Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 200
Văn bản gốc(Tây Tạng)
Trang 7 / 19 (50.000 ký tự/trang)
རྡེག་འཆོས་ཤིང་འཚོ་བ་དང་། དེ་བཞིན་དུ་གླལ་ཞིང་ཁ་གདངས་པར་བྱེད་པར་འགྱུར་རོ། །དུག་ལྡན་ཟས་ནི་མེས་བསྲེགས་ན། །མེ་ལྕེ་གཅིག་འཁྱིལ་མེ་སྟག་ རྒལ། །དུ་བ་རྨ་བྱའི་མགྲིན་འདྲར་འགྱུར། །མེ་ལྕེ་མི་འབར་འབར་ཡང་མནན། །སྦྲང་མས་ཟོས་ན་འཆི་བར་འགྱུར། །བྱ་རོག་གིས་ཟོས་སྐད་ཞན་འགྱུར། །འདི་ནི་ནེ་ཚོ་ད་རུ་ཧ། །རི་སྐེགས་ཀྱིས་མཐོང་ཅ་ཅོ་འབྱིན། །ངང་པས་ཟོས་ན་རྡེག་འཆོས་ལ། །ཤང་ཤང་ཏེའུ་ ན་བར་འགྱུར། །སྲེག་པ་མིག་ནི་མི་ཆགས་བྱེད། །ཁྲུང་ཁྲུང་དག་ནི་འཛུར་བར་འགྱུར། །ཕུག་རོན་ཁུ་བྱུག་བྱ་ག་ག་དང་། །ངུར་པས་ཟོས་ན་འཆི་བར་འགྱུར། །བྱི་ལ་སྐྱོ་ཞིང་འདོར་བར་འགྱུར། །སྤྲེའུ་མི་གཙང་འདོར་བར་བྱེད། །རྨ་བྱས་དེ་མཐོང་དགའ་བར་བྱེད། ། དུག་གི་དཔལ་ནི་ཉམས་པར་འགྱུར། །དེ་ལྟར་ཟས་ནི་དུག་ལྡན་བར། །ཤེས་ཤིང་ལྕི་ནས་དེ་ཡིས་ནི། །སྲོག་ཆགས་ཕྲ་མོ་ཡན་ཆད་ལའང་། །གནོད་པར་འགྱུར་བར་འབད་དེ་དོར། །རེག་ན་གཡའ་ཞིང་ཚ་ལ་ན། །རིམས་འདེབས་འབྲུམ་འབྱུང་ཚོར་བ་ཆུང་། །སེན་མོ་ སྤུ་འབྱུང་ལུས་སྐྲང་སྟེ། །དེ་ལ་དུག་ནི་རྣམ་འཇིག་པའི། །ཙནྡན་ཤུག་པ་པུ་ཤེལ་ཙེ། །སོ་མའི་ཤུན་བཅས་བལ་བུའི་འདབ། །རུ་རྟ་སླེ་ཏྲེས་ཨ་ཀ་རུའི། །ཆུས་བཀྲུས་བླུགས་ཤིང་བསྐུ་བར་བྱ། །ཁར་ཆུད་ནས་ནི་མཆིལ་སྣབས་མང་། །ལྕེ་མཆུ་སྦྲིད་ཅིང་བེམ་པོར་ བྱེད། །ལུས་ཚ་ན་ཞིང་སོ་བརྩེ་ལ། །རོ་མི་ཚོར་ཞིང་འགྲམས་སོ་འཐམས། །དེ་ལ་དུག་ཀུན་འཇོམས་སྨན་དང་། །ཨུར་ཤི་སོགས་ཁུས་ཁུར་བཀང་དབོ། །མ་ཞུའི་གནས་བབས་རྔུལ་བ་དང་། །བརྒྱལ་ཞིང་ལྟོ་སྦོས་མྱོས་མགོ་འཁོར། །བ་སྤུ་ ལྡང་ཞིང་སྐྱུག་ལུས་ཚ། །མིག་ནི་གསལ་ཞིང་སྙིང་མི་དྲན། །ཡན་ལག་ཐིག་ལེས་ཁྱབ་པར་འགྱུར། །ཞུ་བའི་གནས་སུ་ཕྱིན་ན་ཡང་། །ཁ་དོག་སྣ་ཚོགས་སྐྱུག་པ་དང་། །གཅིན་མང་རབ་ཏུ་འཁྲུ་བར་འགྱུར། །རྨྱ་སྙོམ་སྐོམ་ཞིང་མདོག་སྐྱ་ལ། །གསུས་པ་ཆེ་ཞིང་ཉམས་ སྟོབས་ཟད། །དེ་གཉིས་སློན་དང་ཁྲུས་བྱས་ནས། །སེར་གཉིས་བུ་རམ་གི་རི་ཀར། །སེན་དུ་བ་རི་ནིས་པ་བ། །བ་ཤིས་ཀ་དང་ཚིགས་བརྒྱ་པ། །ཏན་དུ་ལི་ཡའི་རྩ་བ་དང་། །བྱ་གག་སྒོ་ང་བལ་གུ་ཟ། །སྣར་གཏོང་མིག་སྨན་བླུད་བྱ་བ། །དུག་ཞིའི་ཕྱིར་ནི་སྦྱར་བར་ བྱ། །ཞེས་བྱ་བ་ལ། དེ་གཉིས་ཞེས་པ་མ་ཞུ་བ་དང་། ཞུ་བའི་གནས་དག་སློན་དང་ཁྲུས་བྱ་བ་སྟེ། སློན་སྨན་གྱིས་མ་ཞུ་བའི་གནས་ནས་སློན་ཅན་དེ་དྲངས་པ་དང་། འཁྲུ་སྨན་གྱིས་འཇུ་བའི་གནས་ནས་ཁྲུས་བྱ་ཞིང་བཏོན་ནས། དེ་ལྟར་ལེགས་པར་སྦྱང་བའི་ལུས་ལ་ སེར་པོ་གཉིས་ལ་སོགས་པ་ནས། སྣ་ནས་བཏང་ཞིང་མིག་སྨན་ཁུ་བ་དང་། བླུད་པའི་བར་གྱི་སྦྱོར་བ་དུག་ཞི་བར་བྱ་བའི་ཕྱིར་སྦྱར་བར་བྱའོ། །དེ་ལ་སེར་པོ་གཉིས་ཞེས་བྱ་བ་ནི་ཡུང་བ་དང་སྐྱེར་པ་སྟེ། སེར་པོ་རྣམ་པ་གཉིས་སོ། །བུ་རམ་ནི་བུ་རམ་ཤིང་ལས་བྱུང་བའི་བུ་ རམ་དཀར་པོའོ། །གི་རི་ཀར་ནི་ག་ཏ་བིའོ། །སེན་དུ་བི་ར་ནི་ཤྭེ་ཏ་པུཥྤེའོ། །ནིས་པ་བ་ནི་གང་བུ་ཅན་གྱི་འབྲུའི་ཁྱད་པར་ཞིག་གོ། །བ་ཤིས་ཀ་ནི་ཧེ་གུ་བ་ཏྲའོ། །ཏན་དུ་ལི་ཡ་ནི་མེ་གནྡྷ་སྟེ། དེའི་རྩ་བའོ། །བྱ་གག་གི་སྒོ་ང་ནི་ཁྱིམ་བྱའི་སྒོ་ངའོ། །ཨ་བལ་གུ་ཟ་ནི་སོ་མ་ར་ ཛ་སྟེ། རྫས་དེ་རྣམས་ཆ་སྙོམས་ལ་ལྡེ་གུར་བྱས་ཏེ་སྣ་ནས་གཏང་བ་དང་། མིག་སྨན་དུ་བསྐུ་བ་དང་། བླུད་ཅིང་སྦྱིན་པར་བྱ་བ་དག་དུག་ཞི་བར་བྱ་བའི་ཕྱིར་བྱའོ། །དུག་འཐུངས་པ་དག་སྟེང་དང་ནི། །དེ་བཞིན་འོག་ནི་སྦྱངས་གྱུར་ནས། །དུས་སུ་ཟངས་བཟང་བདར་ཕྱེ་མ། ། སྦྲང་རྩིར་བཅས་པ་སྙིང་སྦྱོང་སྦྱིན། །ཞེས་བྱ་བ་ལ། དུག་འཐུངས་པའི་སྐྱེས་བུ་དེ། སློན་སྨན་དང་ཁྲུས་སྨན་གྱིས་སྟེང་སྟེ་རོ་སྟོད་དང་། འོག་སྟེ་རོ་སྨད་སྦྱངས་ཤིང་དག་པར་གྱུར་ནས། རིགས་ཤིང་འཚམ་པའི་གནས་སྐབས་ཀྱི་དུས་སུ་ཟངས་མ་བཟང་པོ་ལེགས་པར་བདར་ བའི་ཕྱེ་མ་ཞིབ་མོ་སྦྲང་རྩི་དང་སྦྲང་རྩིར་བཅས་པའི་ལྡེ་གུ་དེ་སྙིང་ན་ཡོད་པའི་ནད་སྦྱོང་བར་བྱེད་པ་ལ་སྦྱིན་པར་བྱའོ། །སྙིང་ནད་སྦྱངས་ནས་གསེར་ཕྱེ་ནི། །ཞིབ་མོ་ཞོ་གཅིག་སྦྱིན་བྱས་ན། །ཞེས་བྱ་བ་ལ། དེ་ལྟར་ཟངས་མའི་ཕྱེ་མའི་ལྡེ་གུ་སྦྱིན་ཞིང་། སྙིང་ནད་སྦྱངས་པར་ གྱུར་ནས། དེའི་འོག་ཏུ་གསེར་གྱི་ཕྱེ་མ་ཞིབ་མོར་བྱས་པ་སྲང་གཅིག་གི་བཞི་ཆ་སྦྱིན་པར་བྱའོ། །པདྨོའི་འདབ་མར་ཆུ་བཞིན་དུ། །གསེར་གྱིས་ཡན་ལག་ལ་མི་ཆགས། །ཚེ་ཡང་རིང་དུ་འཕེལ་བར་འགྱུར། །ཞེས་བྱ་བ་ལ། གང་གི་ཕྱིར་གསེར་འཐུངས་པར་གྱུར་པས་ དུག་ཟོས་པའི་ཡན་ལག་རྣམས་ལ་དུག་དེ་ཆགས་ཤིང་ཞེན་པར་མི་འགྱུར་ཏེ། དཔེར་ན་པདྨའི་འདབ་མར་ཆུ་ཆགས་པར་མི་འགྱུར་བ་དེ་བཞིན་དུ། དེ་ལ་ཆགས་པར་མི་འགྱུར་བ་དང་། དེ་བཞིན་དུ་གསེར་འཐུངས་པར་གྱུར་པ་དག་ནི་ཚེ་རིང་ཞིང་འཕེལ་བར་འགྱུར་བ་ཉིད་ཀྱང་ འཐོབ་པར་འགྱུར་རོ། །སྦྱར་དུག་ལ་ཡང་ཆོ་ག་འདིའོ། །ཞེས་བྱ་བ་ལ། བཤད་མ་ཐག་པའི་དུག་ཞི་བར་བྱ་བའི་ཆོ་ག་འདི་ནི་འོག་ནས་བཤད་པའི་སྦྱར་དུག་ལ་བྱ་བར་དྲང་སྲོང་གིས་བཤད་དོ། །སྦྱར་བའི་དུག་ནི་དུག་སྦྱར་མའོ། །སྦྱར་དུག་དང་ལྡན་པའི་ཟས་ སྐོམ་དག་ནི་དུས་ཕྱིས་ཞིག་ནས་གསོད་པར་བྱེད་པ་ཡིན་པས་གཙོ་བོ་མ་ཡིན་ལ། དེ་ལྟར་གཙོ་བོ་མ་ཡིན་པ་ཉིད་ཀྱིས་ན་འདིའི་ཆོ་གའི་དཔྱད་དུ་བྱ་བ་ཕྱིས་བསྟན་པ་ཡིན་ནོ། །དེ་བཞིན་དུ་ཟས་ཀྱི་ཕུང་པོ་ཡོན་ཏན་མཆོག་དང་ལྡན་པ་དག་ཀྱང་གཡོས་སུ་བྱ་ཞིང་སྦྱར་བ་དང་། ཚད་དང་དུས་ལ་སོགས་པའི་དབང་གིས་ཁ་ཟས་མི་འཕྲོད་པར་གྱུར་པ་ནི། སྡུག་བསྔལ་སྐྱེད་པར་བྱེད་པས་སྦྱར་བའི་དུག་དང་འདྲ་སྟེ། འཕྲལ་དང་དུག་ཕྱི་ནས་གསོད་པར་འགྱུར་རོ། །དེ་བས་ན་འདིར་སྨྲས་པ་ནི། ཁ་ཟས་དག་ཀྱང་མི་མཐུན་ཟོས། །སྦྱར་དུག་འདྲ་བར་ཤེས་པར་ བྱ། །ཞེས་བྱ་བ་ཡིན་ཏེ། ཁ་ཟས་ཀྱང་གཡོས་སུ་བྱས་ཀྱང་སྦྱར་བ་དང་། ཚད་པ་དང་། ཡུལ་དང་། དུས་ལ་སོགས་པས་མི་མཐུན་པར་གྱུར་པ་ཟོས་པ་ནི། སྦྱར་བའི་དུག་དང་འདྲེས་པར་ཤེས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ། །རླན་ཅན་ཤ་དང་མོན་ སྲན་གྲེའུ། །སྦྲང་རྩིའོ་མ་མྱུ་གུ་ཅན། །པདྨའི་རྩ་བ་ལ་ཕུག་སྐམ། །བུ་རམ་དང་བཅས་མི་འཕྲོད་ཡིན། །ཞེས་བྱ་བ་ལ། རླན་ཅན་གྱི་ཤ་ནི་རི་དགས་ཆེན་པོ་དང་། ཆུ་ལ་སྤྱོད་པ་དང་། ཆུ་ལ་གནས་པ་ཞེས་བྱ་བའི་སྡེ་ཚན་གསུམ་དུ་བསྟན་པ་སྟེ། དེ་དང་མོན་སྲན་ གྲེའུ་ཞེས་བྱ་བ། སྲན་མ་དང་། སྦྲང་རྩི་དང་། འོ་མ་དང་། མྱུ་གུ་ཅན་དང་། པདྨའི་རྩ་བ་དང་། དེ་ལ་སོགས་པ་མི་འཕྲོད་པའི་ཟས་གང་ཡིན་པ་དེས་ནི། དེའི་གནོད་པའི་ཁྱད་པར་འདིར་མ་བསྟན་ཀྱང་། དྲང་སྲོང་ཙ་ར་ཀས་ཇི་སྐད་བསྟན་པའི་མ་ནིང་ལ་སོགས་པའི་ འགྱུར་བ་སྐྱེད་ཅིང་། དེས་འཕྲལ་ཏམ། དུས་ཕྱིས་སྲོག་འཇོམས་པར་བྱེད་པ་ཡིན་ནོ། །མི་འཕྲོད་པའི་འབྲས་བུ་ཙ་ར་ཀས་བཤད་པ་ནི། འོན་པ་དང་། ལོང་བ་དང་། འདར་བག་དང་། རྨོངས་བག་དང་། ལྐུགས་པ་དང་། དྲན་པ་མེད་པ་དང་། རྨུགས་པ་ རྣམས་ཀྱི་རྩ་བ་ཡིན་པའམ། ཡང་ན་འཆི་བར་འགྱུར་བ་ཉིད་ཡིན་ནོ། །ཞེས་བཤད་པ་ཡིན་ཏེ། དེ་དག་ནི་འདྲེས་པའི་སྦྱོར་བའི་མི་འཕྲོད་པ་ཡིན་ནོ། །ཁྱད་པར་དུ་ནི་འོ་མ་ཉ། །ཉ་རྣམས་ལས་ཀྱང་ཙི་ལི་ཙིམ། །ཞེས་བྱ་བ་ལ། ཁྱད་པར་དུ་ཞེས་བྱ་བ་ནི་ལྷག་པར་རོ། ། ཉ་ནི་རོ་ཧི་ཏ་ལ་སོགས་པ་སྟེ། རླན་ཅན་གཞན་དག་ན་ཡོད་པའང་རུང་སྟེ། དེ་ནི་འོ་མ་དང་ལྷན་ཅིག་ཟོས་ན་མི་འཕྲོད་པ་ཡིན་ནོ། །དེ་བཞིན་དུ་ཉ་རྣམས་ཀྱི་ནང་ནས་ཀྱང་། ཙི་ལི་ཙི་མ་ཞེས་བྱ་བའི་ཉ་འོ་མ་དང་ལྷན་ཅིག་མི་འཕྲོད་པ་ཡིན་ཏེ། འདི་གཉི་ག་ཡང་རོ་མངར་བ་དང་། ཞུ་བའི་རྗེས་མངར་བ་དང་། བད་ཀན་སྐྱེད་ལ་དྲོ་བ་དང་། བསིལ་བར་བྱེད་པའི་ཚུལ་གྱིས་ནུས་པ་མི་མཐུན་པ་ཡིན་ལ། ནུས་པ་མི་མཐུན་པས་ན་ཁྲག་འཁྲུག་པར་བྱེད་པ་ཡིན་ལ། བད་ཀན་སྐྱེད་པར་བྱེད་ཅིང་རྒྱུ་བའི་ལམ་འགག་པར་བྱེད་པ་ཡིན་ནོ། །དེ་ལས་ཀྱང་ཉ་ཙི་ལི་ཙི་ མ་ནི་ཅུང་ཟད་ཟླུམ་ཞིང་མདོག་དམར་པོར་སྣང་ལ། ཕལ་ཆེར་ས་ལ་རྒྱུ་བས། གལ་ཏེ་འོ་མ་དང་ལྷན་ཅིག་ཟོས་ན་གདོན་མི་ཟ་བར་ཁྲག་ལས་བྱུང་བའམ། རྟུག་འགགས་ལས་བྱུང་བའི་ནད་གང་ཡང་རུང་བ་འབྱུང་བར་འགྱུར་རོ་ཞེས་དྲང་སྲོང་ཙ་ར་ཀས་བཤད་དོ། །འོ་མ་ལྷན་ཅིག་ སྐྱུར་ཀུན་ནི། །མི་འཕྲོད་ཤིང་ཏོག་དེ་བཞིན་ནོ། །ཞེས་བྱ་བ་ལ། འོ་མ་དང་ལྷན་ཅིག་སྐྱུར་ཐམས་ཅད་མི་འཕྲོད་དོ། །འདིར་ཀུན་གྱི་སྒྲ་སྨོས་པས་སྐྱུར་བ་ལ་སོགས་པ་རྫས་གཤེར་བ་ཐམས་ཅད་བསྡུ་བ་དང་། དེ་བཞིན་དུ་སྨན་སྐྱུར་བ་དང་། ཆུའི་རྩ་བ་ལ་སོགས་པ་དེ་ཐམས་ཅད་ འོ་མ་དང་ལྷན་ཅིག་མི་འཕྲོད་པ་ཡིན་ནོ་ཞེས་ངེས་པར་ཤེས་པར་བྱའོ། །འདིར་ལྷན་ཅིག་ཅེས་སྨོས་པ་ནི། དོན་ལྷག་པར་བསྟན་པར་བྱ་བའི་ཕྱིར་ཏེ། འོ་མ་འཐུངས་ན་ཟས་གཞན་གྱིས་བར་བཅད་དུ་ཟིན་ཅིང་། ཕོ་བར་ཇི་སྲིད་གནས་པར་འགྱུར་བ་དེ་སྲིད་ཀྱི་བར་དུ། སྐྱུར་པོ་ལ་སོགས་ པ་རྫས་སྐྱུར་བ་གང་ཡིན་བཟའ་བར་མི་བྱ་སྟེ། ལྷག་པའི་དོན་འདི་ལྷན་ཅིག་ཅེས་བྱ་བའི་སྒྲ་ལས་ཤེས་པར་བྱའོ། །དེ་ཡང་བསྡུས་པ་ལས། གཤེར་བ་དང་བསྐ་བའི་རྫས་ཐམས་ཅད་ནི་འོ་མ་དང་ལྷན་ཅིག་གམ། དེའི་རྗེས་ལ་མི་འཕྲོད་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཤིང་ཐོག་ ནི་དེ་བཞིན་ནོ་ཞེས་བྱ་བར་འདིར་འོ་མ་དང་ལྷན་ཅིག་མི་འཕྲོད་དོ་ཞེས་བྱ་བར་སྦྱར་ཏེ། སྐྱུར་བ་རྣམས་འོ་མ་དང་མི་འཕྲོད་པ་འབའ་ཞིག་ཏུ་མ་ཟད་དོ། །ཤིང་ཏོག་ཀྱང་མི་འཕྲོད་དེ། དོན་གྱིས་ན་ཤིང་ཏོག་སྟར་ཀའི་འབྲས་བུ་ལ་སོགས་པ་སྐྱུར་བ་མ་ཡིན་པ་དག་ཀྱང་། སྟར་ཀའི་འབྲས་ བུ་ལ་སོགས་པ་ཕལ་ཆེར་ལྷན་ཅིག་མི་འཕྲོད་དོ་ཞེས་བྱ་བ་ནི་དེ་བཞིན་ནོ་ཞེས་བྱ་བའི་དོན་ཡིན་ནོ། །དེ་ཡང་དྲང་སྲོང་ཙ་ར་ཀས་ཨ་མྲའི་འབྲས་བུ་དང་། ཨ་མྲ་ཏ་ཀ་དང་། བ་ལུང་དང་། ལི་ཀུ་རྩེ་དང་། ཀ་ར་མར་ཏ་དང་། ཆུ་ཤིང་གི་འབྲས་བུ་དང་། སྐྱུར་རྩི་ཆེན་པོ་དང་། རྒྱ་ཤུག་གི་ འབྲས་བུ་དང་། ཀོ་ཤ་ཨ་མྲ་དང་། འཛམ་བུའི་འབྲས་བུ་དང་། བིལ་བའི་རྐང་དང་། ཏིག་ཏི་ལི་ཀ་དང་། ཀུ་ཤུ་དང་། སྟར་ཀའི་འབྲས་བུ་དང་། པ་ན་ས་དང་། རྒྱ་སྟར་གྱི་འབྲས་བུ་དང་། བལ་པོ་སེའུ་དང་། སྐྱུ་རུ་ར་ལ་སོགས་པ་དེ་ལྟ་བུ་དང་། གཞན་དག་དང་། སྐྱུར་བའི་ རྫས་སྐམ་པོ་དང་། གཤེར་བ་ཐམས་ཅད་འོ་མ་དང་ལྷན་ཅིག་མི་འཕྲོད་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་བཞིན་རྒྱ་སྲན་ཁྲེ་དག་དང་། །བ་ལ་ཀུ་མུ་ཏ་མི་འཕྲོད། །ཅེས་བྱ་བ་ལ། དེ་བཞིན་དུ་རྒྱ་སྲན་ཀུ་ལ་ད་ཐ་ལ་སོགས་པ་ཡང་འོ་མ་དང་ལྷན་ཅིག་མི་འཕྲོད་པ་ ཡིན་ནོ། །ལ་ཕུག་ལ་སོགས་སྔོ་རྔད་ནི། །ཟོས་ནས་འོ་མ་སྤང་བར་བྱ། །ཞེས་བྱ་བ་ལ། ལ་ཕུག་ལ་སོགས་པའི་སྔོ་རྔད་རྗེན་པ་ཟོས་ནས་འོ་མ་སྤང་བར་བྱའོ། །ལ་སོགས་པའི་སྒྲས་ནི། སྐུ་ཐི་ར་དང་། ཤི་ཀྲུ་དང་། བྱེའུ་རུག་པ་ལ་སོགས་པ་བསྡུའོ། །དེ་ཡང་དྲང་སྲོང་ཙ་ ར་ཀས། མཛེའི་ནད་དུ་འགྱུར་བའི་འཇིགས་པས། ལ་ཕུག་དང་། ཡུངས་ཀར་གྱི་ལོ་མ་དང་། སྒོག་སྐྱ་དང་། གྲི་ན་གནྡྷ་དང་། ཟིན་ཐིག་ལེ་སུ་མུ་ཁ་དང་། སུ་ར་ལ་སོགས་པའི་སྒྲས་ཟོས་ནས། འོ་མ་བཏུང་བར་མི་བྱའོ་ཞེས་བཤད་པ་ཡིན་ནོ། །སྔོ་རྔད་ཅེས་སྨོས་པ་ནི་ལ་ཕུག་ གི་ཁྱད་པར་ལ་བྱ་བར་བསྟན་ཏེ། འདི་ལྟར་སྨོས་པ་ལས་ན་འདི་ནི་རྗེན་པར་ཡང་བཟར་རུང་བར་བསྟན་པ་ཡིན་ལ། སྔར་ཚོད་མའི་སྡེ་ཚན་གྱི་ནང་དུ་འདི་སྨོས་པས་ནི། ཚོད་མ་ཉིད་དུ་བྱར་རུང་བར་སྟོན་པ་ཡིན་ནོ། །དེ་ལྟར་ན་རྗེན་པ་ཟོས་ནས་འོ་མ་མི་བཏུང་བ་ཡིན་གྱི། ཚོད་མར་བྱས་པ་མ་ ཡིན་ཏེ། ལེགས་པར་བཙོས་ནས་ཁུ་བ་བཙིར་བ་དང་། སྣུམ་ལ་སོགས་པས་བརྔོས་ཏེ། ཚོད་མར་གཡོས་སུ་བྱས་པའི་རྗེས་ལ་འོ་མ་མི་བཏུང་བ་ནི་མ་ཡིན་ནོ། །ཕག་རྒོད་བྱི་དུར་ཤ་མི་བཟའ། ཁྱིམ་བྱ་བྲི་ཤ་ཏ་ཞོར་མིན། །ཞེས་བྱ་བ་ལ། ཕག་རྒོད་ཀྱི་ཤ་དང་། བྱི་དུར་ཤ་ ལྷན་ཅིག་མི་བཟའ་བ་དང་། དེ་བཞིན་དུ་ཁྱིམ་བྱ་དང་། བྲི་ཤ་ཏའི་ཤ་ཞོ་དང་ལྷན་ཅིག་མི་བཟའོ། །ཤ་རློན་མཁྲིས་པ་དག་དང་ནི། །ལ་ཕུག་མ་ཤའི་ཚོད་མར་མིན། །ཞེས་བྱ་བ་ལ། ཤ་རློན་པ་མཁྲིས་པ་དག་དང་ལྷན་ཅིག་མི་བཟའ་བ་དང་། དེ་བཞིན་དུ་ལ་ཕུག་མ་ཤའི་ཚོད་ མ་དང་ལྷན་ཅིག་མི་བཟའོ། །ལེ་བརྒན་རྩི་ཚོད་ལུག་ཤར་མིན། །མྱུ་གུའི་ཚོད་མ་པད་རྩར་མིན། །ཞེས་བྱ་བ་ལ། ལེ་བརྒན་རྩིའི་ཚོད་མ་དང་། ལུག་ཤ་ལྷན་ཅིག་མི་བཟའ་བ་དང་། དེ་བཞིན་དུ་འབྲུའི་མྱུ་གུ་སྐྱེས་པའི་ཚོད་མ་དང་། པདྨའི་རྩ་བ་ལྷན་ཅིག་བཟའ་བར་མི་བྱའོ། ། མ་ཤའི་སྲན་ཚོད་བུར་མ་ཞོ། །མར་འོ་ལི་ཀུ་རྩེའི་འབྲས་མིན། །ཞེས་བྱ་བ་ལ། མ་ཤའི་སྲན་ཚོད་དང་། བུར་མ་མམ། ཞོའམ་མར་རམ་འོ་མའམ། ལི་ཀུ་རྩེའི་འབྲས་བུ་ལྷན་ཅིག་བཟའ་བར་མི་བྱའོ། །ཆུ་ཤིང་འབྲས་བུ་དར་བར་མིན། །ཏ་ལའི་འབྲས་བུ་ཞོར་མི་འཕྲོད། །ཅེས་ བྱ་བ་ལ། ཆུ་ཤིང་གི་འབྲས་བུ་དར་བར་མི་བཟའ་བའམ། ཏ་ལའི་འབྲས་བུ་ཞོ་དང་ལྷན་ཅིག་མི་འཕྲོད་པས་མི་བཟའོ། །ཚ་བ་གཉིས་པོ་བུ་རམ་དང་། །སྦྲང་རྩི་ཀ་ཀ་མ་ཙིར་མིན། །ཞེས་བྱ་བ་ལ། ཀ་ཀ་མ་ཙི་ཚ་བ་གཉིས་པོ་པི་པི་ལིང་དང་། ན་ལེ་ཤམ་དང་། ལྷན་ཅིག་སྦྲང་ རྩིའམ་བུ་རམ་དང་ལྡན་པར་མི་བཟའོ། །དེ་ནི་ཉ་བཙོས་པའི་སྣོད་དང་། །དོང་གྲ་བཙོས་པར་གཡོས་པ་མིན། །ཞེས་བྱ་བ་ལ། ཀ་ཀ་མ་ཙི་དེ་ནི་ཉ་བཙོས་པའི་སྣོད་དུ་གཡོས་སུ་བྱས་པའང་མི་བཟའོ། །ཀ་མ་ཏ་ནི་སྣོད་གཞན་དུ། །བཙོས་ནས་ཉིན་མཚན་ལོན་མི་བཟའ། ། ཞེས་བྱ་བ་ལ། ཀ་མ་ཏ་ནི། ཀ་ཀ་མ་ཙི་སྟེ། དེ་སྣོད་གཞན་དག་ཏུ་བཙོས་ནས་ཉིན་མཚན་ལོན་ཞིང་ཞག་འདས་པ་དག་བཟའ་བར་མི་བྱའོ། །དེ་ལ་མི་བཟའ་ཞེས་བྱ་བ་འདི་ནི། འདི་ཡན་ཆད་ཀུན་ལ་སྦྱར་བར་མི་བྱའོ། །ཉ་བརྔོས་པ་ཡི་སྣུམ་ལ་ནི། །པི་པི་ལིང་བརྔོས་སྤང་བར་ བྱ། །ཞེས་བྱ་བ་ལ། ཉ་བརྔོས་པའི་སྣུམ་ལ་བརྔོས་པའི་པི་པི་ལིང་སྤང་བར་བྱ་སྟེ། ཉ་གང་དུ་བརྔོས་པ་དེར་བརྔོ་བ་ཡང་སྤང་བར་བྱའོ། །མར་སར་འཁར་སྣོད་ཞག་བཅུ་ལོན། །གོ་བྱེའི་འབྲས་བུ་དྲོར་མི་བཟའ། །ཞེས་བྱ་བ་ལ། མར་སར་འཁར་བའི་སྣོད་དུ་ཞག་བཅུ་ལོན་ པ་སྤང་བར་བྱའོ། །དེ་བཞིན་དུ་གོ་བྱེའི་འབྲས་བུ་ལ་ཏ་ཀ་བཟའ་བ་དང་། བཏུང་བར་དྲོ་བ་དག་སྨན་པས་སྤང་བར་བྱའོ། །བ་ས་སྲེག་ཤར་མི་འཕྲོད་ཅིང་། །དར་བར་ཀམ་བི་ལ་བཙོས་མིན། །ཞེས་བྱ་བ་ལ། བས་ཞེས་བྱ་བའི་ཤ་སྲེག་ཤར་བྱ་བར་མི་འཕྲོད་པས་ བཟའ་བར་མི་བྱའོ། །དེ་བཞིན་དུ་ཀམ་བི་ལ་ཞེས་བྱ་བ་སྟེ། མིང་གི་རྣམ་གྲངས་ཡན་ལག་དམར་ཞེས་བྱ་བ་དེ་དར་བར་བཙོས་ཏེ་བཟའ་བ་མི་འཕྲོད་པ་ཡིན་ནོ། །འོ་ཐུག་དང་ནི་ཀྲི་སར། །ཆང་དང་ལྷན་ཅིག་མི་འཕྲོད་སྤང་། །ཞེས་བྱ་བ་ལ། འོ་ཐུག་དང་། ཀྲི་ས་ར་དང་། ཆང་ལྷན་ ཅིག་མི་འཕྲོད་པས་སྤང་བར་བྱའོ། །དེ་ལ་འོ་ཐུག་ནི་འབྲས་ཆན་འོ་མའི་ནང་དུ་བཙོས་ཏེ་སྤོད་ཀྱིས་བཏབ་པ་ནི་འོ་ཐུག་གོ། །ཀྲི་ས་ར་ནི་ཏིལ་དང་། སྲན་མུངྒ་དང་། མ་ཤལ་སོགས་པ་གཡོས་པའི་ཐུག་པའོ། །ཆང་ནི་འབྲས་བཏགས་པ་ལ་སོགས་པ་ལས་ མནན་ནས་བྱས་པའོ། །དེ་རྣམས་ལྷན་ཅིག་ཏུ་བཟའ་ཞིང་ལོངས་སྤྱད་པར་མི་བྱའོ། །སྦྲང་རྩི་མར་སར་ཞག་ཏིལ་མར། །ཆུ་རྣམས་གཉིས་གཉིས་གསུམ་གསུམ་མམ། །ཆ་མཉམ་ལྷན་ཅིག་ཟོས་པ་དག །ཕན་ཚུན་དག་ནི་མི་མཐུན་ནོ། །ཞེས་བྱ་བ་ལ། སྦྲང་རྩི་ལ་སོགས་ པའི་རྫས་ལྔ་ནི་གཉིས་གཉིས་སམ། གསུམ་དུ་ཞེས་བྱ་བ་གསུམ་གསུམ་མམ། ཆ་མཉམ་ཞེས་བྱ་བ་གཅིག་ཏུ་ཆ་མཉམ་པར་བྱ་སྟེ། བཟའ་བ་ནི་ཕན་ཚུན་མི་འཕྲོད་པ་ཡིན་ནོ། །དེ་ཡང་གཉིས་གཉིས་ནི་དཔེར་ན། མར་སར་དང་སྦྲང་རྩིའམ། མར་སར་དང་ཞག་གམ། མར་སར་དང་ཏིལ་མར་རམ། སྦྲང་རྩི་དང་ཆུའོ། །གསུམ་གསུམ་ནི་དཔེར་ན། སྦྲང་རྩི་དང་མར་སར་དང་། ཏིལ་མར་དུ་བཟའ་བའོ། །ཆ་མཉམ་པ་ནི་སྦྲང་རྩི་དང་། མར་སར་དང་། ཞག་དང་། ཏིལ་མར་དང་། ཆུ་རྣམས་ལ་བསྲེས་ཏེ་ལྷན་ཅིག་ཟོས་པ་སྟེ། དེ་དག་ནི་མི་ འཕྲོད་པ་ཡིན་ནོ། །མར་སྦྲང་ཆ་ནི་མི་མཉམ་ཡང་། །ཆར་པའི་ཆུ་ནི་འཐུངས་ན་གནོད། །ཅེས་བྱ་བ་ལ། མར་དང་སྦྲང་རྩི་ཆ་མི་མཉམ་པར་གྱུར་ཀྱང་། ཆར་པའི་ཆུ་དང་ལྷན་ཅིག་འཐུངས་ན་མི་འཕྲོད་པར་འགྱུར་རོ། །སྦྲང་རྩི་པདྨའི་ས་བོན་དང་། སྦྲང་རྩི་འབྲུ་ཆང་ཁ་རར་མིན། ། ཞེས་བྱ་བ་ལ། སྦྲང་རྩི་དང་པདྨའི་ས་བོན་ལྷན་ཅིག་སྦྱར་ཏེ་བཟའ་བ་ཡང་མི་འཕྲོད་པ་ཡིན་ནོ། །དེ་བཞིན་དུ་སྦྲང་རྩི་དང་། འབྲུ་ཆང་ཞེས་བྱ་བ། འབྲུ་ལས་མནན་པའི་ཆང་དང་། ཤ་ཁར་ལས་བྱས་པའི་ཆང་མི་འཕྲོད་ཅིང་གནོད་པ་སྐྱེད་པ་ཡིན་པས། རླུང་ཤིན་ཏུ་སྐྱེད་པར་བྱེད་པ་ ཡིན་ནོ། །འོ་ཐུག་རྗེས་ལ་སྐྱོ་མར་མིན། །ཤ་མོ་ཡུངས་མར་བརྔོས་མི་འཕྲོད། །ཅེས་བྱ་བ་ལ། འོ་ཐུག་ནི་འོ་མ་ལ་འབྲས་བཙོས་པའི་ཐུག་པའོ། །དེ་ནི་སྐྱོ་མ་དང་མི་འཕྲོད་པ་ཡིན་ཏེ། སྐྱོ་མ་དེ་ནི་བད་ཀན་སྐྱེད་པར་བྱེད་པ་ཡིན་ཏེ། སྐྱོ་མ་ཞེས་བྱ་བ་ལ་ཕྱེ་དང་མར་སྦྱར་ བ་ཆུ་དང་སྦྱར་ལ་ཧ་ཅང་སླ་བའམ། ཧ་ཅང་སྐ་བར་མ་གྱུར་བ་ལ་བྱའོ། །ཤ་མོ་ནི་གདུགས་ལྟ་བུར་སྐྱེས་བའི་ཚོད་མའི་ཁྱད་པར་རོ། །དེ་ནི་ཡུངས་མར་བརྔོས་ཏེ་བཟའ་བ་མི་འཕྲོད་པ་ཡིན་ཏེ། ཤིན་ཏུ་མཁྲིས་པ་སྐྱེད་པ་ཡིན་ནོ། །ཨུ་པོ་ཏ་ཀ་ཏིལ་ཚིགས་ལ། །བཙོས་པ་འཁྲུ་ བར་བྱེད་པ་ཡིན། །ཞེས་བྱ་བ་ལ། ཨུ་པོ་ཏ་ཀ་ནི་ལི་ས་ཞེས་བྱ་བའི་ཚོད་མ་སྟེ། དེ་ཏིལ་གྱི་ཚིགས་མ་དང་བཙོས་ཤིང་གཡོས་པ་ནི་འཁྲུ་བར་བྱེད་པ་སྟེ། ཚད་པས་འཁྲུ་བར་བྱེད་པ་ཡིན་ནོ། །བྱ་གག་ཤ་ནི་ཆང་དངས་དང་། །ཀུ་ལ་མ་ཤའི་ཐུག་མི་འཕྲོད། །ཅེས་བྱ་བ་ལ། བྱ་ གག་ནི་བྱ་བ་ལ་ག་ཞེས་བྱ་སྟེ། དེའི་ཤ་ཆང་དངས་མ་བ་རུ་ར་ཞེས་བྱ་བ་དང་། ཀུ་ལ་མ་ཤ་ཐའི་ཐུག་པ་དང་ལྷན་ཅིག་མི་འཕྲོད་དེ། ཀུ་ལ་མ་ནི་མོན་སྲན་སྡེའུ་དང་སྲན་ཆུང་ལ་སོགས་པ་བཙོས་ནས། ཤིང་ཀུན་ལ་སོགས་པའི་སྤོད་བཏབ་པའི་ཐུག་པའོ། །དེ་ཉིད་ཕག་རྒོད་ཚིལ་ ལ་བརྔོས། །སྲོག་ནི་འཕྲལ་དུ་འཇོམས་པར་བྱེད། །ཅེས་བྱ་བ་ལ། བྱ་གག་གི་ཤ་དེ་ཉིད་ཕག་རྒོད་ཀྱི་ཚིལ་དང་བརྔོས་པ་ནི། སྲོག་འཕྲལ་དུ་འཇོམས་པར་བྱེད་པ་ཡིན་ཏེ། དེའི་མོད་ལ་གསོད་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་བཞིན་སྲེག་པ་རྨ་བྱ་དང་། །ལ་བ་ཀ་པིན་ཛ་ ལ་སྲམ། །ཨེ་རཎྜ་ཡི་མེ་ལ་ནི། །ཨེ་རཎྜའི་མར་བརྔོས་མི་འཕྲོད། །ཅེས་བྱ་བ་ལ། དེ་བཞིན་དུ་སྲེག་པ་ལ་སོགས་པའི་ཤ།། ཨེ་རཎྜའི་མེ་ལ་བཙོས་ཤིང་དེ་བཞིན་དུ་ཨེ་རཎྜའི་མར་དང་བསྲེས་ཤིང་བརྔོས་པ་ནི་མི་འཕྲོད་དེ། སྔ་མ་དང་འདྲ་བར་སྲོག་འཕྲལ་དུ་འཇོམས་པར་བྱེད་ པ་ཡིན་ནོ། །ཧ་རིད་དྲ་ཤ་སྐྱེར་པ་ཡི། །ཐུར་མ་དག་ལ་བསྐྱོན་ནས་ནི། །སྐྱེར་པའི་མེ་ལ་བསྲེགས་གྱུར་པ། །འཕྲལ་དུ་སྲོག་ནི་འཇོམས་པར་བྱེད། །ཅེས་བྱ་བ་ལ། དེ་བཞིན་དུ་བྱ་ཧ་རིད་དྲའི་ཤ་སྐྱེར་པའི་ཐུར་མ་ལ་བསྐྱོན་ཞིང་བཙུགས་ནས་དེ་བཞིན་དུ་ཤིང་སྐྱེར་པ་བུས་པའི་ མེ་ལ་བསྲེགས་ཤིང་ཚོས་པར་བྱས་པ་ནི་འཕྲལ་དུ་སྲོག་འཇོམས་པར་བྱེད་དེ། དུག་དང་འདྲ་བར་མྱུར་དུ་སྲོག་འཕྲོག་ཅིང་སྲོག་དང་བྲལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཐལ་བ་རྡུལ་གྱིས་གོས། །སྦྲང་རྩིར་བཅས་བ་འཕྲོད་མ་ཡིན། །ཞེས་བྱ་བ་ལ། བྱ་ཧ་རི་ཏའི་ཤ་དེ་ ཉིད་ཐལ་བ་དང་རྡུལ་གྱིས་གོས་ཤིང་ཉམས་པར་གྱུར་པ་དང་། སྦྲང་རྩི་དང་བཅས་པ་ནི་འཕྲོད་པ་མ་ཡིན་ཏེ། འཕྲལ་དུ་གསོད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་མི་མཐུན་པ་གཞན་དག་སྟེ། གྲང་བ་དང་། དྲོ་བ་དང་། སར་པ་དང་། རྙིང་པ་དང་། བཙོས་པ་ དང་། མ་བཙོས་པ་དག་ནི་རླུང་དང་། བད་ཀན་དང་མི་མཐུན་པའི་སྨན་རྣམས་ནི། བད་ཀན་གྱི་ཁམས་དང་མི་འཕྲོད་པར་གྱུར་པ་ཡིན་ནོ། །ལ་ལ་ནི་ཕན་ཚུན་གཅིག་ལ་གཅིག་མི་འཕྲོད་པ་ཡིན་ལ། ཁ་ཅིག་ནི་སྦྱོར་བའི་དབང་གིས་ཕྲད་པ་ལས་མི་འཕྲོད་པ་ཡིན་ཞིང་། གཞན་ དག་ནི་གཡོས་སུ་བྱ་བ་ལ་སོགས་པའི་དབང་གིས་མི་འཕྲོད་པ་ཡིན་ལ། ཡང་གཞན་དག་ནི་དུས་དང་ཡུལ་དང་ཚད་ལ་སོགས་པས་མི་འཕྲོད་པ་ཡིན་པ་དང་། དེ་བཞིན་དུ་རང་བཞིན་གྱིས་མི་འཕྲོད་པ་ཡང་ཡོད་དེ། གཞུང་རྩོམ་པར་བྱེད་པས། བསྡུས་པ་ལས་བཤད་པ། རྫས་ མཐུ་དང་ལྡན་པ་དག་ནི་ཡོན་ཏན་ཕན་ཚུན་མི་མཉམ་པ་ཉིད་ཀྱིས་གཡོས་སུ་བྱ་བ་ལ་སོགས་པའི་དབང་གིས་མི་འཕྲོད་པར་འགྱུར་ཏེ། འོ་མ་ནི་རྒྱ་སྲན་ཀུ་ལངྠ་དང་མི་འཕྲོད་ལ། པ་ན་ས་ནི་ཉ་དང་མི་འཕྲོད་ཅིང་། མར་དྲོན་པོ་དང་། སྦྲང་རྩི་དང་། ཞོ་དྲོན་པོར་མི་འཕྲོད་པ་དང་། ཚ་སྒོ་ཅན་ གྱི་ཆུ་དང་ཕྱེར་བསྲེས་ཏེ་མཚན་མོ་བཟའ་བ་མི་འཕྲོད་པ་དང་། དེ་བཞིན་དུ་ཆུ་གཞན་དག་དང་ནས་འདྲ་མི་འཕྲོད་པ་ལྟ་བུའོ། །གང་ཡང་ཉེས་པ་མ་སྦྱངས་པ། །མདོར་ན་དེ་ནི་མི་འཕྲོད་ཡིན། །ཞེས་བྱ་བ་ལ། གང་ཡང་རུང་བའི་ཁ་ཟས་ལས་བྱུང་བའི་ཉེས་པ་ཁྲུས་དང་། སློན་ལ་སོགས་ པས་མ་སྦྱངས་པར་དེ་ནི་མདོར་ན་ཞེས་པ། མདོར་བསྡུས་ན་མི་འཕྲོད་པ་ཡིན་པས་བསྟེན་པར་མི་བྱའོ། །ཉེས་འདི་སྦྱང་བར་འདོད་པའམ། །ཡང་ན་དེ་དང་མི་མཐུན་པའི། །རྫས་དེ་ཉིད་ཀྱིས་དང་པོ་ནི། །ལུས་ནི་མངོན་པར་སྦྱང་བར་བྱ། །ཞེས་བྱ་བ་ལ། ཟས་མི་འཕྲོད་པ་ལས་བྱུང་ བའི་ཉེས་པ་འདིར་ནི་སྦྱང་བ་ཞེས་བྱ་བ། སློན་དང་ཁྲུས་ལ་སོགས་པའི་ཚུལ་བྱ་བ་ནི་འདོད་ཅིང་བསྔགས་པར་བྱ་བ་ཡིན་ནོ། །ཡང་ན་དེ་དང་མི་མཐུན་པའི་རྫས་ཀྱི་སྨན་གྱིས་ཞི་བར་བྱ་བ་འདོད་པ་ཡིན་ཏེ། མི་འཕྲོད་པའི་ཁ་ཟས་དེའི་གཉེན་པོར་གྱུར་པའི་སྨན་ཡོན་ཏན་གོ་བཟློག་པ་དེས་ཞི་བར་བྱ་བ་ ནི། ཡུལ་དང་དུས་ལ་ལྟོས་ནས་བྱ་བ་ཉིད་ཡིན་ནོ། །ཡང་ན་གང་ཕན་པར་འགྱུར་བའི་སྨན་དང་། ཟས་ཀྱི་རྫས་དེ་ཉིད་ཀྱིས་དང་པོ་ཁོ་ནར་ལུས་མངོན་པར་སྦྱང་ཞིང་ཕན་པའི་དཔྱད་དུ་བྱ་བ་སྟེ། མདོར་ན་དང་པོ་ཉིད་ནས་ཟས་ཕན་པ་ཉིད་བཟའ་བར་བྱ་ཞིང་བསྟེན་པར་བྱའོ་ཞེས་བྱ་བའི་དོན་ཏོ། ། དེ་ཡང་དྲང་སྲོང་ཙ་ར་ཀས། མི་འཕྲོད་ཟས་ཟོས་ལས་གྱུར་ན། །སློན་དང་ཁྲུས་ཀྱིས་སྦྱང་བྱ་ཞིང་། །རྣམ་པར་བསལ་ནས་ཞི་བའམ། །དང་པོར་འཕྲོད་པ་བསྟེན་པས་སོ། །ཞེས་བཤད་པ་ཡིན་ནོ། །རྩོལ་ཅན་སྣུམ་བསྟེན་དྲོད་ཆེ་དང་། །དར་ལ་བ་བཅིང་ཉམས་སྟོབས་ལྡན། ། གོམས་པར་ཟོས་དང་ཅུང་ཟད་ཟོས། །མི་འཕྲོད་གྱུར་ཀྱང་གནོད་མི་འགྱུར། །ཞེས་བྱ་བ་ལ། གང་ལ་རྩོལ་ཞིང་ལས་སུ་བྱ་བ་ཡོད་པ་དེ་ནི་རྩོལ་བཅས་ཏེ། རྩོལ་བ་ཅན་དེས་ནི་ཟས་དང་བཏུང་བ་དང་། སྨན་མི་འཕྲོད་པ་བསྟེན་ཀྱང་ནད་དུ་མི་འགྱུར་རོ། །དེ་བཞིན་དུ་སྣུམ་ཤས་ཆེར་ བསྟེན་པ་དང་། ཕོ་བའི་མེ་དྲོད་ཆེ་བ་དག་དང་། དར་ལ་བབ་ཅིང་ན་ཚོད་བདེ་བ་དང་། དེ་བཞིན་དུ་ཉམས་སྟོབས་དང་ལྡན་ཞིང་ཤིན་ཏུ་བསྔགས་པར་བྱ་བའི་སྟོབས་ཡོད་པ་དེས་མི་འཕྲོད་པ་དག་ཟོས་ཀྱང་ནད་དུ་མི་འགྱུར་བ་དང་། དེ་བཞིན་དུ་གོམས་པར་བྱས་ཤིང་རྟག་ཏུ་ཟོས་པ་དང་། ཅུང་ཟད་ཅུང་ཟད་ཟོས་པ་དག་གིས་ཀྱང་ནད་དུ་མི་འགྱུར་ཏེ། ཟས་དང་སྐོམ་ལ་སོགས་པ་མི་འཕྲོད་ཅིང་མི་མཐུན་པར་འགྱུར་བ་ཡིན་ཡང་སྐྱེས་བུ་དེ་ལ་གནོད་པའི་ནད་དུ་མི་འགྱུར་གྱི། ནད་མེད་པ་ཉིད་དུ་གནས་པར་འགྱུར་རོ། །དྲིས་པ་གང་མི་འཕྲོད་པའི་ཟས་སྐོམ་ཟོས་པ་ན་གོམས་པའམ། ཉུང་ཟད་ཅིག་བསྟེན་པའི་རྒྱུས་དུས་དང་ཡུལ་ལ་ལྟོས་ནས། གོམས་པས་ལུས་ལ་གནོད་པ་མེད་ཅིང་བདེ་བར་འགྱུར་བ་དེ་མོད་ལ་སྤང་བར་བྱ་བའམ། འོན་ཏེ་རིམ་གྱིས་སྤང་། དེ་བཞིན་དུ་གང་ལུས་ལ་ཕན་ཞིང་འཕྲོད་པ་དག་ཀྱང་མོད་ལ་ཅིག་ཅར་བསྟན་པར་བྱ་བའམ་དེ་ལྟ་མ་ཡིན། དེ་གཉིས་ཀྱིས་རིམ་པ་སྤང་བ་དང་། བླང་བའི་ཚུལ་བསྟན་པ་སྨྲས་པ་ནི། མི་འཕྲོད་ཆ་ཡིས་གོམས་བྱའམ། །ཆ་ཡི་ཆ་ཡིས་ཡོངས་སུ་སྤངས། །ཕན་པའང་དེ་བཞིན་བསྟེན་བྱ་སྟེ། །འདི་དག་གཉིས་གསུམ་གྱིས་ཆོད་བྱ། །ཞེས་བྱ་བ་ལ། གང་མི་འཕྲོད་ཅིང་ ཕན་པ་མ་ཡིན་པ་བསྟེན་ཅིང་གོམས་པར་བྱ་བ་དེ་ཡང་། ཆ་ཡིས་གོམས་པར་བྱ་ཞེས་བྱ་བ་རང་གི་ཚད་ལས་དེའི་བཞི་ཆས་སྤང་བར་བྱའོ། །ཡང་ན་ཤིན་ཏུ་ཤས་ཆེར་ཟོས་པ་ནི། ཆའི་ཡང་ཆ་ཤས་སུ་བགོས་པ་སྟེ། བཅུ་དྲུག་ཆར་ཡང་སྤང་བར་བྱའོ། །འམ་ཞེས་ བྱ་བ་ནི་མི་འཕྲོད་པ་ཡིན་ཀྱང་། གནོད་པ་མེད་པ་དག་མོད་ལ་སྤངས་པས་ལུས་ལ་གནོད་པར་འགྱུར་བ་མཐོང་བས་བསྟན་བཅོས་རྩོམ་པས་འམ་གྱི་སྒྲ་སྨོས་པ་ཡིན་ནོ། །དེ་ལྟར་སྤངས་ནས་ཕན་ཞིང་འཕྲོད་པ་དག་ཀྱང་དེ་བཞིན་དུ་རིམ་པ་དེ་ཉིད་ཀྱིས་བསྟེན་པར་བྱ་སྟེ། འཕྲོག་པ་ དག་ཀྱང་བཞི་ཆའམ་བཞི་ཆའི་བཞི་ཆས་བསྟེན་པར་བྱའོ། །དེ་ལྟར་མི་འཕྲོད་པ་ཆ་ཡིས་སྤང་བ་སྟེ་རིམ་པ་ལ་ལྟོས་པ་མེད་པར་དོར་བར་བྱ་བའམ། འོན་ཏེ་ལྟོས་པ་དང་བཅས་པས་དོར་བར་བྱ་ཞེ་ན། འདི་དག་གཉིས་གསུམ་གྱིས་ཆོད་བྱ། །ཞེས་སྨྲས་པ་ཡིན་ཏེ། སྔར་བཤད་པ་འདི་དག་ ནི་ཞག་གཉིས་སམ་གསུམ་གྱིས་མི་འཕྲོད་པའི་ཉེ་བར་མཚོན་པ་ཐམས་ཅད་མེད་པར་འགྱུར་བས། བར་དུ་ཆོད་པར་བྱས་ལ་མི་འཕྲོད་པ་དེ་བཞི་ཆའམ། བཅུ་དྲུག་ཆས་སྤང་བར་བྱའོ། །དེ་བཞིན་དུ་ཕན་པ་དག་ཀྱང་ཞག་གཉིས་དང་གསུམ་གྱིས་ཕན་པ་མ་ལུས་པ་ཉེ་བར་འཕེལ་ བར་འགྱུར་བར། བར་གྱིས་ཆོད་པར་བྱས་ལ་བཞི་ཆའམ། བཅུ་དྲུག་ཆས་ངེས་པར་བསྟེན་ཅིང་གོམས་པར་བྱའོ། །འདིར་དོན་ནི་འདི་ཡིན་ཏེ། མི་འཕྲོད་པ་གོམས་པར་འགྱུར་བའི་ཆ་གཅིག་སྤངས་ལ། མི་འཕྲོད་པ་སུམ་ཆའི་ནང་དུ་འཕྲོད་པ་གཅིག་བཅུག་ལ་བཟའོ། །དེ་ ནས་ཉི་མ་གཉིས་པ་ལ། མི་འཕྲོད་པའི་གོམས་པའི་ཆ་བཟའ་བར་བྱའོ། །དེ་ལྟར་ན་མི་འཕྲོད་པའི་ཆ་གཅིག་གིས་ཆོད་པ་ཡིན་ནོ། །ཉི་མ་གཉིས་པ་དང་གསུམ་པ་དང་བཞི་པ་ལ་ཡང་མི་འཕྲོད་པའི་ཆ་གསུམ་དང་འཕྲོད་པའི་ཆ་གཅིག་བསྲེས་ཏེ་བཟའ་བར་བྱའོ། །ཉི་མ་ལྔ་བ་ལ་ནི་ཡང་ ཐམས་ཅད་མི་འཕྲོད་པ་བཟའོ། །དེ་ལྟར་ན་མི་འཕྲོད་པ་གཉིས་ཀྱིས་ཆོད་པ་ཡིན་ནོ། །ཞག་དྲུག་པ་དང་། བདུན་པ་ལ་མི་འཕྲོད་པའི་ཆ་གསུམ་དང་། འཕྲོད་པའི་ཆ་གཅིག་བཟའ་བར་བྱའོ། །ཞག་དགུ་པ་ལ་ནི་ཐམས་ཅད་མི་འཕྲོད་པའོ། །དེ་ལྟར་ན་མི་འཕྲོད་པ་ཆ་གསུམ་ གྱིས་ཆོད་པ་ཡིན་ནོ། །དེ་བཞིན་དུ་མི་འཕྲོད་པའི་ཆ་གཅིག་འབྲི་ཞིང་དེ་ཉིད་ཕན་པའི་ཆ་བཅུག་པ་ལྟར་ཡང་ཉི་མ་བཅུས་མི་འཕྲོད་པའི་ཆ་གཉིས་བཅུག་པར་བྱའོ། །ཡང་དེ་བཞིན་དུ་ཞག་བཅུས་སྔ་མ་བཞིན་དུ་མི་འཕྲོད་པའི་ཆ་གསུམ་གྱིས་ཆོད་པ་ཡིན་ནོ། །དེ་བཞིན་དུ་མི་འཕྲོད་ པའི་ཆ་བཞི་པ་ཡང་ཞག་བཅུས་སྤངས་ལ། འཕྲོད་པའི་ཆ་གསུམ་གཞུག་པར་བྱའོ། །དེ་ལྟར་ན་ཞག་བཅུས་སྤང་བ་དང་། བླང་བ་གོམས་པར་བྱས་པ་ཡིན་ནོ། །གཞན་དག་ནི་འདི་ལས་གཞན་དུ་འཆད་དེ། ཉི་མ་དང་པོ་ལ་མི་འཕྲོད་པ་ལས་ཆ་གཅིག་སྤངས་ལ། འཕྲོད་པ་ ལས་ཆ་གཅིག་བཅུག་ལ་དེ་ནས་ཞག་གཅིག་བསྡད་པར་བྱའོ། །དེ་ནས་ཉི་མ་གཉིས་པ་ལ་མི་འཕྲོད་པ་ཐམས་ཅད་བཟའ་བར་བྱ་སྟེ། དེ་ལྟར་ན་གཅིག་གཉིས་ཆོད་པར་གྱུར་པའོ། །དེ་ནས་ཉི་མ་གསུམ་པ་ལ་མི་འཕྲོད་པའི་ཆ་གཉིས་བསྟེན་པར་བྱའོ། །དེ་ནས་ཉི་མ་བཞི་པ་ལ་ ཐམས་ཅད་མི་འཕྲོད་པ་བཟའ་བ་དང་། དེ་བཞིན་དུ་ཞག་ལྔ་པ་ལ་ཡང་ཐམས་ཅད་མི་འཕྲོད་པ་བཟའ་བར་བྱའོ། །དེ་ལྟར་ན་ཉི་མ་གཉིས་ཀྱིས་ཆོད་པ་ཡིན་ནོ། །ཞག་དྲུག་པ་ལ་མི་འཕྲོད་པ་ལས་ཆ་གཅིག་འཕྲོད་པ་ལས་ཆ་གསུམ་བཟའ་བར་བྱའོ། །དེ་ནས་བདུན་པ་དང་བརྒྱད་པ་ དང་། དགུ་པའི་ཉིན་ཞག་ལ་ཐམས་ཅད་མི་འཕྲོད་པ་བཟའ་བར་བྱ་སྟེ། དེ་ལྟར་གསུམ་གྱིས་ཆོད་པའོ། །དེ་ནས་ཞག་བདུན་པ་ལ་མི་འཕྲོད་པའོ། །དེ་ནས་ཞག་བཅུ་གཅིག་པ་ལ་འཕྲོད་པ་ལས་ཆ་གསུམ་མི་འཕྲོད་པ་ལས་ཆ་གཅིག་བཟའ་བར་བྱའོ། །དེའི་འོག་ཏུ་ཉི་མ་བཅུ་གཉིས་པ་ལ་ ཐམས་ཅད་འཕྲོད་པར་བཟའ་བར་བྱའོ། །དེ་ལྟར་ཞག་གིས་ཆོད་པར་བྱས་ནས། ཞག་བཅུ་གསུམ་པ་ལ་འཕྲོད་པའི་ཆ་གཉིས་དང་མི་འཕྲོད་པའི་ཆ་གཉིས་བཟའ་བར་བྱའོ། །དེ་ནས་ཞག་བཅུ་བཞི་པ་དང་། བཅོ་ལྔ་བ་ལ་འཕྲོད་པ་འབའ་ཞིག་བཟའ་བར་བྱའོ། །དེ་ལྟར་ན་ཉིན་ཞག་གཉིས་ གཉིས་ཀྱིས་ཆོད་པར་གྱུར་བ་ཡིན་ནོ། །དེ་ནས་ཉི་མ་བཅུ་དྲུག་པ་ལས་འཕྲོད་པ་ལས་གསུམ་དང་། མི་འཕྲོད་པ་ལས་ཆ་གཅིག་བཟའ་བར་བྱའོ། །དེ་ནས་ཞག་བཅུ་བདུན་པ་དང་། བཅོ་བརྒྱད་པ་དང་། བཅུ་དགུ་བའི་གྲངས་ཀྱིས་བཅད་པའི་ཉིན་ཞག་ལ་ཐམས་ཅད་ཀྱང་ འཕྲོད་ཅིང་ཕན་པར་འགྱུར་བ་བཟའ་བར་བྱའོ། །དེ་ལྟར་ཉིན་ཞག་གསུམ་གྱིས་ཆོད་པ་ཡིན་ནོ། །དེའི་འོག་ཏུ་ཞག་ཉི་ཤུ་པ་ནས་བརྩམས་ཏེ། ཆ་བཞི་པོ་ཐམས་ཅད་ཀྱང་ཕན་ཞིང་འཕྲོད་པ་ལས་བཟའ་བར་བྱའོ་ཞེས་ཟེར་རོ། །ལ་ལ་འདི་སྐད་འཆད་དེ། ཁ་ཟས་གནོད་པ་གོམས་པའི་ཆ་གཅིག་བོར་ལ། གནོད་པའི་ཁ་ཟས་ཆ་གསུམ་གྱི་ནང་དུ་ཕན་པའི་ཆ་གཅིག་བཅུག་ལ། ཇི་སྲིད་གོམས་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྟེན་པར་བྱའོ། །དེ་ལྟར་ན་གནོད་པ་ནི་གཅིག་གིས་ཆོད་པ་ཡིན་ལ། ཕན་པའི་ཟས་ནི་གསུམ་གྱིས་ཆོད་ པ་ཡིན་ཞིང་། གང་གི་ཕྱིར་གནོད་པའི་ཆ་ལས་ནི་ཆ་གཅིག་བོར་བ་ཡིན་ལ། ཕན་པ་ལས་ཀྱང་ཆ་གསུམ་བོར་ནས། ཆ་གཅིག་བཅུག་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཆ་གཉིས་ཀྱིས་ཆོད་པ་ནི་གནོད་པ་དང་། ཕན་པ་གཉིས་ལས་ཆ་གཉིས་དོར་ཏེ་ཆ་གཉིས་གཉིས་བསྲེས་ལ། ཇི་སྲིད་གོམས་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྟེན་པར་བྱའོ། །དེའི་འོག་ཏུ་ཆ་གསུམ་གྱིས་ཆོད་པ་སྟེ། གནོད་པའི་ཆ་གསུམ་དོར་ལ། ཆ་གཅིག་པ་སྟེ་ཕན་པའི་ཆ་གསུམ་གྱི་ནང་དུ་བསྲེས་ཏེ། ཇི་སྲིད་གོམས་པར་གྱུར་པ་དེ་སྲིད་ཀྱི་བར་དུ་གོམས་པར་བྱའོ། །དེའི་འོག་ཏུ་ཕན་ པའི་ཟས་དང་སྨན་ཆ་བཞིར་རྫོགས་པ་བསྟེན་པར་བྱའོ་ཞེས་ཟེར་རོ། །དེ་བས་ན་དྲང་སྲོང་ཙ་ར་ཀས་ཀྱང་། དེ་ཕྱིར་གནོད་པའང་གོམས་བྱས་པ། །རིམ་གྱིས་ཡོངས་སུ་སྤང་བར་བྱ། །བསྟེན་པས་ཕན་པར་གྱུར་པ་ཡང་། །རིམ་གྱིས་རྣམ་པར་འཕེལ་བར་བྱ། །གནོད་པའི་ ཆ་གཅིག་དོར་བྱ་བ། །ཕན་པའང་ཆ་གཅིག་དོར་བྱ་བ། །ཉིན་ཞག་བཅོ་ལྔ་ཉི་ཤུས་བྱས། །དེ་ཕན་ཆད་ནི་ཆ་རེས་བྱ། །ཞེས་བཤད་པ་ཡིན་ནོ། །གཞུང་རྩོམ་པར་བྱེད་པས་ཡན་ལག་བརྒྱད་པ་ལ་འཇུག་པ་ལས་ཀྱང་། གནོད་པའི་ཟས་ནི་གོམས་གྱུར་པའམ། །སྤྱོད་ པའི་ཆ་ཡིས་དོར་བར་བྱ། །ཕན་པའང་ཆ་ཡིས་བསྟེན་བྱ་སྟེ། །ཞག་གཅིག་གཉིས་གསུམ་གྱིས་ཆོད་བྱ། །ཞེས་བཤད་པ་ཡིན་ནོ། །སྐྱོན་ནི་རིམ་གྱིས་འགྲིབ་པ་དང་། །ཡོན་ཏན་རིམ་གྱིས་འཕེལ་འགྱུར་ན། །སླར་སྐྱེ་བར་ནི་མི་འགྱུར་ཞིང་། །གཡོ་བ་མེད་པ་དག་ཏུ་ འགྱུར། །ཞེས་བྱ་བའམ། དེས་ནི་མི་འཕྲོད་ཅིང་གནོད་པ་སྐྱེད་པར་བྱེད་པ་ཡང་གོང་དུ་བཤད་མ་ཐག་པའི་རིམ་གྱིས་འགྲིབ་ཅིང་ཟད་པར་འགྱུར་ལ། ཡོན་ཏན་ཏེ་བདེ་བསྐྱེད་བར་གྱུར་པ་ཡང་རིམ་གྱིས་འཕེལ་བར་གྱུར་པ་ཉིད་ནི་གྲངས་ཇི་ལྟ་བ་བཞིན་དུ་ཉེས་པ་རྣམས་སླར་ཞིང་ ཕྱིས་འབྱུང་བར་མི་འགྱུར་ཞིང་། ཡོན་ཏན་གཡོ་བ་མེད་པར་འགྱུར་རོ། །མི་འཕྲོད་པ་ཡང་སྤངས་གྱུར་དང་། །འཕྲོད་པ་གོམས་པར་གྱུར་པ་ཉིད། །འཕྲལ་དུ་སྤངས་དང་མ་བསྟེན་པས། །ཉེས་པ་རྣམས་ནི་འབྱུང་བར་འགྱུར། །ཞེས་བྱ་བ་ལ། དེ་ལྟར་གོང་དུ་བཤད་ པའི་རིམ་གྱིས་མི་འཕྲོད་པ་གོམས་པར་གྱུར་པ་སྤངས་པར་གྱུར་ཅིང་། འཕྲོད་པ་ཟ་བ་གོམས་པ་བསྟེན་པར་འགྱུར་བ་ཉིད་ནི་ཉེས་པར་མི་འགྱུར་གྱི་གཞན་དུ་ན་འཕྲལ་དུ་སྟེ། དེ་མ་ཐག་པ་འོང་བར་གྱུར་པས་ནི་འདི་གཉིས་ལས་ཉེས་པ་འབྱུང་བར་འགྱུར་རོ། །མི་འཕྲོད་པ་ཡང་སྤངས་ གྱུར་དང་། །ཞེས་བྱ་བ་འདིར་འཕྲལ་དུ་ཞེས་བྱ་བ་སྦྱར་བར་བྱ་སྟེ། མི་འཕྲོད་པར་གྱུར་པ་ཡང་། འཕྲལ་དུ་སྤངས་པར་གྱུར་པ་དང་། དེ་བཞིན་དུ་འཕྲོད་པ་འཕྲལ་དུ་གོམས་པར་གྱུར་པ་ཉིད་ལས་ནི་སྔར་བཤད་པའི་ཚུལ་ལས་གོ་བཟློག་པ་ཡིན་པས། དེ་ལྟ་བུའི་སྤངས་པ་དང་བསྟེན་ པ་ལས་ནི་ཉེས་པ་སྟེ་ནད་རྣམས་འབྱུང་བར་འགྱུར་རོ། །གནོད་པ་གནོད་བྱའི་བདག་ཉིད་ཅན། །ཤིན་ཏུ་ཉེས་པར་གྱུར་པ་ལ། །ཕན་མེད་གནོད་པར་བྱེད་པ་ནི། །མཁས་པས་ཕྱིར་ཞིང་བྱ་མི་རིགས། །ཞེས་བྱ་བ་སྟེ། གནོད་པ་པོ་སྟེ་རླུང་དང་། མཁྲིས་པ་དང་། བད་ཀན་དང་། གནོད་བྱ་སྟེ། ལུས་ཟུངས་ལ་གནོད་པའི་བདག་ཉིད་ཅན་རང་བཞིན་ཅན་དེ་ཤིན་ཏུ་ཉེ་བར་གྱུར་ཅིང་། ལུས་ལ་གནོད་པར་གྱུར་པ་ལ། ཕན་མེད་ཅེས་བྱ་བ་རྗེས་སུ་མི་མཐུན་པར་གྱུར་པའི་བྱེད་པར། བྱེད་པ་ཉིད་གནོད་ཅིང་གདུག་བར་བྱེད་པ་ནི་མཁས་ཤིང་བདག་ ཉིད་ཤེས་པས་ཕྱིར་ཞིང་ཡང་ནས་ཡང་དུ་བྱ་བ་མི་རིགས་སོ། །དེ་ལྟར་ན་མཁས་པས་ཉེས་པ་སྟེ། ནད་རྣམས་སྤངས་ཤིང་བསལ་ནས་ནི། ནད་སླར་སྐྱེ་བར་མི་འགྱུར་ལ་ཡོན་ཏན་རིམ་གྱིས་འཕེལ་ཞིང་བསགས་པའི་འཕྲོད་པ་བསྟེན་པས་ནི་གཡོ་བ་མེད་དེ། རྟག་ཏུ་ནད་ མེད་པར་བྱེད་པར་འགྱུར་རོ། །ཟས་དང་མལ་སྟན་འདོད་པ་སྤྱོད། །རན་ཞིང་རིགས་པར་སྦྱར་བ་ཡིས། །ཁང་ཁྱིམ་འཆོས་པ་ལྟ་བུར་ནི། །རྟག་ཏུ་ལུས་ནི་གཟུང་བར་བྱ། །ཞེས་བྱ་བ་ལ། ཟས་དང་མལ་སྟན་དང་། འདོད་པ་སྤྱོད་པ་རན་ཞིང་རིགས་ པར་འགལ་བ་མེད་པར་སྦྱར་བར་བྱ་བ་སྟེ། རིགས་པ་ནི་བསྟན་བཅོས་ལས་བཤད་བའི་ཆོ་ག་སྟེ། ཆོ་ག་དེ་སྦྱར་བའི་ངེས་པས་དུས་རྟག་ཏུ་ལུས་གཟུང་བར་བྱ་ཞིང་འདི་རྣམས་ཀྱིས་གནས་པར་བྱའོ། །དེ་ཡང་ཁང་ཁྱིམ་ལྟ་བུ་འཆོས་ཤིང་བརྟན་པར་བྱ་བའི་ཚུལ་ལྟ་བུར་བྱ་བ་ སྟེ། དཔེར་ན་ཁང་པ་ཀ་བ་བརྟན་པོས་བརྟེན་པ་ལྟར་ལུས་ཀྱི་ཁང་པ་འདི་ཡང་། སྔོན་གྱི་ལས་ཀྱི་རྩ་བ་ཅན་ཀ་བས་བརྟེན་པར་གྱུར་པ་ལ། ཉེ་བའི་ཀ་བ་ལྟ་བུའི་ཟས་དང་། མལ་སྟན་དང་། འདོད་པ་ལ་སྤྱོད་པ་རིགས་པ་དང་ལྡན་པས་བརྟེན་པར་བྱའོ། །དེ་ལས་ཟས་ནི་ བཤད་ཟིན་ཅིང་། །དེ་དང་དེར་ནི་བཤད་པར་བྱ། །ཞེས་བྱ་བ་ལ། དེ་ལ་ཉེ་བའི་ཀ་བ་ལྟ་བུའི་ནང་ནས་ཟས་ནི་བཤད་ཟིན་ཏེ། ཆུ་སྣ་ཚོགས་པ་ལ་སོགས་པའི་ཚུལ་ཤེས་པར་བྱ་ལ། ཟས་ཀྱི་ཚུལ་ཤེས་པར་བྱ་བ་དང་། དུས་སུ་སྤྱོད་པའི་ལེའུ་སྔར་བཤད་ཟིན་ལ་དེ་ བཞིན་དུ་འོག་ནས་ཀྱང་ཟས་ཀྱི་འོག་ཏུ་སྐོམ་བཏུང་བའི་ཚུལ་རིམས་ལ་སོགས་པ་ལ་ཇི་ལྟར་བྱ་བ་དང་། ཟས་ཀྱི་ཚོད་ཟིན་པར་བྱ་བ་ལ་སོགས་པའི་སྐབས་ནས་དེ་དང་དེར་བཤད་པར་བྱའོ། །མལ་སྟན་དང་འདོད་པ་ལ་སྤྱོད་པ་ནི་ལེའུ་འདི་ལས་བཤད་པར་བྱའོ། །བདེ་སྡུག་ སྦོམ་སྐེམ་སྟོབས་ཆེ་ཆུང་། །བུད་མེད་ལ་ཕོད་མི་ཕོད་དང་། །ཤེས་དང་མི་ཤེས་འཚོ་དང་འཆི། །གཉིད་ལ་རག་ནི་ལུས་པ་ཡིན། །ཞེས་བྱ་བ་ལ། བདེ་བ་དང་སྡུག་བསྔལ་བ་ལ་སོགས་པ་ནི་གཉིད་ལ་རག་ལུས་པ་ཡིན་ཏེ། གཉིད་ལེགས་པར་ལོག་པས་ནི་བདེ་བ་ དང་། སྦོམ་ཞིང་རྒྱས་པ་དང་། སྟོབས་དང་བུད་མེད་ལ་ཕོད་པ་དང་། ཤེས་པ་དང་། འཚོ་བ་འཕེལ་ཞིང་འབྱུང་བ་ཡིན་ལ། གཉིད་ཉེས་པར་བསྟེན་པས་ནི་སྡུག་བསྔལ་དང་། སྐེམ་པ་དང་། སྟོབས་ཆུང་བ་དང་། བུད་མེད་ལ་མི་ཕོད་པ་དང་། མི་ཤེས་པ་དང་། འཆི་བ་ཉིད་དུ་འགྱུར་བས་དེ་ལ་རག་ལས་པ་ཞེས་བྱའོ། །དེ་ལ་བདེ་བ་ནི་ནད་མེད་པའོ། །སྡུག་བསྔལ་བ་ནི་ལུས་ཟུངས་མི་སྙོམས་པའོ། །སྦོམ་པ་ནི་ལུས་ཟུངས་རྒྱས་པས་ཤ་ཆེ་བའོ། །སྐེམ་པ་ནི་ལུས་ཟུངས་ཟད་པའོ། །བུད་མེད་ལ་ཕོད་པ་ནི་རོ་ཙ་བའི་སྒོ་ནས་ དེ་དགའ་བར་ནུས་པའོ། །དེ་ལ་མི་ཕོད་པ་ནི་ཁུ་བ་ཟད་པའི་སྒོ་ནས་མ་ནིང་ལྟ་བུར་གྱུར་པའོ། །ཤེས་པ་ནི་རྟོགས་པ་དང་ལྡན་པའོ། །མི་ཤེས་པ་ནི་རྣམ་པར་རྨོངས་པ་ཉིད་དོ། །འཚོ་བ་ནི་སྲོག་དང་ལྡན་པའོ། །འཆི་བ་ནི་སྲོག་དང་བྲལ་བའོ། །དུས་མིན་ཧ་ཅང་ཐལ་ཆེས་ དང་། །གཉིད་ནི་ཀུན་ཏུ་འགེགས་པ་དག །བདེ་དང་ཚེ་ནི་ཉམས་བྱེད་དེ། །དུས་མཚན་གཉིས་པ་ལྟ་བུ་ཡིན། །ཞེས་བྱ་བ་ལ། གཉིད་ནི་དུས་མིན་ཞེས་བྱ་བ་ལ། བསྟན་བཅོས་ལས་བཀག་པའི་དུས་སུ་བསྟེན་པ་དང་། དེ་བཞིན་དུ་ཧ་ཅང་ཐལ་ཆེས་པར་བསྟེན་པ་དང་། ཀུན་ནས་ཀུན་ཏུ་བཀག་ཅིང་མ་འདྲེས་པས་ནི་བདེ་བ་དང་ཚེ་ཉམས་ཤིང་འཇིག་པར་བྱེད་པར་འགྱུར་རོ། །དེ་ལ་བདེ་བ་ནི་ནད་དང་བྲལ་བའི་མཚན་ཉིད་ཅན་ནོ། །ཚེ་ནི་འཚོ་བ་དང་ལྡན་པ་སྟེ། དེ་གཉིས་ཉམས་ཤིང་འཇིག་པར་བྱེད་པའོ། །དེ་ནི་དཔེར་ན་དུས་མཚན་ཞེས་བྱ་བས་འཆི་ བའི་དུས་ཀྱི་མཚན་མོ་ལ་བབ་པ་ནི་བདེ་བ་དང་ཚེ་ཉམས་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་འདི་ནི་དུས་མཚན་སྔོན་ཆད་མེད་པ་གཉིས་པ་ལྟ་བུ་ཡིན་ཏེ། བདེ་བ་དང་ཚེ་ཉམས་པར་བྱེད་པ་འདི་གཉིས་ཆོས་མཐུན་པ་ཡིན་པའི་ཕྱིར་རོ། །མཚན་མོ་གཉིད་ནི་མ་ལོག་རྩུབ། །ཉིན་ མོ་གཉིད་ལོག་སྣུམ་ལྕིར་འགྱུར། །ཙོག་ཕུར་འདུག་སྟེ་ཡུར་བ་དག །མིག་རྩུབ་བད་ཀན་མེད་པར་འགྱུར། །ཞེས་བྱ་བ་ལ། གང་མཚན་མོ་གཉིད་མ་ལོག་པ་དེ་ནི་རྩུབ་པ་ཡིན་ལ། གང་ཉིན་མོ་གཉིད་ལོག་པ་དེ་ནི་སྣུམ་ཞིང་ལྕི་བར་གྱུར་པ་ཡིན་ཏེ། གཉིད་ཀྱིས་ མ་ལོག་པའི་དབང་པོ་ཐམས་ཅད་ནི་བྱ་བ་ལ་ཕྱོགས་ཤིང་རྩོལ་བའི་མཚན་ཉིད་ཅན་ཡིན་པས། བྱ་བ་མ་རྫོགས་པའི་ཚུལ་གྱིས་ན་བད་ཀན་དང་། ཚིལ་ལ་སོགས་པ་ཞི་ཞིང་རང་བཞིན་དུ་གནས་པའི་ངོ་བོ་འགྲིབ་པས་རྩུབ་པའི་ཡོན་ཏན་འབྱུང་བར་མི་རིགས་སུ་ཟིན་ཀྱང་རྩུབ་པ་ ཡིན་པར་སྒྲོ་བཏགས་ནས་སྨྲས་པ་ཡིན་གྱི། ཡང་དག་པར་རྩུབ་པ་ནི་མ་ཡིན་ནོ། །དེ་ཡང་དཔེར་ན་ཡུར་བ་ལ་སོགས་པ་ནི་གཉིད་མ་ལོག་པའི་སྔོན་དུ། བད་ཀན་དང་ཚིལ་ལ་སོགས་པ་རང་གི་རྒྱུ་ལས་བྱུང་བ་ཡིན་དུ་ཟིན་ཀྱང་། སྐྱེས་བུ་གཉིད་ཀྱིས་མ་ལོག་ པ་ལ། དེའི་བད་ཀན་དང་ཚིལ་ལ་སོགས་པ་ཟད་པར་སྣང་གི་འཕེལ་བར་མི་འགྱུར་ཏེ། དེ་བས་ན་གཉིད་ཀྱིས་མ་ལོག་པ་ལ་རྩུབ་པ་ཞེས་བཤད་དོ། །གཉིད་ལོག་པ་ལ་ཡང་དབང་པོ་ཐམས་ཅད་ཀྱི་བྱ་བ་འགགས་པ་ནི་མཚན་ཉིད་ཅན། བྱ་བ་ཟིན་པ་ལྟ་བུ་འདི་ལ་སྣུམ་པའི་ཡོན་ ཏན་དང་འབྲེལ་པ་མེད་པ་མ་ཡིན་མོད་ཀྱི། འོན་ཀྱང་སྣུམ་པ་ལྟ་བུར་སྒྲོ་བཏགས་ནས་བཤད་པ་ཡིན་ཏེ། གང་གི་ཕྱིར་དེའི་ཚེ་རང་བཞིན་ཞི་བར་གྱུར་པས། བད་ཀན་དང་ཚིལ་ལ་སོགས་པ་རང་གི་རྒྱུ་ཉིད་ཀྱིས་བཤང་གཅི་ལ་སོགས་པ་མངོན་པར་འཕེལ་བར་བྱེད་དེ། དབང་པོ་ ཐམས་ཅད་ཀྱི་བྱ་བ་ལས་ལྡོག་པ་ཡིན་པའི་ཕྱིར་གཉིད་མ་ལོག་པ་ལྟར་ཟད་པར་བྱེད་པ་ནི་མ་ཡིན་གྱི། གཉིད་ལོག་པའི་སྔར་ནི་བད་ཀན་དང་ཚིལ་ལ་སོགས་པའི་ཐ་མལ་པར་ཞི་བར་གནས་པའི་ངོ་བོ་རང་གི་ལུས་ལ་གནས་པར་གཏོགས་པ་ཅུང་ཟད་གཉིད་ཀྱིས་ལོག་པ་ལྟ་བུར་མི་སྣང་ སྟེ། དེ་བས་ན་གཉིད་ཀྱིས་ལོག་པ་ལ་སྣུམ་པར་བཤད་པ་ཡིན་གྱི། ཡང་དག་པར་ནི་མ་ཡིན་ཏེ། འདིའི་བྱ་བའི་མཚན་ཉིད་ནི་འདི་ཙམ་དུ་ཟད་པའི་ཕྱིར་རོ། །ཙོག་པུར་འདུག་སྟེ་གང་ཡུར་ཞིང་ཅུང་ཟད་གཉིད་ལོག་པ་དེ་ནི་རྩུབ་པ་དང་། བད་ཀན་མེད་པར་འགྱུར་བ་ཡིན་ཏེ། ཤིན་ཏུ་གཉིད་མེད་པ་མ་ཡིན་པའི་ཕྱིར། རླུང་སྐྱེད་ཅིང་འཁྲུགས་པ་ཡང་མ་ཡིན་ནོ། །བད་ཀན་ཡང་སྐྱེད་པ་མ་ཡིན་ནོ། །སོ་ག་རླུང་འཕེལ་སྟོབས་འཕྲོག་དུས། །རྩུབ་ཅིང་མཚན་མོ་ཐུང་བས་ན། །ཉིན་པར་གཉིད་ཕན། ཞེས་བྱ་བ་ལ། སོ་གའི་དུས་སུ་ཉིན་པར་ གཉིད་ལོག་པ་ཕན་ནོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། རྒྱུ་གསུམ་སྨྲས་པ་ཡིན་ཏེ། རླུང་འཕེལ་བའི་དུས་ཡིན་ཏེ། སོ་ག་བསགས་བའི་རླུང་དབྱར་གྱི་དུས་ན་ལྡང་བར་འདོད་པའི་ཕྱིར་དང་། སྟོབས་འཕྲོག་པའི་དུས་བྱུང་བའི་རྩུབ་པ་ཡིན་པས་སོ་ག་རྩུབ་པའི་ཕྱིར་ དང་། དེ་བཞིན་དུ་དེའི་ཚེ་མཚན་མོ་ཐུང་བར་གྱུར་བས་ན། ཉིན་པར་གཉིད་ལོག་པ་ཕན་པ་ཡིན་ནོ། །གཞན་དག་ཏུ། དེ་ནི་བད་ཀན་མཁྲིས་པ་སྐྱེད། །ཅེས་བྱ་བ་ལ། སོ་ག་ལས་གཞན་པར་དབྱར་ལ་སོགས་པའི་དུས་སུ་ནི་ཉིན་མོའི་གཉིད་དེ་ནི་བད་ཀན་དང་མཁྲིས་པ་གཉིས་ སྐྱེད་པ་ཡིན་ནོ། །སྨྲ་མང་བཞོན་དང་ལམ་གྱིས་དུ་བ། །ར་རོ་བུད་མེད་བསྟེན་ཁུར་ལས། །ཁྲོས་དང་མྱ་ངན་འཇིགས་པས་དུབ། །སྐྱིགས་བུ་དབུགས་མི་བདེ་ཚད་འཁྲུ། །རྒན་དང་བྱིས་པ་ཉམས་སྟོབས་ཟད། །གློ་རྡོལ་སྐེམ་དང་གཟེར་གྱིས་གནོད། །ཟས་མ་ཞུ་དང་བཅོམ་ དང་སྨྱོ། །ཉིན་པར་གཉིད་ལོག་རིགས་མ་གཏོགས། །ཞེས་བྱ་བ་ལ། སྨྲ་མང་ནས་འཇིགས་པའི་བར་དུ་དུབ་བའི་སྒྲ་སོ་སོར་ཞིང་སྦྱར་བར་བྱ་སྟེ། དེ་དག་གིས་དུབ་པ་དང་སྐྱིགས་བུ་ལ་སོགས་པས་དུབ་པར་སྦྱར་རོ། །དེ་ལ་སྨྲ་བ་མང་བ་ནི་ཀློག་པ་ལ་སོགས་པའོ། །བཞོན་པ་ནི་ རྟ་ལ་སོགས་པས་བསྐྱོད་པའོ། །ལམ་གྱིས་དུབ་པ་ནི་ལམ་དུ་ཞུགས་པའོ། །ར་རོ་བ་ནི་ར་རོ་བས་ཉེན་པས་དུབ་པའོ། །བུད་མེད་ཀྱིས་དུབ་པ་ནི་འཁྲིག་པས་དུབ་པའོ། །ཁུར་གྱིས་དུབ་པ་ནི་ཁུར་བས་ལུས་ཉོན་མོངས་པས་དུབ་པའོ། །ལས་ནི་ལུས་དུབ་པར་བྱེད་པའི་རྩོལ་བ་ རྣམས་སོ། །དེ་ལྟར་ན་སྨྲ་བ་མང་བ་ལ་སོགས་པས་དུབ་པ་དང་། གཞན་ཡང་སྐྱིགས་བུ་ལ་སོགས་པས་བཏབ་པ་མ་གཏོགས་པར་གཞན་དག་ཉིན་པར་གཉིད་ལོག་པ་ནི། བད་ཀན་དང་མཁྲིས་པ་སྐྱེད་པར་བྱེད་པ་ཡིན་ལ། ཚུལ་འདི་དག་དང་ལྡན་པ་དག་གིས་ནི། དུས་ཐམས་ ཅད་དུ་ཉིན་པར་གཉིད་ལོག་པར་མི་བྱའོ། །ཟས་མ་ཞུ་བ་ནི་རྣམ་པ་ལྔ་སྟེ། རིང་དུ་ཐོགས་པ་དང་། ཁོང་ཚ་བ་དང་། བཤང་བ་འགགས་པ་དང་། ཤིན་ཏུ་ཐོགས་པ་དང་། བཅུད་ཀྱི་ལྷག་མ་ལུས་པའོ། །བཅོམ་པ་ནི་རལ་གྲིལ་སོགས་པའི་མཚོན་གྱིས་ལུས་བཅོམ་ཞིང་ བཏགས་པའོ། །སྨྱོ་བ་ནི་གདོན་དང་བརྗེད་བྱེད་ལ་སོགས་པས་ཁམས་མི་མཉམ་པར་བྱས་ནས་དྲན་པ་མེད་པའོ། །ཉིན་པར་གཉིད་ལོག་པར་རིགས་པ་ནི། སྔར་གོམས་ཤིང་འོབས་པའི་རང་བཞིན་ཡོད་པ་སྟེ། དེ་དག་ཐམས་ཅད་མ་གཏོགས་པར་གཞན་གྱིས་དུས་ཐམས་ ཅད་དུ་སྤང་བར་བྱའོ། །འདི་དག་དེ་བཞིན་ལུས་ཟུངས་སྙོམས། །བད་ཀན་སྐྱེས་ཤིང་ལུས་བརྟས་འགྱུར། །ཞེས་བྱ་བ་ལ། སྨྲ་བ་མང་བ་ལ་སོགས་པས་དུབ་པ་དེ་དག་གིས་སྔར་བཤད་པའི་ཚུལ་དེ་བཞིན་དུ་བསྟེན་པར་གྱུར་ན། དེ་ལུས་ཟུངས་ཞེས་བྱ་བ་ དངས་མ་ལ་སོགས་པ་དང་། བད་ཀན་ལ་སོགས་པ་ལུས་འཛིན་པར་བྱེད་པ་སྙོམས་པ་སྟེ། ལྷག་པ་དང་འབྲི་བ་མེད་པར་ཆ་སྙོམས་པར་འགྱུར་བ་དང་། དེ་བཞིན་དུ་བད་ཀན་དང་། ལག་ངར་དང་། བརླ་ལ་སོགས་པའི་ལུས་ཀྱི་ཡན་ལག་རྣམས་སྐྱེས་ཤིང་བརྟས་པར་འགྱུར་ བའོ། །ཚིལ་ཆེ་བད་ཀན་མང་དང་སྣུམ། །རྟག་ཟ་ཉིན་པར་གཉིད་མ་ལོག །ཅེས་བྱ་བ་ལ། མི་གང་ཚིལ་ཆེ་ཞིང་བད་ཀན་མང་བ་དང་། དེ་བཞིན་དུ་སྣུམ་བག་རྟག་ཏུ་ཟ་བ་དག་ནི། ཉིན་པར་གཉིད་མ་ལོག་ཅེས་བྱ་བ་སྟེ། དུས་ཐམས་ཅད་དུ་ཡང་ཉིན་པར་གཉིད་ལོག་པར་མི་ བྱའོ། །དུག་གིས་ཕོག་དང་ལྐོག་ནད་ཅན། །མཚན་མོ་ནམ་ཡང་གཉིད་མ་ལོག །ཅེས་བྱ་བ་ལ། དུག་གིས་ཕོག་ཅིང་ཉེན་པའི་ནད་པ་དང་། ལྐོག་མའི་ནད་ཡོད་པའི་ལྐོག་ནད་ཅན་དེ་གཉི་གས་ཀྱང་མཚན་མོའི་དུས་སུ་ནམ་ཡང་གཉིད་ལོག་པར་མི་བྱའོ། །དུས་མིན་གཉིད་ ལོག་རྨོངས་བག་དང་། །རིམས་སྐྱེད་རྨུགས་ཤིང་ཆམ་པས་འདེབས། །མགོ་ན་སྐྲང་ཞིང་སློན་སྒྱིད་སྐྱུར། །རྩ་ཡི་རྒྱུན་འགགས་མེ་དྲོད་ཉམས། །ཞེས་བྱ་བ་ལ། དུས་མ་ཡིན་པར་གཉིད་ཀྱིས་ལོག་པ་ནི་སྔར་བཀག་པའི་དུས་སྨོས་པ་དག་ཏུ་ཉིན་མོ་གཉིད་ལོག་པ་ལས་ ནི་རྨོངས་བག་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་ལ་རྨོངས་བག་ནི་གང་བྱས་པ་རྣམས་མི་དྲན་པའོ། །རྨུགས་པ་ནི་སེམས་མི་གསལ་བའོ། །སྒྱིད་སྐྱུར་བ་ནི་མེར་མེར་པོར་བྱེད་པའོ། །རྩའི་རྒྱུན་འགགས་པ་ནི་རྩ་སྦུབས་འགགས་ཤིང་ལེགས་པར་མི་རྒྱུ་བའོ། །དེ་ལ་སྨྱུང་ དང་སློན་སྨན་དང་། །རྔུལ་དབྱུང་སྣ་སྨན་གཏང་བ་དང་། །ཞེས་བྱ་བ་ལ། དུས་མ་ཡིན་པར་གཉིད་ལོག་པ་ནས་བྱུང་བའི་རྨོངས་བག་ལ་སོགས་པ་ལ་སྨྱུང་བ་ནས་སྨན་སྣ་ནས་གཏོང་ཞིང་སྦྱིན་པར་བྱའོ། །གཉིད་ཆེས་གྱུར་ལ་སྐྱུག་སྨན་རྣོ། །མིག་སྨན་རྣོ་དང་སྣ་སྨན་དང་། ། སྨྱུང་བ་སེམས་ལས་བུད་མེད་བསྟེན། །མྱ་ངན་འཇིགས་དང་ཁྲོས་པ་སྦྱར། །ཞེས་བྱ་བ་ལ། ཤིན་ཏུ་གཉིད་ཆེས་པ་ལས་གྱུར་པའི་ནད་ལ་སྐྱུག་སྨན་རྣོན་པོ་བཏང་བ་ལ་སོགས་པ་ནས་ཁྲོས་པའི་བར་སྦྱར་བར་བྱའོ། །དེ་ལ་སྐྱུག་སྨན་ནི་སློན་སྨན་གཏང་བའོ། །དེ་ཡང་ སྨན་རྣོན་པོ་སྦྱར་ཏེ་བྱ་བ་ཡིན་པས་རྣོན་པོ་ཞེས་བྱའོ། །དེ་བཞིན་དུ་མིག་སྨན་ཡང་རོ་ཚ་བ་དང་། ལན་ཚྭ་དང་། སྐྱུར་བའི་སྨན་ལས་སྦྱར་བའི་རྣོ་བ་ཉིད་དོ། །སྣ་ནས་གཏང་བའི་སྨན་ནི་སྣ་སྨན་ནོ། །སྨྱུང་བ་ནི་ཟས་བཅད་པའོ། །སེམས་ལས་ནི་དངོས་པོ་རྣམས་ཡིད་ལ་དྲན་ པའོ། །བུད་མེད་བསྟེན་པ་ནི་འཁྲིག་པའོ། །མྱ་ངན་ནི་སྡུག་བསྔལ་བར་གནས་པའོ། །འཇིགས་པ་ནི་སྐྲག་པའོ། །ཁྲོས་པ་ནི་འཁྲུགས་པའོ། །འདི་དག་ཉིད་ཀྱིས་གཉིད་དྲགས་པ། །འཇིག་ཅིང་བད་ཀན་རབ་ཟད་བྱེད། །ཅེས་བྱ་བ་ལ། འདི་དག་ཉིད་ཀྱིས་ཞེས་ བྱ་བ། བཤད་མ་ཐག་པའི་སྐྱུག་སྨན་རྣོན་པོ་བཏང་བ་ལ་སོགས་པས་གཉིད་ཀྱིས་དྲགས་པ་ཡང་ཞིང་འཇིག་ལ། དེ་བཞིན་དུ་བད་ཀན་རབ་ཏུ་ཟད་པར་བྱེད་པས་ཀྱང་གཉིད་མེད་པར་འགྱུར་རོ། །གཉིད་ཡར་བ་ཡིས་ཡན་ལག་སྙོམ། །གླད་པ་ལྕི་ཞིང་གླལ་འོང་ལ། ། མི་གསལ་ན་ཞིང་མགོ་འཁོར་ལ། །ཟས་མི་འཇུ་རྨྱ་རླུང་སྐྱེས་ནད། །ཅེས་བྱ་བ་ལ། གཉིད་ཡར་བ་ཞེས་བྱ་བ་གཉིད་མེད་པར་གྱུར་པ་ལས། ཡན་ལག་སྙོམ་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་ལ་ཡན་ལག་སྙོམ་པ་ནི་ཡན་ལག་བརྡུངས་པ་སྙམ་སེམས་ པའོ། །གླད་པ་ལྕི་བ་ནི་མགོ་ལྕི་བའོ། །རླུང་སྐྱེས་ནད་ནི་འདི་དག་དང་། རྗེས་སུ་མཐུན་པའི་ནད་མང་པོ་འབྱུང་བའོ། །གཞན་ནི་གོ་བར་ཟད་དོ། །དེ་བས་མཚན་མོ་དུས་བཞིན་དུ། །ཅི་བདེར་གཉིད་ནི་ལོག་པར་བྱ། །ཞེས་བྱ་བ་ལ། རྒྱུ་དེ་བས་ན་མཚན་མོའི་དུས་སུ་ དུས་བཞིན་དུ་ཞེས་བྱའོ། །གཉིད་ལོག་པའི་དུས་ཅི་ཙམ་ཡིན་པ་དེ་ཙམ་དུ་ཅི་བདེར་ཞེས་བྱ་བ། བདེ་བར་གྱུར་པ་ཉིད་དུ་གཉིད་ལོག་པར་བྱ་ཞིང་གོམས་པས་བསྟེན་པར་བྱའོ། །མ་གོམས་གཉིད་ཀྱིས་མ་ལོག་ན། །ནང་པར་མ་ཟོས་ཕྱེད་གཉིད་ལོག །ཅེས་བྱ་བ་ལ། མ་གོམས་ཤིང་གཉིད་ཀྱིས་མ་ལོག་པར་འོས་པ་མ་ཡིན་པ་དག་གཉིད་མ་ལོག་ན། ནང་པར་ཉིན་མོའི་དུས་སུ་ཟན་མ་ཟོས་བར་དེའི་ཕྱེད་གཉིད་ཀྱིས་ལོག་པར་བྱའོ། །དེས་ནི་འདི་སྐད་སྟོན་པ་ཡིན་ཏེ། ཅི་སྲིད་གཉིད་ལོག་པར་རིགས་པའི་དུས་དེ་སྲིད་དུ་གཉིད་ མ་ལོག་ན། མཚན་མོ་ཅི་ཙམ་གཉིད་མ་ལོག་པ་དེ་ཙམ་གཉིད་ལོག་པ་ནི་མ་ཡིན་མོད་ཀྱི། དེའི་ཕྱེད་ཙམ་གཉིད་ལོག་པར་བྱ་སྟེ། གང་མཚན་མོ་ཐུན་གཉིས་གཉིད་མ་ལོག་ན། དེ་ཉིན་མོ་ནང་པར་གྱི་དུས་སུ་ཐུན་གཅིག་གཉིད་ལོག་པར་བྱའོ། །གཉིད་ཡར་གྱུར་ན་འོ་མ་དང་། ། ཆང་དང་ཤ་ཁུ་ཞོ་རྣམས་བཏུང་། །ལུས་བསྐུ་དྲིལ་དང་ཁྲུས་བྱ་ཞིང་། །མགོ་བསྐུ་རྣ་བ་མིག་དག་བྱ། །ཞེས་བྱ་བ་ལ། གཉིད་ཡར་བའམ། ཤིན་ཏུ་སྲ་བར་གྱུར་ན། འོ་མ་བཏུང་བ་ལ་སོགས་པ་ནས། རྣ་བ་དང་མིག་དག་པའི་བར་དུ་ཅི་རིགས་པར་བྱའོ། །མགོ་བསྐུ་ བ་དང་། རྣ་བ་དང་། མིག་དག་པ་ནི་སྣུམ་གྱིས་བྱའོ། །ན་ཆུང་ལག་དར་གྱིས་འཁྱུད་དང་། །སེམས་བདེ་བྱ་བ་ཟིན་པ་དང་། །ཡིད་དང་རྗེས་མཐུན་ཡུལ་ལྡན་པ། །ཇི་འདོད་གཉིད་འོང་བདེ་བར་སྐྱེད། །ཅེས་བྱ་བ་ལ། བུད་མེད་ན་ཆུང་གཞོན་ནུས་འཁྱུད་པ་ལ་སོགས་ པ་དང་། དེ་བཞིན་དུ་སེམས་བདེ་བ་སྟེ། ཡིད་དགའ་བ་དང་ལྡན་པ་དང་། བྱ་བ་ཟིན་ཏེ། གང་བྱ་བའི་དངོས་པོ་དེ་བྱས་ཟིན་པར་གྱུར་བ་དང་། དེ་བཞིན་དུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ཡིད་དང་རྗེས་སུ་མཐུན་ཞིང་ཡིད་དུ་འོང་བ་དང་ལྡན་པར་གྱུར་པ་སྟེ། འདི་དག་གིས་ནི་ཇི་ལྟར་དགའ་བ་བཞིན་དུ་གཉིད་འོང་ཞིང་དེས་བདེ་བ་རབ་ཏུ་སྐྱེད་པར་འགྱུར་རོ། །ཉལ་པོའི་བདེ་ལ་སེམས་མ་ཆགས། །ཚངས་པར་སྤྱོད་པ་ལ་དགའ་བ། །ཆོག་ཤེས་པ་ཡིས་མགུ་བའི་གཉིད། །རང་གི་དུས་ལས་འདའ་མི་བྱེད། །ཅེས་བྱ་བ་ལ། སྐྱེས་བུ་ གང་གྲོང་ཡུལ་གྱི་བདེ་བ་འཁྲིག་པ་ལ་སོགས་པ་ལ་མ་ཆགས་པ། ཚངས་པར་སྤྱོད་པ་ལ་དགའ་བ། ཆོག་ཤེས་པས་མགུ་བར་གྱུར་བའི་གཉིད་ནི་རང་གི་དུས་ལས་ལྡོག་ཅིང་འདའ་བར་མི་བྱེད་ཀྱི། རང་གི་དུས་ཉིད་དུ་འོང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ལ་གྲོང་གི་བདེ་བ་ནི་བུད་མེད་ ལ་ཆགས་པ་དང་། ཟས་སྐོམ་ཞིམ་པོ་ལ་ཞེན་པ་སྟེ། དེ་རྣམས་ལ་གང་སེམས་ཞེན་པར་མ་གྱུར་པའོ། །ཚངས་པར་སྤྱོད་པ་ནི་བུད་མེད་དང་འདུས་པ་མེད་པ་སྟེ། དེ་ལ་དགའ་བ་དང་། ཆོག་ཤེས་པ་ནི། བྱ་བ་ཐམས་ཅད་ལ་རེ་བ་དང་བཅས་པ་མེད་པ་སྟེ། ཡོན་ཏན་དེས་མགུ་ཞིང་ ཚིམ་པར་གྱུར་པ་ཉིད་ནི་རང་གི་དུས་མཚན་མོ་ཇི་ཙམ་ལོག་པར་བྱ་བ་དེ་ལས་འདའ་བར་མི་བྱེད་དོ། །ཉལ་པོའི་ཆོས་ནི་སྤང་བྱ་བ། །བཀན་མིན་ཟླ་མཚན་ལྡན་པ་དང་། །ཡིད་དུ་མི་འོང་མི་སྡུག་སྤྱོད། །མངལ་ནི་སྐྱོན་གྱིས་ཁྱབ་པ་དང་། །རབ་སྦོམ་སྐེམ་དང་བཅས་པ་དང་། །སྦྲུམ་ མ་གཞན་གྱི་བུད་མེད་དང་། །རིགས་གཞན་སྐྱེ་གནས་མི་མཐུན་དང་། །བླ་མ་ལྷ་དང་རྒྱལ་པོའི་གནས། །མཆོད་རྟེན་དུར་ཁྲོད་གསོད་གནས་དང་། །བསྟི་ས་ལམ་གྱི་བཞི་མདོ་ཆུ། །དུས་ཚིགས་ཉིན་མོ་ཡན་ལག་མིན། །སྙིང་ག་མགོ་བོར་བརྡེག་སྤང་བྱ། །ཞེས་བྱ་བ་ལ། གྲོང་གི་ཆོས་ནི་འཁྲིག་པའི་ཆོས་ཏེ། མིང་གི་རྣམ་གྲངས་གཞན་ཡང་སྐྱེས་པ་དང་། བུད་མེད་ཀྱི་ཀུན་ཏུ་སྦྱོར་བ་ཞེས་བྱ་བ་ཡིན་ནོ། །དེ་དག་ལས་སྤང་བར་བྱ་བ་འདི་དག་ཡོད་དེ། བཀན་མིན་ཞེས་བྱ་བ་ནི། བཀན་པ་མ་ཡིན་པ་སྤང་བ་སྟེ། དོན་གྱིས་ན་བཀན་ཏེ་བསྟེན་པར་སྟོན་ པ་ཡིན་ནོ། །ཟླ་མཚན་ལྡན་པ་ཞེས་བྱ་བ་ནི་ཟླ་མཚན་རྒྱུ་ནས་དང་པོའི་ཞག་གསུམ་སྤང་བར་བྱའོ། །དེ་བཞིན་དུ་ཡིད་དུ་མི་འོང་བ་སྟེ། སྙིང་དུ་མི་སྡུག་པ་ཡང་སྤང་བར་བྱའོ། །དེ་བཞིན་དུ་མི་སྡུག་སྤྱོད་པ་སྟེ། ངང་ཚུལ་ངན་ཅིང་མི་རིགས་པ་དང་ལྡན་པ་སྤང་བར་བྱའོ། །དེ་བཞིན་དུ་ གང་གི་མངལ་སྐྱོན་གྱིས་ཁྱབ་ཅིང་གནོད་པ་དེ་སྤང་བར་བྱའོ། །དེ་བཞིན་དུ་རབ་ཏུ་སྦོམ་ཞིང་ཤ་ཆེ་བ་ཡང་སྤང་བར་བྱའོ། །དེ་བཞིན་དུ་ཤིན་ཏུ་སྐེམ་ཞིང་། ཤ་དང་ཚིལ་དང་། ཁྲག་ཟད་པ་ཡང་སྤང་བར་བྱའོ། །བཙས་པ་དང་ཞེས་བཙས་མ་ཐག་པ་དང་། བུད་མེད་སྦྲུམ་མ་ཡང་ སྤང་བར་བྱའོ། །དེ་བཞིན་དུ་གཞན་གྱིས་བདག་གིར་བཟུང་བའི་བུད་མེད་ཀྱང་སྤང་བར་བྱའོ། །དེ་བཞིན་དུ་རིགས་གཞན་ཏེ། རབ་ཏུ་བྱུང་བའམ། རིགས་ཤིན་ཏུ་མཐོ་བ་དག་ཀྱང་སྤང་བར་བྱའོ། །དེ་བཞིན་དུ་སྐྱེ་གནས་མི་མཐུན་པ་སྟེ། རྟ་ལ་སོགས་པ་སྐྱེ་གནས་ཐ་དད་པ་ ལ་སྤྱད་པ་ཡང་སྤང་བར་བྱའོ། །དེ་བཞིན་དུ་གྲོང་གི་ཆོས་ལ་འཇུག་པ་ན། བླ་མ་དང་། ལྷ་དང་། རྒྱལ་པོའི་གནས་སྤང་བར་བྱ་སྟེ། གནས་དེ་དག་ཏུ་འཁྲིག་པ་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་མཆོད་རྟེན་ལ་སོགས་པའི་གནས་དག་ཏུ་ཡང་ འཁྲིག་པའི་བྱ་བ་སྤང་བར་བྱ་བ་སྟེ། དེ་ལ་མཆོད་རྟེན་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ནོ། །འཇིག་རྟེན་པ་དག་ནི་གྲོང་གི་ཕྱི་རོལ་ན་ཡོད་པའི་ཤིང་ཆེན་པོ་ལྷ་ལ་སོགས་པས་གནས་བཅས་པ་ལ་བྱ་བར་འདོད་དོ། །དུར་ཁྲོད་ནི་ཤི་བའི་རོ་བསྲེགས་བའི་གནས་སོ། །གསོད་ གནས་ནི་རྒྱལ་པོའི་ཆད་པས་གཅོད་ཅིང་གསོད་པའི་གནས་སོ། །བསྟི་ས་ནི་གྲོང་ཁྱེར་གྱི་ཕ་རོལ་གྱིས་ཕྱོགས་ཀྱི་ཁྱད་པར་རོ། །བཞི་མདོ་ནི་ལམ་གྱི་བཞི་མདོའོ། །ཆུ་ནི་ཆུའི་ནང་སྟེ། དེ་དག་ཏུ་འཁྲིག་པ་སྤྱད་པར་མི་བྱའོ། །དུས་ཚིགས་ནི་ཚེས་བཞི་དང་། ཚེས་དྲུག་དང་། ཚེས་ བརྒྱད་དང་། ཉ་དང་། དགུ་སྟོང་ལ་སོགས་པ་འཇིག་རྟེན་པའི་ཆོས་ལུགས་ལས་བཀག་བའི་ཉིན་ཞག་རྣམས་ཏེ། དེ་དག་གི་ཚེ་ཡང་སྤང་བར་བྱའོ། །དེ་བཞིན་དུ་ཉིན་མོ་སྤྱད་པ་ཡང་སྤང་བར་བྱའོ། །ཡན་ལག་མིན་ཞེས་བྱ་བ་ལ། འཁྲིག་པ་སྤྱད་པའི་ཡན་ལག་དང་། འཚམ་ པ་ནི་མངལ་གྱི་སྒོ་ཡིན་པ་ལས། དེ་མ་ཡིན་པ་ཡན་ལག་གི་གནས་སུ་མི་རུང་བ། ཁ་དང་བཤང་བའི་ལམ་ལ་སོགས་པར་ཡང་སྤྱད་པར་མི་བྱའོ། །དེ་བཞིན་དུ་སྙིང་ག་དང་། མགོ་བོར་བརྡེག་པར་བྱས་ནས་འཁྲིག་པ་བྱ་བ་ཡང་སྤང་བར་བྱའོ། །སྤང་བ་ཞེས་པ་ནི་ཀུན་ལ་སྦྱར་ བར་བྱའོ། །འགྲངས་ཆེས་ལྟོགས་དང་བརྟན་བྲལ་དང་། །ཡན་ལག་མི་བདེར་གནས་དང་སྐོམ། །བྱིས་པ་རྒན་དང་ཤུགས་གཞན་ཉེན། །ནད་པ་ཡིས་ཀྱང་འཁྲིག་པ་སྤང་། །ཞེས་བྱ་བ་ལ། འགྲངས་ཆེས་ཤིང་གསུད་པར་ཟོས་པ་དང་ལྟོགས་ཤིང་བཀྲེས་པས་ཉེན་པ་ དང་། བརྟན་ཞིང་ཡིད་རྟོན་པ་དང་བྲལ་བ་དང་། ཡན་ལག་མི་བདེ་བར་གནས་ཤིང་ལུས་ཉམ་ང་བར་གནས་པ་དང་། སྐོམ་པས་ཉེན་པ་དང་། བྱིས་པ་སྟེ་ལོ་བཅུ་དྲུག་པ་མན་ཆད་དང་། རྒན་པོ་བདུན་ཅུ་ཡན་ཆད་ལོན་པ་དང་། ཤུགས་གཞན་གྱིས་ཉེན་པ་སྟེ། བཤང་བ་ དང་གཅི་བ་ལ་སོགས་པའི་ཤུགས་ཀྱིས་ཉེན་ཅིང་གཟིར་བ་དང་། ནད་པ་སྟེ་རིམས་ལ་སོགས་པའི་ནད་ཀྱིས་གཙེས་པ་སྟེ། དེ་དག་ཐམས་ཅད་ཀྱིས་ཀྱང་འཁྲིག་པ་སྤྱད་པ་སྤང་བར་བྱའོ། །དེ་ཡང་བསྡུས་པ་ལས། ཚེ་འདོད་སྐྱེས་པ་བུད་མེད་ཀྱིས། །བཅུ་དྲུག་ལོན་པ་ཚུན་ཆད་ དང་། །བདུན་ཅུ་ལོན་པ་ཕན་ཆད་ནི། །ཀུན་སྦྱར་བྱ་བར་མི་རིགས་སོ། །རབ་གཞོན་མ་རྫོགས་ལུས་ཟུངས་ཀུན། །བུད་མེད་ལ་ནི་ཟད་འགྱུར་ཏེ། །ལྟེང་ཀ་ཆུང་ངུའི་ཆུ་བཞིན་དུ། །མོད་ལ་ཉེ་བར་བསྐམ་པར་འགྱུར། །དཔེར་ན་ཤིང་ནི་སྐམས་གྱུར་ཞིང་། །འབུས་ཟོས་རྣམ་ པར་དེངས་པ་ནི། །རེག་ན་མྱུར་དུ་འཇིག་པར་འགྱུར། །རྒན་པོ་བུད་མེད་བསྟེན་དེ་བཞིན། །ཤུགས་བཀག་གྱུར་པ་དག་གིས་ཀྱང་། །གཅིན་ནད་རྡེའུ་འཕེལ་བ་དང་། །རབ་རིབ་ལ་སོགས་ནད་སྐྱེད་ཅིང་། །དབང་པོ་བཅོམ་པ་ཐོབ་པར་འགྱུར། །ཞེས་བཤད་པ་ཡིན་ནོ། ། དགུན་དུས་རོ་ཙ་བྱས་དྲགས་ཚེ། །འདོད་པས་འདོད་པ་བསྟེན་པར་བྱ། །དཔྱིད་སྟོན་ཞག་ནི་གཉིས་གཉིས་ནས། །སོ་ག་དབྱར་ཚེ་ཟླ་ཕྱེད་ཅིང་། །ཞེས་བྱ་བ་ལ། དགུན་དུས་ཞེས་བྱ་བ་ནི་གྲང་བའི་དུས་ཏེ། དགུན་སྟོད་དང་དགུན་སྨད་དོ། །དེའི་ཚེ་སྐྱེས་བུ་རོ་ཙ་བའི་ཆོ་ག་བྱས་ཤིང་ དྲགས་པ་བདོ་བར་གྱུར་པའི་ཚེ། འདོད་པས་ཞེས་པ་ཅི་དགའ་བར་འདོད་པ་བསྟེན་པར་བྱའོ། །དེ་ལ་རོ་ཙ་བར་བྱ་བའི་སྦྱོར་བ་ནི་ཁུ་བ་འཕེལ་བར་བྱ་སྟེ། འོ་མ་དང་། མར་དང་། ཤ་ཁུ་ལ་སོགས་པ་འོག་ནས་བཤད་པ་བཞིན་དུ་བྱས་ཤིང་ངོམས་པར་གྱུར་པའོ། །དེ་བཞིན་དུ་དཔྱིད་དང་ སོན་ནི་ཞག་གཉིས་གཉིས་ནས་རོ་ཙ་བར་བྱས་པས་ངོམས་པ་དང་། འདོད་པ་བསྟེན་པར་བྱའོ། །སོ་ག་དང་དབྱར་གྱི་ཚེ་ནི། རོ་ཙ་བ་བྱས་ནས་ཟླ་བ་ཕྱེད་ཅིང་འདོད་པ་བསྟེན་པར་བྱའོ། །གཞན་དུ་བུད་མེད་ལ་ཞུགས་ན། །མགོ་འཁོར་ངལ་དང་བླ་མཐུ་ཉམས། །སྟོབས་དང་ ལུས་ཟུངས་དབང་པོ་ཉམས། །དུས་མིན་འཆི་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། གཞན་དུ་ཞེས་བྱ་བ་ཇི་སྐད་དུ་བཤད་པ་ལས་གོ་བཟློག་པས་བུད་མེད་ལ་ཞུགས་ཤིང་འདོད་པ་སྤྱོད་པའི་སྐྱེས་བུ་དེ་ནི་མགོ་འཁོར་བ་ལ་སོགས་པའི་ནད་འབྱུང་བར་འགྱུར་རོ། །དེ་ལ་མགོ་འཁོར་བ་ནི་མི་བདེ་བར་ གནས་ཤིང་འཁོར་བའོ། །ངལ་བ་ནི་དུབ་པའོ། །བླའི་མཐུ་ཉམས་བ་ནི་མལ་དུ་འཇུག་ཅིང་འགྲོ་མི་ནུས་བའམ། ཤ་དང་ཁྲག་ཟད་པའོ། །དེ་བཞིན་དུ་སྟོབས་ཉམས་པ་དང་། ལུས་ཟུངས་ཉམས་པ་དང་། དབང་པོ་ཉམས་པར་འགྱུར་བ་དང་། དུས་མིན་ འཆི་བར་བྱེད་པ་ནི་ཤིན་ཏུ་བུད་མེད་ལ་བསྟེན་པས་དུས་མ་ཡིན་པར་འཆི་བར་ཡང་འགྱུར་བ་ཡིན་ནོ། །བུད་མེད་དག་ལ་ལེགས་བསྡམས་ན། །དྲན་དང་ཡིད་གཞུངས་ནད་མེད་ཚེ། །དབང་པོ་བརྟས་ཤིང་གྲགས་སྟོབས་རྣམས། །ལྷག་པར་འཕེལ་ཞིང་རྒས་སྲར་འགྱུར། །ཞེས་ བྱ་བ་ལ། བུད་མེད་དག་བསྟེན་པ་ལེགས་པར་བསྡམས་ཤིང་བསྲུང་བའི་སྐྱེས་བུ་ནི། དྲན་པ་ལ་སོགས་པ་འཕེལ་བར་འགྱུར་རོ། །དེ་ལ་དྲན་པ་ནི་འདས་པའི་དོན་མ་བརྗེད་པའོ། །ཡིད་གཞུངས་པ་ནི་རྣམ་པར་དཔྱོད་ནུས་པའི་ཤེས་རབ་བོ། །ནད་མེད་པ་ནི་བདེ་བར་གནས་ པའོ། །ཚེ་ནི་སྲོག་གོ། །དབང་པོ་ནི་མིག་ལ་སོགས་པའོ། །བརྟས་པ་ནི་ལུས་རྒྱས་བའོ། །གྲགས་པ་ནི་སྙན་པའོ། །སྟོབས་ནི་ལུས་ཀྱི་ནུས་པ་སྟེ། དེ་དག་ལྷག་པར་འཕེལ་ཞིང་རྒྱས་པར་གྱུར་པ་དང་། དེ་བཞིན་དུ་རྒས་སྲ་བར་འགྱུར་བ་སྟེ། སྐྲ་དཀར་མེད་པ་ལ་སོགས་པར་ འགྱུར་རོ། །ཁྲུས་དང་བྱུག་པ་རླུང་བསིལ་ཁར་ལ་སོགས་བཟའ། །ཆུ་བསིལ་འོ་མ་ཤ་ཁུ་སྲན་ཚོད་ཆང་དངས་འཐུངས། །ཉལ་པོ་དགའ་བྱས་འདོད་དང་བྲལ་འགྱུར་རྗེས་ལ་བསྟེན། །དེ་འདྲས་དེ་ཡི་ལུས་མདངས་སྟོབས་སླར་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། སྔར་བསྟན་པའི་ བུད་མེད་བསྟེན་པའི་རྗེས་ལ་ཆགས་པ་དང་བྲལ་བའི་སྐྱེས་བུས་ཁྲུས་ལ་སོགས་པ་བསྟེན་པར་བྱའོ། །དེ་ལ་བྱུག་པ་ནི་ཙནྡན་ལ་སོགས་པ་རྫས་དྲི་བཟང་པོས་ལུས་བྱུགས་ཤིང་ཁ་དོག་བསྒྱུར་བའོ། །རླུང་བསིལ་བ་ནི་རླུང་གྲང་མོའོ། །ཁ་ར་ལ་སོགས་པ་ནི་བཟའ་བའི་ཁྱད་པར་ཏེ། དེ་ དག་བཟའ་བའོ། །ཆུ་བསིལ་བ་ནི་ཆུ་གྲང་མོའོ། །སྲན་ཚོད་ནི་འབྲུ་ལས་བྱས་པའོ། །ཆང་དངས་མ་ནི་ཆང་གི་སྙིང་པོའོ། །དེ་དག་ཐམས་ཅད་ནི་འདོད་པ་སྤྱོད་པའི་དགའ་བ་བྱས་ནས། འདོད་ཆགས་དང་བྲལ་བར་གྱུར་པའི་རྗེས་ཏེ། འོག་ཏུ་བསྟེན་ཅིང་ལོངས་སྤྱད་པར་བྱའོ། །དེ་ ལྟར་བྱས་པར་གྱུར་པས་སྐྱེས་བུ་དེའི་ལུས་ཀྱི་མདངས་དང་སྟོབས་སླར་སྐྱེ་བར་འགྱུར་རོ། །དེ་ཡང་བུད་མེད་དང་འཕྲད་པས་འཕྲལ་དུ་ལུས་ཀྱི་སྟོབས་འབྲི་བར་གྱུར་ཀྱང་། འདི་ལྟར་བརྟ་ཞིང་ཚིམ་པར་བྱས་པས་དེའི་ཁུ་བ་དང་སྟོབས་འཕེལ་བ་ཉིད་དུ་འགྱུར་བའི་དོན་ཏོ། །སྨན་པ་ཐོས་སྤྱོད་ ཕུན་ཚོགས་ལྡན་ཞིང་ལས་མཁས་སྙིང་རྗེ་ཅན། །གགས་དང་གནོད་མེད་ལུས་སྲུང་བྱེད་པ་ཉེ་བར་གཞག་བྱས་ནས། །རྒྱལ་པོ་རང་གི་དགེ་བའི་འབྲས་བུའི་ལོངས་སྤྱོད་བ་དེར་སྤྱོད་ཅིང་། །ནད་མེད་མཐུ་དང་གཟི་བརྗིད་གྲགས་པ་ཡུན་རིང་འཕེལ་བར་འགྱུར། །ཞེས་བྱ་བ་ལ། སྨན་ པ་ཞེས་བྱ་བ་ནི་སྨན་དཔྱད་ཀྱི་ཡན་ལག་ལ་མཁས་པ་སྟེ། དེ་ཡང་ཐོས་པ་དང་སྤྱོད་པ་ཕུན་སུམ་ཚོགས་པ་དང་ལྡན་པ་སྟེ། རྟོག་པ་དང་ཚུལ་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པའོ། །ལས་ལ་མཁས་བ་ནི་གསོ་བ་ལ་མཁས་ཤིང་བྱང་བའོ། །སྙིང་རྗེ་ཅན་ནི་རྗེས་སུ་བརྩེ་བ་དང་ ལྡན་པའོ། །གགས་དང་གནོད་པ་མེད་པ་ནི་མི་མཐུན་པ་མེད་ཅིང་བར་ཆད་ཀྱིས་གནོད་པར་བྱེད་པ་མེད་པའོ། །ལུས་སྲུང་བྱེད་བ་ནི་རྒྱལ་པོའི་སྐུ་འཚོ་བར་བྱེད་པ་སྟེ། དེ་ལྟ་བུ་ཉེ་བར་གཞག་ཅིང་། ལུས་བསྲུང་དུ་བཅུག་ན། རྒྱལ་པོ་སྟེ་ས་བདག་གྲགས་པ་འཕེལ་བའི་བར་དུ་འགྱུར་རོ། ། དེ་ཡང་རང་གི་དགེ་བའི་བསོད་ནམས་སུ་བྱ་བའི་ལས་ཏེ། དེའི་འབྲས་བུ་ནི་ལོངས་སྤྱོད་ཆེན་པོ་ལ་སོགས་པ་དང་ལྡན་པས་བདེ་བར་ཉེ་བར་ལོངས་སྤྱོད་པ་ཡིན་ལ། དེ་གང་ཞིག་སྤྱོད་པར་བྱེད་པ་དེ་ནི། དེ་སྐད་བྱ་སྟེ། དེ་ལ་ཡུན་རིང་དུ་སྤྱོད་པར་འགྱུར་བ་དང་། ནད་མེད་ཅིང་ལུས་བདེ་བར་ གནས་པ་དང་། མཐུ་སྟེ་ལོངས་སྤྱོད་ཀྱི་འབྱོར་པ་རྣམས་དང་། གཟི་བརྗིད་ཅེས་པ་ལུས་ཀྱི་གཟི་མདངས་དང་གྲགས་པ་སྟེ། སྙན་པས་ཁྱབ་པ་ཡུན་རིང་དུ་རྒྱ་ཆེར་འཕེལ་ཞིང་རྒྱས་པར་འགྱུར་རོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་ བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་བདུན་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་ཁ་ཟས་ཀྱི་ཚོད་རན་པར་བཟའ་བའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་སྟེ། སྔར་བརྩམས་པའི་ཁ་ཟས་བསྲུངས་ པའི་རྗེས་ཐོགས་ལ། ཁ་ཟས་ཀྱི་ཚོད་རན་པར་བཟའ་བར་བརྩམས་པ་ཡིན་ཏེ། གང་གི་ཕྱིར་ཡོན་ཏན་དང་ལྡན་པའི་ཟས་ཀྱང་ཡིན་ལ། དུག་ལ་སོགས་པ་དང་འདྲེས་པར་མ་གྱུར་དུ་ཟིན་ཀྱང་ཚད་ལས་ལྷག་པའོ། །ཚད་ལས་ཤིན་ཏུ་ཆུང་བར་ཟོས་ན་སྲོག་ཉེ་བར་ འཇོམས་པར་འགྱུར་ལ། དེ་ཉིད་རན་པར་ཟོས་པ་ནི་སྲོག་ཆགས་རྣམས་ཀྱི་སྲོག་ཉིད་ཡིན་ནོ། །ཁ་ཟས་ནི་བཟའ་བར་བྱ་བ་རྣམས་སོ། །ཚོད་རན་པ་ནི་ཚད་དང་ལྡན་པའོ། །ཚོད་རན་པར་བཟའ་བ་ནི་ཚད་དང་ལྡན་པར་བཟའ་ཞིང་སྤྱད་པའོ། །དེ་ལ་ཕན་ཞིང་དགོས་པ་བྱེད་པའི་གཞུང་ལ་ ནི་ལེའུ་ཞེས་བྱ་སྟེ། དེ་བཤད་ཅིང་རྣམ་པར་ཕྱེ་བ་བསྟན་པར་བྱའོ། །དུས་ཀུན་ཏུ་ནི་ཚོད་ཟིན་བཟའ། །དེ་ནི་མེ་དྲོད་སྐྱེད་བྱེད་ཡིན། །ཞེས་བྱ་བ་ལ། སྐྱེས་བུ་ནད་མེད་པའམ། ནད་དང་ལྡན་པ་ཡང་རུང་སྟེ། དེས་དུས་ཀུན་ཏུ་ཞེས་པ་དུས་ཐམས་ཅད་དུ་ཟས་ཚོད་ཟིན་ཅིང་། ཚད་དང་ ལྡན་པ་བཟའ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཚད་དང་ལྡན་པར་ཟ་བ་ལ་འཇུག་པ་དེ་ནི་མེའི་དྲོད་སྐྱེད་པ་ཡིན་ཏེ། རང་གི་བྱ་བ་སྨིན་པའི་ལས་བྱེད་པར་ནུས་པ་ཡིན་ནོ། །དེ་ནི་ཚོད་རན་པར་བཟའ་ཞིང་ཚོད་ཟིན་པར་ཟ་བ་དང་། ཚོད་ཟིན་པར་བཏུང་བ་དང་། ཚོད་ཟིན་པར་བལྡག་པར་ བྱའོ། །ཞེས་བལྟ་བར་བྱའོ། །ཚོད་རན་པའི་མཚན་ཉིད་ནི་སློབ་དཔོན་གྱིས་འདི་ལྟར་བཤད་དེ། ཚད་ཀྱང་མེའི་དྲོད་ཀྱི་སྟོབས་དང་། ཟས་ཀྱི་དངོས་པོ་ལ་ལྟོས་པར་བྱ་དགོས་ཏེ། ཟས་ཀྱིས་ལྟོ་བར་གནོད་པ་མི་སྐྱེད་པ་དང་། སྙིང་གར་ཐོགས་པར་མི་བྱེད་པ་དང་། རྩིབ་ལོགས་ གཉིས་སུ་ཟུག་ཅིང་གནོད་པར་མི་བྱེད་པ་དང་། ཕོ་བ་ཤིན་ཏུ་མི་ལྕི་བ་དང་། དབང་པོ་ཚིམ་ཞིང་བརྟས་པར་བྱེད་པ་དང་། བཀྲེས་པ་དང་། སྐོམ་པ་དང་བྲལ་བ་དང་། གནས་དང་། སྟན་དང་། མལ་དང་། འགྲོ་བ་དང་། དབུགས་འབྱིན་པ་དང་། དབུགས་རྔུབ་པ་དང་། གཏམ་ ཟེར་བ་ན་བདེ་བར་གནས་པ་དང་། དགོངས་ཀ་དང་། ནང་པར་བདེ་བར་ཡོངས་སུ་ཞུ་བ་དང་། སྟོབས་དང་ཁ་དོག་ཉེ་བར་འཕེལ་བར་བྱེད་པ་སྟེ། འདི་དག་ནི་ཚད་དང་ལྡན་པའི་མཚན་ཉིད་ཡིན་ནོ། །འདི་དག་གིས་ཀྱང་ཚད་དང་ལྡན་ཞིང་ཚོད་ཟིན་པ་གཙོ་བོ་ཡིན་ཏེ། སེ་འབྲུ་དང་། སྐྱུར་པོ་ལ་སོགས་པའི་རྫས་མེའི་དྲོད་སྐྱེད་པར་བྱེད་པའི་རང་བཞིན་ཅན་དེ་ཚད་དང་ལྡན་པར་ཟོས་ན་མེའི་དྲོད་སྐྱེད་པར་འགྱུར་གྱི། ཚད་དང་མི་ལྡན་པས་ནི་མ་ཡིན་ནོ། །ལྕི་ཞིང་རང་བཞིན་གཡུང་བའི་རྫས་འོ་མ་དང་བུ་རམ་ཤིང་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་ན། རྫས་ ནི་ལྕི་བའམ་ཡང་བའང་རུང་། །ཆད་ལ་ལྟོས་པར་བྱ་བ་ཡིན། །ཞེས་བྱ་བ་ལ། རྫས་ལྕི་བ་ནི་བུ་རམ་ཤིང་དང་། འོ་མ་དང་། འབྲུ་དང་། མོན་སྲན་གྲེའུ་དང་། རླན་ཅན་གྱི་ཤ་རྣམས་སོ། །ཡང་བ་ནི་ཆར་གྱི་ཆུ་དང་། རཀྟ་ཤ་ལི་ཞེས་བྱ་བ་ལ་འབྲས་རྩ་སྣར་དང་། དྲུག་ཅུ་ པ་དང་། མོན་སྲན་སྡེའུ་དང་། བྱ་ལ་ཝའི་ཤ་རྣམས་ཏེ། དེ་གཉི་ག་ལ་ཡང་ཚད་ལ་ལྟོས་པར་བྱ་བ་ཡིན་ཏེ། དེ་རྣམས་ནི་དེ་ལ་རག་ལུས་པར་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྫས་ལྕི་བའམ། ཡང་བ་དེ་དག་ཟ་ཞིང་སྤྱད་པ་ན། ཟས་ཀྱི་ཚུལ་ལ་གོམས་པར་བྱ་བ་ཆ་འདྲ་ བར་རྟག་ཏུ་བཟའ་བར་བྱ་བའམ། ཡང་ན་ལྕི་བ་ནི་ཚད་ལས་གཞན་དུ་བྱ་ལ། ཡང་བ་ལ་ནི་ཚད་གཞན་ལས་ཞེས་སོམ་ཉིར་གྱུར་པ་དེའི་ཕྱིར་སྨྲས་པ་ནི། ལྕི་བ་ལས་ནི་ཕྱེད་འགྲངས་བྱ། །ཡང་བ་ལས་ནི་རབ་འགྲངས་མིན། །ཞེས་བྱ་བ་ལ། ཁ་ཟས་ལྕི་ཞིང་འཇུ་དཀའ་བ་ལས་ ནི་ཕྱེད་འགྲངས་ཙམ་དུ་བཟའ་བ་དང་ཁ་ཟས་ཡང་བ་ཆར་ཆུ་དང་། སཱ་ལུ་རྩ་སྣར་ལ་སོགས་པ་ལས་ནི། རབ་ཏུ་འགྲངས་བར་མི་བཟའི། གཞན་དུ་ན་རན་ཅིང་བདེ་བར་གནས་པ་ཙམ་གྱིས་འགྲངས་པར་བྱ་དགོས་ཏེ། གང་གི་ཕྱིར་མེ་དང་རླུང་དག་གིས་ཡོན་ཏན་མང་པོ་ཡང་བ་ལ་ནི། ཆ་མཉམ་པར་གནས་པས་མེའི་དྲོད་སྐྱེད་པར་བྱེད་པ་ཡིན་ལ། ཚོད་མ་ཟིན་པར་ཉེས་པར་ཟོས་སུ་ཟིན་ཀྱང་ཉེས་པ་ཅུང་ཟད་སྐྱེད་པ་ཡིན་ནོ། །རྫས་ལྕི་བ་ལ་ནི་སླ་བ་དང་ཆུའི་ཡོན་ཏན་མང་དུ་གནས་པས་མེའི་མི་མཐུན་པར་གྱུར་ཅིང་། ཐུན་མོང་གི་ཡོན་ཏན་གཞན་ཡོད་པས་མེའི་དྲོད་ འབྲི་བར་བྱེད་པ་ཡིན་ནོ། །བདེ་བླག་འཇུ་བ་དེ་ཙམ་ལ། །ཚོད་ཟིན་ཞེས་ནི་བཤད་པ་ཡིན། །ཞེས་བྱ་བ་ལ། ཚད་ཡོངས་སུ་ཆད་པ་སྟེ། ཚད་ཇི་ཙམ་ཟས་ཟོས་ན་བདེ་བླག་ཏུ་གཅོད་པ་མེད་པར་ཞུ་ཞིང་དེངས་པར་འགྱུར་བ་དེ་ཙམ་གྱི་ཚོད་ལ་ནི་ཚོད་ཟིན་པ་ཡིན་ནོ་ཞེས་བཤད་ ཅིང་བསྟན་པ་ཡིན་ནོ། །ཟས་ཚོད་མ་ཟིན་ཆུང་གྱུར་ན། །སྟོབས་དང་གཟི་མདངས་འཕེལ་མི་འགྱུར། །རླུང་གི་ནད་ནི་ཐམས་ཅད་ཀྱི། །རྒྱུ་ཉིད་དུ་ནི་འགྱུར་བ་ཡིན། །ཞེས་བྱ་བ་ལ། ཁ་ཟས་ཀྱི་ཚོད་མ་ཟིན་ཅིང་། ཚད་ལས་ཆུང་ཞིང་དམན་པར་གྱུར་ པ་ཟོས་ན་སྟོབས་སུ་ཡང་མི་འགྱུར། གཟི་མདངས་སུ་ཡང་མི་འགྱུར། ལུས་འཕེལ་ཞིང་རྒྱས་པར་མི་འགྱུར་བ་དང་། དེ་བཞིན་དུ་རླུང་ལས་གྱུར་པའི་ནད་མ་ལུས་པ་ཐམས་ཅད་ཀྱི་རྒྱུ་ཉིད་དེ། བསྐྱེད་པའི་རྒྱུར་འགྱུར་ཞིང་འབྱིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཚད་ལས་ ཤིན་ཏུ་ཆེས་པ་ཡང་། །ཉེས་པ་ཐམས་ཅད་མྱུར་དུ་སྐྱེད། །ཅེས་བྱ་བ་ལ། ཚད་ལས་ཤིན་ཏུ་ཆེས་པ་ནི་ཟས་ལྷག་པར་མང་པོ་ཟོས་པ་སྟེ། དེས་ནི་ཉེས་པ་གསུམ་པོ་ཐམས་ཅད་མྱུར་ཞིང་རིངས་པར་སྐྱེད་པར་བྱེད་ཅིང་རབ་ཏུ་གཡོ་བར་བྱེད་དོ། །མ་ཞུའི་ཟས་ནི་མི་བཟད་པ། ། དེ་ཡིས་རླུང་སོགས་གཟིར་གྱུར་པས། །ཅིག་ཅར་རྣམ་པར་འཁྲུག་འགྱུར་ཞིང་། །དེ་ཉིད་དུ་ནི་ཞུགས་གྱུར་ནས། །རྩ་སྒོ་འགགས་ཤིང་བེའུ་སྣབས་སྐྱེད། །སྟེང་དང་འོག་གི་ལམ་དག་ཏུ། །བསྐྱོད་པས་གསུད་ཅིང་ཟུག་བྱེད་པ། །བརྐམ་ཆགས་ཅན་ལ་འཕྲལ་སྐྱེད་ བྱེད། །ཅེས་བྱ་བ་ལ། ཟས་མ་ཞུ་ཞིང་ལྷག་པར་ཟོས་པ་མི་བཟད་ཅིང་གནོད་པར་གྱུར་པས་དེས་རླུང་སོགས་ཞེས་པ། རླུང་དང་མཁྲིས་པ་དང་བད་ཀན་འཁྲུག་ཅིང་གཡོ་བར་གྱུར་པས་ཅིག་ཅར་དེ་རྣམས་དུས་གཅིག་ཏུ་འཁྲུག་ཅིང་ལྡང་བར་བྱེད་པས་ན། རྩ་སྒོ་འགགས་ཤིང་ ཞེས་པ། རྩ་སྦུབས་འགགས་པར་བྱས་པས། བེའུ་སྣབས་ཞུ་བ་ཞེས་བྱ་བའི་ནད་སྐྱེད་པར་འགྱུར་རོ། །ཅི་ཞིག་བྱས་ནས་དེ་སྐྱེད་ཅེ་ན། །དེ་ཉིད་དུ་ནི་ཞུགས་གྱུར་ནས། །ཞེས་པ་སྟེ། ཟས་མ་ཞུ་བ་དེ་ཉིད་ཀྱིས་ནང་དུ་རླུང་ལ་སོགས་པ་ཞུགས་ཤིང་དེ་དང་གཅིག་ཏུ་གྱུར་ ཅིང་འདྲེས་པར་གྱུར་ནས་བེའུ་སྣབས་ཀྱི་ནད་སྐྱེད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཟས་མ་ཞུ་ཞིང་འདུག་པ་དེ་ཉིད་དུ་ཞུགས་ནས། སྟེང་དང་འོག་གི་ལམ་དག་ཏུ་བསྐྱོད་ཅིང་། བླ་འོག་ཏུ་དྲི་མ་དང་། ཟས་ལ་སོགས་པ་ཕྱི་རོལ་དུ་འདྲེན་ཅིང་འཕོ་བར་བྱེད་པས་ན། དེ་ཉིད་ཀྱི་ རྒྱུས་གསུད་པའི་ཟུག་གཟེར་དྲག་པོ་སྐྱེད་པར་བྱེད་པ་ཡིན་ནོ། །སུ་ཞིག་ལ་ཞེ་ན། བརྐམ་ཆགས་ཅན་ལ་ཞེས་བྱ་བ་སྟེ། བཟའ་བཏུང་ལ་ཆགས་ཤིང་ལྟོ་འདུན་ཅན་ཏེ། སེམས་མ་བསྡམས་པ་དག་ལ་གནོད་པ་འདི་ལྟ་བུ་འཕྲལ་དུ་སྐྱེད་ཅིང་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། ། དེ་ཡང་། ཕལ་ཆེར་ཤེས་རབ་ཉེས་པ་ཡིས། །ནད་ཀྱི་ཚོགས་ནི་སྐྱེ་བར་འགྱུར། །ཟས་ལ་བརྐམ་པའི་མི་རྣམས་ལ། །ཁྱད་པར་དུ་ནི་གསུད་པ་འབྱུང་། །ཞེས་བཤད་པ་ཡིན་ནོ། །དེ་ལས་རླུང་ལས་གཟེར་མགོ་འཁོར། །ཁོང་སྦོས་འདར་ཞིང་རེངས་སོགས་འགྱུར། ། མཁྲིས་པ་ལས་ནི་འཁྲུ་རིམས་འདེབས། །ཁོང་ཚ་སྐོམ་ཞིང་ཁ་སོགས་འགྱུར། །བད་ཀན་སློན་ཞིང་ཡན་ལག་ལྕི། །ཚིག་ཐོགས་མཆིལ་མ་མང་བར་འགྱུར། །ཞེས་བྱ་བ་ལ། དེ་ལ་མ་ཞུ་བ་ལ་རླུང་ལ་སོགས་པའི་ནད་གཞི་ཞེས་བྱ་བ་ལས་ནད་འདི་དག་འགྱུར་ཏེ། དེ་ ལས་ཀྱང་རླུང་ལས་གྱུར་པའི་མ་ཞུ་བའི་ཁོང་པ་གཟེར་བ་དང་། མགོ་འཁོར་ཞིང་ལྕི་བ་དང་། ཁོང་སྦོས་པ་ལ་སོགས་པར་འགྱུར་རོ། །མཁྲིས་པ་དང་འདྲེས་པའི་མ་ཞུ་བ་ལས་ནི་འཁྲུ་བ་ལ་སོགས་པའི་ནད་སྐྱེ་བར་འགྱུར་རོ། །བད་ཀན་གྱི་ཤས་ཆེ་བ་ལས་ནི་སློན་ཞིང་སྒྱུགས་ པ་དང་། ཡན་ལག་ལྕི་བ་དང་། ཚིག་ཐོགས་པ་དང་། ཚིག་འབྱིན་མི་ནུས་པ་ལ་སོགས་པར་འགྱུར་རོ། །མ་ཞུ་བ་བེའུ་སྣབས་ཅན་དང་གསུད་ཅིང་གཟེར་ཟུག་ཅན་གྱི་མཚན་ཉིད་བསྡུས་བ་ལས། མིང་དོན་དང་ལྡན་པ་བཤད་པ་ནི། ཟས་ནི་འཇུ་བར་མ་གྱུར་ལ། ། སྟེང་དང་འོག་ཏུ་མི་འགྲོ་བར། །མ་ཞུའི་གནས་སུ་བེའུ་སྣབས་འགྱུར། །དེས་ནི་བེའུ་སྣབས་ཅན་ཞེས་བཤད། །རླུང་ལ་སོགས་པ་རབ་འཁྲུགས་པས། །གཟེར་ཟུག་སྣ་ཚོགས་ཀྱིས་ཟུག་ཅིང་། །ཁབ་ཀྱིས་ལུས་ནི་འབིགས་པ་ལྟར། །རྣོ་བར་ཟུག་པས་གསུད་ གཟེར་ཡིན། །ཞེས་པའོ། །ཁྱད་པར་དུ་ནི་ཉམ་ཆུང་ཞིང་། །མེ་དྲོད་ཞན་དང་ཤུགས་བཀག་པའི། །ཟས་ནི་རླུང་གིས་བཀག་པ་དང་། །བད་ཀན་གྱིས་ནི་བར་བཀག་པའི། །ཉེས་པ་བེ་སྣབས་དཀྲུགས་པས་ན། །ཟུག་རྔུ་ཟུག་པ་ལྟ་བུར་གནས། །འཁྲུ་དང་སློན་ པར་མི་བྱེད་པར། །གཟེར་ལ་སོགས་པ་མི་བཟད་པ། །བེེ་སྣབས་དེ་ཡིན། ཞེས་བྱ་བ་ནི། ཁྱད་པར་དུ་ཞེས་པ་མཆོག་ཏུ་ཡང་སྐྱེས་བུ་ཤིན་ཏུ་ཉམ་ཆུང་ཞིང་སྦེག་པར་གྱུར་པ་དང་། དེ་བཞིན་དུ་མེ་དྲོད་ཞན་པ་སྟེ། བད་ཀན་མང་པོས་ཕོ་བའི་མེ་དྲོད་ཉམས་པར་ གྱུར་པ་དང་། ཤུགས་བཀག་པས་ཞེས་བྱ་བ། འཕྱེན་དང་བཤང་བ་དང་། གཅི་བའི་ཤུགས་བཀག་པར་གྱུར་པའི་སྐྱེས་བུའི་ཟས་ནི་རླུང་གི་ནད་ཀྱིས་ལམ་ཉེ་བར་བཀག་པར་བྱས་པ་དང་། དེ་བཞིན་དུ་བད་ཀན་གྱིས་བར་དུ་ཞེས་པ་དབུས་སུ་ལམ་བཀག་པའི་རྒྱུས་ནི། ཟས་དེ་བེའུ་ སྣབས་སུ་གྱུར་ཅིང་། ཕྱི་རོལ་དུ་འབྱུང་བར་འགྱུར་ལ། འཇུ་བའི་སྒོ་མེད་པར་གྱུར་པའི་ཉེས་པ་བེའུ་སྣབས་སུ་བྱས་ནས་དཀྲུགས་ཤིང་རྣམ་པར་བསྐྱོད་པས་མ་ཞུ་བའི་བེའུ་སྣབས་ཏེ། ཟུག་རྔུ་ཟུག་པ་ལྟ་བུ་ཉིད་དུ་ཀུན་དུ་གནས་ཤིང་། གཟེར་བ་དང་ཁོང་པ་དང་། ཡན་ལག་སྙོམ་ ཞིང་ཟུག་པ་ལ་སོགས་པའི་ནད་རྣམ་པ་མང་པོའི་སྤྱིའི་རྒྱུར་གྱུར་པས་ཟས་དེ་མར་འཁྲུ་བ་དང་། ཡར་སློན་པར་མི་བྱེད་པས་དེ་མ་གཏོགས་པར། ཇི་སྐད་དུ་བཤད་པའི་རླུང་ལ་སོགས་པའི་ནད་མི་བཟད་ཅིང་བརྣག་པར་དཀའ་བ་གང་ཡིན་པ་ནི་བེའུ་སྣབས་སུ་གྱུར་ནས་སྐྱེད་པར་བྱེད་པས་ ན། ནད་དེ་ལ་མ་ཞུ་བ་བེའུ་སྣབས་ཞེས་བྱའོ། །ཉེས་རབ་གདུག །བེ་སྣབས་མི་བཟད་ཀྱིས་སྦུབས་བཀག །རྩིབ་ལོགས་ཀུན་ཏུ་དྲང་པོར་འགྲོ། །ཤིང་བཞིན་རེངས་པར་གྱུར་ན་ནི། །མ་ཞུ་ཤིང་འདྲ་ཞེས་བྱ་སྟེ། །མྱུར་དུ་གསོད་བྱེད་དེ་སྤང་བྱ། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ཉེས་པ་ཤིན་ཏུ་གདུག་པ་སྟེ། ཤས་ཆེར་གནོད་པར་གྱུར་པ་དང་། བེའུ་སྣབས་མི་བཟད་པ་རྣམས་ཀྱིས་སྦུབས་བཀག་པ་སྟེ། མ་ཞུ་བའི་བེའུ་སྣབས་མི་བཟད་ཅིང་གདུག་པས་རྩ་སྦུབས་ཀྱི་ཁོང་སྟོང་པར་བཀག་ཅིང་གོ་སྐབས་ཀྱི་བར་ཆད་པས་རླུང་ལ་སོགས་ པ་རྣམས་རྩིབ་ལོགས་ཀུན་ཏུ་ཐད་ཀར་ཕན་ཚུན་འགྲོ་ཞིང་། དྲང་པོར་འགྲོ་བས་ཁྱབ་པར་གྱུར་པས་ན། ལན་འགའ་སྐྱེས་བུ་དེའི་ལུས་ཤིང་བཞིན་དུ་རེངས་ཤིང་དབྱིག་པ་བསྒྲེང་བ་ལྟར་གྱུར་ན། ལུས་གཡོ་བར་མ་ནུས་པར་བྱེད་པར་གྱུར་ན་ནི། དེའི་ནད་དེའི་མིང་མ་ཞུ་བ་ཤིང་ འདྲ་ཞེས་བྱ་སྟེ། དེས་ནི་མྱུར་དུ་གསོད་ཅིང་འཆི་བར་བྱེད་པས་གསོར་མི་རུང་བ་སྟེ། དེ་སྤང་ཞིང་དོར་བར་བྱ་སྟེ། དེ་ནི་ཟུག་ཐབས་ཤིང་འདྲ་བའི་མ་ཞུ་བ་ཞེས་བྱའོ། །མི་འཕྲོད་ལྷག་ཟ་མ་ཞུ་བར། །ཟད་བྱེད་མ་ཞུ་དུག་གི་ནི། །མཚན་ཉིད་ཅན་དེ་མི་བཟད་པ། །དུག་གི་མིང་ཅན་ གང་ཡིན་དེ། །དུག་གི་ཚུལ་ཅན་མྱུར་གསོད་བྱེད། །གསོ་དཔྱད་བྱ་བར་དཀའ་བས་སྤང་། །ཞེས་བྱ་བ་ལ། མི་འཕྲོད་པ་ནི་ཟས་བསྲུང་བའི་ལེའུའི་སྐབས་སུ་བཤད་པ། རླན་ཅན་གྱི་ཤ་ལ་སོགས་པ་དང་། འོ་མ་ལ་སོགས་པ་ལྷན་ཅིག་བཟའ་བ་མ་འཕྲོད་པ་ལ་སོགས་པ་ཡིན་ ནོ། །ལྷག་པར་ཟ་བ་ནི་ཟས་ཀྱིས་འགྲངས་པའི་སྟེང་དུ་ཡང་ཟ་བའོ། །མ་ཞུ་བར་ཟ་བ་ནི། སྔར་དེ་ཞག་གི་ཟན་མ་ཞུ་བར་གང་ཟ་བར་བྱེད་པའོ། །དེ་ལྟར་ན་མི་འཕྲོད་པར་ཟ་བ་དང་། ལྷག་པར་ཟ་བ་དང་། མ་ཞུ་བར་ཟ་བའི་སྐྱེས་བུ་དེ་ནི་དུག་གི་མཚན་ཉིད་ཅན་ཏེ། མ་ཞུ་བའི་ ཉེས་བ་དུག་གི་མཚན་མ་ཅན་གྱི་མ་ཞུ་བ་དང་། མི་བཟད་པ་ཤིན་ཏུ་གསོར་མི་རུང་བ་དུག་གི་མིང་ཅན་ཏེ། དུག་དང་མཚན་མ་འདྲ་བ་ཡིན་པའི་ཕྱིར་དུག་གི་ཚུལ་ཅན་ཏེ། དུག་དང་ཚུལ་འདྲ་བ་དང་། མྱུར་དུ་གསོད་བར་བྱེད་པ་དང་། གསོ་ཞིང་བཅོས་པར་བྱ་བའི་དཔྱད་བྱ་བར་དཀའ་ བས་སྤང་ཞིང་དོར་བར་བྱའོ། །དེ་ཡང་གང་གི་ཕྱིར་མ་ཞུ་བ་ནི་བྱ་བ་དྲོ་བས་གསོ་དགོས་ན། དེ་དུག་གི་དབང་གིས་མི་འཕྲོད། དུག་ནི་བསིལ་བས་གསོ་བར་བྱ་བ་ཡིན་པའི་ཕྱིར། དུག་ལ་ནི་གསོ་བ་བསིལ་བ་ཕན་ལ། དེ་ནི་མ་ཞུ་བའི་བེའུ་སྣབས་ལ་མི་འཕྲོད་པ་སྟེ། མ་ཞུ་བ་ནི་ དྲོ་བའི་བྱ་བའི་རིམ་པས་གསོ་དགོས་པ་ཡིན་ནོ། །དེ་བས་ན་མཚན་ཉིད་གཉི་ག་དང་ལྡན་པའི་མ་ཞུ་བའི་དུག་གི་མིང་ཅན་དེས་ནི་གསོད་པར་བྱེད་པ་ཡིན་པས་སྤང་ཞིང་དོར་བར་བྱ་བ་ཁོ་ན་ཡིན་ནོ། །དེ་ནས་མ་ཞུའི་བེའུ་སྣབས་འགྱུར། །གསོར་རུང་ཤུ་དག་རྒྱམ་ཚ་དང་། །པོ་སོན་ཆ་ བཅུག་ཆུ་དྲོན་ནི། །འཐུངས་པས་སྐྱུག་བཅུག །ཅེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི། བཀྲ་ཤིས་པའི་དོན་ཏེ། མ་ཞུ་བའི་བེའུ་སྣབས་ལ་སོགས་པ་ནི་ཤིན་ཏུ་མི་བཟད་ཅིང་། གསོད་པར་བྱ་བ་ཡིན་པ་ལས། མ་ཞུ་བེའུ་སྣབས་སུ་གྱུར་པ་གང་གསོར་རུང་ཞིང་། བཅོས་ པའི་ཐབས་ཡོད་པའི་མ་ཞུ་བ་དེ་ནི་མྱུར་དུ་སྐྱུག་ཏུ་གཞུག་ཅིང་སློན་པར་བྱའ