Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 200
Văn bản gốc(Tây Tạng)
Trang 6 / 19 (50.000 ký tự/trang)
དེ་ནི་ཡང་ཡོན་ཏན་འདྲ་བ་གཅོད་པའི་བདག་ཉིད་ཅན་ཡིན་གྱི། ཁོང་འཁྲུ་བར་བྱེད་པ་ནི་མ་ཡིན་ཏེ། ལྕི་བའི་ཡོན་ཏན་ཙམ་མཐུན་པ་ཡིན་ནོ། །བི་ད་རི་ནི་རླུང་མཁྲིས་སེལ། །གཅིན་མང་མངར་ཞིང་བསིལ་བ་ཡིན། །འཚོ་བར་བྱེད་ཅིང་ལྐོག་ནད་སེལ། །ལུས་བརྟ་རོ་ཙ་ལྕི་བཅུད་ལེན། །ཞེས་བྱ་བ་ལ། བི་ད་རི་ནི་མིང་གི་རྣམ་གྲངས། སྲི་ག་ལི་ཁ་ཞེས་བྱ་བ་ཡིན་ལ། དེ་ནི་རླུང་མཁྲིས་སེལ་བ་ལ་སོགས་པའི་ཡོན་ཏན་བྱེད་པ་དང་། འཚོ་བར་བྱེད་པ་ཞེས་བྱ་བ་དང་མདངས་འཕེལ་ཞིང་ལུས་ཟུངས་སྙོམས་པར་བྱེད་པ་དང་། ལྐོག་ནད་སེལ་བ་ལ་སོགས་པའི་མཚན་ཉིད་ཅན་ཡིན་ནོ། །ཛི་བན་ཏི་མངར་བསིལ་བ་དང་། །མིག་ལ་ཕན་ཞིང་ཉེས་གསུམ་ སེལ། །ཞེས་བྱ་བ་ལ། ཛི་བན་ཏིའི་ཚོད་མ་ནི་མངར་ཞིང་བསིལ་བའི་ནུས་པ་ལ་སོགས་པ་དང་ལྡན་པ་ཡིན་ནོ། །ཀུ་སྨན་ད་བུམ་ཤ་ཀ་ལིང་། །ཀར་ཀ་དང་ནི་ཨེར་བ་རུ། །ད་ན་དིས་ཞེས་བྱ་བ་དང་། །ད་ན་དིས་དང་ག་གོན་དང་། །ཙིན་ཏ་ཀ་དང་ཙིར་བི་ཏ། །བད་རླུང་སྐྱེད་ཅིང་འཁྲུ་ གཅིན་མང་། །བཤང་སྲི་ལྕི་ཞིང་ཞུ་རྗེས་མངར། །ཞེས་བྱ་བ་ལ། ཀུ་སྨན་ད་ལ་སོགས་པའི་ཚོད་མ་ནི། རླུང་དང་བད་ཀན་གཉིས་སྐྱེད་པར་བྱེད་པ་ལ་སོགས་པའི་མཚན་ཉིད་ཅན་ཡིན་ནོ། །དེ་ལ་ཀུ་སྨན་ད་ནི་པུ་ཤ་པ་ལ་ཞེས་བྱ་བ་ཀུ་བ་འདྲ་བ་ལ། ནང་ས་བོན་མང་པོས་གང་ བའོ། །བུམ་ཤ་ནི་ཀུ་བའི་ཤའོ། །ཀ་ལིང་ཀ་དང་ཀར་ཀ་དང་། ཨེར་བ་རུ་དང་། ལོ་མ་ཤིང་དག་ནི་ག་གོན་གྱི་རྣམ་གྲངས་ཡིན་ནོ། །འཁྲི་ཤིང་འབྲས་བུའི་ནང་ན་མཆོག །ཀུ་སྨན་ད་སྟེ་རླུང་མཁྲིས་སེལ། །གཅིན་ནད་སེལ་ཞིང་རོ་ཙར་བྱེད། །ཅེས་བྱ་བ་ ལ། ཀུ་བ་ལ་སོགས་པ་འཁྲི་ཤིང་ལ་བརྟེན་ཏེ། སྐྱེས་པའི་འབྲས་བུ་རྣམས་ཀྱི་མཆོག་ནི་ཀུ་སྨན་ད་ཡིན་ཏེ། དེ་ནི་རླུང་དང་མཁྲིས་པ་སེལ་བའི་དམ་པ་ཡིན་པ་དང་། གཅིན་ནད་ཀྱི་རྒྱུན་ལམ་སྦྱོང་ཞིང་སེལ་བར་བྱེད་པ་དང་། རོ་ཙ་བ་ཡིན་ནོ། །ག་གོན་ཤིན་ཏུ་གཅིན་མང་ཞིང་། ། ཞེས་བྱ་བ་ནི། འཁྲི་ཤིང་ལ་བརྟེན་པའི་འབྲས་བུའི་ནང་ན། ག་གོན་ནི་མཆོག་ཏུ་གཅིན་མང་བ་ཡིན་ནོ། །ཀུ་བ་ཤིན་ཏུ་རྩུབ་པ་ཡིན། །ཞེས་བྱ་བ་ནི། འཁྲི་ཤིང་ལ་བརྟེན་པའི་འབྲས་བུའི་ནང་ན། ཀུ་བ་ནི་ཤིན་ཏུ་རྩུབ་པ་ཡིན་ནོ། །ཀ་ལིང་ཀ་དང་ཨེར་བ་རུ། །ཙིར་བི་ མཁྲེགས་གཞོན་མཁྲིས་སེལ་བསིལ། །སྨིན་པ་དེ་ལས་གཞན་དུ་བྱེད། །འབྲས་བུ་རྙིང་ལུང་ལན་ཚྭར་བཅས། །མཁྲིས་སྐྱེད་བད་ཀན་རླུང་ནད་སེལ། །ཡི་ག་འབྱེ་ཞིང་དྲོ་ཡིད་འོང་། །ཧེན་ལངས་ལྟོ་སྦོས་སེལ་ཞིང་ཡང་། །ཞེས་བྱ་བ་ལ། ཀ་ལིང་ཀ་དང་ཨེར་བ་རུ་དང་། ཙི་བི་ར་ནི་མཁྲེགས་པ་སྟེ། བཤང་བ་ལ་སོགས་པ་སྲི་ཞིང་འབྱུང་བ་དཀའ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་གཞོན་པ་ཞེས་པ་མ་སྨིན་ཞིང་། རོ་དང་ནུས་པ་དང་སྨིན་པ་མ་རྫོགས་ཤིང་དང་པོ་སྐྱེས་པའི་གཞོན་ནུ་ནི་མཁྲིས་པ་སེལ་བ་ཡིན་ལ། ནུས་པ་ནི་བསིལ་བ་ཡིན་ནོ། །སྨིན་ པ་ནི་དེ་ལས་གཞན་དུ་བྱེད་བར་ཤེས་པར་བྱ་སྟེ། མཁྲིས་པ་སྐྱེད་པ་དང་ནུས་པ་ཚ་བ་ཡིན་ནོ། །དེས་ན་གཞོན་ནུ་ལས་གོ་བཟློག་པར་ཤེས་པར་བྱའོ། །འབྲས་བུ་རྙིང་པ་ནི་འཁྲི་ཤིང་ལ་བརྟེན་པའི་འབྲས་བུའི་ལུང་སྟེ། གང་ན་ཀ་ལིང་གའམ། ཨེར་བ་རུའམ། ཙིར་བི་ར་དེ་ གསུམ་གྱི་ལུང་དེངས་ཤིང་རྙིངས་པར་གྱུར་པ་སྨིན་པ་ལས་ཀྱང་ཐལ་བར་གྱུར་པ་དེ་ནི་ལན་ཚྭར་བཅས་ཞེས་བྱ་བ་ཅུང་ཟད་ལན་ཚྭ་བྲོ་བ་དང་། དེ་བཞིན་དུ་མཁྲིས་པ་སྐྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ཧེན་ལངས་ཤིང་ལྟོ་སྤོས་པ་ནི་ནང་ན་མདུད་པར་འཆས་པ་སྙམ་བྱེད་ ཅིང་གྱེན་དུ་ལྡང་བ་དང་། ཟུག་གཟེར་དང་བཅས་པས་ཤིང་མཁན་གྱི་ཐོ་བ་ལྟ་བུ་སྐྱེས་པ་སྙམ་བྱེད་པ་སྟེ། དེ་ནི་ཧེན་ལངས་ཤིང་ལྟོ་སྦོས་པའི་ནད་གཞིའི་སྐབས་ནས་བཤད་པ་ཡིན་ནོ། །དེ་ཡང་གཞུང་གཞན་དག་ལས། ཐོ་བ་ལྟ་བུར་སྲར་གྱུར་ཅིང་། །གྱེན་དུ་རྒྱ་ཆེར་ལྡང་བ་དང་། ། རླུང་གིས་ལྟོ་སྦོས་ཞེས་བྱ་སྟེ། །ཕྱིར་འབྱུང་ལམ་ནི་འགགས་བྱེད་ཡིན། །ཞེས་བཤད་པ་ཡིན་ནོ། །པད་རྩ་རྩ་བ་ཨུཏྤལ་རྩ། །ཀུ་མུ་ཨུཏྤལ་ཆུ་བ་དང་། །ཆུས་པ་ཤ་ལུ་ཀ་ཏ་དང་། །སྲིང་ག་དང་ག་ཤྲུ་རུ་ཀ །ཀྲོན་ཛ་ད་ན་ཀ་ལོ་ད། །རྩུབ་ཅིང་བཤང་སྲི་བསིལ་ཞིང་ལྕི། ། ཞེས་བྱ་བ་ལ། པདྨའི་རྩ་ལག་གི་སྡོང་བོ་ནས། ཀ་ལོ་དའི་བར་གྱི་ཚོད་མ་ནི་རྩུབ་པའི་ཡོན་ཏན་དང་ལྡན་པས་ན་རྩུབ་པའོ། །བཤང་བ་སྲི་བ་ནི་འཁྲུ་བ་ལས་གོ་བཟློག་པའོ། །དེ་ཡང་སྨན་དཔྱད་ཀྱི་ལུང་ལས། བཤང་བ་ལ་སོགས་འཇིག་བྱེད་ཅིང་། །གོང་པོ་མེད་བྱེད་གང་དེ་ འཁྲུ། །དེ་ལས་བཟློག་པ་བཤང་འགགས་ཏེ། །དེ་ནི་སྲི་བ་ཞེས་བྱར་བཤད། །ཅེས་བཤད་པ་ཡིན་ནོ། །བསིལ་བ་ནི་ནུས་པའོ། །ལྕི་བ་ནི་ཡོན་ཏན་ཡིན་ནོ། །པདྨའི་རྩ་ལག་ནི་པདྨའི་རྩ་བ་ཕྲ་མོའོ། །གཞན་དག་ནི་པདྨའི་རྩ་བའི་མྱུ་གུ་ཡིན་ནོ་ཞེས་ཟེར་རོ། །པདྨའི་རྩ་བ་དེ་ཉིད་ཀྱི་ སྦོམ་པོ་ནི་པདྨའི་རྩ་བའོ། །ཤ་ལུ་ཀ་ནི་པདྨའི་རྩ་བ་ཉིད་དོ། །ཨུཏྤལ་དང་ཀུ་མུ་དའི་རྩ་བ་དང་། ཆུ་བ་གང་ཡིན་པ་ནི་ཀུན་ནས་ཁྱབ་པར་གནས་པའོ། །ཀ་ལོ་ད་ནི་ཨུཏྤལ་ཐུང་ངུའོ། །ཀྲོན་ཛ་ད་ན་ནི་ཀ་ན་ད་ལའོ། །དེ་དག་ནི་རྩུབ་པ་དང་བཤང་གཅི་འགགས་ཤིང་སྲི་བ་དང་། བསིལ་ ཞིང་ལྕི་བ་ཡིན་ནོ། །ཀ་ལམ་པ་དང་ན་ལི་ཀ །མར་ཤེ་ཞེས་ནི་བྱ་བ་དང་། །ཀུ་ཏི་ན་ཛ་ར་ཀུ་ཁ། །སེང་ཕྲོམ་ཡུངས་མ་ལོ་ནི་ཀ །ཀ་རུ་ད་ཀ་ག་པེ་རུ། །འཚོ་བྱེད་དང་ནི་ཛུན་ཛུ་དང་། །ཨེ་ད་ག་ཛ་དག་དང་ནི། །ཡ་བ་ཤ་ཀ་ལྕམ་པ་དང་། །ཨ་ལུ་ཀ་སོགས་ཐམས་ཅད་དང་། །སྲན་ ལོ་ཤིང་མངར་ལོ་མ་དག །མངར་ཞིང་རྩུབ་ལ་ལན་ཚྭ་བྲོ། །བད་ཀན་རླུང་སྐྱེད་ལྕི་བ་དང་། །བསིལ་ཞིང་བཤང་གཅི་འབྱུང་སླ་བྱེད། །ཕལ་ཆེར་ཞུ་ནས་བཤང་གཅི་མཁྲེགས། །ཚོས་ཤིང་ཁུ་བ་ལེགས་བཙིར་ལ། །མར་ཆེར་བཏབ་བ་ཉེས་མི་སྐྱེད། །ཅེས་བྱ་བ་ལ། ཀ་ལམ་པ་ནས་ ནགས་མའི་བར་གྱི་ཚོད་མ་ནི་རོ་མངར་བ་དང་། རྩུབ་པའི་ཡོན་ཏན་དང་ལྡན་པ་དང་། ཅུང་ཟད་ལན་ཚྭ་བྲོ་བ་དང་། བད་ཀན་དང་རླུང་སྐྱེད་པར་བྱེད་པ་དང་། དེ་བཞིན་དུ་ལྕི་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་། ཕལ་ཞེས་པ་མང་དུ་སྟེ། འདི་དག་ནི་ནང་ནས་ཚོད་ མའི་ཁྱད་པར་ལ་ལ་ནི་རང་བཞིན་འདི་ལྟ་བུ་མ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་སྒྲ་སྨོས་པ་ཡིན་ནོ། །ཡང་ཀ་ལམ་པ་ལ་སོགས་པའི་ཚོད་མ་དེ་རྣམས་ཀྱང་། ཚོས་ཤིང་ཞེས་པ་ལེགས་པར་ཚོས་པར་བྱས་པ་དང་། དེ་བཞིན་དུ་ཁུ་བ་ལེགས་པར་བཙིར་བ་ཞེས་བྱ་བ། ཚོས་པར་ བྱས་པའི་འོག་ཏུ་ལག་པས་ཁུ་བ་ལེགས་པར་བཙིར་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །མར་ཆེར་བཏབ་པ་ཞེས་བྱ་བ་ནི་སྣུམ་ཤས་ཆེར་བཏབ་བ་དང་ལྡན་པའོ། །ཉེས་མི་སྐྱེད་ཅེས་བྱ་བ་ནི་ནད་ཀྱི་ཉེས་པ་རྣམས་ཤིན་ཏུ་བསྐྱེད་པ་མ་ཡིན་ནོ་ཞེས་པའི་དོན་ནོ། །འདི་རྣམས་ ཀྱང་མིང་གི་རྣམ་གྲངས་དང་། ཡུལ་ཡུལ་གྱི་སྐད་དག་ལས་ཤེས་པར་བྱའོ། །འོན་ཀྱང་འདིར་ཅུང་ཟད་ཅིག་བཤད་པར་བྱ་སྟེ། ཀ་ལམ་བ་ནི་རི་ལས་སྐྱེས་པ། ཀ་ལི་ཀ་ཞེས་བྱའོ། །མར་ཤེ་ནི་གནད་རི་ཞེས་བྱའོ། །ཀུ་ཏི་ན་ཛ་ར་ནི་འབྲས་བུ་ལས་ཚོད་མར་བྱས་པའོ། །སེང་ ཕྲོམ་ནི་ཤ་བར་པ་ད་སྟེ་རོ་དའོ། །ལོ་ནི་ཀ་ནི་ཁ་ཙེ་ནཱ་ལོ་ནཱ་ར་ཞེས་གྲགས་པའོ། །ཀ་རུད་ཀ་ནི་འབྲས་བུ་ཕྲ་མོ་སྟེ། ཤི་ཏི་བར་ཞེས་བྱའོ། །ག་བེེ་དུ་ནི་འབྲུའི་བྱེ་བྲག་གཅིག་གོ། །འཚོ་བྱེད་ནི་ཛི་བན་ཏིའོ། །ཛུན་ཛུ་ནི་ཛི་ནིའོ། །ཨེ་ད་ག་ཛ་ནི་པུ་ན་ལའོ། །ཡ་བ་ཀ་ནི་ནས་ཀྱི་ནང་ནས་ སྐྱེ་བ་ཀུན་ལན་ཞེས་བྱ་བ་རྒྱ་སྣེའུའི་ཁྱད་པར་གྱི་སྣེའུ་ཚོད་དོ། །ལྕམ་པ་ནི་གྲགས་པར་ཟད་དོ། །ཨ་ལུ་ཀ་ནི་རྣམ་པ་མང་སྟེ། ཨ་ལུ་ཀ་དམར་པོ་དང་། ཨ་ལུ་ཀ་ཟླུམ་པོ་དང་། ཨ་ལུ་ཀ་ལྗང་གུ་དང་། ཨ་ལུ་ཀ་མངར་པོའོ། །སྲན་ལོ་ནི་མོན་སྲན་སྡེའུ་ལ་སོགས་པའི་འབྲུར་ གཏོགས་པའི་འདབ་མའོ། །ཤིང་མངར་གྱི་ལོ་མ་ནི་ལཤྨ་ན་ཞེས་བྱའོ། །སེང་ཕྲོམ་འདབ་མ་ཞེས་བྱ་གང་། །དེ་ནི་རྒྱ་སྣེའུ་དང་འདྲར་འདོད། །ཅེས་བྱ་བ་ལ། སེང་ཕྲོམ་ཞེས་བྱ་བ་ཙི་བ་ལི་ལོ་འདབ་ཕྲ་མོ་ཡོད་པའི་ཚོད་མ་དེ་ནི་ཡོན་ཏན་རྒྱ་སྣེའུ་དང་འདྲ་བར་འདོད་དེ། རྒྱ་སྣེའུ་ དང་ཡོན་ཏན་གྱི་ཆ་འདྲ་བའོ། །ཏར་ཀ་རི་བར་ན་མངར། །ཁ་བཅས་རླུང་དང་བད་ཀན་སེལ། །ཞེས་བྱ་བ་ལ། ཏར་ཀ་རི་ཞེས་བྱ་བ་ནི་ཨ་ག་ནི་མན་ཐའོ། །བར་ན་ནི་ཏ་མ་ལ་སྟེ། དེ་གཉིས་ཀྱི་ཚོད་མ་ནི་མངར་ཞིང་ཞིམ་པ་དང་། ཁ་བཅས་ཞེས་བྱ་བ་ཅུང་ཟད་ཁ་བྲོ་བ་དང་། རླུང་དང་ བད་ཀན་དག་སེལ་བར་བྱེད་པ་ཡིན་ནོ། །པུ་རྞ་རྣམ་གཉིས་ཀ་ལ་ཤ །ཅུང་ཟད་ཚྭ་བྲོ་ཁ་ཞིང་ཚ། །དྲོད་སྐྱེད་ཁོང་འཁྲུ་སྦྱར་དུག་དང་། །འོར་ནད་བད་ཀན་རླུང་ནད་འཇོམས། །ཞེས་བྱ་བ་ལ། པུརྞ་རྣམ་གཉིས་ཞེས་བྱ་བ་ནི། སྔོན་པོ་དང་དམར་པོའོ། །ཀ་ལ་ཤ་ཀ་ནི་ཨུཏྤ་ ལའི་ཚོད་མ་འདྲ་བ་སྟེ། དེ་གསུམ་ཅར་ཡང་ཅུང་ཟད་ལན་ཚྭ་བྲོ་བ་དང་། རོ་ཁ་བ་དང་ཚ་བ་ཡིན་ཞིང་ཕོ་བའི་མེ་དྲོད་སྐྱེད་པ་དང་། བཤང་གཅི་སླ་ཞིང་འཁྲུ་བར་བྱེད་པ་དང་། དེ་བཞིན་དུ་སྦྱར་བའི་དུག་ལ་སོགས་པ་འཇོམས་པ་ཡིན་ནོ། །ཙི་བི་ར་ཡི་མྱུ་གུ་ནི། །དྲོད་སྐྱེད་རླུང་དང་བད་ སེལ་འཁྲུ། །ཞེས་བྱ་བ་ལ། ཙི་བི་ར་ནི་ཀ་རཉྫ་སྟེ། མིང་གི་རྣམ་གྲངས་སྲ་ཀི་རྒྱ་ཞེས་བྱ་བའོ། །དེའི་མྱུ་གུ་ནི་མྱུ་གུར་འཐོན་པའོ། །དེ་ནི་མེའི་དྲོད་སྐྱེད་ཅིང་རླུང་དང་བད་ཀན་གཉིས་སེལ་ལ་འཁྲུ་བར་བྱེད་པ་ཡིན་ནོ། །ཉེའུ་ཤིང་མྱུ་གུ་ཁ་བ་སྟེ། །རོ་ཙ་ཉེས་གསུམ་སེལ་བ་ ཡིན། །ཞེས་བྱ་བ་ལ། ཉེའུ་ཤིང་ཞེས་པ་ཤ་ཏ་པ་རིའི་མྱུ་གུ་ནི་ཁ་བ་དང་། རོ་ཙ་ཞིང་ཁུ་བ་འཕེལ་བ་དང་། ཉེས་པ་གསུམ་པོ་རླུང་དང་མཁྲིས་པ་དང་། བད་ཀན་སེལ་ཞིང་འཇོམས་པ་ཡིན་ནོ། །སྨྱིག་མའི་མྱུ་གུ་རྩུབ་པ་དང་། །ཁོང་ཚ་རླུང་དང་མཁྲིས་པ་སྐྱེད། །ཅེས་བྱ་བ་ ལ། སྨྱིག་མའི་མྱུ་གུ་ནི་སྨྱིག་མའི་ཁྱི་སོར་འཐོན་པའི་མྱུ་གུ་སྟེ། དེ་ནི་རྩུབ་པ་དང་། ཁོང་པ་ཚ་བར་བྱེད་པ་དང་། རླུང་དང་མཁྲིས་པ་སྐྱེད་པར་བྱེད་པ་ཡིན་ནོ། །པ་རུ་ར་ནི་དྲོད་སྐྱེད་ཁ། །མཆེར་པ་གཞང་འབྲུམ་བད་རླུང་སེལ། །ཞེས་བྱ་བ་ལ། བ་རུ་ར་ནི་ཉ་མིག་ལྟ་བུའི་སྨན་མང་ ཚཀྵི་ཞེས་བྱ་བའོ། །དེ་ནི་མེའི་དྲོད་སྐྱེད་པ་དང་རོ་ཁ་བ་དང་། མཆེར་པ་ལ་སོགས་པའི་ནད་སེལ་བ་ཡིན་ནོ། །ཀ་ས་མར་ད་སྲིན་ལུད་པ། །བད་ཀན་སེལ་ཞིང་ཞུ་བྱེད་འཁྲུ། །ཞེས་བྱ་བ་ལ། ཀ་ས་མར་ད་ནི་ཀ་ཤུ་ན་དྷི་ཞེས་བྱ་བ་སྟེ། དེ་ནི་སྲིན་ནད་དང་ལུད་པ་དང་། བད་ཀན་ སེལ་བར་བྱེད་ཅིང་ནད་རྣམས་ཞུ་བར་བྱེད་པ་དང་། འཁྲུ་བར་བྱེད་པ་ཡིན་ནོ། །ལེ་བརྒན་རྩི་ཚོད་རྩུབ་སྐྱུར་ཚ། །ལྕི་ཞིང་མཁྲིས་པ་སྐྱེད་ལ་འཁྲུ། །ཡུངས་ཀར་ཚོད་མ་ལྕི་ཞིང་ཚ། །བཤང་དང་ལྕི་འགགས་ཉེས་ཀུན་སྐྱེད། །ཅེས་བྱ་བ་ལ། ལེ་བརྒན་རྩི་ཞེས་ བྱ་བ་ཀུ་སུ་མའི་ཚོད་མ་ནི་ལྕི་ཞིང་ཚ་བ་དང་། བཤང་བ་དང་གཅི་བ་གཉིས་འགགས་ཤིང་སྲི་བར་བྱེད་པ་དང་། ཉེས་པ་གསུམ་པོ་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་ནོ། །ལ་ཕུག་གཞོན་ནུ་རོ་མི་གསལ། །ཅུང་ཟད་ཚྭ་བྲོ་ཁ་དང་བཅས། །གང་ཡིན་དེ་ནི་ཉེས་ཀུན་སེལ། །ཡང་ ཞིང་ཅུང་ཟད་ཚ་བ་དང་། །སྐྲན་དང་ལུད་གཅོང་དབུགས་མི་བདེ། །རྨ་དང་མིག་ནད་ལྐོག་ནད་སེལ། །སྐད་འགགས་དྲོད་ཆུང་རྟུག་སྐམ་དང་། །ཆམ་པའི་ནད་ནི་འཇོམས་པ་ཡིན། །ཞེས་བྱ་བ་ལ། ལ་ཕུག་གང་གཞོན་ཞིང་ནར་མ་སོན་ལ། སྐྱེས་ནས་རིང་པོ་མ་ལོན་ལ། རོ་མི་ གསལ་བ་སྟེ། མངར་བ་ལ་སོགས་པའི་རོ་གསལ་བར་མ་གྱུར་ཞིང་། ཅུང་ཟད་ལན་ཚྭ་བྲོ་བ་དང་། ཁ་བ་དང་བཅས་ཞེས་པ་ཅུང་ཟད་རོ་ཁ་བག་ཡོད་པ་དེའི་ལ་ཕུག་དེ་ནི་ཉེས་ཀུན་སེལ་ཞེས་པ། ཉེས་པ་གསུམ་ཅར་སེལ་བ་དང་། ཡང་བ་དང་ཅུང་ཟད་ཚ་ཞིང་དྲོད་སྐྱེད་པ་དང་། དེ་བཞིན་དུ་སྐྲན་ལ་སོགས་པ་འཇོམས་ཤིང་སེལ་བ་ཡིན་ནོ། །ནར་སོན་རོ་དང་ཞུ་རྗེས་ཚ། །དྲོད་སྐྱེད་བྱེད་ཅིང་ཉེས་གསུམ་སྐྱེད། །བད་ཀན་སྐྱེད་ལྕི། །ཞེས་བྱ་བ་ལ། གང་ལ་ཕུག་སྦོམ་ཞིང་ནར་སོན་ལ་རྒས་པ་དེ་ནི་རོ་དང་ཞུ་བའི་རྗེས་ཚ་བ་ཡིན་པ་དང་། །དེ་བཞིན་དུ་དྲོད་སྐྱེད་པའི་ནུས་པ་ ཡོད་པ་དང་། ཉེས་པ་གསུམ་ཅར་སྐྱེད་པ་དང་། མཆོག་ཏུ་ཡང་བད་ཀན་སྐྱེད་ཅིང་ལྕི་བ་ཡིན་ནོ། །བཙོས་པ་ནི། །སྣུམ་ཞིང་དེ་ཡང་རླུང་སེལ་ཡིན། །ཞེས་བྱ་བ་ལ། ལ་ཕུག་ཆེན་པོ་ནར་སོན་པ་དེ་མར་དང་ཤ་ལ་སོགས་པར་བཙོས་ཤིང་བརྔོས་པ་དེ་ནི་སྣུམ་ཞིང་རླུང་སེལ་བར་བྱེད་པ་ ཡིན་ནོ། །སྐམ་པོ་རླུང་དང་བད་ཀན་སེལ། །ཞེས་བྱ་བ་ནི། ལ་ཕུག་དེ་ནར་སོན་པ་དང་། མ་སོན་པ་གཉི་གཡང་སྐམ་པར་གྱུར་པའི་ཚོད་མ་ནི་རླུང་དང་བད་ཀན་འཇོམས་ཤིང་སེལ་བ་ཡིན་ནོ། །རྗེན་པ་ཐམས་ཅད་ཉེས་སྐྱེད་ཡིན། །ཞེས་བྱ་བ་ལ། ལ་ཕུག་དེ་གཞོན་པ་དང་ནར་སོན་ པ་དང་། སྐམ་པོ་དང་རློན་པ་ཡང་རུང་སྟེ། རྗེན་པ་ཞེས་བྱ་བ་མེས་བཙོས་པར་མ་བྱས་པ་ཐམས་ཅད་ནི་ཉེས་སྐྱེད་ཡིན་ཞེས་བྱ་བ་ཉེས་པ་གསུམ་ཆར་སྐྱེད་པ་ཡིན་ནོ། །ཡུངས་མ་ཚ་ཞིང་དྲོ་བ་དང་། །བད་ཀན་རླུང་སེལ་མཁྲིས་པ་སྐྱེད། །ཅེས་བྱ་བ་ནི། ཡུངས་མ་དག་ནི་རོ་ཅུང་ཟད་ཚ་ བ་དང་། ནུས་པ་དྲོ་བ་དང་། བད་ཀན་དང་རླུང་སེལ་བ་དང་། མཁྲིས་བ་སྐྱེད་པ་ཡིན་ནོ། །ཤན་ཏ་མུ་ལ་མཁྲིས་སེལ་ཞིང་། །བསིལ་ཞིང་ཞུ་རྗེས་མངར་བ་དང་། །རོ་མངར་བསྐ་ཞིང་ཁ་བ་སྟེ། །བད་ཀན་དུག་ཀྱང་སེལ་བར་བཤད། །ཀུ་ཐེར་བྱིའུ་རུག་ཤི་ཀྲུ། །སུ་མུ་ཁ་དང་ སྐེ་ཚེ་དང་། །བུ་སྲིན་དང་ཕ་ནི་ཛ། །ཟིན་ཐིག་ལེ་དང་ཛམ་བི་ར། །དེ་ལ་སོགས་པའི་ལྡུམ་རྣམས་ནི། །བཤང་གཅི་སྲ་ཞིང་མེ་དྲོད་སྐྱེད། །ཁོང་པ་ཚ་བྱེད་ཁ་རྩུབ་ཚ། །ཡིད་འོང་ལུས་དྲོ་ཡིག་འབྱེ། །མིག་གནོད་ཁུ་བ་སྲིན་འཇོམས་རྣོ། །སྐྲང་བར་བྱེད་དང་ཡང་བ་ཡིན། །ཅེས་བྱ་ བ་ལ། ཀུ་ཐེར་ལ་སོགས་པའི་ལྡུམ་རྔད་རློན་པ་རྣམས་ནི། བཤང་གཅི་སྲ་ཞིང་བསྒོང་བའི་མཚན་ཉིད་ཅན། དྲོད་སྐྱེད་པར་བྱེད་པའི་ནུས་པ་ཡོད་པ་དང་། ཁོང་པ་ཚ་ལམ་ལམ་པོར་བྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་། སྐྲང་བར་བྱེད་ཅིང་རང་གི་ཚད་ལས་ལྷག་པར་སྐྱེད་ བ་དང་ཡང་བ་ཡིན་ནོ། །ཀུ་ཐེར་ནི་ཀ་ཤི་རུ་ཀ་ཞེས་བྱ་བ་འདབ་མ་ཆུང་ཞིང་ཡོད་པ་ཡིན་ནོ། །ཤི་ཀྲུ་ནི་སོ་བན་ཛ་ནའོ། །སུ་མུ་ཁ་ནི་བན་ཏིག་ཏའོ། །སྐེ་ཚེ་ནི་ཨ་སུ་རའོ། །ཕ་ནི་ཛ་ནི་མ་རི་ཛ་ཀའོ། །ཟིན་ཐིག་ལེ་ནི་ཀུ་ཐེ་རའི་དབྱེ་བ་ཨ་ར་ཛ་ཀ་ཞེས་བྱ་བ་འདབ་མ་ཕྲ་བ་ཞིག་གོ། །ཛམ་ བི་ར་ནི་ལོ་རྩུབ་ཅེས་བྱ་བ་སྒྱུར་རྩི་ཆེན་པོའོ། །སོགས་པས་ནི་གཞན་དག་བསྡུའོ། །ལྡུམ་ནི་རྗེན་རྔད་ཀྱི་མིང་གི་རྣམ་གྲངས་སོ། །བྱེའུ་རུག་སྐྱིགས་ལུད་དབུགས་མི་བདེ། །རྩིབ་ལོགས་ཟུག་དུག་ཁ་མ་ནམ་སེལ། །ཞེས་བྱ་བ་ལ། ཀུ་ཐེར་ལ་སོགས་པའི་སྡེ་ཚན་ལས། སུ་རུས་ བྱེའུ་རུག་པ་ཞེས་བྱ་བ་ནི་སྐྱིགས་བུ་ལ་སོགས་པའི་ནད་འཇོམས་པ་དང་། རྩིབ་ལོགས་ཟུག་པ་སྟེ། རྩིབ་ལོགས་ནས་གཟེར་བ་ལ་ཕན་པ་ཡིན་ནོ། །དུག་ནི་སྦྱར་བ་ལ་སོགས་པའོ། །ཁ་མནམ་པ་ནི་དྲི་མི་ཞིམ་པ་སྟེ། དེ་ཡང་ཁ་ཟས་ལ་སོགས་པ་དང་འབྲེལ་བ་ལས་ཁ་དྲི་མི་ཞིམ་ པར་གྱུར་བ་སྟེ་དེ་དག་སེལ་ཏོ། །སུ་མུ་ཁ་ནི་རབ་ཚ་མིན། །སྦྱར་དུག་འོར་ནད་སེལ་བ་ཡིན། །ཞེས་བྱ་བ་ལ། ཀུ་ཐེ་རའི་སྡེ་ཚན་གྱི་ནང་ནས། སུ་མུ་ཁ་ནི་རབ་ཏུ་ཚ་བ་མ་ཡིན་ཏེ། དེ་ཡང་སྦྱར་དུག་དང་འོར་ནད་སྐྲང་བག་ཏུ་གྱུར་བ་སེལ་བ་ཡིན་ནོ། །འུ་སུའི་ལོ་མ་ཁ་ ཞིང་མངར། །གཅིན་མང་མཁྲིས་པ་སྐྱེད་མ་ཡིན། །ཞེས་བྱ་བ་ལ། འུ་སུའི་ལོ་མ་ནི་ཨར་དྲི་ཀ་ཞེས་བྱ་སྟེ། དེ་ནི་ཁ་ཞིང་མངར་བ་ཡིན་པ་དང་། གཅིན་མང་བར་བྱེད་པ་ཡིན་ཞིང་། མཁྲིས་པ་ནི་སྐྱེད་པར་བྱེད་པ་མ་ཡིན་ནོ། །སྒོག་སྐྱ་རབ་ཏུ་ཚ་ཞིང་རྣོ། །ཞུ་རྗེས་ཚ་ཞིང་འཁྲུ་བ་ དང་། །ཞིམ་ཞིང་སྐྲ་སྐྱེད་ལྕི་རོ་ཚ། །སྣུམ་ཞིང་དྲོད་སྐྱེད་ཡིག་འབྱེ། །ཤ་བཀྲ་མཛེ་སྐྲན་གཞང་འབྲུམ་དང་། །གཅིན་ནད་སྲི་དང་བད་ཀན་རླུང་། །སྐྱིགས་བུ་ཆམ་པ་དབུགས་མི་བདེ། །ལུད་པ་སེལ་ཏེ་ཁྲག་མཁྲིས་སྐྱེད། །ཅེས་བྱ་བ་ལ། སྒོག་སྐྱ་ནི་ར་ས་ན་ཞེས་བྱ་བ་སྟེ། དེ་ནི་ རབ་ཏུ་ཤས་ཆེར་ཚ་བ་དང་། རྣོ་བ་དང་དེ་བཞིན་དུ་ཞུ་བའི་རྗེས་ཀྱང་རབ་ཏུ་ཚ་བ་དང་། འཁྲུ་བར་བྱེད་པ་དང་། ཞིམ་ཞིང་ཡིད་དུ་འོང་བ་དང་། སྐྲ་འབྱི་བ་སྐྱེད་པ་དང་། ལྕི་ཞིང་ཡང་བ་མ་ཡིན་པ་དང་། རོ་ཙ་ཞིང་ཁུ་བ་འཕེལ་བ་དང་། སྣུམ་པའི་ཡོན་ཏན་དང་ལྡན་པ་དང་། དྲོད་སྐྱེད་པ་ ནས་ལུད་པ་སེལ་བའི་བར་གྱི་ཡོན་ཏན་དང་ལྡན་པ་དང་། ཁྲག་དང་མཁྲིས་པ་སྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ནོ། །ཀུན་དོང་དེ་ལས་ཡོན་ཏན་དམན། །བད་ཀན་སྐྱེད་མཁྲིས་རབ་མི་སྐྱེད། །ཅེས་བྱ་བ་ལ། ཀུན་དོང་ཞེས་བྱ་བ་ནི་པ་ལན་ད་ཞེས་བྱ་བའི་སྒོག་པ་སྟེ། དེ་ནི་དེ་ལས་ཡོན་ ཏན་དམན་ཞེས་བྱ་བ། སྒོག་སྐྱའི་ཡོན་ཏན་ལས་ཆུང་ཞིང་དམན་པ་ཡིན་ནོ། །བད་ཀན་སྐྱེད་པར་བྱེད་ཅིང་མཁྲིས་པ་ནི་ཧ་ཅང་རབ་ཏུ་སྐྱེད་པར་མི་བྱེད་དོ། །ཀེའུ་བཙོས་དུགས་སྦྱར་ཟོས་པ་ཡིས། །བད་ཀན་རླུང་དང་གཞང་འབྲུམ་སེལ། །རྣོ་ཞིང་རྟུག་པ་སྲི་བ་དང་། །དེ་ནི་མཁྲིས་ ཅན་ལ་ཕན་མིན། །ཞེས་བྱ་བ་ལ། ཀེའུ་གཏུབས་ཤིང་བཙོས་ཏེ་དུགས་སུ་སྦྱར་བ་དང་། དེ་བཞིན་དུ་ཁ་ཟས་སུ་ཟོས་པས་ནི་བད་ཀན་ལ་སོགས་པ་སེལ་བར་བྱེད་པ་དང་། རྣོ་བ་དང་རྟུག་པ་སྲི་ཞིང་མཁྲེགས་པར་བྱེད་པ་དང་། ཀེའུ་དེ་ནི་མཁྲིས་པ་ཅན་གྱི་སྐྱེས་བུ་ལ་ཕན་ཞིང་བདེ་བར་མི་ བྱེད་དོ་། །ནད་དེ་སོས་པའི་རྒྱུར་མི་འགྱུར་བ་ཡིན་ནོ། །སུར་དྲོད་སྐྱེད་ཁ་ཟས་ལེན། །བད་སེལ་དྲི་མ་སྦྱོང་ཞིང་ཡང་། །མཆོག་ཏུ་གཞང་འབྲུམ་དག་ལ་ཕན། །ཞེས་བྱ་བ་ལ། སུ་ར་ན་ནི་སྡོང་བུའི་རྣམ་པ་སྦོམ་པ་ཞིག་སྟེ། དེ་ནི་མེ་དྲོད་སྐྱེད་པར་བྱེད་པ་དང་། ཁ་ཟས་ལེན་ཅིང་ ཡི་ག་འབྱེ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །སྦང་ཕྲུམ་ཤིན་ཏུ་ཉེས་སྐྱེད་ཡིན། །ཞེས་བྱ་བ་ལ། ཚོད་མའི་ནང་ན་སྦང་ཕྲུམ་ནི་ཤིན་ཏུ་ངན་ཅིང་ཉེས་པ་ཐམས་ཅད་སྐྱེད་པ་ཡིན་ནོ། །མེ་ཏོག་འདབ་མ་འབྲས་ཡལ་ག །སྡོང་བུ་རིམ་བཞིན་ལྕི་བ་ཡིན། །ཞེས་ བྱ་བ་ལ། མེ་ཏོག་ལ་སོགས་པའི་ཚོད་མ་དང་། ལྡུམ་བུ་རྣམས་ནི་མེ་ཏོག་ལ་སོགས་པའི་རིམ་གྱིས་འོག་མ་ལྕི་བ་ཡིན་ཏེ། མེ་ཏོག་གི་ཚོད་མ་ལ་ལྟོས་ན་ལོ་འདབ་ཀྱི་ཚོད་མ་ལྕི་བ་ཡིན་ལ། དེ་བས་ནི་འབྲས་བུའི་ཚོད་མ་དང་། དེ་བས་ཀྱང་ཡལ་གའི་ཚོད་མ་ལྕི་བ་ཡིན་ནོ། །དེ་བས་ ཀྱང་ལྡུམ་བུའི་ཚོད་མ་ཤིན་ཏུ་ལྕི་བ་ཡིན་ནོ། །ལྡུམ་གྱི་རྔད་རྗེན་པར་བཟའ་བ་རྣམས་ལ་ཡང་། རིམ་པ་འདི་བཞིན་ཤེས་པར་བྱའོ། །ཚོད་མའི་རབ་མཆོག་འཚོ་བྱེད་ཡིན། །ཡུངས་ཀར་ཚོད་མ་ཐ་ཆད་ཡིན། །ཞེས་བྱ་བ་ལ། པ་ཏ་ལ་སོགས་པ་ཚོད་མའི་སྡེ་ཚན་རྣམས་ཀྱི་ནང་ ནས། རབ་མཆོག་ནི་འཚོ་བྱེད་ཅེས་བྱ་བའི་ཚོད་མ་ཡིན་ལ། ཡུངས་ཀར་གྱི་ལོ་མའི་ཚོད་མ་ནི་ཐ་མ་སྟེ་ཀུན་གྱི་ཐ་ཆད་ཡིན་ནོ། །ཚོད་རྔད་རྣམས་ཀྱི་སྡེ་ཚན་ནོ།། །།ཟས་ཀྱི་ནང་ན་ཤིང་ཏོག་ནི་ཐ་མར་བཟའ་བར་བྱ་བ་ཡིན་པ་དང་། དེ་བཞིན་དུ་བཟའ་བར་བྱ་བ་ལ་དགོས་པར་གྱུར་པ་ ཡིན་པས། འདི་དག་སྨོས་པ་ཡིན་ཏེ། རྒུན་འབྲུམ་འབྲས་བུའི་མཆོག་ཡིན་ཏེ། །རོ་ཙ་མིག་ཕན་བཤང་ལྕི་སླ། །མངར་ཞིང་ཞུ་རྗེས་སྣུམ་པ་དང་། །ཅུང་ཟད་བསྐ་ཞིང་བསིལ་ལ་ལྕི། །རླུང་དང་ཁྲག་མཁྲིས་སེལ་བྱེད་ཅིང་། །ཁ་ནང་ཁ་བྲོ་ཆང་ནད་དང་། །སྐོམ་ལུད་ཚད་རིམས་དབུགས་ མི་བདེ། །སྐད་འཛེར་གློ་རྡོལ་གློ་གཅོང་སེལ། །ཞེས་བྱ་བ་ལ། རྒུན་འབྲུམ་ནི་ཤིང་ཐོག་རྣམས་ཀྱི་ནང་ན་མཆོག་དང་དམ་པར་གྱུར་པ་ཡིན་ལ། དེ་ནི་རོ་ཙ་བ་དང་། མིག་ལ་ཕན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། ཚིག་གི་དོན་ནི་གོ་སླའོ། །བལ་པོ་སེའུ་མངར་མཁྲིས་རྒྱས་ དང་། །ཉེས་པ་གསུམ་པོ་སེལ་བ་ཡིན། །ཞེས་བྱ་བ་ལ། བལ་པོ་སེའུ་རོ་མངར་བ་དེ་ནི་མཁྲིས་པ་རྒྱས་ཤིང་། ཤས་ཆེར་འཕེལ་བ་དང་། རླུང་ལ་སོགས་པའི་ཉེས་པ་གསུམ་ཅར་ལ་ཡང་ཕན་པ་ཡིན་ནོ། །སྐྱུར་བ་མཁྲིས་སྐྱེད་མིན་ཅུང་དྲོ། །རླུང་དང་ བད་ཀན་འཇོམས་པར་བྱེད། །ཅེས་བྱ་བ་ལ། བལ་པོ་སེའུ་སྐྱུར་བ་གང་ཡིན་པ་དེ་ནི་སྐྱུར་བ་ཉིད་ཀྱིས་ན། མཁྲིས་པ་སྐྱེད་པར་བྱེད་པ་ཡིན་མོད་ཀྱི། མཁྲིས་སྐྱེད་མིན་ཞེས་བྱ་བ་འདིས་དེ་བཀག་པ་ཡིན་ནོ། །ཅུང་དྲོ་ཞེས་པ་ནི་ཤིན་ཏུ་ཚ་བ་མ་ཡིན་གྱི་ཅུང་ཟད་དྲོ་བའི་དོན་ཏོ། །དེ་ཡང་ རླུང་དང་བད་ཀན་གཉིས་ནི་འཇོམས་པར་བྱེད་པ་ཡིན་ནོ། །སེའུ་ཀུན་ཀྱང་ཡིད་འོང་སྣུམ། །ཡང་ཞིང་བཤང་སྲ་དྲོད་ཟས་ལེན། །ཞེས་བྱ་བ་ལ། སེའུ་ཀུན་ཀྱང་ཞེས་པ་མངར་པོ་དང་། སྐྱུར་པོ་དང་། མངར་སྐྱུར་འདྲེན་མ་ཐམས་ཅད་ཀྱང་ཡིད་དུ་འོང་ཞིང་། དགའ་བར་བྱེད་པ་ དང་། སྣུམ་པ་དང་། ཡང་བའི་ཡོན་ཏན་དང་ལྡན་པ་དང་། བཤང་བ་སྲ་ཞིང་མཁྲེགས་པ་དང་། ཕོ་བའི་མེ་དྲོད་སྐྱེད་པ་དང་། འབྲས་ཆན་ལ་སོགས་པའི་ཟས་ལེན་ཅིང་ཡི་ག་འབྱེད་པ་ཡིན་ནོ། །མོ་ཙ་འབྲ་གོ་པ་ནས། །རྒྱ་སྟར་པ་རུ་ཤ་ཀ་དང་། །ཨ་མྲ་ཏ་ལ་ཀསྨ་འབྲས། ། ར་ཛ་ད་ན་མ་དུའི་འབྲས། །རྒྱ་ཤུག་སོ་བི་ར་ཨང་ཀོལ། །ཕལ་གུ་སླེས་མ་ཏའི་འབྲས་བུ། །ཏ་མལ་བི་ཤུ་སྟར་གའི་འབྲས། །མྱུ་གུ་ལ་དང་རྒྱ་ཁམ་དང་། །ཨ་རུ་མ་ན་པི་ཡལ་྅འབྲས། །བརྟས་བྱེད་ལྕི་ཞིང་བསིལ་བ་ཡིན། །ལུས་ཚ་གློ་རྡོལ་གློ་གཅོང་སེལ། །ཁྲག་དང་ མཁྲིས་པ་སྙོམས་པར་བྱེད། །ཞུ་རྗེས་མངར་ཞིང་སྣུམ་པ་དང་། །བཤང་སྲི་བད་ཀན་ཁུ་བ་འཕེལ། །ཞེས་བྱ་བ་ལ། ཤིང་ཏོག་མོ་ཙ་ནས། པི་ལ་ཡའི་བར་གྱི་འབྲས་བུ་རྣམས་ནི་བརྟས་པར་བྱེད་པ་སྟེ། ཤ་རྒྱས་པར་བྱེད་པ་དང་། དེ་བཞིན་དུ་ལྕི་བ་དང་། བསིལ་བའི་ ཡོན་ཏན་དང་ལྡན་པ་ཡིན་ཞིང་། ལུས་ཚ་བ་དང་གློ་རྡོལ་བ་དང་། གཅོང་སེལ་བ་ཡིན་ནོ། །དེ་ལ་གློ་རྡོལ་བ་ནི་བྲང་གི་ཕྱོགས་ནས་ཁྲག་འབྱུང་ཞིང་རྡོལ་བའོ། །གློ་གཅོང་ནི་ལུས་ཟུངས་ཟད་པ་སྟེ། སྐེམ་ནད་དང་། གཅོང་ཆེན་པོ་ཞེས་མིང་གི་རྣམ་པར་གྲགས་པའོ། །དེ་ཡང་ སྨན་དཔྱད་ཀྱི་ལུང་ལས། གློ་གཅོང་ཟད་བྱེད་སྐེམ་ནད་དང་། །ནད་ཀྱི་རྒྱལ་པོ་ཞེས་ཀྱང་བྱ། །ཞེས་བྱ་བ་བཤད་པ་ཡིན་ནོ། །གཞན་དག་ནི་གོ་བར་ཟད་དོ། །ཤིང་ཐོག་ལ་སོགས་མོ་ཙ་ནི་ཆུ་ཤིང་གི་འབྲས་བུའོ། །ར་ཛ་ད་ན་ནི་བར་ན་བྲི་ཡ་ཞེས་བྱའོ། །ཏ་ལའི་འབྲས་བུ་མཁྲིས་སྐྱེད་ འཁྲུ། །ཞེས་བྱ་བ་ནི། མོ་ཙ་ལ་སོགས་པའི་ཤིང་ཐོག་རྣམས་ཀྱི་ནང་ནས། ཏ་ལའི་འབྲས་བུ་ནི་མཁྲིས་པ་སྐྱེད་ཅིང་འཕེལ་བར་བྱེད་པ་དང་ཁོང་འཁྲུ་བ་ཡིན་ནོ། །ཀཤྨ་རྒྱ་འབྲས་བསིལ་བ་དང་། །བཤང་གཅི་འགགས་པ་སེལ་བྱེད་ཅིང་། །སྐྲ་སྐྱེད་ཡིད་གཞུངས་བཅུད་ལེན་འགྱུར། ། ཞེས་བྱ་བ་ལ། ཤིང་ཀཤྨ་རྒྱའི་འབྲས་བུ་ནི་བསིལ་བའི་ནུས་པ་དང་ལྡན་པ་ནས། བཅུད་ལེན་གྱི་བྱ་བ་བྱེད་པར་འགྱུར་བའི་བར་གྱི་ཡོན་ཏན་དང་ལྡན་པར་འགྱུར་བ་ཡིན་ནོ། །པ་ཏ་མ་སོགས་དྲོ་བ་དང་། །བད་ཀན་མཁྲིས་པ་སྐྱེད་བྱེད་འཁྲུ། །སྣུམ་ཞིང་མཆོག་ཏུ་རླུང་སྐྱེད་བྱེད། །ཅེས་ བྱ་བ་ལ། པ་ཏ་མ་ལ་སོགས་པ་ནས། པི་ལ་ཡའི་བར་གྱི་ཤིང་ཐོག་ནི་དྲོ་བའི་ནུས་པ་དང་ལྡན་པ་དང་། དེ་བཞིན་དུ་བད་ཀན་དང་མཁྲིས་པ་སྐྱེད་ཅིང་། ཁོང་འཁྲུ་ལ་སྣུམ་པ་དང་། མཆོག་ཏུ་ཤས་ཆེར་རླུང་འཕེལ་བར་བྱེད་པ་ཡིན་ནོ། །པི་ལ་ཡའི་འབྲས་ཚ་བ་མིན། །ཞེས་བྱ་བ་ལ། པི་ལ་ཡའི་འབྲས་བུའི་ཤིང་ཐོག་ནི་ཚ་བ་མིན་ཞེས་བྱ་བ་སྟེ། བསིལ་བའི་ནུས་པ་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །པི་ལ་ཡ་ཡི་ཚི་གུ་མངར། །རོ་ཙ་མཁྲིས་པ་རླུང་ནད་སེལ། །ཞེས་བྱ་བ་ལ། པི་ལ་ཡའི་འབྲས་བུའི་ནང་གི་ཚི་གུ་ནི་རོ་མངར་བ་ལ་སོགས་པའི་ཡོན་ཏན་དང་ལྡན་ པའོ། །རྒྱ་ཤུག་ཚི་གུའི་ཡོན་ཏན་ནི། །དེ་འདྲ་སྐོམ་སློན་ལུད་པ་སེལ། །ཞེས་བྱ་བ་ནི། རྒྱ་ཤུག་ནང་གི་ཚི་གུའི་ཡོན་ཏན་ནི། པི་ལ་ཡའི་འབྲས་བུའི་ཡོན་ཏན་དང་ལྡན་པ་ལས། དེ་ལས་ལྷག་པའི་ཡོན་ཏན་སྐོམ་ནད་དང་། སློན་བྲོ་བ་དང་། ལུད་པ་སེལ་བར་བྱེད་པ་ཡིན་ནོ། ། བིལ་འབྲས་སྨིན་པ་འཇུ་དཀའ་ཞིང་། །ཉེས་སྐྱེད་འཕྱེན་ནི་དྲི་ང་བྱེད། །ཅེས་བྱ་བ་ལ། བིལ་བའི་འབྲས་བུ་སྨིན་པར་གྱུར་པ་ནི་འཇུ་དཀའ་བ་སྟེ། ཡོངས་སུ་འདུ་ཞིང་སྨིན་པར་དཀའ་བ་སྟེ། ཉེས་པ་གསུམ་སྐྱེད་པ་དང་། འཕྱེན་གྱི་དྲི་ང་ཞིང་མནམ་པར་བྱེད་པ་ཡིན་ནོ། །མ་སྨིན་ དྲོད་སྐྱེད་བད་རླུང་སེལ། །ཞེས་བྱ་བ་ལ། བིལ་བའི་འབྲས་བུ་དེ་མ་སྨིན་པ། མིང་གི་རྣམ་པར་བིལ་བའི་ག་གོན་ཞེས་གྲགས་པ་སྨིན་པར་གྱུར་པ་གང་ཡིན་པ་དེ་ནི་མེའི་དྲོད་སྐྱེད་པ་དང་། དེ་བཞིན་དུ་བད་ཀན་དང་རླུང་སེལ་བ་ཡིན་ནོ། །དེ་དག་གཉི་ག་འཁྲུ་བ་ གཅོད། །ཅེས་བྱ་བ་ལ། བིལ་བའི་འབྲས་བུ་སྨིན་པ་དང་། མ་སྨིན་པ་དེ་གཉི་ག་ཡང་འཁྲུ་བ་གཅོད་པ་སྟེ། བཤང་བ་སྡུད་པའི་མཚན་ཉིད་ཅན་ཡིན་ནོ། །མ་སྨིན་ཀ་པིད་མགུལ་ནད་དང་། །ཉེས་པ་ཀུན་སྐྱེད། ཅེས་བྱ་བ་ལ། ཀ་པི་ཏ་མ་སྨིན་པ་ནི། མགུལ་ནད་སྐྱེད་ཅིང་སྐད་ གསང་ཉམས་པར་བྱེད་པ་དང་། ཉེས་པ་ཀུན་སྐྱེད་ཅེས་བྱ་བ། ནད་གཞི་གསུམ་ཅར་སྐྱེད་པར་བྱེད་པ་ཡིན་ནོ། །སྨིན་པ་ནི། །ཉེས་འཇོམས་སྐྱིགས་བུ་སློན་བྲོ་སེལ། །ཞེས་བྱ་བ་ལ། ཀ་པི་ཏ་སྨིན་པ་ནི་ཉེས་འཇོམས་ཞེས་པ་ཉེས་པ་གསུམ་ཅར་སེལ་བ་དང་། དེ་བཞིན་དུ་ སྐྱིགས་བུ་དང་། སློན་བྲོ་བའི་ནད་སེལ་བ་ཡིན་ནོ། །ཀུན་ཀྱང་འཁྲུ་གཅོད་དུག་འཇོམས་ཡིན། །ཞེས་བྱ་བ་ལ། ཀ་པི་ཏ་སྨིན་པ་དང་། མ་སྨིན་པ་ཐམས་ཅད་འཁྲུ་བ་གཅོད་པའི་མཆོག་ཏུ་གྱུར་པ་དང་། དུག་འཇོམས་ཤིང་སེལ་བར་བྱེད་པ་ཡིན་ནོ། །འཛམ་བུའི་ཤིང་ཏོག་ བཤང་གཅི་སྲི། །བསིལ་ཞིང་ཤིན་ཏུ་རླུང་སྐྱེད་ཡིན། །བཤང་དང་གཅི་བ་གཅོད་བྱེད་ཅིང་། །ལྐོག་མ་ལ་གནོད་བད་མཁྲིས་སེལ། །ཞེས་བྱ་བ་ལ། ཤིང་འཛམ་བུའི་ཤིང་ཏོག་ནི་བཤང་གཅི་སྲི་ཞིང་། རྒྱུན་འགོག་པར་བྱེད་པ་དང་། ལྕི་བ་ལ་སོགས་པའི་ཡོན་ཏན་དང་ལྡན་ པ་དང་། བད་ཀན་དང་མཁྲིས་པ་སེལ་བའི་བར་གྱི་མཚན་ཉིད་དང་ལྡན་པ་ཡིན་ནོ། །ཨ་མྲའི་འབྲས་བུ་མ་སྨིན་རླུང་། །ཁྲག་མཁྲིས་སྐྱེད་བྱེད་རུས་ཆགས་པ། །བད་ཀན་མཁྲིས་སྐྱེད་མིན་རླུང་སྐྱེད། །ལྕི་མངར་བད་ཀན་ཁུ་བ་འཕེལ། །ཞེས་བྱ་བ་ལ། ཨ་མྲའི་ཤིང་ཏོག་མ་སྨིན་ པ་གཞོན་ནུ་ནི་རླུང་དང་མཁྲིས་པ་དང་བད་ཀན་དག་སྐྱེད་པར་བྱེད་པ་སྟེ། རླུང་ལས་གྱུར་པའི་ཁྲག་དང་མཁྲིས་པ་ལས་གྱུར་པའི་ཁྲག་སྐྱེད་པར་བྱེད་དོ་ཞེས་བྱ་བའི་དོན་ནོ། །རུས་པ་ཆགས་པ་ནི་ཚི་གུའི་རུས་པ་སྐྱེས་པ་སྟེ། རུས་པ་ཆགས་པའི་ཨ་མྲ་དེ་ནི་བད་ཀན་དང་མཁྲིས་པ་སྐྱེད་པ་ཡིན་ ནོ། །ཨ་མྲའི་འབྲས་བུ་དེ་སྨིན་ཞིང་ནར་སོན་པ་ནི་རླུང་སེལ་བ་དང་ལྕི་བ་དང་། རོ་མངར་བ་དང་། བད་ཀན་དང་ཁུ་བ་འཕེལ་བར་བྱེད་པ་ཡིན་ནོ། །བྲྀཀྵ་ཨམླ་རྩུབ་བཤང་སྲི། །ལྕི་ཚ་བད་ཀན་རླུང་དག་འཇོམས། །ཞེས་བྱ་བ་ལ། བྲྀཀྵ་ཨམླ་ནི། ཏིན་ཏི་ལི་ཀམ་སྟེ། དེ་ནི་རྩུབ་ པ་དང་། བཤང་བ་སྲི་ཞིང་བསྒོང་བ་དང་། ལྕི་བ་དང་། ནུས་པ་ཚ་བ་དང་། བད་ཀན་དང་རླུང་དག་འཇོམས་ཤིང་སེལ་བར་བྱེད་པ་ཡིན་ནོ། །ཤ་མྱ་ཚ་ལྕི་སྐྲ་གནོད་རྩུབ། །ཅེས་བྱ་བ་ལ། ཤིང་ཤ་མྱའི་འབྲས་བུ་ནི་ནུས་པ་ཚ་བ་དང་། རང་བཞིན་ལྕི་བ་དང་། སྐྲ་ལ་གནོད་ཅིང་ འབྱི་བར་བྱེད་པ་དང་། རྩུབ་པར་གྱུར་པ་ཡིན་ནོ། །པི་ལུའི་འབྲས་བུ་མཁྲིས་པ་སྐྱེད། །བད་ཀན་རླུང་ནད་སེལ་ཞིང་འཁྲུ། །མཚེར་པ་གཞང་འབྲུམ་སྐྲན་སྲིན་སེལ། །ཞེས་བྱ་བ་ལ། ཤིང་པི་ལུའི་འབྲས་བུ་ནི་མཁྲིས་པ་སྐྱེད་པར་བྱེད་པ་དང་། བད་ཀན་ལ་སོགས་པ་སེལ་ བའི་མཚན་ཉིད་ལྔ་དང་ལྡན་པ་ཡིན་ནོ། །པི་ལུ་མངར་ཞིང་ཁ་བ་གང་། །ཤིན་ཏུ་ཚ་མིན་ཉེས་གསུམ་འཇོམས། །ཞེས་བྱ་བ་ལ། པི་ལུའི་འབྲས་བུ་གང་མངར་བ་དང་། ཅུང་ཟད་ཁ་བ་དེ་ནི་ཤིན་ཏུ་ཚ་མིན་ཞེས་པ་སྟེ། ཅུང་ཟད་ཙམ་དྲོ་ཞིང་ཚ་བའི་ནུས་པ་དང་ལྡན་པ་ཞེས་བྱ་བའི་ དོན་ཏེ། དེ་ནི་རླུང་ལ་སོགས་པའི་ཉེས་པ་གསུམ་འཇོམས་ཤིང་སེལ་བ་ཡིན་ནོ། །བ་ལུ་ཤུན་ཁ་ཚ་ཞིང་སྣུམ། །རླུང་ནད་སེལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། བ་ལུ་ནི་མ་དུ་ལུང་ག་ཞེས་བྱ་བ་སྟེ། མིང་གི་རྣམ་གྲངས་བི་ཛ་བུ་ར་ཞེས་བྱ་བའོ། །དེའི་ཤུན་པ་ཞེས་བྱ་བ་ནི་སྟེང་གི་ཤུན་ལྤགས་ ཀྱི་རོ་ནི་ཁ་ཞིང་ཚ་བ་ཡིན་པ་དང་། དེ་བཞིན་དུ་སྣུམ་ཞིང་རླུང་ནད་སེལ་བར་བྱེད་པ་ཡིན་ནོ། །བ་ལུང་འབྲས་ཤས་བརྟས་བྱེད་མངར། །རླུང་དང་མཁྲིས་པ་སེལ་ཞིང་ལྕི། །ཞེས་བྱ་བ་ལ། བ་ལུང་དེའི་འབྲས་བུའི་ཤ་ཞེས་པ། འབྲས་བུའི་པགས་པའི་ནང་རིམ་པགས་ པ་དང་འབྲེལ་ཏེ་ཉེ་བར་གནས་པ་དེ་ནི་བརྟས་པར་བྱེད་པ་སྟེ། ལུས་ཉམས་བརྟས་ཤིང་རྒྱས་པར་བྱེད་པ་དང་། རོ་མངར་བ་ཡིན་ཏེ། དེ་ནི་རླུང་དང་མཁྲིས་པ་སེལ་བ་དང་ལྕི་བ་ཡིན་ནོ། །དེ་ཡི་རྐང་ཡང་སྐྱིགས་ལུད་པ། །དབུགས་མི་བདེ་དང་ཆང་ནད་སེལ། །ཁ་སྐམ་རླུང་ དང་བད་ཀན་དང་། །རྟུག་སྲ་སྐྱུགས་བྲོ་ཡི་ག་འཆུས། །སྐྲན་དང་གཞང་འབྲུམ་གཟེར་ནད་དང་། །མེ་དྲོད་ཆུང་བ་ཉིད་སེལ་ཏོ། །ཞེས་བྱ་བ་ལ། བ་ལུང་དེའི་རྐང་སྟེ། ནང་ན་གནས་པའི་སྙིང་པོ་སྐྱུར་བ་གང་ཡིན་པ་དེ་ནི་ཡང་བ་ཡིན་ལ། དེས་ཀྱང་སྐྱིགས་ བུ་ལ་སོགས་པའི་ནང་ནས་དྲོད་ཆུང་བའི་བར་སེལ་ཞིང་འཇོམས་པ་ཡིན་ནོ། །ན་རང་ག་འབྲས་མངར་ཅུང་སྐྱུར། །ཡི་གར་འོང་ཞིང་ཁ་ཟས་ལེན། །ལྕི་ཞིང་རླུང་ནི་རབ་སྐྱེད་པའི། །ཡོན་ཏན་ལྡན་པར་ཤེས་པར་བྱ། །ཞེས་བྱ་བ་ནི། སྐྱུར་རྩི་ཆུང་ངུའི་འབྲས་བུ་ནི་རོ་མངར་ཞིང་ཅུང་ཟད་སྐྱུར་ བ་ཡིན་ནོ། །དེ་ནི་ཡི་གར་འོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་ཤེས་པར་བྱའོ། །བསེ་ཤིང་འབྲས་བུའི་ཤུན་པ་ཤ །ཁོང་བརྟས་བྱེད་ཅིང་མངར་ལ་བསིལ། །ཞེས་བྱ་བ་ལ། བསེ་ཤིང་གི་འབྲས་བུ་བ་ལ་ཏ་ཀ་ཞེས་བྱ་བ་སྟེ། མིང་གི་རྣམ་གྲངས་ཨ་རུ་ཀར་ཞེས་བྱ་བ་དེ་ནི་ཤུན་ པ་དང་། ནང་གི་ཤ་ནི་ཁོང་བརྟས་ཤིང་ལུས་རྒྱས་པར་བྱེད་པ་དང་། རོ་མངར་ཞིང་ཞིམ་པ་དང་། བསིལ་བའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །དེའི་རུས་མེ་མཉམ་ཡིད་གཞུངས་བྱེད། །བད་ཀན་རླུང་ནི་སེལ་བའི་མཆོག །ཅེས་བྱ་བ་ལ། བསེ་ཤིང་གི་འབྲས་བུ་དེའི་རུས་པ་སྟེ། ཚི་ གུ་ནི་རྣོ་བས་མེ་དང་མཉམ་པ་དང་། ཕྱི་རོལ་དུ་བསྐུས་ན་ཆུ་བུར་འབྱུང་བར་བྱེད་པས་ན། མེ་དང་མཉམ་པ་ཞེས་བྱ་བ་ཡིན་ལ། དེ་བཞིན་དུ་ནང་དུ་བཏང་བའི་སྨན་དང་སྦྱར་བ་ལས་ཀྱང་། མྱུར་དུ་ཟས་འཇུ་བར་བྱེད་ཅིང་དྲོད་མཆོག་ཏུ་སྐྱེད་པར་བྱེད་པས་ཙི་ཏྲ་ཀ་དང་མཚུངས་པ་ཡིན་ཏེ་མེ་དང་ མཉམ་ཞེས་བྱའོ། །ལ་ལ་ནི་རྣོ་བ་དང་ཚ་བ་དང་མེ་ལྟར་ཆུ་བུར་འབྱིན་པར་བྱེད་པས་མེ་དང་མཉམ་པ་ཡིན་པར་འདོད་དོ། །གཞན་དག་ནི་མེ་དང་མཉམ་པ་ཞེས་བྱ་བ། ཙི་ཏྲ་ཀ་དང་མཉམ་པར་ཡོན་ཏན་དང་ཉེས་པ་སྐྱེད་པར་བྱེད་པས་ཙི་ཏྲ་ཀ་དང་མཚུངས་པ་ཡིན་ནོ། །ཞེས་ཟེར་མོད་ཀྱི། དེ་ནི་རིགས་པ་མ་ཡིན་ཏེ། ཙི་ཏྲ་ཀའི་སྟོབས་མེ་དང་མཉམ། །ཞེས་བྱ་བའི་སྐབས་སུ་ཚུལ་ཇི་ལྟར་བཤད་པར་བྱ་སྟེ། འདིར་ནི་མེ་ཉིད་དང་མཉམ་པར་དཔེར་སྦྱར་བར་རིགས་ཀྱི། བསེ་ཤིང་གི་རུས་པ་དང་མི་སྦྱར་རོ། །ཡིད་གཞུངས་བྱེད་ཅེས་བྱ་བ་ནི། བློ་རྣོ་བ་ལ་ཕན་པ་སྟེ་ཤེས་ རབ་ཐོབ་པར་བྱེད་པའོ། །དེ་བཞིན་དུ་བད་ཀན་རླུང་ནི་སེལ་ཞེས་བྱ་བ་སྟེ། བད་ཀན་དང་རླུང་སེལ་ཞིང་འཇོམས་པར་བྱེད་ལ། དེ་ཡང་མཆོག་ཏུ་ཞེས་ཤིན་ཏུ་སེལ་བར་བྱེད་པའོ། །ཀུ་ཤུ་རྣམ་གཉིས་ལྕི་བ་སྟེ། །མངར་སྐྱུར་བསིལ་དང་ཚ་བ་ཡིན། །ཡིག་འབྱེ་ཞིང་མེ་རབ་འབྲི། །ཞེས་ བྱ་བ་ལ། ཀུ་ཤུ་ནི་ཅོའུ་སྟེ། དེ་ཡང་རྣམ་པ་གཉིས་ཞེས་བྱ་བ་མངར་བ་དང་སྐྱུར་བ་རྣམ་པ་གཉིས་ཡོད་དོ། །དེ་གཉི་ག་ཡང་ལྕི་བ་ཡིན་ལ། དེ་གཉིས་ལས་གོ་རིམས་བཞིན་དུ་མངར་བ་ནི་བསིལ་བ་ཡིན་ལ། སྐྱུར་བ་ནི་ཚ་བའི་ནུས་པ་དང་ལྡན་པ་ཡིན་ནོ། །དེ་བཞིན་དུ་ཡི་ག་འབྱེ་བར་ བྱེད་ཅིང་མེའི་དྲོད་རབ་ཏུ་འབྲི་བར་བྱེད་པ་ཡིན་ནོ། །ཁམ་ཤ་ཡིག་འབྱེད་ཅིང་མངར། །སྨིན་པ་མྱུར་དུ་འཇུ་བར་འགྱུར། །ཤིན་ཏུ་ཚ་མིན་ལྕི་ཉེས་སྐྱེད། །ཅེས་བྱ་བ་ལ། ཁམ་ཤའི་དབྱེ་བ་ནི་རྣམ་པ་བཞི་སྟེ། དེ་ཡང་སྨན་དཔྱད་ཀྱི་ལུང་ལས། ཁམ་ཤ་དང་ནི་ཁམ་རྒོད་དང་། ། ཙི་ལི་སོགས་དང་རྒྱ་ཁམ་སྟེ། །དེ་ནི་རིགས་ཀྱི་ཁྱད་པར་གྱིས། །ཁམ་བུ་རྣམ་པ་བཞིར་ཤེས་བྱ། །ཞེས་བཤད་པ་ཡིན་ནོ། །དེ་བཞི་ཆར་ཡང་ཡི་ག་འབྱེད་ཅིང་ཟས་ལེན་པར་བྱེད་པ་དང་། རོ་མངར་བ་དང་། ཤིན་ཏུ་སྨིན་ཅིང་ཚོས་ནས་ནི་མྱུར་དུ་འཇུ་བར་འགྱུར་བ་ཡིན་ནོ། ། ཤིན་ཏུ་ཚ་མིན་ཞེས་བྱ་བ་ནི། ཅུང་ཟད་ཙམ་ནུས་པ་ཚ་བ་དང་། དེ་བཞིན་དུ་ཤིན་ཏུ་ལྕི་བ་དང་། ཤིན་ཏུ་ཉེས་པ་སྐྱེད་པ་ཡིན་ཏེ། ཅུང་ཟད་ལྕི་བ་དང་། ཅུང་ཟད་ཉེས་པ་སྐྱེད་པའོ། །རྒུན་འབྲུམ་པ་རུ་ཤ་ཀ་དང་། །ཀ་ར་མར་དང་བཙོས་རློན་སྐྱུར། །མཁྲིས་པ་བད་ཀན་སྐྱེད་ ཅིང་འཁྲུ། །ལྕི་ཞིང་ནུས་ཚ་རླུང་འཇོམས་སོ། །ཞེས་བྱ་བ་ལ། རྒུན་འབྲུམ་དང་། པ་རུ་ཤ་ཀ་དང་། ཀ་ར་མར་དང་བཙོས་པ་རློན་པ་སྟེ། སྐམ་པོ་མ་ཡིན་པ་དང་། མ་སྨིན་ཅིང་སྐྱུར་བར་འགྱུར་བ་ནི་མཁྲིས་པ་དང་བད་ཀན་འཕེལ་ཞིང་སྐྱེད་པར་བྱེད་པ་དང་། ཁོང་འཁྲུ་བ་ དང་ལྕི་བ་དང་། རླུང་འཇོམས་ཤིང་སེལ་བ་དང་། ནུས་པའི་སྟོབས་ཚ་བ་ཡིན་ནོ། །རྒྱ་ཤུག་སྐྱུར་ཐུང་ལི་གུ་ཚེ། །ཨ་མྲ་ཀ་ཏ་དེ་བཞིན་ནོ། །ཞེས་བྱ་བ་ལ། སྔར་བཤད་པ་བཞིན་དུ་རྒྱ་ཤུག་ནི་ཁམ་བུའི་འབྲས་བུ་དག་དང་ཆ་འདྲ་བ་ཡིན་ཏེ། རྒྱ་ཤུག་སྐྱུར་པོ་ནི་ ཨམླ་གོ་ལའོ། །རྒྱ་ཤུག་ཐུང་ངུ་ནི་ཀ་ར་ཀན་དུའོ། །དེ་བཞིན་ནོ་ཞེས་བྱ་བ་ནི་འབྲས་བུ་དེ་དག་རློན་ཞིང་སྐྱུར་བར་གྱུར་པས་ནི་སྔ་མ་དང་འདྲ་བར་མཁྲིས་པ་དང་བད་ཀན་སྐྱེད་ཅིང་འཁྲུ་བ་དང་། ལྕི་ཞིང་ནུས་པ་ཚ་ལ་རླུང་འཇོམས་པ་ཡིན་ནོ། །ཨེ་ར་བ་ཏི་ཏུ་ད་དང་། ། མྲི་ག་ལིན་ད་ཛམ་བིར་བཅས། །སྨིན་དང་ཀ་ར་ཡར་ཏ་སྐམ། །མཁྲིས་པ་ཤིན་ཏུ་སྐྱེད་བྱེད་མིན། །ཞེས་བྱ་བ་ལ། ཨེ་ར་བ་ཏི་དང་། ཏུད་དང་། མྲི་ག་ལིན་ད་དང་། ཛམ་བི་ར་སྨིན་པ་དག་ནི་མཁྲིས་པ་ཤིན་ཏུ་སྐྱེད་པ་མ་ཡིན་ལ། དེ་བཞིན་དུ་ཀ་ར་ཡར་སྐམ་པོ་ཡང་མཁྲིས་པ་ ཤིན་ཏུ་སྐྱེད་པར་བྱེད་པ་མ་ཡིན་ཏེ། མཁྲིས་པ་ཅུང་ཟད་སྐྱེད་པར་བྱེད་དོ་ཞེས་དོན་གྱིས་སྟོན་པ་ཡིན་ནོ། །ཨེ་ར་བ་ཏི་ནི་བ་རང་གའོ། །ཛམ་བི་ར་ནི་དན་ད་ཤ་ཐའོ། །ཨམླི་ཀ་དང་རྒྱ་ཤུག་སྐྱུར། །སྐམ་པོ་དྲོད་སྐྱེད་འཁྲུ་བ་དང་། །སྐོམ་དད་ངལ་དང་རྨྱ་བ་སེལ། །ཡང་ཞིང་རླུང་དང་བད་ ཀན་འཇོམས། །ཞེས་བྱ་བ་ལ། ཨམྦི་པེཀ་ནི་ཙུ་ཀྲི་ཀའོ། །རྒྱ་ཤུག་སྐྱུར་པོ་ནི་ཀོ་ལི་ཀའོ། །འབྲས་བུ་དེ་གཉིས་བསྐམས་པར་གྱུར་པ་ནི་མེའི་དྲོད་སྐྱེད་པ་དང་། བཤང་གཅི་སླ་ཞིང་འཁྲུ་བ་དང་། སྐོམ་དད་དང་ངལ་བ་དང་རྨྱ་བ་སེལ་བ་དང་། དེ་བཞིན་དུ་ཡང་བ་དང་། རླུང་དང་བད་ ཀན་དག་ཀྱང་འཇོམས་ཤིང་སེལ་བ་ཡིན་ནོ། །དེ་ལས་འབྲས་བུ་ཀུན་ཐ་ཆད། །ལི་གུ་ཙེ་སྟེ་ནད་ཀུན་སློང་། །ཞེས་བྱ་བ་ལ། འབྲས་བུའི་སྡེ་ཚན་རྣམས་ལ་འབྲས་བུ་དེ་རྣམས་ཀྱི་ཐ་ཆད་ཅེས་པ། ཐ་མ་ནི་ལི་གུ་ཙེ་ཞེས་བྱ་བ་ཡིན་ཏེ། དེས་ནི་ནད་ཀུན་སློང་ཞེས་པ་ཉེས་པ་གསུམ་ པོ་མཐའ་དག་སྐྱེད་པར་བྱེད་པ་ཡིན་ནོ། །ཁ་བ་མེ་དང་རླུང་གནོད་ཉེན། །སྦྲུལ་གྱི་ཁ་ཆུ་སོགས་པས་ཕོག །སྲིན་བུས་ཟོས་དང་ཆུ་ནང་ལྷུང་། །ས་ངན་དུས་མིན་སྐྱེས་པ་དང་། །འབྲུ་གཞན་འདྲེས་ཤིང་མཐུ་ཉམས་དང་། །ཤིན་ཏུ་རྙིང་གྱུར་འབྲུ་སྤང་བྱ། །ཞེས་བྱ་བ་ལ། འབྲུ་ཁ་བ་ལ་སོགས་པས་ཉེན་ཅིང་ཉམས་པ་རྣམས་སྤང་བར་བྱ་སྟེ། གནོད་པས་ཉེན་པའི་སྒྲ་ནི་ཀུན་ལ་སྦྱར་བར་བྱ་སྟེ། དེས་ན་ཁ་བའི་གནོད་པས་ཉེན་པ་དང་། དེ་བཞིན་དུ་མས་ཚིག་པའི་གནོད་པས་ཉེན་པའམ། ཐན་པས་ཁྱེར་བ་དང་། རླུང་གིས་གནོད་པ་སྟེ། འབྲུ་ལ་ གནོད་པ་རླུང་རྩུབ་མོས་ཉེན་པ་དང་། དེ་བཞིན་དུ་སྦྲུལ་ལ་སོགས་པའི་ཁ་ཆུས་ཕོག་པ་ལ་སོགས་པའི་སྒྲས་ནི་རོ་བསྲེགས་པའི་དྲིས་ཕོག་པ་དང་། བཤང་བ་དང་གཅི་བས་ཕོག་པ་བསྡུའོ། །སྲིན་བུས་ཟོས་པ་ནི་འབུ་སྲིན་རྣམས་ཀྱིས་ཟོས་བའོ། །ཆུ་ནང་ལྷུང་བ་སྟེ། ཆུའི་ནང་དུ་ནུབ་ པ་དང་། ས་ངན་པ་སྟེ། མི་མཐུན་པའི་སར་སྐྱེས་པ་སྟེ། དེ་ཡང་འབྲུ་གང་དང་གང་དུ་སྐྱེ་བར་འོས་པའི་ས་དེ་མ་ཡིན་པ་གཞན་དག་ཏུ་སྐྱེས་པ་ནི་མི་མཐུན་པར་སྐྱེས་བའོ། །དུས་མ་ཡིན་པར་སྐྱེས་པ་ནི་སྨིན་པའི་དུས་སུ་མ་ཕྱིན་པ་སྟེ། འབྲུ་གང་དུས་གང་སྐྱེས་པར་གྲགས་པ་དེ་ལས་གཞན་ པའི་དུས་དག་ཏུ་སྐྱེས་པ་ཞེས་བྱ་བའི་དོན་ཏེ། དེའི་མཚན་ཉིད་ནི་རོ་ལ་སོགས་པ་ཡོངས་སུ་མ་རྫོགས་པས་གནོད་པ་ཡིན་ནོ། །འབྲུ་གཞན་ལྡན་ཞིང་ཞེས་བྱ་བ་ནི་རིགས་མི་མཐུན་པ་གཞན་དག་དང་འདྲེས་པར་གྱུར་པ་སྟེ། དཔེར་ན་འབྲས་རཀྟ་ཤ་ལི་རྩ་སྣར་ནི་འབྲས་ཡ་བ་ཀ་ཞེས་བྱ་བ་ ནས་འདྲ་དང་འདྲེས་ན་གནོད་པ་ཡིན་ནོ། །དེ་བཞིན་དུ་མོན་སྲན་སྡེའུ་མུངྒ་ནི་མོན་སྲན་གྲེའུ་མ་ཤ་དང་མི་མཐུན་པ་ཡིན་ནོ། །དེ་བཞིན་དུ་གྲ་མ་ཅན་ཡང་གྲམ་ཅན་གྱི་རིས་མི་མཐུན་པ་དང་འདྲེས་པ་དང་། གོང་བུ་ཅན་ཡང་གོང་བུ་ཅན་གྱི་རིས་མི་མཐུན་པ་དང་འདྲེས་པ་སྤང་བར་བྱའོ། །ལ་ ལ་དག་ནི་འབྲུ་གྲ་མ་ཅན་ནི་འབྲུ་གང་བུ་ཅན་དང་མི་མཐུན་པ་ཡིན་ནོ་ཞེས་ཟེར་རོ། །དེ་བཞིན་དུ་གཞན་དག་ནི་སར་པ་དང་རྙིང་པ་འདྲེས་པ་དག་ནི་འབྲུ་གཞན་འདྲེས་པ་ཡིན་ནོ་ཞེས་ཟེར་རོ། །དེ་བཞིན་དུ་མཐུ་ཉམས་ཤིང་ཤིན་ཏུ་རྙིང་པ་སྟེ། ལོ་མང་པོར་ལོན་པ་ཉིད་ཀྱིས་ཤིན་ཏུ་རྙིང་པར་ གྱུར་པས་མཐུ་ཉམས་ཤིང་ནུས་པ་ཟད་པའི་འབྲུ་སྤང་བར་བྱའོ། །དེ་ཡང་རྒྱུད་གཞན་དག་ལས། ལོ་གཅིག་ལོན་ན་འབྲུ་ཐམས་ཅད། །ལྕི་བ་ཉིད་ནི་སྤོང་གྱུར་གྱི། །དེ་ཡི་ནུས་པ་འདོར་མ་ཡིན། །དེ་ནས་རིམ་གྱིས་འདོར་བར་འགྱུར། །ཞེས་བཤད་པ་ཡིན་ནོ། །དེས་ན་མཐུ་ཉམས་ ཤིང་ཤིན་ཏུ་རྙིང་པར་གྱུར་པའི་འབྲུ་ཡིན་ནོ། །ཚོད་མའང་དེ་བཞིན་རྩུབ་པར་ནི། །གཡོས་བ་དག་དང་མི་སྙི་དང་། །རོ་ནི་སྨིན་པར་མ་གྱུར་དང་། །ལ་ཕུག་མ་གཏོགས་སྐམ་པོ་དང་། །ཞེས་བྱ་བ་ལ། ཚོད་མའང་དེ་བཞིན་ཞེས་པ་ཁ་བ་ལ་སོགས་པས་ཉེན་པ་སྤང་བར་བྱའོ། ། དེ་བཞིན་དུ་རྩུབ་པོས་བཙོས་པ་སྟེ། རྩུབ་པ་ཉིད་དུ་བཙོས་པ་ནི་རྩུབ་པོར་གཡོས་པའམ། ཡང་ན་རྩུབ་པོ་སྟེ་དར་བ་དང་ཞོ་ག་ཆུ་དང་སྐྱུར་པོ་ལ་སོགས་པ་དང་། གཡོས་པ་ནི་རྩུབ་པོར་གཡོས་པའོ། །མི་སྙི་བ་ནི་སྲ་བ་སྟེ། རང་བཞིན་གྱིས་སྲ་བའམ། གཡོས་སུ་ བྱས་པས་སྲ་བའོ། །དེ་བཞིན་དུ་རོ་སྨིན་པར་གྱུར་པ་སྟེ། རོའི་རང་བཞིན་ཡོངས་སུ་རྫོགས་པར་མ་གྱུར་པའོ། །དེ་བཞིན་དུ་ལ་ཕུག་མ་གཏོགས་པ་སྐམ་པོ་སྤང་བར་བྱའོ། །གང་གི་ཕྱིར་ལ་ཕུག་སྐམ་པོ་བཟའ་བར་བྱ་བ་སྔར་བཤད་པའི་ཕྱིར་རོ། །འབྲས་བུའང་ཕལ་ཆེར་དེ་བཞིན་ ཏེ། །བིལ་བ་མ་གཏོགས་རློན་པ་སྤང་། །ཞེས་བྱ་བ་ལ། འབྲས་བུ་ཤིང་ཐོག་ཀྱང་ཕལ་ཆེར་མང་དུ་དེ་བཞིན་ཏེ། ཇི་ལྟར་འབྲུ་ཁ་བ་ལ་སོགས་པས་ཉེན་ཅིང་སྣད་པ་དང་། འབུས་ཟོས་པ་དང་། ཆུར་ལྷུང་བ་དང་། ས་ངན་པ་ལས་སྐྱེས་པ་དང་། དུས་མ་ཡིན་པར་སྐྱེས་པ་ དང་། རོ་མ་སྨིན་པ་དང་། སྐམ་པོ་སྤང་བར་བྱ་བ་ཡིན་ནོ། །ཕལ་ཆེར་ཞེས་སྨོས་པས་ནི་འབྲུ་གཞན་དང་འདྲེས་པ་དང་རྩུབ་མོར་གཡོས་པ་ལ་སོགས་པ་དང་། འདིར་མི་སྦྱར་བ་དང་། རྒུན་འབྲུམ་ལ་སོགས་པས་ནི་སྐམ་པོ་ཡང་སྦྱོར་བ་དག་ལ་དགོས་ཤིང་སྐྱོན་མེད་པར་སྣང་བས། དེ་དག་མ་གཏོགས་པར་ཤེས་པར་བྱ་བའི་ཕྱིར་ཕལ་ཆེར་སྨོས་པ་ཡིན་ནོ། །དེ་བཞིན་དུ་ཤིང་ཏོག་ཐམས་ཅད་ཀྱང་རློན་པ་སྟེ། སྨིན་པར་མ་གྱུར་པ་སྤང་བར་བྱའོ། །དེ་ལ་བིལ་བ་ནི་མ་གཏོགས་ཏེ། དེའི་མ་སྨིན་པའི་སྦྱོར་བའི་ཡོན་ཏན་ཆེན་པོ་དག་དྲང་སྲོང་གིས་བཤད་པ་ཡིན་ ནོ། །འདིར་གཞན་དག་ཐམས་ཅད་ནི་ཅི་རིགས་པར་སྔ་མ་བཞིན་དུ་སྦྱར་བར་བྱའོ། །ཟས་ཀྱི་ཚུལ་ཤེས་པར་བྱ་བ་འདིར་འབྲུ་དང་ཤ་དང་ཚོད་མ་དང་ཤིང་ཏོག་འབྲས་བུར་གྲགས་པ་དང་། མ་གྲགས་པ་རྣམས་ཀྱི་མིང་མ་སྨྲས་པ་དེ་དག་ནི་ཡུལ་མང་པོ་མཐོང་ཞིང་ཐ་སྙད་ལ་མཁས་པ་ རྣམས་ལས་ཤེས་པར་བྱའོ། །འབྲས་བུའི་སྡེ་ཚན་ནོ།། །།ད་ནི་ལན་ཚྭ་ལ་སོགས་པ་དག་ཟས་ཀྱི་གཡོས་ལ་དགོས་པ་དང་། སྨན་དང་ཟས་ཀྱི་སྦྱོར་བ་ལ་སོགས་པ་གང་ཡིན་པ་དེ་བརྗོད་པར་བྱ་སྟེ། ལན་ཚྭ་ཀུན་ཀྱང་བད་ཀན་སྐྱེད། །ཕྲ་ཞིང་བཤང་གཅི་འབྱིན་ལ་ འཇམ། །རླུང་འཇོམས་འཇུ་བྱེད་ཚ་ཞིང་རྣོ། །ཡི་ག་འབྱེད་ཅིང་བད་མཁྲིས་སྐྱེད། །ཅེས་བྱ་བ་ལ། ལན་ཚྭ་ཐམས་ཅད་ནི་སྤྱིར་བད་ཀན་སྐྱེད་ཅིང་རྩ་སྦུབས་ཀྱི་རྒྱུན་ལས་ཆུ་རྣམས་འཛག་པར་བྱེད་པ་ཡིན་པས། ཀུན་ཀྱང་བད་ཀན་སྐྱེད་པ་ཡིན་ནོ། །དེ་སྨན་དཔྱད་ཀྱི་རྒྱུད་ལས། རང་གི་ ནུས་པ་སྙིང་གར་ནི། །སོང་སྟེ་རྣམ་པར་སྡུད་བྱེད་ཅིང་། །རྣོ་བས་རྣམ་པར་གཅོད་བྱེད་ལ། །ཚ་བས་མྱུར་དུ་འཛག་པར་བྱེད་པ་ཡིན་པས། ཀུན་ཀྱང་བད་ཀན་སྐྱེད་པ་ཡིན་ནོ། །དེ་སྨན་གྱི་རྒྱུད་ལས་ཞེས་བཤད་པ་ཡིན་ནོ། །ཕྲ་བ་ནི་རྩ་སྦུབས་ཕྲ་མོ་ལ་ཞུགས་པར་བྱེད་པ་ཡིན་པའི་ ཕྱིར་རོ། །བཤང་གཅི་འབྱིན་པ་ནི་དྲི་མ་སེལ་ཞིང་འཁྲུ་བར་བྱེད་པའོ། །འཇམ་པ་ནི་རང་བཞིན་མཉེན་པའོ། །རླུང་འཇོམས་པ་ནི་རླུང་ནད་སེལ་བའོ། །འཇུ་བར་བྱེད་པ་ནི་ཟས་ལ་སོགས་པ་སྨིན་པར་བྱེད་པའོ། །ཚ་བ་ནི་ཚ་བའི་ནུས་པ་དང་ལྡན་པའོ། །རྣོ་བ་ནི་ལུས་ཟུངས་འབིགས་ པའོ། །ཡིག་འབྱེ་བ་ནི་ཟས་ལེན་པའོ། །བད་ཀན་དང་མཁྲིས་པ་སྐྱེད་པ་ནི་དེ་གཉིས་འཕེལ་བར་བྱེད་པའོ། །དེ་ལ་ལྕེ་མྱང་ཚ་མངར་བཅས། །རོ་ཙ་ཡིད་འོང་ཉེས་གསུམ་སེལ། །ཡང་ཞིང་ཚ་ལ་མིག་ལ་ཕན། །ཚ་བ་མི་སྐྱེད་མེ་དྲོད་སྐྱེད། །ཅེས་བྱ་བ་ལ། དེ་ལ་ཞེས་བྱ་ བ་ནི་ངེས་པར་གཟུང་བ་སྟེ། ལན་ཚྭ་དེ་ཐམས་ཅད་ཀྱི་ནང་ནས། ལན་ཚྭ་ལྕེ་མྱང་ཚ་ནི་ཡང་བ་སྟེ། ཅུང་ཟད་མངར་བ་དང་། རོ་ཙ་ཞིང་ས་བོན་འཕེལ་བར་བྱེད་པ་དང་། ཡིད་དུ་འོང་ཞིང་སྙིང་དགའ་བར་བྱེད་པ་དང་། རླུང་ལ་སོགས་པ་གསུམ་སེལ་བར་བྱེད་པ་ལ་སོགས་པའི་ཡོན་ ཏན་དང་ལྡན་པ་ཡིན་ནོ། །རྩལ་རུ་ཚ་ཡང་ཡིད་འོང་ཞིང་། །སྒྲེགས་པ་སྦྱོང་ཞིང་དྲི་ཞིམ་ལ། །ཞུ་རྗེས་ཚ་ཞིང་བཤང་སྲི་སེལ། །དྲོད་སྐྱེད་ཡི་ག་འབྱེད་བྱེད་ཡིན། །ཞེས་བྱ་བ་ལ། རྩལ་རུ་ཚ་ནི་སེའུ་བར་ཙ་ལ་སྟེ། མིང་གི་རྣམ་གྲངས་གཞན་ཡང་རུ་ཙ་ཀ་ཞེས་བྱའོ། །དེ་ནི་ཡང་ ཞིང་ཡིད་དུ་འོང་བ་དང་། སྒྲེགས་པའི་དྲི་མི་ཞིམ་པ་སྦྱོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ཁ་རུ་ཚ་ནི་སྟོད་བད་ཀན། །སྨད་ཀྱི་རླུང་འབྱིན་དྲོད་སྐྱེད་ལ། །བཤང་འགགས་ལྟོ་སྦོས་རྟུག་སྐམ་དང་། །གཟེར་ཟུག་ལུས་ལྕི་སེལ་བ་ཡིན། །ཞེས་བྱ་བ་ལ། ཁ་རུ་ཚ་ འདི་ནི་བི་ད་ལོ་ནུ་སྟེ། ཁ་རུ་ཚ་བཅོས་མ་ཡིན་པར་ཤེས་པར་བྱའོ། །དེ་ནི་སྟོད་ཀྱི་བད་ཀན་འདྲེན་པར་བྱེད་པ་དང་། སྨད་ཀྱི་རླུང་འབྱིན་པར་བྱེད་པ་ཡིན་ནོ། །ལུགས་སུ་འབྱུང་བར་བྱེད་པ་ཡིན་ཞིང་དྲོད་སྐྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །རྒྱ་ མཚོའི་ལན་ཚྭ་ཞུ་རྗེས་མངར། །ལྕི་ཞིང་བད་ཀན་རྣམས་འཕེལ་བྱེད། །ཅེས་བྱ་བ་ལ། རྒྱ་མཚོའི་ལན་ཚྭ་ནི་ཞུ་བའི་རྗེས་མངར་བ་དང་། ལྕི་ཞིང་ཁྱད་པར་དུ་བད་ཀན་འཕེལ་བར་བྱེད་པ་ཡིན་ནོ། །བཀོད་མའི་ལན་ཚྭ་ཅུང་ཟད་ཁ། །ཚ་དང་བ་ཚ་རྣོ་བྱེད་གཤེར། །ཞེས་བྱ་བ་ལ། བཀོད་མའི་ལན་ཚྭ་ནི་ས་ལས་སྐྱེས་པའི་ལན་ཚྭ་སྟེ། དེ་ནི་ཅུང་ཟད་ཚ་བ་ནི། ཅུང་ཟད་བ་ཚའི་ཞད་བྲོ་བ་དང་། རྣོ་བའི་ཡོན་ཏན་དང་ལྡན་པ་དང་། སླ་ཞིང་གཤེར་བར་བྱེད་ལ་བད་ཀན་དང་མཁྲིས་པ་ལ་སོགས་པ་གནས་ནས་སྒུལ་བར་བྱེད་པས་ན་གཤེར་བར་བྱེད་པ་ཡིན་ནོ། །ཁ་ རུ་ཚ་ནག་ཡོན་ཏན་དྲི། །མ་གཏོགས་ཡོན་ཏན་བི་དར་མཚུངས། །ཞེས་བྱ་བ་ལ། ཁ་རུ་ཚ་ནག་པོ་ནི་དྲི་མ་གཏོགས་པ་ཡོན་ཏན་གཞན་བི་ད་ཁ་རུ་ཚ་དང་མཚུངས་ཤིང་མཉམ་སྟེ། འདི་གཉིས་ཀྱི་ཁྱད་པར་ནི་དྲི་ཙམ་དུ་ཟད་དོ། །མཚོ་ཚ་ཡང་སྟེ། ཞེས་བྱ་བ་ནི་ལན་ཚྭ་མཚོ་ཚ་ ཞེས་བྱ་བ་ནི་རོ་མ་ཀ་སྟེ། དེ་ནི་ཡང་བའི་ཡོན་ཏན་དང་ལྡན་པས་ན་ཡང་བ་ཡིན་ནོ། །ས་སྐམ་ཚ། བད་ཀན་སྐྱེད་ཅིང་འཇུ་དཀའ་ལྕི། །ཞེས་བྱ་བ་ལ། ས་སྐམ་གྱི་ཚ་ནི་ས་རུལ་ཅན་གྱི་ཕྱོགས་ནས་བྱུང་བའི་ཚ་སྟེ། དེ་ནི་བ་ཚ་བྲོ་ཞིང་བད་ཀན་སྐྱེད་པར་བྱེད་ཅིང་འཇུ་དཀའ་བ་ དང་། ལྕི་བ་ཡིན་ནོ། །ལན་ཚྭ་རྣམས་ཀྱི་སྦྱོར་བ་ལ། །རྒྱམ་ཚ་ལ་སོགས་རབ་ཏུ་སྦྱར། །ཞེས་བྱ་བ་ལ། ལྕེ་མྱང་ཚ་ལ་སོགས་པའི་ལན་ཚྭ་རྣམས་ཀྱི་ནང་ནས་གཅིག་གམ་གཉིས་སམ་མང་པོ་བརྔོས་པའི་ཕྱེ་མ་དང་། ལ་དུ་དང་། སྨན་མར་དང་། ཏིལ་མར་ལ་སོགས་ པའི་སྦྱོར་བ་དེ་དང་དེ་ལ་རྒྱམ་ཚ་ལ་སོགས་པ་རབ་ཏུ་སྦྱར་བར་བྱའོ། །དེས་ན་འདི་སྐད་སྟོན་པ་ཡིན་ཏེ། གང་དུ་ཁྱད་པར་མེད་པར་ལན་ཚྭ་གཅིག་སྨོས་པ་དེ་ནི་རྒྱམ་ཚའམ་ལྕེ་མྱང་ཚ་སྦྱར་བར་བྱའོ། །གང་དུ་གཉིས་སྨོས་པ་དེ་ནི་རྒྱམ་ཚ་དང་རྩལ་རུ་ཚའོ། །གང་དུ་གསུམ་ སྨོས་པ་དེར་ནི། རྒྱམ་ཚ་དང་རྩལ་རུ་ཚ་དང་། ཁ་རུ་ཚ་ནག་པོ་སྦྱར་བར་བྱའོ། །གང་དུ་བཞི་སྨོས་པ་དེར་ནི། ལྕེ་མྱང་ཚ་དང་རྩལ་རུ་ཚ་དང་། ཁ་རུ་ཚ་དང་ཁ་རུ་ཚ་ནག་པོའོ། །གོང་དུ་ལྔ་སྨོས་པ་དེར་ནི། ལྕེ་མྱང་ཚ་དང་རྩལ་རུ་ཚ་དང་། ཁ་རུ་ཚ་དང་ཁ་རུ་ཚ་ནག་པོ་དང་། རྒྱ་ མཚོའི་ཚ་སྦྱར་བར་བྱའོ། །དེ་བཞིན་དུ་བཀོད་མའི་ལན་ཚྭ་ལ་སོགས་པ་ཡང་སྦྱར་རོ། །ནས་ཚིག་འཁུས་པའི་ལན་ཚྭ་ནི། །སྐྲན་དང་སྙིང་ནད་སྐྱ་རྦབ་དང་། །ཕོ་བ་མཆེར་པ་ལྐོག་ནད་དང་། །ལུད་པ་གཞང་འབྲུམ་དབུགས་མི་བདེ། །ལྟོ་སྦོས་བད་ཀན་སེལ་བ་ཡིན། ། ཞེས་བྱ་བ་ལ། ལན་ཚྭའི་ནང་ནས་ནས་ཚིག་འཁུས་པའི་ཐལ་བའི་ལན་ཚྭ་ནི། སྐྲན་ནས་བད་ཀན་གྱི་བར་སེལ་ཞིང་འཇོམས་པ་ཡིན་ནོ། །སརྫི་ཀ་སོགས་ཐལ་ཚ་ཀུན། །རབ་རྣོ་ཚ་ཞིང་སྲིན་སེལ་ཡང་། །ཁྲག་མཁྲིས་སྐྱེད་བྱེད་སྨིན་བྱེད་ལ། །གཅོད་ཅིང་མི་ཞིམ་རྣམ་ པར་འབྱེད། །ནས་ཚིག་འཁུས་ཚ་ཁ་བས་ན། །མདོག་མདངས་ཁུ་བ་སྐྲ་མིག་གནོད། །ཅེས་བྱ་བ་ལ། སརྫི་ཀ་ལ་སོགས་པའི་ཐལ་བའི་ཚ་ཁུ་ནི་རབ་ཏུ་རྣོ་བ་དང་། ཚ་བའི་ནུས་པ་དང་ལྡན་པ་དང་། སྲིན་བུའི་ནད་སེལ་བ་དང་། ཡང་བ་དང་། ཁྲག་དང་མཁྲིས་པ་སྐྱེད་པ་ སྨིན་པར་བྱེད་པ་དང་། བད་ཀན་ལ་སོགས་པ་གཅོད་པར་བྱེད་པ་དང་། དེ་བཞིན་དུ་མི་ཞིམ་པ་སྟེ། སྙིང་མི་དགའ་བར་མི་བྱེད་པ་དང་རྣམ་པར་འབྱེད་པ་སྟེ། འབྲུམ་བུ་དང་། ཕོལ་མིག་ལ་སོགས་པ་འབྱེད་ཅིང་འགགས་པར་བྱེད་པ་དང་། ལན་ཚྭ་བྲོ་ཞིང་ཁ་བས་ མདོག་མདངས་དང་ཁུ་བ་ལ་སོགས་པ་ལ་གནོད་པ་ཡིན་ནོ། །ཤིང་ཀུན་རླུང་དང་བད་ཀན་སེལ། །གཟེར་འཇོམས་མཁྲིས་པ་སྐྱེད་བྱེད་དེ། །ཞུ་རྗེས་རོ་ཚ་ཡི་ག་འབྱེད། །དྲོད་སྐྱེད་ཟས་འཇུ་ཡང་བ་ཡིན། །ཞེས་བྱ་བ་ལ། ཤིང་ཀུན་ནི་རྩི་བོ་ཆེ་སྟེ། དེ་ནི་རླུང་དང་བད་ ཀན་སེལ་ཞིང་གཟེར་ནད་འཇོམས་པ་དང་། དེ་བཞིན་དུ་མཁྲིས་པ་སྐྱེད་པར་བྱེད་པ་དང་། ཞུ་བའི་རྗེས་མངར་ཞིང་རོ་ཚ་བ་དང་། ཡི་ག་འབྱེད་པ་དང་། དྲོད་སྐྱེད་པ་དང་། ཟས་མ་ཞུ་བ་འཇུ་བ་དང་། ཡང་བའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ཨ་རུ་ར་བསྐ་ཞུ་རྗེས་མངར། ། རྩུབ་ཅིང་ལན་ཚྭའི་རོ་མེད་ཡང་། །དྲོད་ཆེ་ཟས་འཇུ་ཡིད་གཞུངས་བྱེད། །ན་ཚོད་ལ་འཇོག་དམ་པ་ཡིན། །དྲོ་ཞིང་འཁྲུ་ལ་ཚེ་ལ་ཕན། །བློ་དང་དབང་གསལ་སྟོབས་རབ་སྐྱེད། །མཛེ་དང་བཞིན་ལུས་མདོག་མི་སྡུག །སྐད་འགགས་རིམས་རྙིང་མི་ བཟད་རིམས། །གླད་པ་མིག་ནད་སྐྱ་རྦབ་དང་། །མིག་སེར་ཕོ་བའི་ནད་རྣམས་དང་། །སྐེམ་བཅས་འོར་ནད་གཅིན་ནད་དང་། །ཚད་འཁྲུ་རྨོངས་བག་མྱོས་སློན་སྲིན། །མཆིལ་མང་ལུད་པ་དབུགས་མི་བདེ། །གཞང་འབྲུམ་མཆེར་པ་ལྟོ་སྤོས་དུག །གསུམ་འཕེལ་རྒྱུན་ འགགས་སྐྲན་དང་ནི། །ད་རྒན་ན་དང་ཡི་ག་འཆུས། །རླུང་དང་བད་ཀན་ལས་གྱུར་ནད། །དེ་དང་དེ་ནི་སེལ་བྱེད་ཡིན། །ཞེས་བྱ་བ་ལ། ཨ་རུ་ར་ནི་རོ་རབ་ཏུ་བསྐ་བ་ཡིན་ལ། ཞུ་བའི་རྗེས་མངར་བ་ཡིན་ཞིང་། རྩུབ་པའི་ཡོན་ཏན་དང་ལྡན་པས་རྩུབ་པ་ཡིན་ལ། ལན་ཚྭའི་ རོ་མེད་པ་ནི་ལན་ཚྭའི་རོ་དང་བྲལ་བ་སྟེ། རོ་ལྔ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །སྔར་བསྐ་བ་ཞེས་སྨོས་པ་ནི། དེ་ཤས་ཆེ་བར་བསྟན་པའི་ཕྱིར་ཡིན་ནོ། །དེ་ལྟར་ན་ཨ་རུ་ར་ནི་མངར་བ་དང་། སྐྱུར་བ་དང་། ཁ་བ་དང་། ཚ་བ་དང་། བསྐ་བ་སྟེ། རོ་ལྔ་དང་ལྡན་པ་ཡིན་པར་ཤེས་ པར་བྱའོ། །དེ་ཡང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། ན་ཚོད་ལ་འཇོག་པ་ནི་གཞོན་ནུ་མ་ཡིན་པ་དག་ཀྱང་རྒས་པ་ལས་བཟློག་ནས་མཆོག་ཏུ་གཞོན་པ་ལ་འཇོག་པ་ཡིན་པ་དང་། བློ་ཞེས་བྱ་བ་འཕྲལ་གྱི་དོན་འཛིན་པར་ནུས་པ་དང་། མིག་ལ་སོགས་པའི་དབང་ པོ་གསལ་བར་བྱེད་ཅིང་། དེ་རྣམས་ཀྱི་སྟོབས་རང་གི་ཡུལ་ལ་འཇུག་པར་ནུས་པ་རབ་ཏུ་བསྐྱེད་པ་ཡིན་ནོ། །དེ་བཞིན་དུ་དེ་ནི་མཛེ་ནས་ཡི་ག་འཆུས་པའི་བར་གྱི་ནད་དང་། རླུང་དང་བད་ཀན་ལས་གྱུར་པའི་ནད་གཞན་གང་དག་ཡོད་པ་དེ་དང་དེ་ཐམས་ཅད་སེལ་བར་བྱེད་པ་ཡིན་ནོ། ། རིམས་རྙིང་པ་ནི་ཡུན་རིང་དུ་ལོན་པའོ། །མི་བཟད་པའི་རིམས་ནི་རྟག་པའི་རིམས་ལ་སོགས་པ་རྣམ་པ་བཞིའོ། །གཞན་དག་ནི་གོ་བར་ཟད་དོ། །སྐྱུ་རུ་ར་ཡང་དེ་འདྲ་བསིལ། །རོ་སྐྱུར་བད་མཁྲིས་སེལ་དེ་ལས། །ཞེས་བྱ་བ་ལ། སྐྱུ་རུ་ར་ཡང་། ཨ་རུ་ར་དང་འདྲ་བར་ཤེས་པར་ བྱའོ། །ཨ་རུ་རའི་ཡོན་ཏན་བཤད་མ་ཐག་པ་གང་ཡིན་པ་དེ་ཐམས་ཅད་སྐྱུ་རུ་ར་ལ་ཡང་ཡོད་དེ་འདྲ་བ་ཞེས་བྱ་བ་ལ། འདིར་ནུས་པ་ནི་དེ་དང་མི་མཐུན་ཏེ། དེ་ནི་དྲོ་བ་ཡིན་ལ། སྐྱུ་རུ་ར་ནི་བསིལ་བའི་ནུས་པ་དང་ལྡན་པ་ཡིན་ནོ། །ཡོན་ཏན་གཞན་ལན་ཚྭ་མི་བྲོ་ཞིང་ཞུ་རྗེས་མངར་ བ་དང་། རོ་ལྔ་དང་ལྡན་པ་ལ་སོགས་པ་དང་། བད་ཀན་དང་མཁྲིས་པ་ལས་བྱུང་བའི་ནད་དེ་དང་དེ་འཇོམས་པར་བྱེད་པ་ནི་འདྲ་བ་ཡིན་པར་ཤེས་ལ། སྐྱུར་བའི་རོ་ནི་ཤས་ཆེ་བ་ཡིན་ནོ། །ཡོན་ཏན་ཅུང་དམན་བ་རུར། །ཞུ་རྗེས་ཚ་མངར་སྐྲ་མིག་ཕན། །ཞེས་བྱ་བ་ལ། བ་རུ་ར་ནི་ཨ་རུ་ར་ རའི་ཡོན་ཏན་དེ་ལས་ཅུང་ཟད་ཅིག་དམན་ཞིང་ཆུང་བ་ཡིན་ལ། དེ་ནི་ཨ་རུ་ར་དང་ཡོན་ཏན་ལས་ཐུན་མོང་ཡིན་ཡང་། བ་རུ་ར་ནུས་པ་བསིལ་བ་ཡིན་ཏེ། དེ་རྩོམ་པའི་འབྱུང་བ་ཆེན་པོ་དེ་ལྟ་བུའི་རྣམ་པར་ཞུགས་པ་ཡིན་པའི་ཕྱིར་རོ། །དེ་ནི་ཞུ་བའི་རྗེས་ཚ་བ་དང་། རོ་མངར་བའི་ ཤས་ཆེ་བ་དང་། སྐྲ་ལ་ཕན་པ་དང་། མིག་ལ་ཕན་པ་ཡིན་ནོ། །འབྲས་བུ་གསུམ་པོ་འདི་དག་ནི། །བཅུད་ཀྱིས་ལེན་མཆོག་མིག་ནད་སེལ། །རྨ་འཚོ་ལྤགས་ནད་རྨ་རེད་དང་། །ཚིལ་ཆེས་གཅིན་སྙི་བད་ཁྲག་སེལ། །ཞེས་བྱ་བ་ལ། ཨ་རུ་ར་དང་སྐྱུ་རུ་ར་དང་བ་རུ་ར་ཞེས་བྱ་ བ་དང་གསུམ་མོ། །འབྲས་བུ་གསུམ་ཞེས་ལེགས་བཤད་པ། །འབྲས་བུ་གསུམ་པོ་དེ་ཤེས་བྱ། །ཞེས་འབྱུང་བ་དང་། གཞན་དག་ལས་ཀྱང་། འབྲས་བུའི་མཆོག་ནི་རྣམ་གསུམ་མོ། །འབྲས་བུའི་དམ་པ་གསུམ་ཞེས་བཤད་པ་ཡིན་ནོ། །འབྲས་བུ་གསུམ་པོ་དེ་དག་ ཉིད་ནི་བཅུད་ཀྱིས་ལེན་པའི་མཆོག་ཅེས་བྱ་བ་སྟེ། བཅུད་ཀྱིས་ལེན་རྣམས་ཀྱི་ནང་ན་དམ་པ་ཡིན་པའོ། །མིག་ནད་སེལ་བ་ནི་མིག་གི་ནད་རྣམས་འཇོམས་པའོ། །རྨ་འཚོ་བ་ནི་རྨ་འབྱོར་ཅིང་སླར་འཚོ་བར་བྱེད་པའོ། །ལྤགས་ནད་ནི་མཛེ་ནད་མེད་པ་ལ་དང་། སྐྲན་ནད་ལ་ སོགས་པའོ། །རྨ་རེད་པ་ནི་རྨ་ལས་ཁྲག་ལ་སོགས་པ་འཛག་པའོ། །ཚིལ་ཆེས་པ་ནི་ལུས་ཟུངས་ཀྱི་ཚིལ་ལྷག་པའོ། །གཅིན་སྙི་བ་ནི་ཆུ་སོའི་ནད་དོ། །བད་ཀན་དང་ཁྲག་ནི་དངོས་སུ་ཟད་དེ། དེ་དག་སེལ་ཞིང་འཇོམས་པར་བྱེད་པ་ཡིན་ནོ། །ཤིང་ཚ་སུག་སྨེལ་བྷ་དྲ་ གསུམ། །གེ་སར་བཅས་པ་དྲི་བཟངས་བཞི། །ཞེས་བྱ་བ་འདི་ནི། བསྡུས་པའི་ཚིག་ཡིན་པ་ལས་མིང་ཙམ་བསྟན་པའི་ཕྱིར། འགའ་ཞིག་གིས་འདིར་བཅུག་པ་ཡིན་ཏེ། ཤིང་ཚ་དང་། སུག་སྨེལ་དང་། གནྡྷ་བྷ་དྲ་གསུམ་ནི་དྲི་བཟངས་གསུམ་ཞེས་ བྱ་བ་ལ། གསུམ་པོ་འདི་རྣམས་ཀྱི་སྟེང་དུ་ནཱ་ག་གེ་སར་གྱིས་བསྣན་པ་ནི་དྲི་བཟངས་བཞི་ཞེས་བྱ་བའོ། །འདི་དག་ནི་མིང་ཙམ་བསྟན་པ་ཡིན་གྱི། ཡོན་ཏན་ནི་འདིར་མ་བསྟན་ཏེ་གཞན་ལས་ནི་མིང་ཙམ་བཏུས་པར་ཟད་དོ། །ན་ལེ་ཤམ་ནི་མཁྲིས་སྐྱེད་རྣོ། །རྩུབ་ཅིང་དྲོད་སྐྱེད་ཡི་ ག་འབྱེད། །རོ་དང་ཞུ་རྗེས་དག་ཀྱང་ཚ། །བད་ཀན་འཇོམས་ཤིང་ཡང་བ་ཡིན། །ཞེས་བྱ་བ་ལ། ན་ལེ་ཤམ་ནི་མཁྲིས་པ་འཕེལ་བར་བྱེད་པ་ཡིན་པས་ན་མཁྲིས་པ་སྐྱེད་ཅེས་བྱའོ། །དེ་བཞིན་དུ་རྣོ་ཞིང་རྩུབ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །པི་པི་ལིང་རློན་བད་ སྐྱེད་མངར། །བསིལ་ཞིང་ལྕི་བ་སྣུམ་པ་ཡིན། །ཞེས་བྱ་བ་ལ། པི་པི་ལིང་རློན་པ་ནི་བད་ཀན་སྐྱེད་པར་བྱེད་ཅིང་རོ་མངར་བ་དང་། ནུས་པ་བསིལ་བ་དང་། ལྕི་ཞིང་སྣུམ་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །སྐམ་པོ་དེ་ལས་བཟློག་པ་ཡིན། །སྣུམ་ཞིང་རོ་ཙ་རོ་ཚ་ལ། ། ཞུ་རྗེས་མངར་ཞིང་བད་རླུང་དང་། །ལུད་པ་དབུགས་མི་བདེ་སེལ་འཁྲུ། །དེ་གཉིས་བཅུད་ལེན་མ་གཏོགས་པ། །གཞན་ལ་ཤས་ཆེར་སྦྱར་མི་བྱ། །ཞེས་བྱ་བ་ལ། པི་པི་ལིང་དེ་སྐམ་པོ་ཡིན་ན་ནི། པི་པི་ལིང་རློན་པ་དེ་ལས་ཡོན་ཏན་གོ་བཟློག་པ་ཡིན་ཏེ། དེ་ལས་གོ་ བཟློག་པ་ནི་རློན་པ་ནི་བད་ཀན་སྐྱེད་པ་དང་། མངར་བ་དང་ལྕི་བ་ཡིན་ལ། འདི་ནི་བད་ཀན་སེལ་བ་དང་། ཁ་བ་དང་། ནུས་པ་བསིལ་བ་དང་ཡང་བ་ཡིན་ནོ། །དེའི་ཁྱད་པར་གཞན་ཡང་། སྐམ་པོ་ནི་རོ་ཙ་ཞིང་ཁུ་བ་འཕེལ་བ་དང་། ཞུ་བའི་རྗེས་མངར་བ་དང་། དེ་བཞིན་ དུ་བད་ཀན་དང་། རླུང་དང་བད་ཀན་དང་། དབུགས་མི་བདེ་བསེལ་བར་བྱེད་ཅིང་ཁོང་འཁྲུ་བ་ཡིན་ཏེ། དེ་ལྟ་བུའི་པི་པི་ལིང་དེ་ནི་བཅུད་ཀྱིས་ལེན་གྱི་ཆོ་ག་མ་གཏོགས་པར་གཞན་ལ་ཞེས་པ། ནད་མེད་པར་གནས་པ་དང་། ནད་པ་དག་གསོ་བའི་སྐབས་ལ་ཤས་ཆེར་སྦྱར་བར་ མི་བྱའོ། །དོང་གྲ་དྲོད་སྐྱེད་རོ་ཙ་དང་། །འཁྲུ་གཅོད་ཡིད་འོང་མཁྲེགས་པ་སེལ། །ཡི་ག་འབྱེ་ཡང་ཞུ་རྗེས་མངར། །ཁོང་སྣུམ་དྲོད་ཆེ་བད་རླུང་སེལ། །ཞེས་བྱ་བ་ལ། དོང་གྲ་ནི་ལི་དོང་གྲ་སྟེ། མིང་གི་རྣམ་གྲངས་བི་ཤྭ་བི་ཞེས་གྲགས་པའོ། །དེ་ནི་དྲོད་སྐྱེད་པ་ལ་སོགས་པའི་ ཡོན་ཏན་དང་ལྡན་པ་ཡིན་ཏེ། ཚིག་གི་དོན་ནི་གོ་བར་ཟད་དོ། །སྒེའུ་གཤེར་དེ་འདྲ། ཞེས་བྱ་བ་ནི། སྒེའུ་གཤེར་ཞེས་བྱ་བ་དོང་གྲ་རློན་པ་ནི་དོང་གྲ་དེ་ཉིད་དང་ཡོན་ཏན་འདྲ་བ་ཡིན་པར་ཤེས་པར་བྱའོ། །དེ་དག་ནི། །ཚ་བ་གསུམ་སྟེ་ཤ་སྦོམ་དང་། །མེ་དྲོད་ཉམས་དང་དབུགས་ མི་བདེ། །ལུད་པ་རྐང་བམ་ཆམ་པ་འཇོམས། །ཞེས་བྱ་བ་ལ། སྔར་བཤད་མ་ཐག་པའི་པི་པི་ལིང་དང་། ན་ལེ་ཤམ་དང་། དོང་གྲ་སྟེ་གསུམ་པོ་འདི་དག་ནི་ཚ་བ་གསུམ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ནི་ཤ་སྦོམ་པ་ནས་ཆམ་པའི་བར་འཇོམས་པར་བྱེད་དོ། །དབྱི་མོང་པི་ པི་ལིང་རྩ་བ། །ནལ་ཤམ་ཡོན་ཏན་ཅུང་ཟད་ཆུང་། །ཞེས་བྱ་བ་ལ། དབྱི་མོང་དང་པི་པི་ལིང་གི་རྩ་བ་ནི་ན་ལེ་ཤམ་གྱི་ཡོན་ཏན་ལས་ཅུང་ཟད་ཅིག་གིས་ཆུང་བ་ཡིན་པར་ཤེས་པར་བྱའོ། །ཙི་ཏྲ་ཀ་སྟོབས་མེ་དང་མཉམ། །འོར་ནད་གཞང་འབྲུམ་སྲིན་མཛེ་སེལ། །ཞེས་བྱ་ བ་ལ། ཙི་ཏྲ་ཀ་ནི་ཀྲུ་ཏྲུག་ཏྲེས་ཞེས་བྱ་བ་སྟེ། དེ་ནི་སྟོབས་མེ་དང་མཉམ་པ་ཡིན་ཏེ། མེ་དང་བྱ་བའི་ལས་མཚུངས་ཏེ། དེ་ནི་ཤིན་ཏུ་ཚ་ཞིང་དྲོ་བས་ཟས་མྱུར་དུ་འཇུ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དཔེར་ན་ཕྱི་རོལ་གྱི་མེས་ཟངས་ན་གནས་པའི་ཆུ་དང་འབྲས་མེ་ལྕེ་འབར་བ་དང་ ལྡན་པའི་མདག་མས་སྨིན་པར་བྱེད་པ་ཡིན་ལ། དེ་བཞིན་དུ་ཙི་ཏྲ་ཀ་དང་ལྡན་པ་ནི་མེའི་དྲོད་སྐྱེད་པའི་སྒོ་ནས་འཇུ་བར་བྱེད་པའི་ལས་ཀྱིས། དེ་ཉིད་མེ་དང་འདྲ་བར་འགྱུར་བ་ཡིན་ནོ། །དེ་ཡང་འོར་ནད་དང་། གཞང་འབྲུམ་དང་། སྲིན་ནད་དང་། མཛེ་ནད་སེལ་བར་བྱེད་དོ། །འདི་ རྣམས་ལས་ནི་ན་ལེ་ཤམ། །མ་གཏོགས་ཚ་བ་ལྔ་ཞེས་བཤད། །སྐྲན་ཆེན་དམུ་རྫིང་ལྟོ་སྦོས་དང་། །གཟེར་འཇོམས་དྲོད་ནི་སྐྱེད་པའི་མཆོག །ཅེས་བྱ་བ་ལ། བཤད་མ་ཐག་པའི་པི་པི་ལིང་དང་། པི་པི་ལིང་མཱུ་ལ་དང་། དབྱི་མོང་དང་། ཙི་ཏྲ་ཀ་དང་། ལི་དོང་གྲ་སྟེ། འདི་རྣམས་ལ་ནི་ཚ་བ་ལྔ་ཞེས་བྱ་བའི་མིང་གིས་མིང་དུ་བཏགས་པ་ཡིན་ནོ། །ན་ལེ་ཤམ་མ་གཏོགས་ཞེས་བྱ་བ་ནི་འདིར་ན་ལེ་ཤམ་མི་བགྲང་བ་སྟེ། གང་གི་ཕྱིར་པི་པི་ལིང་ལ་སོགས་པའི་ནང་ན། ན་ལེ་ཤམ་ཡང་བགྲང་མོད་ཀྱི། འདིར་ཚ་བ་ལྔ་ལ་མ་གཏོགས་ པས་དེ་བཀར་བ་ཡིན་ནོ། །ཚ་བ་ལྔ་པོ་དེ་ནི་སྐྲན་ལ་སོགས་པ་འཇོམས་པ་དང་། དེ་བཞིན་དུ་ཤིན་ཏུ་དྲོད་སྐྱེད་པའི་མཆོག་ཡིན་ནོ། །བི་ལ་པ་ཀསྨ་ཏར་ཀ་རི། །པ་ཏ་ལ་དང་དུན་དུ་ཀ །རྩ་ཆེན་ལྔ་པོ་བསྐ་ཁ་དྲོ། །རླུང་དང་བད་ཀན་སེལ་བྱེད་ཡིན། །ཞེས་བྱ་བ་ལ། བིལ་བ་ནི་ མིང་གི་རྣམ་གྲངས་སུ་ཤི་རི་ཕལ་ཞེས་བྱའོ། །ཀཤྨ་རྒྱ་ནི་ཤི་མི་པརྞི་འོ། །ཏར་ཀ་རི་ནི་ཨག་ནི་མན་ཐའོ། །པ་ཏ་ལ་ནི་བ་སན་ཏ་དུ་ཏིའོ། །དུན་དུ་ཀ་ནི་སོ་ན་ཀ་སྟེ། དེ་རྣམས་ཀྱི་རྩ་བ་ནི་རྩ་བ་ཆེན་པོ་ལྔ་ཞེས་བྱ་བར་ཤེས་པར་བྱ་སྟེ། དེ་ནི་རོ་བསྐ་ཞིང་ཁ་བ་ཡིན་ལ། ནུས་ པ་ནི་དྲོ་བ་ཡིན། ཡོན་ཏན་ནི་རླུང་དང་བད་ཀན་སེལ་བར་བྱེད་པ་ཡིན་ནོ། །ཨང་ཤུ་མ་ཏི་བྲི་ཧ་ཏི། །གཉིས་གཉིས་གཟེ་རྩ་ཆུང་ལྔར་བཤད། །ཞུ་རྗེས་རོ་མངར་ཧ་ཅང་ནི། །བསིལ་དང་ཚ་མིན་ཉེས་ཀུན་སེལ། །ཞེས་བྱ་བ་ལ། ཨང་ཤུ་མ་ཏི་གཉིས་ནི་ས་ལ་པརྞི་དང་། ཀྲྀཥྞ་པརྞིའོ། །བྲི་ཧ་ཏི་གཉིས་ལས་བྲི་ཧ་ཏི་གཅིག་ནི་ཀཎྜ་ཀཱ་རི་སྟེ། མིང་གི་རྣམ་གྲངས་གཞན་ཡང་ཀྵུ་ཏྲ་ཞེས་བྱའོ། །བྲི་ཧ་ཏི་གཉིས་པ་ནི་སྦོམ་པོ་སྟེ། མིང་གི་རྣམ་གྲངས་གཞན་ཡང་སིང་ཧི་ཞེས་བྱ་བའོ། །གཟེ་མ་ནི་མིང་གི་རྣམ་གྲངས་ཁྱིའི་མཆེ་བ་ཞེས་བྱ་བ་སྟེ། དེ་ རྣམས་ཀྱི་རྩ་བ་ནི་རྩ་བ་ཆུང་ངུ་ལྔ་ཞེས་བཤད་ལ། དེ་ཡང་ཞུ་བའི་རྗེས་དང་རོ་མངར་བ་ཡིན་ལ། དེ་བཞིན་དུ་ཧ་ཅང་བསིལ་བ་དང་། ཚ་བ་མ་ཡིན་པ་སྟེ། ཅུང་ཟད་ཚ་བ་ལ་ཅུང་ཟད་བསིལ་བས་ཐུན་མོང་གི་ཆ་མཉམ་པ་སྟེ། དཔེར་ན་མིའི་སེང་གེ་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་དུ་ རླུང་ལ་སོགས་པའི་ནད་རྣམས་འཇོམས་པས་ན་ནད་ཀུན་སེལ་ཞེས་བྱའོ། །རྩ་བ་ཆེན་པོ་དང་ཆུང་ངུ་གཉིས་བསྡུས་པ་ལ་ནི་རྩ་བ་བཅུ་པ་ཞེས་བྱ་སྟེ། དེ་ཡང་ལུང་ལས། རྩ་བ་ཆུང་དང་ཆེན་པོ་ལྔ། །རྩ་བ་བཅུ་པ་ཞེས་བྱར་བཤད། །ཅེས་འབྱུང་བ་ཡིན་ནོ། །བལ་པུརྞ་ཨེ་རཎྜ། ། སུ་པྱ་པརྞི་རྣམ་གཉིས་རྩ། །འབྲིང་ཡིན་བད་ཀན་རླུང་འཇོམས་ཡིན། །ཤིན་ཏུ་མཁྲིས་པ་མི་སྐྱེད་འཁྲུ། །ཞེས་བྱ་བ་ལ། བ་ལ་ནི་མིང་གི་རྣམ་གྲངས་བ་དྷོ་ད་རི་ཞེས་བྱ་བའོ། །པུརྞ་རྣ་བ་ནི་བར་ཤ་བྷུ་ཞེས་བྱ་བའོ། །ཨེ་རཎྜ་ནི་སོར་ལྔ་པ་ཞེས་བྱ་བའོ། །སུ་པྱ་པརྞི་གཉིས་ནི་ མུངྒ་པརྞི་དང་། མ་ཤ་པརྞི་སྟེ། དེ་རྣམས་ཀྱི་རྩ་བ་ལྔ་ནི་རྩ་བ་འབྲིང་པོ་ཡིན་ཏེ། དེ་ནི་བད་ཀན་དང་རླུང་འཇོམས་པར་བྱེད་པ་དང་། ཤིན་ཏུ་མཁྲིས་པ་མི་སྐྱེད་ཅེས་བྱ་བ། མཁྲིས་པ་ཅུང་ཟད་སྐྱེད་པ་དང་། ཁོང་འཁྲུ་བར་བྱེད་པ་ཡིན་པར་ཤེས་པར་བྱའོ། །ཉེའུ་ཤིང་ཀ་ཀོ་ ལ་འཚོ་བྱེད། །ཛི་བ་ཀ་དང་རི་ཤར་བཤད། །འཚོ་བྱེད་ཅེས་བྱ་མིག་ལ་ཕན། །རོ་ཙ་རླུང་དང་མཁྲིས་པ་སེལ། །ཞེས་བྱ་བ་ལ། ཉེའུ་ཤིང་ནི་ཨ་བྷི་རུའོ། །ཀ་ཀོ་ལ་ནི་བི་རའོ། །འཚོ་བྱེད་ནི་ཛི་བན་ཏི་སུམ་ག་ལ་ཞེས་བྱ་བའོ། །ཛི་བ་ཀ་ནི་ཀུར་ཙ་ཤིང་ཤིའོ། །རི་ཤ་བ་ནི་ བི་ཤ་ནི་སྟེ། རྩ་བ་ལྔ་པོ་དེ་དག་ནི་འཚོ་བྱེད་ཀྱི་རྩ་བ་ལྔ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ནི་མིག་གཉིས་ལ་ཕན་པ་ཡིན་པས་ན། མིག་ལ་ཕན་པ་ཞེས་བྱ་ལ། དེ་བཞིན་དུ་རོ་ཙ་བ་དང་། རླུང་དང་མཁྲིས་པ་སེལ་བ་ཡིན་ནོ། །འཇག་མ་ཀུ་ཤ་འབྲས་བུར་ཤིང་། །འདམ་རྩ་ རྩར་བཤད་ལྔ་མཁྲིས་སེལ། །ཞེས་བྱ་བ་ལ། འཇག་མ་དང་ཀུ་ཤ་གཉིས་ཀ་རིགས་གཅིག་པ་ལ་སོགས་པ་དང་། ཕྲ་བའི་ཁྱད་པར་གྱིས་གཉིས་སུ་བཤད་པ་ཡིན་ནོ། །ཀུ་ཤ་ནི་ཡང་འཇག་མ་ཅན་གྱི་རྩའི་ཁྱད་པར་རོ། །འབྲས་ནི་གྲ་མ་ཅན་གྱི་སྡེ་ཚན་ལས་བཤད་པའི་རཀྟ་ཤ་ ལི་ལ་སོགས་པའོ། །བུ་རམ་ཤིང་དང་འདམ་བུ་ནི་གྲགས་པར་ཟད་དོ། །དེ་རྣམས་ཀྱི་རྩ་བ་ནི་རྩ་བ་ལྔ་ཞེས་བྱ་བའི་རྩ་བ་ལྔ་པ་ཡིན་ལ། དེ་ནི་མཁྲིས་པ་འབའ་ཞིག་སེལ་བར་བྱེད་པ་ཡིན་ནོ། །གྲ་མ་གང་བུ་གཡོས་སྦྱར་ཟས། །ཤ་དང་ཚོད་མ་ཤིང་ཏོག་སྨན། །ཟས་ཆ་ཅུང་ཟད་ཚན་ གདུས་འདི། །རྟག་ཏུ་དགོས་པ་ཡོད་པར་སྨྲས། །ཞེས་བྱ་བ་ལ། བཟའ་བར་བྱ་བ་ཡིན་པས་ན་ཟས་ཏེ། དེ་ནི་གྲམ་ཅན་དང་། གང་བུ་ཅན་དང་། གཡོས་སུ་སྦྱར་བ་དང་། ཤ་དང་། ཚོད་མ་དང་། ཤིང་ཏོག་དང་། སྨན་སྣ་ཚོགས་དང་། ཚོད་མ་སྣ་ཚོགས་ཚོད་མ་ལ་དགོས་ པའི་རྫས་ཅུང་ཟད་ཡོད་པ་དེ་དག་ཀྱང་ཟས་དང་འདྲ་བར་ནད་སེལ་བར་གནས་པ་དང་། ནད་པ་རྣམས་ཁམས་སྙོམས་པར་བྱ་བའི་ཕྱིར་སྦྱར་བར་བྱ་བ་ཡིན་ཞིང་སྐྱོན་མེད་པ་ཉིད་ལ་རྟག་ཏུ་དགོས་པས་འདིར་བཤད་ཅིང་སྨྲས་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་ པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་དྲུག་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཁ་ཟས་བསྲུང་བའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་སྟེ། ཟས་ དང་སྐོམ་ཕན་པ་དང་། གནོད་པའི་དབྱེ་བས་ཕྱེ་སྟེ། བཤད་པ་དེ་ལ་ཡང་དུག་ལ་སོགས་པ་དང་འབགས་པའམ། མི་མཐུན་པ་ཟོས་པ་དག་དགག་པར་བྱ་བ་ཡིན་པས། དེའི་རྗེས་ཐོགས་ལ་འདི་བརྩམས་པ་ཡིན་ནོ། །དེ་ལ་བཟའ་བར་བྱ་བ་ཡིན་པས་ན་ཟས་སོ། །དེ་བསྲུང་ བ་ནི་དུག་ལ་སོགས་པ་དང་མ་འདྲེས་པར་ཡོངས་སུ་བསྲུང་ཞིང་བསྡམ་པའོ། །དེའི་ལེའུ་གོང་དུ་བསྟན་པའི་ལེའུ་དེ་ཡང་ཉེ་བར་གདགས་པས་དེ་སྐད་ཅེས་བྱའོ། །དེ་ལྟར་ན་ཟས་དང་སྐོམ་ལ་སོགས་པས་སྦགས་པ་དང་མི་མཐུན་པའི་ཁ་ཟས་ལེའུ་གང་དུ་དགག་པར་བྱེད་པའི་ལེའུ་དེ་ བརྩམ་པར་བྱ་སྟེ། གང་གི་ཕྱིར་ཡོན་ཏན་དང་ལྡན་པའི་ཟས་དང་སྐོམ་ནི་སྲོག་འཛིན་པར་བྱེད་པ་ཡིན་པས། སྲོག་དང་འདྲ་བ་དེ་ཉིད་དུག་ལ་སོགས་པ་དང་ཉེ་བར་བཅོམ་པ་དང་། དེ་བཞིན་དུ་མི་མཐུན་པར་གྱུར་པ་ནི་གསོད་པར་གྱུར་པ་ཉིད་ཡིན་ཏེ། དེ་བས་ན་ཟས་ཀྱི་ཚུལ་ཤེས་ པའི་ལེའུ་རྗེས་ཐོགས་ལ་འདི་བརྩམས་པ་ཡིན་ལ། རྒྱལ་པོའི་ཕོ་བྲང་ཉེ་འཁོར་དུ། །སྲོག་འཚོའི་སློབ་དཔོན་གཞག་པར་བྱ། །དེ་ལྟར་བྱས་པས་ཐམས་ཅད་དུ། །ཐམས་ཅད་ལས་ནི་བསྲུང་བར་འགྱུར། །ཞེས་བྱ་བ་ལ། རྒྱལ་པོ་ནི་ས་བདག་གོ། །ཕོ་བྲང་ཉེ་འཁོར་ ནི་རྒྱལ་པོའི་བཞུགས་གནས་དང་། འདབ་ཉེ་བར་རོ། །སྲོག་འཚོའི་སློབ་དཔོན་ནི་སྨན་པ་སྟེ། སྨན་པ་རྣམས་ཀྱི་མཆོག་ཏུ་གྱུར་པའོ། །དེ་གཞག་པར་བྱ་ཞེས་པ། ཕོ་བྲང་ཉེ་བ་ཁོ་ནར་གཞག་པར་བྱ་ཞིང་གནས་པར་བྱ་བ་སྟེ། དེར་དེའི་ཁང་པ་ཞེས་བྱ་བའི་དོན་ཏོ། །དེ་ ལྟར་བྱས་པས་ཞེས་པ་དེ་ལྟར་ཉེ་བར་བསྟེན་པར་གྱུར་པས། སྨན་པ་དེ་ཐམས་ཅད་དུ་ཞེས་པ་དུས་ཐམས་ཅད་དུ། ཐམས་ཅད་ལ་ཞེས་པ་ཟས་དང་སྐོམ་ལ་སོགས་པ་རྣམས་ལ་བསྲུང་ཞིང་སྡོམ་པར་འགྱུར་རོ་ཞེས་བྱ་བའི་དོན་ནོ། །ཁྱད་པར་དུ་ནི་ས་བདག་གི །ཟས་སྐོམ་དུག་ལས་ བསྲུང་བར་བྱ། །ཆོས་ལ་སོགས་དང་གང་འབྲེལ་པའི། །འབྱོར་བདེ་དེ་ལ་རག་ལས་སོ། །ཞེས་བྱ་བ་ལ། ཁྱད་པར་དུ་ཞེས་བྱ་བ་རབ་ཏུ་འབད་པས་ས་བདག་སྟེ། རྒྱལ་པོའི་ཟས་ལ་སོགས་པ་བསྲུང་ཞིང་བསྡམ་པར་བྱའོ། །ཟས་དང་སྐོམ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་དུ་ ཟད་དོ། །དེས་ན་རྒྱལ་པོའི་ལོངས་སྤྱོད་དུ་དགོས་པའི་ན་བཟའ་དང་། གཟིམས་མལ་དང་། དྲི་དང་། ཕྲེང་བ་དང་། རིན་པོ་ཆེ་ལ་སོགས་པ་དག་ཀྱང་དུག་ལས་བསྲུང་བར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཆོས་སྤྱད་པ་དང་། སོགས་པ་ཞེས་བྱ་བ་ནོར་དང་། འདོད་པ་དང་ཐར་པ་ རྣམས་དང་གང་འབྲེལ་ཞིང་རྒྱུར་གྱུར་པའི་སྐྱེ་དགུ་དང་། བདག་ཉིད་ཀྱི་འབྱོར་པ་དང་། བདེ་བ་ནི་རྒྱལ་པོ་དེ་ལ་རག་ལས་ཤིང་དེའི་ཁ་ན་ལུས་པ་ཡིན་ནོ། །དེ་ལ་འབྱོར་པ་ནི་ལོངས་སྤྱོད་མ་ཐོབ་པ་རྣམས་ཐོབ་པར་བྱེད་པའོ། །ཐོབ་པ་རྣམས་ཡོངས་སུ་བསྲུང་བ་ནི་བདེ་བ་སྟེ། དེ་གཉི་ ག་ཡང་རྒྱལ་པོ་དེ་ལ་རག་ལུས་པ་ཡིན་ནོ། །དེ་བས་ན་དེའི་གནོད་པ་བསྲུང་བར་བྱ་དགོས་སོ། །དེ་དག་ཀྱང་ཇི་ལྟར་ཤེས་ཤིང་བསྲུང་བར་བྱ་ཞེ་ན། འབྲས་ཆན་དུག་བཅས་གཤེར་བག་ཀྱང་། །སྐམ་བག་ཅན་ནི་འདྲ་བར་འགྱུར། །ཡུན་རིང་ཚོས་པར་གྱུར་པ་དང་། །ཚོས་ པའང་ཞག་ལོན་ལྟ་བུར་འགྱུར། །རླངས་པ་རྨ་བྱའི་མགྲིན་འདྲ་ཞིང་། །ཁོང་མྱོས་བརྒྱལ་དང་ལུས་རྔུལ་སྐྱེད། །དྲི་དང་མདོག་སོགས་ཉམས་པར་འགྱུར། །རུལ་ཞིང་རྨ་བྱའི་སྒྲོ་ལྟར་འཚེར། །ཞེས་བྱ་བ་ལ། འབྲས་ཆན་ནི་འབྲས་བཙོས་པའི་ཆན་ཏེ། དེ་དུག་དང་བཅས་ ཤིང་དུག་གིས་སྦགས་པར་གྱུར་ན། གཤེར་བག་དག་ཀྱང་སྐམ་བག་ཅན་འདྲ་བར་འགྱུར་ཏེ། རླན་བག་མེད་ཅིང་བཅང་དུ་མི་འདོད་པར་འགྱུར་རོ། །དེ་བཞིན་དུ་ཚོས་དཀའ་བར་འགྱུར་ཏེ། དུས་རིང་མོས་ཚོས་པར་འགྱུར་བ་དང་། དེ་ཚོས་པར་གྱུར་ནས་ཀྱང་འཕྲལ་ དུ་ཞག་ལོན་པ་ལྟ་བུར་འགྱུར་ཏེ། ཉིན་ཞག་གཅིག་འདས་པ་ལྟར་རླངས་པ་མེད་ཅིང་བསྡུར་མི་འདོད་པར་འགྱུར་རོ། །དེ་བཞིན་དུ་དེའི་རླངས་པ་རྨ་བྱའི་མགྲིན་པ་འདྲ་བར་ཁ་དོག་སྣ་ཚོགས་པར་འགྱུར་བས་ན། རླངས་པ་རྨ་བྱའི་མགྲིན་པ་འདྲ་ཞེས་བྱའོ། ། དེ་ཟོས་པར་གྱུར་ནས་ཀྱང་། ཁོང་མྱོས་པ་དང་། བརྒྱལ་བ་དང་། ལུས་རྔུལ་བ་སྐྱེད་པར་འགྱུར་ཏེ། ཁོང་མྱོས་པ་ནི་སེམས་མེད་པའོ། །བརྒྱལ་བ་ནི་འདུ་ཤེས་ཉམས་པའོ། །ལུས་རྔུལ་བ་ནི་བད་ཀན་འཐོན་པའོ། །ཡང་འབྲས་ཆན་དེ་དྲི་དང་མདོག་སོགས་ཞེས་པའི་དྲི་ དང་། ཁ་དོག་དང་། རོ་དང་། རེག་པ་རང་གི་ཇི་ལྟ་བ་ཉིད་ཉམས་ཤིང་འཇིག་པར་འགྱུར་རོ། །དེ་བཞིན་དུ་རུལ་ཅིང་ཞེས་པ། རབ་ཏུ་འདྲུལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྨ་བྱའི་སྒྲོ་ལྟར་འཚེར་བ་ཞེས་བྱ་སྟེ། རྨ་བྱའི་མཇུག་སྒྲོའི་རྩེ་མོ་ལྟ་བུའམ། ཆུ་ནང་དུ་ ཏིལ་མར་གྱི་ཐིགས་པ་བོར་བ་ལྟར་སྔོ་དམར་འཚེར་བར་འགྱུར་རོ། །ཚོད་མ་མྱུར་དུ་སྐམ་པ་དང་། །བསྐོལ་བ་མདོག་ནི་གནག་འགྱུར་ཞིང་། །དེར་གཟུགས་ཆུང་བའམ་ཆེ་བའམ། །མི་སྡུག་པའམ་མི་སྣང་འགྱུར། །སྦུ་བ་སྟེང་བྱུང་རི་མོ་མཚམས། །ཁ་ཆུ་འདྲ་དང་ཆུ་བུར་ འབྱུང་། །ཞེས་བྱ་བ་ལ། ཚོད་མ་ཞེས་བྱ་བ་ནི་སྲན་ཚོད་ལ་སོགས་པ་སྟེ། དེ་ལ་དུག་ཡོད་ན་མྱུར་དུ་སྐམ་པར་འགྱུར་བ་དང་། དེ་བཞིན་དུ་བསྐོལ་བ་ནི་མདོག་གནག་ཅིང་དྲི་མ་ཅན་དུ་འགྲོ་བ་དང་། དེར་ཞེས་པ་ཚོད་མ་བསྐོལ་བ་དེར་རང་གི་གཟུགས་ཀྱི་རང་བཞིན་ལས་ཆུང་ ཞིང་ཞན་པའམ། ཆེ་ཞིང་ལྷག་པའམ། མི་སྡུག་པ་སྟེ། རང་བཞིན་གཞན་དུ་སྣང་བར་འགྱུར་རོ། །ཡང་ན་དེར་རང་གི་རྣམ་པ་ཉིད་སྣང་བར་མི་འགྱུར་རོ། །ཡང་ཚོད་མ་བསྐོལ་བ་དེར་སྦུ་བ་ལ་སོགས་པ་འབྱུང་བ་ལས་ཀྱང་ཤེས་པར་བྱ་སྟེ། དེ་ལ་སྦུ་བ་ནི་སྦུ་བའི་རྣམ་པར་ འབུར་དུ་ཆས་ཤིང་འབྱུང་སྟེ། དེའི་ནང་ན་རི་མོ་སྣ་ཚོགས་པ་དག་སྣང་བའམ། མཚམས་འབྱེ་ཞིང་འཆད་པ་ལྟ་བུར་སྣང་བ་དང་། ཁ་ཆུ་འདྲ་བར་ན་ལ་ནལ་པོར་འབྱུང་བ་དང་། ཆུ་བུར་དག་ཇི་ལྟར་ཆུའི་ནང་ན་སྣང་བ་དང་འདྲ་སྟེ། དེ་དག་དེར་འབྱུང་བར་འགྱུར་ཏེ། བཏུང་བ་མངར་ སྐྱུར་ཚོད་མ་དང་། །ཤ་དག་མཚམས་འབྱེད་རོ་དང་བྲལ། །ཞེས་བྱ་བ་ལ། བཏུང་བ་ནི་རྒུན་འབྲུམ་ལ་སོགས་པ་ལ་སྔར་སྦྱར་བ་ཕལ་ཆེར་མདོག་དམར་པོར་སྣང་ཞིང་མངར་བ་དང་སྐྱུར་བ་སྟེ། ཡང་བཏུང་བའི་བྱེ་བྲག་བལ་པོའི་སེའུ་ལ་སོགས་པ་ལས་བྱས་པའི་རོ་སྐྱུར་བ་དང་། ཚོད་མ་སྟེ། ཤུ་ཤ་དང་། པ་ཐ་ལ་སོགས་པ་དང་། ཤ་བཙོས་པ་དག་སྟེ། བཏུང་བ་མང་པོ་མདོག་ཅན་ལ་སོགས་པ་དེ་ཐམས་ཅད་དུག་དང་བཅས་པར་གྱུར་ན། མཚམས་འབྱེ་བ་དང་། རོ་དང་བྲལ་བར་འགྱུར་ཏེ། རོ་དྲུག་པོ་དག་མི་སྣང་ཞིང་གསལ་བར་མི་རྙེད་པར་ འགྱུར་ཏེ། དེ་ལྟར་ན་རོ་དང་བྲལ་བ་སྟེ་རོ་མི་ཞིམ་པ་དང་། ཕྱིན་ཅི་ལོག་གི་རོ་དང་ལྡན་པར་འགྱུར་བའི་དོན་ནོ། །ཤ་ཁུ་རི་མོ་སྔོར་སྣང་ཞིང་། །འོ་མ་ཟངས་མདོག་ཞོ་དྲི་མ། །དར་བ་ལ་ནི་སེར་དང་གནག །མར་ཁུ་ཆུ་དང་འདྲ་བར་སྣང་། །ཆང་དང་ཆུ་གནག་སྦྲང་རྩི་ལ། །ལྗང་ སྣང་ཏིལ་མར་དག་ལ་དམར། །ཞེས་བྱ་བ་ལ། ཤ་ཁུ་ནི་ཤ་ལས་བྱས་པའི་ཁུ་བ་སྟེ། དེ་དུག་གིས་སྦགས་པར་གྱུར་པ་ན། དབུས་ན་རི་མོ་སྔོན་པོར་སྣང་བར་འགྱུར་རོ། །འོ་མ་ལ་དུག་གིས་སྦགས་ན། ནང་ན་ཟངས་ཀྱི་མདོག་ལྟ་བུར་སྣང་བར་འགྱུར་རོ། །ཞོ་ལ་དུག་ཡོད་ན་ རི་མོ་དྲི་མ་ཅན་སྣང་བར་འགྱུར་རོ། །དར་བ་ལ་དུག་ཡོད་ན་ནི་རི་མོ་སེར་པོ་དང་ནག་པོ་སྣང་བར་འགྱུར་རོ། །མར་དུག་དང་འདྲེས་ན་ནི་རི་མོ་ཆུ་དང་འདྲ་བར་སྣང་བར་འགྱུར་རོ། །ཆང་དང་ཆུ་ལ་དུག་ཡོད་ན་གནག་ཅིང་སྣག་ཚ་ལྟར་སྣང་བར་འགྱུར་རོ། །སྦྲང་རྩི་ལ་དུག་ཡོད་ན་ནི་ལྗང་ གུར་སྣང་ཞིང་མདོག་སྔོ་བསངས་སུ་སྣང་བར་འགྱུར་རོ། །ཏིལ་མར་ལ་དུག་ཡོད་ན་ནི་རི་མོ་དམར་ཞིང་ཟངས་ལྟར་སྣང་བར་འགྱུར་རོ། །ཤིང་ཏོག་མ་སྨིན་སྨིན་པར་སྣང་། །སྨིན་པ་དག་ནི་ཡོངས་སུ་འདྲུལ། །ཞེས་བྱ་བ་ནི། ཤིང་ཏོག་མ་སྨིན་པ་ལ་དུག་གིས་སྦགས་པ་ ནི། སྨིན་པ་ལྟ་བུར་སྣང་བར་འགྱུར་ལ། ཤིང་ཏོག་སྨིན་པ་རྣམས་ལ་དུག་གིས་སྦགས་པ་ནི་ཡོངས་སུ་འདྲུལ་ཞིང་རུལ་བར་འགྱུར་རོ། །ཁ་ཟས་རློན་དང་སྐམ་པ་དག །རྙིངས་ཤིང་མདོག་ནི་ཉམས་པར་འགྱུར། །ཞེས་བྱ་བ་ལ། ཁ་ཟས་རློན་པ་ནི་དུག་གིས་སྦགས་ན་ནི་ རྙིངས་པར་འགྱུར་ལ། ཁ་ཟས་སྐམ་པོ་དག་ལ་དུག་གིས་སྦགས་ན་ནི་མདོག་ཉམས་ཤིང་ཁ་དོག་དང་བྲལ་བར་འགྱུར་ཏེ། འདིར་ཚིག་གཉིས་གོ་རིམས་བཞིན་སྦྱར་བར་བྱའོ། །སྙི་བ་དང་ནི་སྲ་བ་དག །རེག་པ་གོ་ནི་བཟློག་པར་འགྱུར། །ཞེས་བྱ་ བ་ལ། རྫས་སྙི་བ་རྣམས་དང་། དེ་བཞིན་དུ་སྲ་བ་དག་ལ་དུག་གིས་སྦགས་ན། རེག་པ་གོ་བཟློག་པར་འགྱུར་ཏེ། སྙི་བ་ནི་སྲ་བར་འགྱུར། སྲ་བ་ནི་སྙི་བར་འགྱུར་ཏེ། འདི་ནི་རེག་པའི་གོ་བཟློག་པའོ། །མེ་ཏོག་ཕྲེང་རྩེ་ལོ་མ་གས། །རྙིད་ཅིང་དྲི་ནི་མི་ཞིམ་འགྱུར། ། ཞེས་བྱ་བ་ལ། གལ་ཏེ་མེ་ཏོག་གི་ཕྲེང་བ་ལ་དུག་ཡོད་ན་ནི་དེའི་རྩེ་མོ་གས་ཤིང་ཟད་པ་དང་། རྙིད་ཅིང་ཀུན་ཏུ་དེངས་པར་འགྱུར་བ་དང་། དྲི་མི་ཞིམ་པ་སྟེ་དྲི་ཞིམ་པོ་དང་བྲལ་ནས། དྲི་མནམ་པ་གཞན་དག་འབྱུང་བར་འགྱུར་རོ། །གོས་ལ་ནག་པོ་ཏལ་ཏིལ་དང་། །སྤུ་རྣམས་ འཐུལ་ཞིང་ཁ་ཚར་འཆད། །ཅེས་བྱ་བ་ལ། སྟེང་ནས་བགོ་བ་དང་འོག་ཏུ་གདིང་བ་ལ་སོགས་པའི་གོས་རྣམས་ལ་དུག་གིས་བསྒོས་པ་ན་ནི་རི་མོ་དྲི་མ་ཅན་ཏལ་ཏིལ་དག་སྣང་བ་དང་། གོས་ཀྱི་སྤུ་རྣམས་རྣམ་པར་འཐུལ་ཞིང་ཆད་པ་དང་། ཁ་ཚར་གཅད་ཅིང་ལྷུང་བར་འགྱུར་རོ། ། གསེར་དངུལ་མུ་ཏིག་ཤིང་དང་རྡོ། །རིན་ཆེན་སོགས་ལ་དྲི་མ་ཆགས། །གཟི་མདངས་རེག་པ་འོད་ཉམས་འགྱུར། །ཞེས་བྱ་བ་ལ། གསེར་དངུལ་གྱི་ཁམས་ཀྱི་རང་བཞིན་ཅན་གྱི་རིན་པོ་ཆེ་རྣམས་ཏེ། འདི་དང་གཞན་ཡང་བསྡུའོ། །མུ་ཏིག་ནི་མུ་ཏིག་གི་རྡོ་གུའོ། །ཤིང་ དང་རྡོ་ནི་དངོས་སུ་ཟད་དོ། །རིན་ཆེན་ནི་བཻ་ཌཱུརྱ་དང་། རྡོ་རྗེ་ལ་སོགས་པ་སྟེ། གསེར་དངུལ་ལ་སོགས་པ་འདི་རྣམས་ལ་དུག་གིས་སྦགས་ན་དྲི་མ་ཆགས་པ་སྟེ། །འདམ་གྱིས་བསྐུས་པ་འདྲ་བར་འགྱུར་བ་དང་། དེ་བཞིན་དུ་གསེར་དངུལ་ལ་སོགས་པ་འདི་རྣམས་ཉིད་ཀྱི་གཟི་ མདངས་དང་། རེག་པ་དང་འོད་ཉམས་ཤིང་མེད་པར་འགྱུར་རོ། །ས་ཡི་སྣོད་ནི་མདོག་བཅས་བྱེད། །ཅེས་བྱ་བ་ལ། སའི་སྣོད་ཅེས་བྱ་བ་ཁམ་ཕོར་ལ་སོགས་པ་ལས་བྱས་པའི་སྣོད་རྣམས་ནི་མདོག་མེད་པ་དག་ཀྱང་། མདོག་དང་བཅས་ཤིང་གཟིམ་དངས་ཅན་དུ་འགྱུར་རོ། ། དུག་སྟེར་ཁ་ནི་སྔོ་བསྐམས་ལ། །གནོང་བག་གི་ས་ནི་ཕྱོགས་སུ་བལྟ། །རྔུལ་ཞིང་འདར་ལ་སྐྲག་པ་དང་། །འཇིགས་ཤིང་འགྲོས་འཁྱོར་གླལ་བ་དང་། །ཞེས་བྱ་བ་ལ། དུག་སྟེར་ཞིང་སྦྱིན་པར་བྱེད་པས་ན་དུག་སྟེར་ཏེ། དུག་སྦྱོར་བའི་མིའོ། །དེའི་ཁ་ནི་སྔོ་བསྐམས་ལ་ཞེས་ བྱ་བ། དེའི་ཁ་སྔོ་ཞིང་བསྐམས་པར་གྱུར་པ་དང་། དེ་བཞིན་དུ་གནོད་བག་གིས་ཞེས་བྱ་བ་ངོ་ཚ་བ་དང་བཅས་པ་ལྟ་བུར་གཡེར་བག་མེད་པ་དང་། ཕྱོགས་ཀུན་ཏུ་བལྟ་ཞིང་རྟོག་པར་བྱེད་པ་དང་། དེ་བཞིན་དུ་ལུས་ཚ་ལ་རྔུལ་ཞིང་འདར་བག་དང་ལྡན་ལ། རང་གི་ཉེས་པའི་ དོགས་པས་སྐྲག་པ་སྟེ། ཁོང་སྐྱོ་བ་དང་། འཇིགས་པ་སྟེ་བྲེད་པ་དང་བཅས་པ་དང་། འགྲོས་འཁྱོར་བ་སྟེ།