བ་ནི། ཆང་ཐམས་ཅད་ཕལ་ཆེར་རོ་ལྔ་དང་ལྡན་པ་ཡིན་དུ་ཟིན་ཀྱང་། དུས་ལས་ཡོལ་ཞིང་གཞན་དུ་གྱུར་པ་ན། གང་གི་ཚེ་དེའི་མངར་བ་ལ་སོགས་པའི་རོ་བཞི་ ཡལ་ནས་རོ་སྐྱུར་བ་འབའ་ཞིག་ཤས་ཆེར་འཕེལ་ཞིང་བདོ་བ་དེའི་ཚེ། དེ་ནི་ཚ་ཞེས་བྱ་སྟེ། དེ་ཉིད་ཀྱིས་ན་ཆང་ཐམས་ཅད་ནི་ཞུ་བའི་རྗེས་སྐྱུར་བ་ཡིན་ནོ། །ཞེས་བསྟན་པ་ཡིན་ནོ། །དེ་ཡང་ལུང་ལས། ཤིན་ཏུ་སྐྱུར་བ་ཚ་ཞེས་བཤད་པ་ཡིན་ནོ། །དེའི་ཕྱིར་ཆང་ཐམས་ཅད་ནི་དུས་ཡུན་རིང་པོ་ ལོན་པ་དང་། ཤིན་ཏུ་སྐྱུར་བར་འགྱུར་བ་ནི་ཚ་ཞེས་བྱའོ། །ཞེས་སྨན་དཔྱད་ཀྱི་ལུང་ལ་བརྟེན་པ་རྣམས་ཟེར་རོ། །ཚ་དེ་ནི་ཁྲག་དང་མཁྲིས་པ་དང་བད་ཀན་དག་འཇུ་བར་བྱེད་ཅིང་རང་གི་གནས་ནས་སྐྱོད་པར་བྱེད་དེ། ཐ་དད་པ་ལས་འདྲེས་པ་ཡིན་པར་ ཤེས་པར་བྱའོ། །དེ་བཞིན་དུ་རླུང་སྙོམས་པར་བྱེད་པ་ཡིན་པས་ན། རླུང་ནི་སྙོམས་བྱེད་ལ་ཞེས་བྱ་སྟེ། འདིས་སྙོམས་པའམ་ཞི་བར་བྱེད་པའོ། །དེ་ཡང་ལམ་གཞན་ན་གནས་ལས་བྱུང་བ་དྲངས་ནས། རང་གི་གནས་སུ་གནས་པར་རྫས་གང་གིས་བྱེད་པ་དེ་ནི། རླུང་འཇོམས་པར་ བྱེད་པ་སྟེ། ལམ་ལོག་པ་ན་གནས་པ་རང་གི་གནས་སུ་འཇོག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་དེ་ནི་རབ་ཏུ་རྣོ་བ་དང་། རྩུབ་པ་དང་། སྐྱུར་བ་དང་། ཡིད་དུ་འོང་བ་དང་། ཡི་ག་འབྱེད་པར་བྱེད་པ་དང་། ཁོང་འཁྲུ་བ་དང་། ཕོ་བའི་མེ་དྲོད་སྐྱེད་པ་དང་། རེག་པ་བསིལ་བ་ དང་། བསྐུས་ཤིང་བྱུགས་ན་བསིལ་བར་བྱེད་པ་དང་། མིག་ལ་གནོད་པ་ཡིན་ནོ། །བུ་རམ་བུ་རམ་ཤིང་རྒུན་ཆང་། །ཚ་ནི་ཕྱི་མ་ཕྱི་མ་ཡང་། །ཞེས་བྱ་བ་ནི། བུ་རམ་ལ་སོགས་པའི་ཚ་ནི་ཕྱི་མ་ཇི་ལྟ་བ་བཞིན་དུ་ཡང་བ་ཡིན་ཏེ། དེ་ཡང་བུ་རམ་ཆང་གི་ཚ་ལས་བུ་རམ་ཤིང་གི་ཁུ་བའི་ཚ་ཡང་ བ་ཡིན་ལ། བུ་རམ་ཤིང་གི་ཁུ་བའི་ཚ་བས་ནི་ཆང་གཞན་གྱི་ཚ་བ་ཡང་བ་ཡིན་ལ། ཆང་ཐམས་ཅད་ཀྱི་ཚ་བས་ནི་རྒུན་ཆང་གི་ཚ་བ་ཡང་བ་ཡིན་པར་ཤེས་པར་བྱའོ། །སྡོང་བུ་རྩ་བ་འབྲས་སོགས་ལས། །མནན་བྱས་དེ་དང་འདྲར་ཤེས་བྱ། །ཞེས་བྱ་བ་ནི། དེ་ལ་ཚ་དེ་རྣམས་ཉིད་དང་། སྡོང་བུ་ དང་། རྩ་བ་དང་། འབྲས་བུ་ལ་སོགས་པ་མནན་པ་ལས་བྱུང་བ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །ཚ་ཤིན་ཏུ་དྲོ་བའི་ནུས་པ་དང་སྟོབས་སུ་ལྡན་པ་དང་འདྲ་བར་སྡོང་བུ་ལ་སོགས་པ་ལས་མནན་ཏེ་བྱས་པ་ཡང་དེ་དང་འདྲ་བའོ། །སོགས་པའི་སྒྲས་ནི་ཤུན་པ་དང་ལོ་མ་ལ་སོགས་པ་བསྡུའོ། ། རྡོ་གུ་སོགས་ལས་བཞུར་བ་གཞན། །དུས་ཀྱི་སྐྱུར་པོ་ཡང་ཟས་ལེན། །ཞེས་བྱ་བ་ནི། རྡོ་གུ་ལ་སོགས་པའི་ཚོད་མའི་རྣམ་པ་མནན་ནས་སྐྱུར་པོར་བྱས་པ་དེ་ནི་ཡང་བ་དང་། ཟས་ལེན་ཞིང་ཡི་ག་འབྱེད་པ་ཡིན་ལ། དེ་བཞིན་དུ་རྡོ་གུ་དང་། རྩ་བ་དང་། འབྲས་བུ་ལ་སོགས་པའི་དུས་རིང་