Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 200

Văn bản gốc(Tây Tạng)

Trang 3 / 19 (50.000 ký tự/trang)
་དང་། མངར་བ་མཐུ་ཆེ་ཞིང་སྟོབས་བསྐྱེད་པས་རང་གི་ནུས་པ་གསལ་བར་བྱེད་ལ། འབྱུང་བ་ཆེན་པོ་རྣམས་ཆེ་ཆུང་གི་ཤས་སྙོམས་
པས། རོ་དེ་རྣམས་མཐུ་ཆེ་བར་འགྱུར་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དུས་བསིལ་བའི་ཕྱིར་ཏེ། ཆར་གྱི་ཚོགས་འབབ་པ་དང་། རླུང་བསིལ་ཞིང་གྲང་བས་སའི་སྟེང་གི་ཚ་བ་ཞི་ཞིང་ཐན་པ་དང་བྲལ་བས་མཐུ་སྐྱེ་བ་ཡིན་ནོ། །འདིར་ཡང་རིམ་པ་བཞིན་དུ་སྦྱར་བར་བྱ་སྟེ། དབྱར་ནི་རོ་སྐྱུར་

བ་མཐུ་བསྐྱེད་པ་ཡིན་ལ། སྟོན་ནི་ལན་ཚྭའོ། །དགུན་སྟོད་ནི་མངར་བའོ། །དགུན་ཚེ་ཆར་དང་ཚ་དུས་སུ། །སྟོབས་ཆུང་ལྷག་མ་དག་ལ་འབྲིང་། །ཞེས་བྱ་བ་ལ། དགུན་ནི་གྲང་བའི་དུས་ཏེ། དགུན་སྟོད་དང་དགུན་སྨད་ཅེས་བྱ་བའོ། །ཆེ་བ་ནི་དེའི་ཚེ་
མི་རྣམས་ཀྱི་མཐུ་སྟོབས་མཆོག་ཏུ་ཆེ་བར་འགྱུར་རོ། །འདིར་དགུན་ཞེས་སྨོས་པས་ནི། དགུན་སྟོད་དང་དགུན་སྨད་གཉི་ག་ཡིན་པར་ཤེས་པར་བྱ་སྟེ། དེའི་ཚེ་ནི་མིའི་སྟོབས་ཤིན་ཏུ་ཆེ་བ་ཡིན་ནོ། །ཆར་དུས་དང་། ཚ་དུས་ནི་དབྱར་དང་སོ་གའི་དུས་ཏེ། དེའི་དུས་སུ་མིའི་སྟོབས་
ཆུང་བ་ཡིན་ནོ། །ལྷག་མ་སྟེ། སྟོན་དང་དཔྱིད་དག་ལ་ནི། མིའི་སྟོབས་འབྲིང་ཞིང་རན་པ་ཡིན་ནོ། །དེ་ལ་རེ་ཞིག་དགུན་གྱི་དུས་ཀྱི་སྤྱོད་པ་སྨྲས་པ་ནི། སྟོབས་ལྡན་གྲང་བས་བཀག་པ་ནི། དགུན་གྱི་དུས་སུ་མེ་སྟོབས་ལྡན། །དེ་ནི་རླུང་གིས་སྦར་བ་ན། །ཟས་ཉུང་གྱུར་ན་ལུས་
ཟུངས་སྐེམས། །དེ་བས་དགུན་ནི་མངར་སྐྱུར་དང་། །ལན་ཚྭའི་རོ་ནི་བསྟེན་པར་བྱ། །ཞེས་བྱ་བ་ལ། སྟོབས་ཞེས་བྱ་བ་སྐྱེས་བུའི་མེ་དགུན་གྱི་དུས་སུ་སྟོབས་དང་ལྡན་པར་འགྱུར་རོ། །དེ་ཡང་དགུན་ནི་སླར་སྟོབས་བསྐྱེད་པའི་དུས་ཡུན་རིང་དུ་བསགས་པ་ཡིན་པས། མིའི་སྟོབས་བསྟན་
པར་གྱུར་པ་ཡིན་གྱི། དང་པོ་རྩོམ་པ་ཙམ་གྱིས་ནི་མ་ཡིན་པས། སྟོབས་འཕྲོག་པའི་དུས་ཀྱི་སྟོབས་རྫོགས་པས། དེ་ལ་གནོད་པར་མི་ནུས་སོ། །དེ་བས་ན་དགུན་ནི་སྟོབས་མཆོག་ཏུ་ཆེ་བར་གྲུབ་པ་ཡིན་ནོ། །དེ་ཉིད་ཀྱིས་ན་དང་པོ་ཉིད་དུ། སྟོབས་ལྡན་གྲང་བས་བཀག་པ་ནི། །ཞེས་སྨོས་པ་
ཡིན་ཏེ། སྟོབས་ནི་འདི་ལྟར་བྱེད་དེ། སླར་སྟོབས་བསྐྱེད་པའི་དུས་སུ་སྟོབས་བསགས་པས། དེའི་ཚེ་སྐྱེས་བུ་སྟོབས་དང་ལྡན་པ་ཡིན་ལ། སྟོབས་དེ་གྲང་བས་བཀག་པས་མི་སྨིན་པར་ནུས་པའི་སྟོབས་དང་ལྡན་པར་འགྱུར་རོ། །འདིར་དངོས་པོའི་ཆོས་ཉིད་ནི་འདི་ཡིན་ཏེ། ཕོ་བའི་མེ་དྲོད་
ཀྱི་ཚོགས་གང་ཡིན་པ་བ་སྤུའི་བུ་ག་རྣམས་ལས་ཕྱིར་འབྱུང་བ་ནི་གྲང་བའི་རེག་པས་བ་སྤུའི་བུ་ག་བཀག་པས་ནང་དུ་འདུས་ལ། ནང་དུ་ཞུགས་པ་དེས་རང་གི་མེའི་དྲོད་དེས་ཕོ་བའི་མེ་དྲོད་དེ་ཉིད་མངོན་པར་འཕེལ་བར་བྱེད་དོ། །ཕོ་བའི་མེ་དྲོད་འཕེལ་བ་དེས་ཅི་ཞིག་བྱེད་ཅེ་ན། དེ་ནི་རླུང་གིས་སྦར་བས་

ན། །ཟས་ཉུང་གྱུར་ན་ལུས་ཟུངས་སྐེམས། །ཞེས་སྨོས་པ་ཡིན་ཏེ། ཕོ་བའི་མེ་དྲོད་དེ་རླུང་གིས་སྦར་ཞིང་བུས་པས། ཟས་ཉུང་བར་འགྱུར་ཞིང་། དེའི་ཚེ་ཁ་ཟས་ལེགས་པར་འགྲངས་པར་ཟོས་ན་དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་བཙོས་ཤིང་སྐེམས་པར་འགྱུར་རོ། །དེ་བས་
ན་དགུན་གྱི་དུས་སུ་ནི་མེའི་དྲོད་བསྲུང་བའི་ཕྱིར། ཁ་ཟས་ལེགས་པར་འགྲངས་པར་བཟའ་བ་ངེས་པ་ཁོ་ནར་བྱ་དགོས་ཏེ། ཕོ་བའི་མེ་དྲོད་ཀྱིས་ཟས་ཀྱི་ཚོད་ལྕི་བ་འཇུ་བར་ནུས་པ་ཡིན་གྱི། དུས་གཞན་དག་ཏུ་ན་དེ་ལྟར་མ་ཡིན་ནོ། །དེ་བས་ན་ཞེས་པ་ནི་རླུང་གིས་ཕོ་བའི་མེ་སྦར་བ་ན་སྟོབས་ཅན་
ཡིན་པ་དེ་ལས་རྒྱལ་བར་བྱ་བའི་ཕྱིར་རོ། །དགུན་ནི་ཁ་བ་འབབ་པའི་དུས་དག་ཏུ་མངར་བ་དང་། སྐྱུར་བ་དང་། ལན་ཚྭའི་རོ་བསྟེན་པར་བྱ་ཞིང་ལོངས་སྤྱད་པར་བྱའོ། །དེ་ཚེ་མཚན་མོ་རིང་བས་ན། །ནང་པར་ཉིད་ནི་བཀྲེས་པར་འགྱུར། །ངེས་པར་བྱ་བ་བྱས་ནས་ནི། །ཇི་སྐད་བཤད་
རྫོགས་དེ་རྗེས་ལ། །རླུང་འཇོམས་ཏིལ་མར་གྱིས་བྱུགས་ཤིང་། །སྤྱི་བོའང་ཏིལ་མར་གྱིས་བྱུགས་མཉེ། །བག་ཡོད་པ་དང་སྟོབས་འབྱེད་ཅིང་། །རྐང་པས་རན་པར་མཉེ་བར་བྱ། །ཞེས་བྱ་བ་ལ། དགུན་གྱི་དུས་དེའི་ཚེ། མཚན་མོ་ནམ་རིང་བས་ནང་པར་ཏེ། ཐོ་རངས་ཀྱི་དུས་ཉིད་དུ་
བཀྲེས་ཤིང་ཟས་འདོད་པར་འགྱུར་རོ། །དེ་བས་ན་དེའི་ཚེ་ངེས་པར་བྱ་བ་ཞེས་བྱ་བ། བཤང་གཅི་དོར་ནས་གཙང་སྦྲའི་ཆོ་ག་བྱ་བ་དང་། སོ་ཤིང་བཅའ་བ་དང་། མཁུར་བ་བཀང་སྟེ་དོར་བ་ལ་སོགས་པ་ནི་ཉིན་རེ་སྤྱད་པའི་ཆོ་གའི་ལེའུ་ལས་ཇི་སྐད་བཤད་པ་རྫོགས་ཤིང་ཟིན་པར་བྱས་ལ།
དེའི་རྗེས་ལ་རླུང་འཇོམས་ཤིང་སེལ་བའི་ཏིལ་མར་གྱིས་རླུང་གི་ནད་གསོ་བ་ལས་བསྟན་པ་བཞིན་དུ་བྱུགས་ཤིང་མཉེ་བ་བསྟེན་པར་བྱའོ། །དེ་བཞིན་དུ་སྤྱི་བོ་སྟེ། མགོར་ཏིལ་མར་གྱིས་བྱུགས་པ་དང་། མཉེ་བ་སྟེ་ཁྱད་པར་དུ་ཡན་ལག་རྣམས་ལག་པ་དག་གིས་མཉེ་བ་དང་། བག་ཡོད་པ་
ནི་མཁས་ཤིང་གོམས་པ་སྟེ། དེ་དང་ལྷན་ཅིག་ལག་པའི་སྟོབས་འགྱེད་པའི་ཚུལ་གྱིས་མཉེ་བར་བྱའོ། །དེ་བཞིན་དུ་རྐང་པས་རན་པར་མཉེ་བ་སྟེ། རྐང་པ་གཉིས་ཀྱི་པགས་པ་དང་། སྤུ་ལ་སོགས་པ་ལ་མི་གནོད་པར་རན་ཞིང་ཅི་རིགས་པར་མཉེ་བར་བྱའོ། །དེ་ནས་བསྐ་བས་སྣུམ་

བསལ་ལ། །ཆོ་ག་བཞིན་དུ་ཁྲུས་དག་བྱ། །གུར་ཀུམ་གླ་རྩི་དང་བཅས་པས། །ལུས་བསྐུས་ཨ་ཀ་རུ་ཡིས་བདུག །ཤ་ཚོན་ཁུ་བ་སྣུམ་བག་དང་། །བུ་རམ་ཆང་དང་ཆང་དངས་ཆང་། །གྲོ་དང་འབྲས་ཁུར་མ་ཤ་དང་། །འོ་མ་བུ་རམ་ཤིང་བྱས་བཟའ། །
ཁ་ཟས་གསར་དང་ཞག་ཏིལ་མར། །དྲོ་འཇམ་ཆུ་ཡིས་གཙང་སྦྲ་བྱ། །ཞེས་བྱ་བ་ནི། དེ་ལྟར་ལུས་བཀྲུས་པའི་འོག་ཏུ་སྲན་ཆུང་གི་ཕྱེ་མ་ལ་སོགས་པ་རྫས་བསྐ་བས་སྣུམ་བསལ་ཞིང་མེད་པར་བྱས་ལ། དེའི་འོག་ཏུ་ཆོ་ག་ཇི་ལྟ་བ་བཞིན་དུ་ཞེས་པ་ཆོ་ག་དང་མི་འགལ་བ་སྟེ། ཆུ་
དྲོན་པོས་ལུས་ཀྱི་སྨད་བཀྲུ་བ་ལ་སོགས་པ་སྔར་ཇི་སྐད་བཤད་པ་བཞིན་དུ་ལུས་བཀྲུ་བར་བྱའོ། །དེ་ནས་ནི་གུར་ཀུམ་གླ་རྩི་དང་བཅས་པས་ལུས་བཀྲུ་བར་བྱའོ། །དེའི་འོག་ཏུ་སྐྱེས་བུའི་ལུས་ཨ་ཀ་རུའི་བདུག་པས་བདུག་པར་བྱའོ། །ཤ་ཚོན་ནི་ཤ་བཟང་པོའོ། །ཁུ་བ་ནི་ཤ་
ཁུའོ། །སྣུམ་ཅན་ནི་མར་ལ་སོགས་པ་དང་ལྡན་པའོ། །དེ་ལ་བུ་རམ་ཆང་ནི་བུ་རམ་ལས་བྱས་པའི་ཆང་ངོ་། །ཆང་དངས་མ་ནི་ཤིན་ཏུ་དངས་པའི་ཆང་ངོ་། །ཡང་ཆང་ཞེས་སྨོས་པ་ནི་ཡང་དེ་ལས་གཞན་པ་ཆང་བསྐ་བ་དག་བཏུང་བའོ། །དེ་བཞིན་དུ་གྲོ་ལས་བྱས་པའི་ཁུར་བ་དང་ལ་དུ་
ལ་སོགས་པ་བཟའ་བ་དང་འབྲས་ཁུར་ཏེ། འབྲས་བཏགས་པ་ལས་བྱས་པའི་ཆང་ངོ་། །ཆང་ངམ་ཤ་ལས་བྱས་པའི་བཟའ་བ་དང་། ཀྲྀ་ས་ར་ལ་སོགས་པའི་བཟའ་བ་དང་། འོ་མ་ལས་བྱས་པའི་ཕྲུམ་དང་ཞོ་དང་ཆུར་བ་ལ་སོགས་པ་དང་། བུ་རམ་ཤིང་ལས་བྱས་པ་སྟེ། བཏུང་
བ་དང་། བུ་རམ་ལ་སོགས་པ་སྟེ། དེ་ཐམས་ཅད་བཟའ་བར་བྱའོ། །དེ་བཞིན་དུ་ཁ་ཟས་སར་པ་ནི་གསར་ཐོག་ལས་བྱས་པའོ། །ཞག་ནི་ཚིལ་མེད་པའི་ཤ་བཙོས་ཏེ་ཚོས་པ་དང་། དེའི་སྟེང་ན་སྣུམ་གང་ཞིག་འབྱུང་བ་དེ་ལ་ནི་ཞག་གི་སྒྲར་བཤད་དོ། །དེ་ཡང་ལུང་ལས། ཚིལ་
མེད་ཤ་ཡི་སྣུམ་གང་ཡིན། །དེ་ནི་ཞག་ཏུ་ཡོངས་སུ་བསྒྲགས། །ཞེས་བཤད་པ་ཡིན་ནོ། །ཏིལ་མར་ནི་ཏིལ་ལས་བྱུང་བ་ཡིན་ནོ། །དེ་བཞིན་དུ་དྲོ་འཇམ་ཆུ་ནི་རན་པར་བསྲོས་པའི་ཆུ་སྟེ། དེས་ཁྲུས་ལ་སོགས་པ་གཙང་སྦྲའི་བྱ་བ་བྱའོ། །བེའུ་རས་སླག་པ་དར་སོགས་བགོ །

དྲེའུ་རྔོག་རེའུ་བལ་ཅན་གདིང་། །རང་བཞིན་དྲོ་ཞིང་ཡང་བ་ཡི། །གོས་བགོས་མལ་ལ་བརྟེན་པར་བྱ། །ཉི་མའི་འོད་ལ་རན་པར་འདི། །དུགས་བྱ་ལྷམ་ནི་རྟག་ཏུ་བགོ། །ཞེས་བྱ་བ་ནི། དེའི་ཚེ་སྐྱེས་བུས་མལ་ལ་བརྟེན་པར་བྱའོ། །ཇི་ལྟ་བུ་ཞེ་ན་བེའུ་རས་ཞེས་བྱ་བ་ལ་སོགས་པ་
སྟེ། བེའུ་རས་ནི་བེའུ་ཕྲུག་གམ་ལྭ་བ་དམར་པོའོ། །སླག་པ་ནི་པགས་པའི་གོས་སོ། །དར་ནི་རྒྱ་ལས་བྱུང་བའོ། །སོགས་པ་ནི་གོས་བཟང་པོ་གཞན་དག་བསྡུའོ། །དྲེའུ་རྔོག་རེའུ་བལ་ཅན་ནི།སྐྱིན་ལ་སོགས་པའི་སྤུ་ལས་བྱས་པའོ། །རང་བཞིན་དྲོ་བ་ནི་ཕལ་ཆེར་སྤུ་དང་ལྡན་
པའོ། །ཡང་བ་ནི་ཕྲ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །དེ་བགོས་པ་ནི་དེ་དག་སྟེང་ནས་བགོ་བ་དང་། འོག་ཏུ་བཏིང་བའི་མལ་སྟན་ལ་སྐྱེས་བུས་བརྟེན་པར་བྱའོ། །དེ་བཞིན་དུ་ཉི་མའི་འོད་ལ་རན་པར་ཞེས་བྱ་བ། འགྲོ་བ་ལ་སོགས་པ་སྤངས་ལ། ཉི་མ་འདི་ཞིང་བསྟེན་པར་
བྱའོ། །དེ་བཞིན་དུ་དུགས་ཏེ་བསྲོ་བ་ལ་སོགས་པའི་དབྱེ་བ་རྣམ་པ་བཞི་དག་ཀྱང་ཅི་རིགས་པར་བསྟེན་པར་བྱའོ། །དེ་བཞིན་དུ་ལྷམ་ཞེས་བྱ་བ་དུས་འདིའི་ཚེ་རྣམ་པ་ཐམས་ཅད་དུ་རྟག་པར་ལྷམ་བགོ་བར་བྱའོ། །ཆུང་མ་གཞོན་ཞིང་ཡིད་འོང་རྒྱགས། །ནུ་མ་བརླ་དང་རོ་སྨད་རྒྱས། །གུར་
གུམ་གྱིས་བྱུགས་སྤོས་ཀྱིས་བདུགས། །ལུས་ཀྱི་དྲོད་ཀྱིས་གྲང་སེལ་བའོ། །ཞེས་བྱ་བ་ནི། དེའི་ཚེ་ཆུང་མ་གཞོན་ཞིང་དར་ལ་བབ་པ་དང་། ཡིད་དུ་འོང་ཞིང་སྙིང་དུ་སྡུག་པ་དང་། ནུ་མ་དང་བརླ་དང་རོ་སྨད་ཀྱི་ཆ་ཤས་ཤིན་ཏུ་རྒྱས་པ་དང་། སྤོས་ཀྱིས་བདུགས་པ་ལ་སོགས་པས་ལུས་
ཀྱི་དྲོད་ཀྱིས་གྲང་བ་སེལ་ནུས་པ་བསྟེན་པར་བྱའོ། །ས་ཁང་ཁང་པ་ཉིས་རིམ་བྱ། །མདག་མེའི་དྲོད་ཀྱིས་བསྲོས་པས་ནི། །གྲང་དང་རྩུབ་པ་ལས་བྱུང་བའི། །ཉེས་པ་ནམ་ཡང་མི་འབྱུང་ངོ་། །ཞེས་བྱ་བ་ལ། ས་ཁང་ནི་གང་ས་བརྐོས་ནས་ཁང་པར་བྱས་པའོ། །ཁང་པ་ཉིས་རིམ་ནི་ཁང་
པའི་ནང་དུ་ཁང་པར་བྱས་པའོ། །མདག་མེ་དག་ནི་དྲོད་ཀྱིས་བསྲོས་པའི་སོལ་བ་མདག་མེར་ལྷགས་པར་བྱས་པའི་དྲོད་ཀྱིས་ཁང་པ་གང་བསྲོས་པར་གྱུར་པ་དེར་གནས་ཤིང་སྤྱོད་པར་བྱེད་པའི་སྐྱེས་བུ་དེ་ལ་ནི་གྲང་བ་དང་རྩུབ་པ་ལས་བྱུང་བའི་ཞེས་པ། གྲང་བ་དང་རྩུབ་པའི་དངོས་པོ་ལས་གྱུར་

པའི་ཉེས་པས་གནོད་པ་ནམ་ཡང་འབྱུང་ཞིང་སྐྱེ་བར་མི་འགྱུར་རོ། །ད་ནི་དགུན་སྨད་ཀྱི་སྤྱོད་པ་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི། དགུན་སྨད་དུས་སུ་ལྷག་པར་ཡང་། །ཆོ་ག་འདི་ཉིད་བྱ་བ་ཡིན། །དེ་ཚེ་ལྷག་པར་གྲང་བ་དང་། །སྟོབས་འཕྲོག་ལས་བྱུང་རྩུབ་
པའང་ཡིན། །ཞེས་བྱ་བ་ལ། དགུན་སྟོད་ཀྱི་བྱ་བ་འདི་ཉིད་ནི། །དགུན་སྨད་ཀྱི་དུས་སུ་ཡང་ལྷག་པར་ཏེ། ཁྱད་པར་དུ་བྱའོ། །དེས་ན་སྣུམ་པ་དང་། རོ་གསུམ་པོ་དགུན་སྟོད་ཀྱི་དུས་སུ་བསྟེན་པར་བཤད་པ་སྟེ། དགུན་སྨད་ཀྱི་དུས་སུ་ཤིན་ཏུ་སྣུམ་པ་བསྟེན་པར་བྱ་ལ། དེ་བཞིན་དུ་
བསྟེན་པར་བྱ་བ་བཤད་པ་གཞན་གང་དག་ཡིན་པ་དེ་རྣམས་དེའི་ཚེ་ལྷག་པར་ཤས་ཆེ་བར་བྱས་ནས་ཐམས་ཅད་བསྟེན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགུན་སྟོད་ཀྱི་དུས་ལས་ཀྱང་དེའི་ཚེ་ལྷག་པར་གྲང་བར་འགྱུར་བ་ནི་དུས་ཀྱི་རང་བཞིན་ཡིན་ལ། དེ་བཞིན་དུ་སྟོབས་འཕྲོག་པའི་
དུས་ལས་བྱུང་བའི་རྩུབ་པ་ཡང་དེའི་ཚེ་འབྱུང་བ་ཡིན་ནོ། །དཔྱིད་ཀྱི་དུས་ཀྱི་སྤྱོད་པ་དག་བསྟན་པ་ནི། དགུན་ནི་བད་ཀན་ཁོང་ན་སོགས། །དཔྱིད་དུས་ཉི་མའི་འོད་དྲོས་པས། །མེ་ཡི་དྲོད་ཉམས་ནད་སྐྱེད་དེ། །དེ་བས་དེ་ནི་མྱུར་དུ་བསལ། །རྣོ་དང་སྐྱུག་སྨན་སྣ་སྨན་སོགས། །ཡང་དང་
རྩུབ་པའི་ཁ་ཟས་དང་། །བཅག་དང་ལུས་ཕྱི་མཉེ་བ་ཡིས། །བད་ཀན་བདོ་བའི་ནད་བསལ་བྱ། །ཁྲུས་བྱས་ག་བུར་ཙནྡན་དང་། །གུར་གུམ་ལ་སོགས་བསྐུ་བར་བྱ། །ཞེས་བྱ་བ་ལ། དགུན་ཞེས་པ་ནི་གྲང་བར་ཆ་མཐུན་པས། དགུན་སྟོད་དང་དགུན་སྨད་གཉི་ག་ཡིན་པར་ཤེས་པར་
བྱའོ། །དེའི་ཚེ་ནི་བད་ཀན་ཁོང་དུ་སོགས་ཤིང་འཕེལ་བ་ཡིན་ནོ། །དེ་ཡང་གང་གི་ཕྱིར་དགུན་སྟོད་དང་། དགུན་སྨད་ཀྱི་དུས་སུ་སྣུམ་བག་ལ་སྤྱོད་པ་དང་། དེ་བཞིན་དུ་དུས་ལས་བྱུང་བའི་གྲང་བས་འདི་ལྷག་པར་བསྒོངས་པར་གྱུར་པ་དང་། དེ་དཔྱིད་ཀྱི་དུས་ལ་བབ་པ་དང་། ཉི་མའི་
འོད་ཟེར་གྱི་ཚ་བས་གདུངས་པ་དང་། གཟུགས་ཞུ་བ་ཉིད་དུ་གྱུར་ནས། ཆུ་ལྟར་མེའི་མི་མཐུན་པའི་ཕྱོགས་སུ་འགྱུར་རོ། །དེས་ན་ཕོ་བའི་མེ་དྲོད་ཉམས་པར་བྱས་ཤིང་བཅིལ་ནས། ནད་སྐྱེད་པར་བྱེད་ཅིང་འབྱུང་བར་བྱེད་དོ། །དེ་བས་ན་དཔྱིད་ཀྱི་དུས་ལ་བབ་མ་ཐག་བད་ཀན་ཆུའི་ཚོགས་

ལྟར་གནས་པ་དེ་མྱུར་དུ་ཟམ་པ་ལྟ་བུའི་སྐྱུག་སྨན་ལ་སོགས་པས་བད་ཀན་བདོ་བ་བསལ་ཞིང་བཟློག་པར་བྱའོ། །དེའི་མི་མཐུན་པའི་ཕྱོགས་ནི་སྨན་རྣོན་པོ་རྣམས་གཏང་བ་དང་། དེ་བཞིན་དུ་ཡང་བ་དང་རྩུབ་པའི་ཁ་ཟས་ཏེ། ཟས་ཕལ་མོ་ཆེ་ཁ་བ་དང་། བསྐ་བ་ལ་སོགས་པ་དང་
ལྡན་པ་བཟའ་བ་དང་། དེ་བཞིན་དུ་བཅག་པ་ལ་སོགས་པས་བད་ཀན་བདོ་བ་བསལ་ཞིང་བཟློག་ནས། དེའི་འོག་ཏུ་ཁྲུས་བྱས་ལ། ག་བུར་ལ་སོགས་པས་ལུས་བཀྲུ་ཞིང་བྱུག་པར་བྱའོ། །ནས་དང་གྲོ་ནི་རྙིང་པ་དང་། །སྦྲང་རྩི་སྐམ་སའི་བསྲེགས་ཤ་བཟའ། །ཨ་མྲའི་ཁུ་དང་སྦྱར་
བ་ཡི། །ཁུ་བ་སྐོམ་དུ་སྦྱར་བ་བཏུང་། །ཆུང་མ་དྲི་ཞིམ་ཨུཏྤལ་གྱི། །མིག་དང་ལྡན་དང་ལྷན་ཅིག་ཅིང་། །ཡིད་ནི་དགའ་ཞིང་བདེར་བྱས་པས། །གྲོགས་དང་ལྷན་ཅིག་བཏུང་བར་བྱ། །སྐྱོན་མེད་ཆང་རྒན་དྲོ་འཇམ་དང་། །བུ་རམ་རྒུན་ཆང་སྦྲང་ཆང་དང་། །སྒ་ཆུ་བསྐོལ་དང་སེའུའི་ཆུ། །
སྦྲང་ཆུའམ་གླ་སྒང་ཆུ་བཏུང་བྱ། །ཞེས་བྱ་བ་ནི། གང་ནས་རྙིང་པ་དང་། གྲོ་རྙིང་པ་དང་། སྦྲང་རྩི་དང་། སྲོག་ཆགས་སྐམ་ས་ན་གནས་པའི་ཤ་ཐུར་མ་ལ་བསྐྱོན་ཏེ། བསྲེགས་པ་དེ་ཟ་བ་དང་། ཆང་ལེགས་པར་བཏུང་བར་བྱའོ། །ཇི་ལྟ་བུ་ཞེ་ན། ཨ་མྲའི་ཁུ་བ་དང་སྦྱར་བ་ཞེས་པ་
སྟེ། ཤིང་ཙུ་ཏའི་ཁུ་བ་དང་སྦྱར་བ་དེ་བཏུང་བར་བྱའོ། །དེ་བཞིན་དུ་ཆུང་མ་ཨུཏྤལ་ལྟ་བུའི་མིག་དང་ལྡན་པའི་མཚན་མ་དང་ལྷན་ཅིག་བཏུང་བར་བྱའོ། །དེ་བཞིན་དུ་ཡིད་དགའ་ཞིང་དང་བར་བྱ་བ་དང་། སེམས་བདེ་ཞིང་ཚིམ་པར་བྱ་བ་དང་། དེ་བཞིན་དུ་གྲོགས་པོ་མཛའ་བཤེས་རྣམས་དང་
ལྷན་ཅིག་བཏུང་བར་བྱའོ། །དེ་བཞིན་དུ་སྐྱོན་མེད་པ་སྟེ། མདོག་དང་། དྲི་དང་། རོ་དང་། གཟུགས་ཕུན་སུམ་ཚོགས་པའི་ཆང་རྒན་ལ་སོགས་པའི་ཆང་གི་བྱེ་བྲག་བཏུང་བར་བྱའོ། །དེ་ལ་ཆང་རྒན་ནི་གང་ཡུན་རིང་དུ་སྦྱར་ཞིང་བསླངས་པ་ལ་བྱའོ། །དྲོ་འཇམ་ནི་གང་བསྐོལ་ནས་བྱས་པ་
དེ་ནི་དྲོ་འཇམ་མོ། །བུ་རམ་ཆང་ནི་བུ་རམ་ཤིང་གི་ཁུ་བ་ལས་ཆང་དུ་བྱས་པའོ། །རྒུན་ཆང་ནི་རྒུན་འབྲུམ་ལས་བྱས་པའོ། །སྦྲང་ཆང་ནི་སྦྲང་རྩི་ལས་བྱས་པའོ། །དེ་བཞིན་སྒ་ཆུ་བསྐོལ་བ་ནི། །བཅའ་སྒ་བསྐོལ་བའི་བཏུང་བའོ། །སེའུའི་ཆུ་ནི་སེའུ་འབྲུ་བསྐོལ་བའི་ཆུའོ། །

སྦྲང་རྩིའི་ཆུ་ནི་སྦྲང་རྩི་དང་ཆུ་སྦྱར་ཏེ་བཏུང་བར་བྱས་པའོ། །གླ་སྒང་ཆུ་ནི་གླ་སྒང་བསྐོལ་བའི་ཆུ་བཏུང་བའོ། །ལྷོ་ཕྱོགས་བསེར་བུས་བསིལ་བ་དང་། །མཐའ་མ་ཀུན་ཏུ་ཆུ་འབབ་ལ། །ཉི་མའི་འོད་ནི་མི་སྣང་དང་། །ནོར་བུ་བཅག་འདྲའི་མདངས་ལྡན་པ། །
ཁུ་བྱུག་སྙན་པའི་སྒྲ་སྒྲོགས་ཤིང་། །འདོད་པའི་ལོངས་སྤྱོད་ལྡན་པའི་ས། །སྣ་ཚོགས་མེ་ཏོག་ལྡན་པའི་ཤིང་། །དྲི་ཞིམ་སྐྱེད་མོས་ཚལ་དུ་ནི། །དགའ་འདུན་གཏམ་ནི་སྣ་ཚོགས་པས། །ཕྱེད་དུས་བདེ་བས་བདེ་བར་བྱ། །ཞེས་བྱ་བ་ལ། སྐྱེད་མོས་ཚལ་གྱི་ནགས་ཚལ་དུ་འདུག་
ལ། ཉི་མ་ཕྱེད་ཀྱི་དུས་སུ་བདེ་བ་ཉིད་ཀྱིས་དུས་འདའ་བར་བྱའོ། །ཇི་ལྟར་ཞེ་ན། དགའ་འདུན་གཏམ་ནི་སྣ་ཚོགས་པ། །ཞེས་བྱ་བ་ཡིན་ཏེ། དགའ་འདུན་ནི་གླུ་དང་རོལ་མོ་སྣ་ཚོགས་ལེན་པ་དང་། གཏམ་སྟེ་སྙན་དངགས་ཀྱི་གཏམ་སྣ་ཚོགས་པ་བྱ་བས་སོ། །གང་དུ་ཞེ་ན། ལྷོ་ཕྱོགས་
བསེར་བུས་བསིལ་བ་དང་། །ཞེས་བྱ་བ་ལ་སོགས་པ་སྟེ། ལྷོ་ཕྱོགས་ཀྱི་རླུང་ནི་རྗེས་སུ་མཐུན་པར་ལྡང་བའི་རླུང་གང་ཡིན་པ་སྟེ། རྡུལ་དང་བྱེ་མ་དང་གསེག་མ་དང་བཅས་པར་ལྡན་པ་ནི་མ་ཡིན་ཏེ། དེ་ལྟ་བུའི་རླུང་གིས་བསིལ་བར་གྱུར་པའི་སྐྱེད་མོས་ཚལ་དུའོ། །ཡང་ན་ལྷོ་ཕྱོགས་ནས་ལྡང་
བའི་རླུང་ནི་བསིལ་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་མཐའ་མ་ཀུན་ཏུ་ཆུ་འབབ་པའི་ངང་ཚུལ་དང་ལྡན་པའོ། །དེ་བཞིན་དུ། ཉི་མའི་འོད་ནི་མི་སྣང་དང་། །ཞེས་པ་སྟེ། ཇི་སྲིད་ནུབ་པ་དེ་སྲིད་ཀྱི་བར་དུ་ཉི་མ་མི་སྣང་བ་སྟེ། དེ་ལྟར་ཤིན་ཏུ་སྟུག་པའི་ནགས་ཚལ་དེར་རོ། །ཡང་ན་ཕྱོགས་ལ་ལ་ནི་མི་
སྣང་ཞིང་ཅུང་ཟད་སྣང་ལ། ལ་ལ་ནི་རྣམ་པ་ཐམས་ཅད་མི་སྣང་བར་གྱུར་པའོ། །དེ་བཞིན་དུ། ནོར་བུ་བཅག་འདྲའི་མདངས་ལྡན་པ། །ཞེས་བྱ་བ་སྟེ། བཻ་ཌཱུརྱ་ལ་སོགས་པའི་ནོར་བུ་བཅག་པ་ལྟ་བུའི་འོད་དང་ལྡན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ། ཁུ་བྱུག་སྙན་པའི་སྒྲ་སྒྲོགས་
ཤིང་། ཞེས་བྱ་བ་སྟེ། སྐྱེད་མོས་ཚལ་དེ་ལ་ཁུ་བྱུག་རྣམས་སྒྲ་སྒྲོགས་ཤིང་ཅ་ཅོ་འདོན་པ་དང་། དེ་བཞིན་དུ། འདོད་པའི་ལོངས་སྤྱོད་ལྡན་པའི་ས། །ཞེས་པ་སྟེ། སྣ་ཚོགས་པའི་གཟུགས་ཡིད་དུ་འོང་བ་དང་། འདོད་པའི་ཡུལ་དུ་མ་དང་ལྡན་པའི་ནགས་ཚལ་ལོ། །དེ་བཞིན་དུ། སྣ་ཚོགས་མེ་

ཏོག་ལྡན་པའི་ཤིང་། །ཞེས་བྱ་བ་སྟེ། སྣ་ཚོགས་ཤིང་ཐ་དད་པའི་སྟེ། མེ་ཏོག་དང་ལྡན་པའི་ཤིང་དུ་མ་དང་། དེ་བཞིན་དུ་དྲི་ཞིམ་པ་སྟེ། ཡིད་དུ་འོང་བའི་དྲི་འབྱུང་བའི་ཚུལ་ཅན་གྱི་སྐྱེད་མོས་ཚལ་དུ་ཉི་མ་ཕྱེད་པའི་དུས་བདེ་བར་བྱའོ། །ལྕི་བསིལ་ཉིན་མོ་ཉལ་བ་དང་། །སྣུམ་བག་
མངར་སྐྱུར་སྤང་བར་བྱ། །ཞེས་བྱ་བ་ནི། དེའི་ཚེ་ལྕི་བ་ནས་སྐྱུར་བའི་བར་ནི་བད་ཀན་འཕེལ་བར་བྱེད་པ་ཡིན་པས་དེའི་ཕྱིར་སྤང་བར་བྱའོ། །སོ་གའི་སྤྱོད་པ་སྨྲས་པ་ནི། །ཉི་མའི་འོད་ཟེར་རབ་ཚ་བས། །སོ་ག་འཕྲོག་པ་འདྲ་བ་ཡིན། །དེ་བས་དེ་ཚེ་ལན་ཚྭ་ཚ། །སྐྱུར་རྩོལ་ཉི་མའི་འོད་
ཟེར་སྤང་། །ཞེས་བྱ་བ་ལ། ཉི་མ་ནི་འོད་ཟེར་སྟོང་ལྡན་ནོ། །དེ་ནི་སོ་གའི་དུས་སུ་ཚ་བར་འགྱུར་ཏེ། སྟོབས་འཕྲོག་པའི་རང་བཞིན་མཐར་ཐུག་པའི་དུས་ཡིན་པའི་ཕྱིར་རོ། །དེ་ནི་འཕྲོག་པ་དང་འདྲ་བར་སྟོན་པ་ཡིན་ཏེ། སྔར་རྣམ་པར་དཔྱད་པའི་ལས་གཞན་དག་བྱ་བར་རིགས་པ་མ་ཡིན་
ནོ། །དེ་བཞིན་དུ་བསིལ་བའི་ཡོན་ཏན་དང་། འགྲོ་བའི་སྣུམ་པ་དག་ཀྱང་འཕྲོག་པ་འདྲ་བ་ཉིད་ཡིན་ནོ། །དེ་བས་ན་དེའི་ཚེ་ལན་ཚྭ་སྣ་ཚོགས་ལ་སོགས་པ་ཡང་སྤང་བར་བྱ་སྟེ། དེ་ནི་སྟོབས་སེལ་བར་བྱེད་པ་ཡིན་ནོ། །དེ་ཚེ་ཞེས་བྱ་བ་འདིས་ནི། འདི་སྐད་སྟོན་པ་ཡིན་ཏེ། དམན་ཞིང་ཤེས་
ཆུང་བའམ། ལོག་པར་གྱུར་པའི་ཚེ། ལན་ཚྭ་ལ་སོགས་པ་སྤང་བར་མི་བྱའི་རང་གི་མཚན་ཉིད་ཇི་ལྟ་བུ་དང་ལྡན་པ་དེའི་ཚེ་བྱ་བ་ཡིན་ནོ། །དེ་ལ་ཚ་བ་ནི་ན་ལེ་ཤམ་ལ་སོགས་པའོ། །སྐྱུར་བ་ནི་དར་བ་སྐྱུར་བ་དང་སྐྱུར་པོ་ལ་སོགས་པའོ། །རྩོལ་བ་ནི་ལུས་དུབ་པར་བྱེད་པའི་ལས་རྣམས་སོ། །
ཉི་མའི་འོད་ཟེར་ནི་ཉི་མ་ཚ་བའི་འོད་དེ་དེ་དག་སྤང་བར་བྱའོ། །དེ་ནས་དུས་དེའི་ཚེ་ཅི་ཞིག་བསྟེན་པར་བྱ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། ཟས་ནི་མངར་དང་ཡང་བ་དང་། །སྣུམ་བསིལ་སླ་བ་ཉིད་བསྟེན་བྱ། །ཞེས་བྱ་བ་ནི། དེའི་ཚེ་ཟས་མངར་བ་ཉིད་ཡང་དང་ཡང་དུ་བསྟེན་ཞིང་གོམས་པར་བྱའོ། །
རོ་གཞན་ལ་བསྟེན་པར་མི་བྱའོ། །དེ་བས་ན་ཉིད་ཅེས་བྱ་བ་ངེས་པར་བཟུང་བར་བསྟན་པ་ཡིན་ནོ། །དེ་བཞིན་དུ་ཟས་ཡང་བ་སྟེ་རང་བཞིན་གྱིས་ཡང་བ་དང་། ཚོད་ཟིན་པར་བཟའ་ཞིང་། ཡང་བར་བྱ་བ་སྣུམ་པ་སྟེ། མར་དང་། འོ་མ་ལ་སོགས་པ་དང་སྦྱར་བ་དང་། བསིལ་བ་སྟེ་གྲང་བ་ཉིད་

དང་། སླ་བ་སྟེ་ཀན་ཏེར་མ་གྱུར་པ་ཉིད་བསྟེན་ཅིང་བཟའ་བར་བྱའོ། །རབ་བསིལ་ཆུ་ཡིས་ལུས་བཀྲུ་ཞིང་། །ཕྱེ་ཟན་ཁ་རར་བཅས་པ་བཟའ། །ཞེས་བྱ་བ་ནི། རབ་ཏུ་བསིལ་བའི་ཆུས་ལུས་བཀྲུ་ཞིང་གཏོར་བ་དང་། ཕྱེ་ཟན་སླན་ཏེ་ཁ་ར་དང་སྦྱར་བ་ལྷག་ཅིང་
བཟའ་བར་བྱའོ། །ཆང་མི་བཏུང་སྟེ་འཐུང་ན་ཡང་། །ཉུང་བའམ་ཆུ་མང་བསྲེས་ལ་བཏུང་། །ཞེས་བྱ་བ་ནི། སོ་ག་ཚ་བའི་དུས་སུ་ཆང་བཏུང་བར་མི་བྱའོ། །གལ་ཏེ་དེ་གཏོང་མི་ཕོད་ན། ཉུང་ཟད་ཅིག་གམ། ཆུ་མང་པོས་བསྲེས་ལ་བསླད་དེ་བཏུང་བར་བྱའོ། །གཞན་དུ་དེ་ནི་
ཁ་སྐམ་ལྷོད། །ཚ་དང་རྨོངས་པར་བྱེད་པ་ཡིན། །ཞེས་བྱ་བ་ནི། གཞན་དུ་ན་ཆང་དེ་མང་དུ་འཐུངས་པའམ། ཆུ་མང་པོས་མ་བསླད་པར་འཐུངས་ན། ཁ་སྐམ་ཞིང་མཆིལ་མ་བསྐ་བ་དང་། ལྷོད་པ་སྟེ་ལུས་ལྷོད་ཅིང་ཞིག་པ་སྙམ་བྱེད་པ་དང་། ཚ་བ་སྟེ་ཡན་ལག་ཐམས་ཅད་
ཚ་བས་འདེབས་པ་དང་། རྨོངས་པ་སྟེ། སེམས་མེད་པ་སྙམ་དུ་བྱེད་པར་འགྱུར་རོ། །ཆང་བཏུང་བར་མི་བྱའོ་ཞེས་བྱ་བའི་སྐབས་འདིར་རང་བཞིན་གྱིས་དབྱེ་བ་ལ་བརྟེན་ཏེ་སྨྲས་པ་ཡིན་གྱི། ཡུལ་གཅིག་ལ་ནི་མ་ཡིན་ནོ། །འོ་ན་ཅི་ཞིག་ཡིན་ཞེ་ན། །ཐ་དད་པའི་ཡུལ་གསུམ་སྟེ།
དེས་བྱ་བ་དགག་པ་ནི་ཡུལ་གཅིག་ལ་ཡིན་པས་འགལ་བར་འགྱུར་རོ། །དེ་ལ་རེ་ཞིག་དུས་སུ་སྤྱད་པ་ལ་སོགས་པའི་ཆོ་ག་འདི་ནི་ཁམས་མཉམ་པ་བདེ་བར་གནས་པ་ལས་བརྩམས་ཏེ། ཐམས་ཅད་ངེས་པར་བཤད་པ་ཡིན་ནོ། །དེ་བས་ན་ཁམས་སྙོམས་པ་ཆང་ལ་སྲེད་པས་གང་
ཅི་ཡང་རུང་བ་དེ་བཏུང་བར་མི་བྱའོ། །དེ་བས་ཀྱང་མཁྲིས་པའི་རང་བཞིན་ཅན་དག་གིས་ནི་ཤིན་ཏུ་བཏུང་བར་མི་བྱའོ་ཞེས་པ་འདི་ནི་དགག་པའི་ཡུལ་ཡིན་ནོ། །ཆོ་གའི་དབྱེ་བ་ནི་རླུང་དང་། བད་ཀན་གྱི་རང་བཞིན་ཅན་དང་། དེ་བཞིན་དུ་མཁྲིས་པ་དང་བད་ཀན་གྱི་རང་བཞིན་ཅན་
གྱིས་བཏུང་བར་མི་བྱ་ཞིང་། དེ་བཞིན་དུ་རླུང་དང་མཁྲིས་པའི་རང་བཞིན་ཅན་གྱིས་ཀྱང་བཏུང་བར་མི་བྱ་སྟེ། ཆང་ནི་ཕལ་ཆེར་རླུང་དང་མཁྲིས་པ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ཡང་ཕལ་ཆེར་ཆང་གི་ཉེས་པ་ནི་མཁྲིས་པ་དང་རླུང་གི་མཐར་ཐུག་པའི་ནད་སྐྱེད་པར་བྱེད་པ་ལེན་པས་གསུམ་པོ་དེ་དག་

གིས་སོ་གའི་དུས་སུ་ཆང་དེ་ཟད་པར་བྱ་བའི་ཕྱིར། དུས་གཞན་གྱི་ཚེ་ན་འཐུང་བ་ལྟར་མང་པོ་བཏུང་བར་མི་བྱའོ། །དེ་དང་ཆ་མཐུན་པ་ཉུང་ཟད་ཅིག་བཏུང་བར་བྱ་ལ། དེ་བཞིན་དུ་བད་ཀན་དང་། མཁྲིས་པའི་རང་བཞིན་ཅན་ཆང་ལ་སྲེད་པ་དག་གིས་ནི་བད་ཀན་ཟད་པར་བྱ་བའི་
ཕྱིར་དང་། མཁྲིས་པ་དང་ཡང་མི་མཐུན་པ་མེད་པར་བྱ་བར་འདོད་ན་ཆང་དེ་ཆུ་མང་པོས་བསྲེས་ཏེ་བཏུང་བར་བྱའོ། །ཡང་ན་གནས་སྐབས་ཀྱི་དབྱེ་བ་ལས། ཡུལ་གྱི་དབྱེ་བ་སྟེ། གང་གིས་ཆང་དེ་འཐུངས་པས་དེས་སོ་གའི་དུས་སུ་གནས་སྐབས་ལ་ལར་ནི། ཉུང་ཟད་ཅིག་བཏུང་
བར་བྱ་ལ། གནས་སྐབས་ལ་ལར་ནི་ཆུ་མང་པོས་བསླད་དེ་བཏུང་བར་བྱའོ། །འབྲས་ཆན་ཀུན་ད་ཟླ་ལྟར་དཀར། །སྐམ་སའི་སྲོག་ཆགས་ཤ་དག་བཟའ། །ཞེས་བྱ་བ་ནི་འབྲས་སཱ་ལུ་ལ་སོགས་པའི་འབྲས་ཆན་ཀུན་ད་དང་། ཟླ་བ་ལྟར་དཀར་བ་དེ་སྲོག་ཆགས་སྐམ་ས་ན་གནས་
པའི་ཤ་དང་བཅས་པར་བཟའ་ཞིང་ལོངས་སྤྱད་པར་བྱའོ། །ཁུ་བ་མི་སྐ་ཞོ་དང་ནི། །བུ་རམ་སྦྱར་སོགས་གཡོས་བྱས་བཏུང་། །ཕལ་ཆེར་སྐྱུར་བ་བཏུང་བར་བྱ། །ཞེས་བྱ་བ་ལ། ཁུ་བ་ནི་ཤ་ཁུ་སྟེ་དེ་བཏུང་བར་བྱའོ། །མི་སྐ་བ་ནི་གར་པོ་མ་ཡིན་པ་སླན་ཏེའོ། །དེ་བཞིན་དུ་ཞོ་དང་བུ་རམ་སྦྱར་
ཏེ། སྤོད་ཀྱིས་བཏབ་པ་བཏུང་བ་དང་། དེ་བཞིན་དུ་རྒུན་འབྲུམ་དང་། སེའུ་ལ་སོགས་པ་ལས་གཡོས་སུ་སྦྱར་བ་ཕལ་ཆེར་སྐྱུར་བ་བཏུང་བར་བྱའོ། །སྙིང་པོ་ལྔ་ཡི་བཏུང་བ་ནི། །ཁམ་ཕོར་སར་པ་ལ་གནས་པ། །ཆུ་ཤིང་རྒྱ་སྟར་དུམ་བུར་བསྲེས། །སྐྱུར་བཅས་ཁམ་ཕོར་སྣོད་
ཀྱིས་བཏུང་། །ཞེས་བྱ་བ་ནི་ཆུ་དང་། སྦྲང་རྩི་དང་། ནཱ་ག་གེ་སར་ལ་སོགས་པ་དང་སྦྱར་བའི་བཏུང་བ་བཏུང་བར་བྱའོ། །སྙིང་པོ་ལྔ་ནི་རླུང་དང་མཁྲིས་པ་གསོ་བའི་གནས་སྐབས་ནས་བསྟན་པའི་སྐྱོ་མའི་བཏུང་བ་རྫ་བུམ་གསར་པའི་ནང་དུ་བཅུག་ཅིང་བཞག་པ་སྟེ། འབྲང་རྩི་འབྲ་
གོ་རྒུན་འབྲུམ་དང་། །པ་རུ་ཤ་ཀ་ཁ་རའི་ཆུ། །སྙིང་པོ་ལྔ་ཡི་སྐྱོ་མ་ནི། །འབྲས་ཡོས་ཕྱེ་དང་མར་བཅས་བཏུང་། །ཞེས་ཁྲག་མཁྲིས་གསོ་བའི་གནས་སྐབས་ལས་ཀྱང་བཤད་པ་ཡིན་ཏེ་དེ་བཏུང་བར་བྱའོ། །ཆུ་ཤིང་རྒྱ་སྟར་དུམ་བུར་བསྲེས། །ཞེས་བྱ་བ་ནི། ཆུ་ཤིང་གི་འབྲས་བུ་དང་།

རྒྱ་སྟར་གྱི་འབྲས་བུའི་དུམ་བུ་དང་བསྲེ་བ་དང་། སྐྱུར་བཅས་ཞེས་བྱ་བ་ནི། སེའུ་དང་སྐྱུ་རུ་ར་ལ་སོགས་པས་རོ་སྐྱུར་བར་བྱས་པའོ། །ཁམ་ཕོར་སྣོད་ཀྱིས་ཞེས་བྱ་བ་ནི། ས་ལས་བྱས་པའི་ཁམ་ཕོར་སྲབ་མོ་ཆུང་ངུས་བཏུང་བའོ། །ཆུ་ནི་པ་ཏ་ལས་བསྒོས་ཤིང་། །
ག་པུར་བཅས་ཤིང་ཤིན་ཏུ་བསིལ། །ཞེས་བྱ་བ་ལ། དེ་བཞིན་དུ་ཆུ་བཏུང་བར་བྱ་སྟེ། དེ་ཡང་པ་ཏ་ལས་བསྒོས་པ་ཞེས་པ། པ་ཏ་ལའི་མེ་ཏོག་གིས་དྲི་ཞིམ་པར་བྱས་པ་དང་། ག་པུར་ལ་སོགས་པ་དང་བསྲེས་ཤིང་ཤིན་ཏུ་བསིལ་བར་བཏུང་ངོ་། །ཟླ་ཟེར་ལྟ་བུའི་བཟའ་བ་ནི། །མཚན་
མོའི་དུས་སུ་བཟའ་བ་དང་། །ཟླ་བ་སྐར་མ་ལྟར་དཀར་བའི། །མ་ཧེའི་འོ་མ་བསིལ་པོ་བཏུང་། །ཞེས་བྱ་བ་ལ། ཟླ་ཟེར་ལྟ་བུའི་བཟའ་བ་ཞེས་བྱ་བ་ནི་འབྲས་ཀྱི་ཁུར་བ་ག་ཕུར་དང་བཅས་ཤིང་ཁོང་སྟོང་དུ་བྱས་པ། ཁ་ར་དཀར་པོ་ལ་སོགས་པ་བཅུག་པ་མཚན་མོའི་དུས་སུ་བཟའ་བར་བྱ་ཞིང་
མ་ཧེའི་འོ་མ་ཁ་ར་དཀར་པོ་དང་བཅས་པ། ཟླ་བ་དང་སྐར་མའི་འོད་ཀྱིས་བསིལ་བར་གྱུར་པ་བཏུང་བར་བྱའོ། །སཱ་ལ་ཏ་ལ་ཆེན་པོ་ནི། །སྤྲིན་རེག་ཚ་བའི་འོད་ཟེར་སྒྲིབ། །རྒུན་འབྲུའི་སྙེ་མ་གཡུར་ཟ་ཞིང་། །འཁྲི་ཤིང་ལྡན་དང་ནགས་ཚལ་བཟང་། །དྲི་བཟང་ཁང་པ་ཆུ་ཡིས་ནི། །བསིལ་ཁང་
ལུས་དང་འཚམ་བྱས་པར། །ཆག་ཆག་བཏབ་དང་ཨ་མྲ་ཡི། །ལྡུམ་བུ་འབྲས་བུ་འཕྱང་བ་དང་། །ཆུ་ཤིང་འདབ་དང་ཀལ་ལྷ་ར། །པད་རྩ་པདྨ་ཨུཏྤ་ལ། །མེ་ཏོག་རྒྱས་པ་དང་ལྡན་པར། །འཇམ་པའི་གནས་མལ་བཅས་ནས་ནི། །ཕྱེད་དུས་ཉི་མས་གདུངས་པ་ན། །ཉལ་བའམ། ཞེས་བྱ་
བ་ལ། སྐྱེད་མོས་ཚལ་དག་ཏུ་སྐྱེས་བུའི་རང་གི་ལུས་ཀྱི་ཚད་དང་མཉམ་པའི་མལ་དུ། ཉི་མ་ཕྱེད་ཀྱི་དུས་སུ་ཉལ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །སྐྱེད་མོས་ཚལ་ནི་ཅི་ལྟ་བུར་ཞེ་ན། སཱ་ལ་ཏ་ལ་ཆེན་པོ་ནི། །ཞེས་པ་ཤིང་སཱ་ལ་དང་། ཏ་ལ་སྤྲིན་རེག་ཅེས་པ་བར་སྣང་དག་ལ་ཤིན་ཏུ་འཕགས་ཤིང་།
རྩེ་མོས་སྙོབ་པ་ལྟ་བུར་གནས་པ་གང་ཡིན་པ་དེས་ཚ་བའི་འོད་ཟེར་ཞེས་པ་སོ་གའི་ཉི་མ་ཚ་བའི་འོད་ཟེར་སྐྱེད་མོས་ཚལ་དུ་འབབ་པ་གང་ཡིན་པ་དེ་སྒྲིབ་ཅིང་འགེབས་པར་བྱེད་པ་དང་། དེ་བཞིན་དུ་རྒུན་འབྲུའི་སྙེ་མ་སྟེ། འབྲས་བུའི་ཚོགས་གཅིག་ཏུ་འབྱར་བ་ནི་སྙེ་མ་ཞེས་བྱ་སྟེ། དེ་གཡུར་

ཟ་ཞིང་འཕྱང་བ་དང་། མ་དུ་ཀ་ལ་སོགས་པའི་འཁྲི་ཤིང་གི་ཡལ་ག་རྣམས་ལ་འཇུས་ཤིང་འཁྲིས་པ་སྟེ། དེ་ལྟ་བུའི་སྐྱེད་མོས་ཚལ་དུ་ཉལ་བར་བྱའོ། །གཞན་ཡང་འོད་མ་ལ་སོགས་པ་ལས་བྱས་པའི་ཁང་པར་དྲི་བཟང་པོ་སྟེ། ག་བུར་ལ་སོགས་པའི་དྲིས་བསྒོས་ཤིང་། ཁ་བས་གྲང་བར་
བྱས་པའི་ཆུས་ཆག་ཆག་བཏབ་ཅིང་། བརླན་པར་བྱས་པ་དང་། དེ་བཞིན་དུ་ལུས་དང་འཚམ་པར་བྱས་པའི་གནས་དེའི་ཉེ་འཁོར་ན། གོས་ཀྱི་ཚོགས་དཔྱངས་པ་དང་། དེ་བཞིན་དུ་ཨ་མྲའི་ལྡུམ་བུ་བྱུ་རུ་ལྟར་དམར་བའི་ཡལ་ག་སར་པ་དང་། དེའི་འབྲས་བུའི་ཚོགས་འཕྱང་བ་དེས་
ཀུན་ནས་བསྐོར་ཞིང་ཁྱབ་པ་དང་། ཅི་སྐྱེད་མོས་ཚལ་དེར་ལུས་ཀྱི་ཚད་དང་འཚམ་པར་བྱས་པའི་སྤྱིལ་བུར། མལ་ཁྲི་མེད་པར་བབ་བབ་ཏུ་ཉལ་བར་བྱ་བའམ། འོན་ཏེ་མ་ཡིན་ཞེ་ན། དེའི་ཕྱིར་མལ་སྟན་བཅས་པ་ཞེས་བྱ་བ་སྨོས་པ་ཡིན་ནོ། །གང་གིས་བཅའ་ཞེ་ན། ཆུ་ཤིང་
འདབ་མ་ལ་སོགས་པས་སོ། །ཇི་ལྟ་བུ་ཞེ་ན། འཇམ་པོའོ། །དེ་ལ་ཆུ་ཤིང་གི་འདབ་མ་ནི་ཆུ་ཤིང་གི་འདབ་མའོ། །ཀལ་ལྷ་ར་ནི་གན་དྷ་སོ་མ་གའོ། །པདྨའི་རྩ་བ་ནི། པདྨའི་རྩ་བ་གཞོན་ནུའོ། །པདྨའི་མེ་ཏོག་ནི་པདྨའོ། །ཨུཏྤ་ལ་ནི་ཨུཏྤ་ལ་སྔོན་པོའོ། །གཞན་ཡང་ཅི་ལྟ་བུ་ཞེ་
ན། མེ་ཏོག་རྒྱས་ཏེ་མེ་ཏོག་གི་ཡལ་ག་དགོད་པ་ལྟ་བུ་དང་ལྡན་པ་གང་ཡིན་པ་དེར་རོ། །ཡང་མེ་ཏོག་རྒྱས་པ་ནི། ལོ་འདབ་ཀྱི་མཐའ་མར་མེ་ཏོག་ཅུང་ཟད་རྒྱས་པ་དང་ལྡན་པ་དེར། ཉི་མ་ཕྱེད་ཀྱི་དུས་སུ་ཉི་མས་གདུངས་པ་ན་ཉལ་བར་བྱའོ། །ཆུ་ཡི་ཁང་པ་ནི། །བུད་མེད་བཅོས་གཟུགས་
ནུ་མ་ལག །ཁ་ལས་ཨུ་ཤིར་ཆུ་འབབ་བྱ། །ཞེས་བྱ་བ་ནི། ཡང་ན་ཉི་མ་ཕྱེད་ཀྱི་ཚ་བས་གདུངས་པའི་དུས་སུ་ཆུའི་ཁང་པར་ཉལ་བར་བྱའོ། །དེ་ཡང་བུད་མེད་བཅོས་མ་ཞེས་བྱ་བ་སྟེ། ཤིང་ལས་བུད་མེད་ཀྱི་གཟུགས་བྱས་ལ། ཁོང་དུ་ཆུ་དྲངས་ཏེ་དེའི་ནུ་མ་དང་། ལག་སོར་དང་། ཁ་ལས་
པུ་ཤེལ་ཙི་དང་སྦྱར་བའི་ཆུ་འབབ་པའི་དྲུང་དུ་འདུག་ཅིང་དེས་རེག་པར་བྱའོ། །མཚན་མོ་ཡང་ཐོག་རྡོ་ཐལ་བྱུགས། །ཟླ་བའི་འོད་ཀྱིས་བསིལ་བར་ཉལ། །ཞེས་བྱ་བ་ནི། མཚན་མོའི་དུས་སུ་ཁང་བཟངས་ཀྱི་སྟེང་གི་ཡང་ཐོག་རྡོ་ཐལ་གྱིས་བྱུགས་ཤིང་། ཟླ་བའི་འོད་ཀྱིས་བསིལ་ཞིང་ཁྱབ་

པར་ཉལ་བར་བྱའོ། །མལ་སྟན་བདེ་བར་སེམས་བདེ་ཞིང་། །ཙནྡན་ལྡེ་གུ་ཕྲེང་བ་ཐོགས། །རབ་ཏུ་ཕྲ་བའི་གོས་བགོས་ཤིང་། །འདོད་པའི་རྒྱུན་ལས་ལྡོག་པར་བྱ། །ཞེས་བྱ་བ་ནི། མལ་སྟན་བདེ་བ་བཏིང་ནས་ཁང་བཟངས་ཀྱི་སྟེང་དུ་འདུག་པ་ནི། མཚན་མོ་བསྔགས་
པ་ཡིན་ལ། དེ་བཞིན་དུ་སེམས་བདེ་བ་སྟེ། སྡུག་བསྔལ་གྱི་གདུང་བ་མེད་པ་དང་། དེ་བཞིན་དུ་ཙནྡན་ལྡེ་གུ་སྟེ། ཙནྡན་གྱི་ལྡེ་གུས་ལུས་བྱུགས་པ་དང་། ཕྲེང་བ་ཐོགས་པ་སྟེ། མེ་ཏོག་གི་ཕྲེང་བ་རྣམས་ཀྱིས་བརྒྱན་པ་དང་། དེ་བཞིན་དུ། རབ་ཏུ་ཕྲ་བའི་གོས་བགོས་ཤིང་། །ཞེས་བྱ་བ་སྟེ།
ཤིན་ཏུ་ཕྲ་ཞིང་སྲབ་པའི་གོས་བགོས་པ་དང་། དེ་བཞིན་དུ། འདོད་པའི་རྒྱུན་ལས་ལྡོག་པར་བྱ། །ཞེས་བྱ་བ་སྟེ། བུད་མེད་ཉལ་པོ་བྱེད་པ་སྤང་ཞིང་འཁྲིག་པ་མི་བྱ་སྟེ། དེ་ལྟ་བུ་དག་ནི་དེའི་ཚེ་ཕན་པ་ཡིན་ནོ། །ཏ་ལའི་བསིལ་ཡབ་སྤོས་ཆུས་གདང་། །པདྨ་འདབ་བརྒྱད་རླུང་ཡབ་དང་། །དལ་
གྱིས་ལེགས་པར་གཡོབ་པ་དང་། །རྫི་ཆར་སེར་བུ་དང་ལྡན་པ། །ག་པུར་མཱ་ལི་ཀའི་ཕྲེང་བ། །མུ་ཏིག་དོ་ཤལ་ཙནྡན་དཀར། །ནེེ་ཙོ་ཤ་རི་ཀ་ལ་སོགས། །སྒྲ་སྙན་ཡིད་འོང་སྒྲོགས་པ་དང་། །ཆུང་མ་གདུ་བུ་པད་རྩ་འདྲ། །པདྨ་རྒྱས་པ་ལྟ་བུར་མཛེས། །པདྨ་ཅན་ནི་འགྲོ་འདྲ་བ། །
སྙོམ་བསེལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། དུས་འདིའི་ཚེ་ན། ཏ་ལའི་རླུང་ཡབ་ལ་སོགས་པ་སྙོམ་ཞིང་ཚ་བས་ཞུམ་པ་སེལ་བར་བྱེད་པ་ཡིན་ནོ། །དེ་ལ་ཏ་ལའི་བསིལ་ཡབ་སྤོས་ཆུས་བཏབ་པ་ནི། ཤིང་ཏ་ལའི་ལོ་མ་སྤོས་ཆུས་སྦངས་ཤིང་བརླན་པར་བྱས་པའམ། ཡང་ན་
ཏ་ལའི་བསིལ་ཡབ་ཅེས་བྱ་བ་ནི། རྨ་བྱའི་འཇུག་མ་ལ་སོགས་པ་ལས་བྱས་པའི་རྡུལ་ཡབ་ཚ་བ་སེལ་བའི་བྱ་བ་བྱེད་ནུས་པ་ལ་བྱའོ། །པདྨའི་འདབ་མ་རྒྱས་པ་ནི། པདྨའི་འདབ་མ་དག་ཉིད་རྒྱས་པ་བསིལ་ཡབ་ཏུ་བྱས་པ་དང་། རླུང་ཡབ་ཅེས་བྱ་བའི་རྨ་བྱའི་སྒྲོ་ལས་བྱས་པ་རླུང་ཡབ་
ནུས་པའི་རྣམ་པར་བྱས་པ་དག་གིས་ཏེ། དེ་དག་དང་དལ་གྱིས་ལེགས་པར་གཡོབ་ཅིང་། སྒེག་པ་དང་བཅས་པས་གྱེན་དུ་བཏེག་པ་གང་ཡིན་པ་དེ་ནི་དལ་གྱིས་ལེགས་པར་གཡོབ་པའོ། །དེ་བཞིན་དུ་རྫི་ཆར་སེར་བུ་དང་ལྡན་པར་བྱས་ཏེ། རྫི་ཆར་དང་སེར་བུ་བསིལ་བའི་བྱ་བ་བྱེད་པ་

དང་ལྡན་པར་གཡོབ་པར་བྱའོ། །དེ་བཞིན་དུ་ག་པུར་གྱིས་བསྒོས་པའི་མཱ་ལི་ཀ་ནི། ག་པུར་གྱི་མཱ་ལི་ཀ་སྟེ། དེའི་ཕྲེང་བ་ནི། ག་པུར་མཱ་ལི་ཀའི་ཕྲེང་བ་ཞེས་བྱ་བའམ། ཡང་ན་མཱ་ལི་ཀ་ཁྱད་པར་ཅན་གྱི་ཕྲེང་བ་ལ་དེ་སྐད་ཅེས་བྱ་སྟེ། དེ་གདགས་པ་དང་། དེ་བཞིན་དུ་མུ་ཏིག་དོ་ཤལ་ནི་
མུ་ཏིག་གི་རྒྱན་ཆུན་འཕྱང་ཞེས་བྱ་བ་སྟེ། ཙནྡན་དཀར་པོ་དང་བཅས་པར་གནས་པ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་བྱིས་པ་ཡིད་དུ་འོང་བར་སྨྲ་བ་དང་། ནེ་ཙོ་དང་། ཤ་རི་ཀ་ལ་སོགས་པ་སྒྲ་ཡིད་དུ་འོང་བར་སྒྲོགས་པ་དང་། དེ་བཞིན་དུ་ཆུང་མ་གདུ་བུ་པདྨའི་རྩ་བ་ལྟར་དཀར་བ་
ཐོགས་ཤིང་། པདྨའི་འདབ་མ་རྒྱས་པ་ལྟར་བཞིན་རས་ཤིན་ཏུ་མཛེས་པ་དེ་ལ་འདི་ལྟར་བལྟ་བ་ནི། པདྨ་ཅན་ནི་འགྲོ་བ་འདྲ། །ཞེས་བྱ་སྟེ། པདྨ་ཅན་གྱི་མཚོ་འགྲོ་ཞེས་པ་ལྟ་བུར་བལྟ་ཞིང་དགའ་བ་བསྐྱེད་པར་བྱའོ། །དབྱར་གྱི་སྤྱོད་པ་སྨྲས་པ་ནི། །མཐུ་འཕྲོག་པ་ནི་ན་བའི་ལུས། །དམན་
པ་ལས་ཀྱང་དམན་འགྱུར་ཏེ། །དབྱར་ནི་གནོད་པས། ཞེས་བྱ་བ་ནི། དགུན་སྨད་ནས་སོ་གའི་བར་དུས་གསུམ་པོ་ནི། མཐུ་འཕྲོག་པའི་དུས་ཡིན་ཏེ། མཐུ་འཕྲོག་པའི་དུས་དེས་ན་ཞིང་ནུས་པ་འབྲི་བའི་ལུས་གང་ཡིན་པ་དེ་ནི། མཐུ་འཕྲོག་པ་ན་བའི་ལུས་སུ་ཤེས་པར་བྱའོ། །དེའི་
མི་དམན་པ་ལས་སྔར་དམན་ཞིང་ཞེན་པར་གྱུར་པ་ལས་ཀྱང་ཡང་དབྱར་གྱི་ཉེས་པ་རླུང་ལ་སོགས་པས་འཁྲུགས་ཤིང་ཞུམ་པས་དམན་པ་ཉིད་དུ་འགྱུར་རོ། །གནོད་འགྱུར་ཏེ། །མཁའ་ལ་སྤྲིན་འདུས་ཆུ་ཡིས་བརླན། །ཆུ་ཐིགས་བཅས་པའི་རླུང་དང་ནི། །གྲང་བ་དྲག་པོར་ལྡང་བ་དང་། །ས་
ཡི་རླངས་པ་སྐྱུར་མིན་དང་། །ཆུ་ནི་རྙོག་པ་ཅན་དག་གིས། །མེ་དྲོད་ཆུང་བས་གནོད་པར་བྱེད། །ཅེས་བྱ་བ་ནི། ཉེས་པ་དེ་དག་གིས་གནོད་པར་འགྱུར་ཞིང་། སྡུག་བསྔལ་བསྐྱེད་པ་ཉིད་དུ་འགྱུར་རོ། །གང་གི་ཚེ་ཞེ་ན། མཁའ་ལ་སྤྲིན་འདུས་ཆུ་ཡིས་བརླན། །ཞེས་བྱ་བ་སྟེ། ཆུས་རྒྱས་པའི་
ཆར་སྤྲིན་མཁའ་ལ་འདུས་པར་གྱུར་པས། གང་ཆུ་ཐིགས་ཕྲ་མོ་དང་བཅས་པའི་རླུང་གྲང་མོ་དྲག་ཅིང་ཤུགས་ཆེ་བར་ལྡང་བ་དང་། དེ་བཞིན་དུ་སའི་རླངས་པ་བྱུང་ཞིང་ཁུག་རྣ་བྱུང་བ་དང་། དེ་བཞིན་དུ་ཆུ་སྐྱུར་བའི་རྣམ་པར་སྨིན་ཞིང་མཐུ་སྐྱེད་པ་དང་། དེ་བཞིན་དུ་ཆུ་རྙོག་པར་བཅས་ཤིང་དྲི་མ་

ཡོད་པ་དག་གིས། མེའི་དྲོད་ཆུང་བར་བྱེད་པས་ཉེས་པ་དེ་འཕེལ་བར་འགྱུར་རོ། །ཕན་ཚུན་གནོད་པ་དེ་ལ་ནི། །དྲོ་ཞིང་མེ་ཡི་སྟོབས་སྐྱེད་པ། །ཐུན་མོང་གང་ཡིན་བསྟེན་པར་བྱ། །ཞེས་བྱ་བ་ནི། ཕན་ཚུན་གཅིག་ལ་གཅིག་གནོད་པར་བྱེད་པའི་ངང་ཚུལ་ཅན་
གང་ཡིན་པ་དེ་ནི་ཕན་ཚུན་གནོད་པ་སྟེ། གཅིག་ལ་གཅིག་གནོད་པར་བྱེད་པ་ནི་རང་གི་ངོ་བོ་ལས་ཉམས་པར་བྱེད་པ་ཡིན་ནོ། །ཚུལ་འདིས་ན་ཕན་ཚུན་གནོད་པ་དག་ལ་ནི་རླུང་ལ་སོགས་པའི་ཐུན་མོང་གི་ཉེས་པ་གསུམ་ཆར་སེལ་བར་བྱེད་པའི་བཟའ་བ་དང་བཏུང་བ་དག་སྨན་ལ་སོགས་
པ་བསྟན་ཅིང་གོམས་པར་བྱའོ། །དེ་ཡང་དྲོ་ཞིང་ཕོ་བའི་མེ་དྲོད་སྐྱེད་པར་བྱེད་པ། ཚ་བ་ལྔ་ལ་སོགས་པ་བསྟེན་པར་བྱའོ། །སྦྱང་བས་ལུས་ནི་དག་བྱས་ལ། །ཟས་ནི་ཡང་བག་ཁུ་བ་བཟའ། །སྐམ་སའི་སྲོག་ཆགས་ཤ་ཁུ་དང་། །སྦྲང་རྩི་ཅན་ནི་རྙིང་པ་བཏུང་། །ཞེས་བྱ་བ་ནི་སློན་སྨན་
ལ་སོགས་པས་ལུས་དག་པར་བྱས་ཤིང་། ནད་ལ་སོགས་པ་བསལ་བ་ལ་བརྟེན་པར་བྱའོ། །དེ་བཞིན་དུ་ཟས་ཡང་བ་སྟེ། གསར་ཐོག་དང་ཁུ་བ་སྟེ་ཤ་ཁུ་ལ་སོགས་པ་དང་སྦྱར་བ་བཟའ་བར་བྱའོ། །སྐམ་སའི་སྲོག་ཆགས་ཀྱི་ཤ་དང་ཁུ་བ་སྟེ། སྲན་མུངྒ་ལ་སོགས་པ་སྦྱར་བའི་ཁུ་
བའོ། །སྦྲང་རྩི་ནི་སྦྲང་རྩི་ལས་བྱས་པའི་ཆང་གི་ཁྱད་པར་ཏེ། དེ་ཡང་རྙིང་པ་སྟེ་སྐྱོན་མེད་བཏུང་བར་བྱའོ། །དར་བ་ཁ་རུ་ཚར་སྦྱར་བའམ། །ཚ་བ་ལྔ་ཡི་ཕྱེ་མ་ཅན། །ཁྲོན་པའི་ཆུ་ནི་བསྐོལ་བའང་རུང་། །ཞེས་བྱ་བ་ལ། དར་བའམ་ཁ་རུ་ཚ་སྦྱར་བ་ནི། ལན་ཚྭ་ཁ་རུ་ཚ་ཞེས་པ་དང་ལྡན་
པའོ། །དེ་བཞིན་དུ་ཚ་བ་ལྔའི་ཕྱེ་མ་ཅན་ནམ། ཡང་ན་ཁྲོན་པའི་ཆུའམ། ཆར་ཆུ་བསྐོལ་བ་བསྟེན་པར་བྱའོ། །ཆར་ཆེའི་དུས་སུ་ཁ་ཟས་ནི། །རབ་སྐྱུར་ལན་ཚྭ་སྣུམ་དང་བཅས། །སྐམ་ཞིང་སྦྲང་རྩིར་ལྡན་པ་ཡང་། །ཞེས་བྱ་བ་ལ། ཤིན་ཏུ་ཆར་ཆེས་ཤིང་ཡུལ་རྨུས་པའི་དུས་སུ་བཟའ་
བའི་ཁ་ཟས་ནི། རབ་སྐྱུར་ལན་ཚྭ་སྣུམ་དང་བཅས། །ཞེས་བྱ་བ་ཡིན་ཏེ། ཤིན་ཏུ་སྐྱུར་བ་དང་། ལན་ཚྭ་དང་བཅས་པའི་ཁ་ཟས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐམ་པ་ནི་ཕལ་ཆེར་སྐམ་པོ་དང་བཅས་པའོ། །སྦྲང་རྩིར་ལྡན་པ་ནི་སྦྲང་དང་བཅས་པའོ། །ཡང་བ་ནི་རང་བཞིན་གྱིས་

ཡང་བའམ། ཚོད་ཟིན་པར་བཟའ་བ་སྟེ། དེ་ལྟ་བུ་དག་བསྟེན་པར་བྱའོ། །དེ་ཡང་དུས་འདིའི་ཚེ་ནི་ལུས་ཟུངས་རྣམས་ཤིན་ཏུ་སླ་བར་གནས་པ་དེ་བས་ན་སླ་བས་ན་བསྲུང་བ་ཉིད་ཀྱི། །སྦྲང་རྩིའི་ནུས་པ་དེར་ཐིམ་པར་འགྱུར་བས། སྦྲང་རྩིས་རླུང་སྐྱེད་མི་ནུས་སོ་ཞེས་སྨན་དཔྱད་ཀྱི་ལུང་
འཆད་པ་རྣམས་ཟེར་ཏེ། དེ་ཡང་། རླུང་ཅན་རླུང་ནི་འཁྲུགས་བྱེད་ཀྱང་། །དབྱར་ནི་སྦྲང་རྩི་བསྔགས་པ་ཡིན། །ཞེས་སྨོས་པ་ཡིན་ནོ། །རྐང་གིས་མི་འགྲོ་དྲི་ཞིམ་བྱུགས། །རྟག་ཏུ་གོས་ནི་སྤོས་ཀྱིས་བདུག །ཁང་བཟངས་སྟེང་དུ་བ་མོ་བསིལ། །ཆར་གྱི་ཟེར་སྦངས་གནས་པར་བྱ། །
ཞེས་བྱ་བ་ནི་དབྱར་གྱི་དུས་དེའི་ཚེ་རྐང་གིས་འགྲོ་བར་མི་བྱ་ཞིང་། བན་གླང་མོ་ལ་སོགས་པའི་བཞོན་པ་བརྟན་ཞིང་མཐོ་བས་འགྲོ་བར་བྱའོ། །དྲི་ཞིམ་བྱུགས་ཞེས་བྱ་བ་ནི། ག་པུར་དང་གུར་ཀུམ་ལ་སོགས་པས་ལུས་ལ་བྱུགས་པ་དང་། དུས་རྟག་ཏུ་གོས་ལ་སྦོས་ཀྱིས་བདུག་པ་དང་།
ཨ་ཀ་རུ་ལ་སོགས་པའི་བདུག་པས་གོས་ལ་བདུག་ཅིང་བགོ་བར་བྱའོ། །ཁང་སྟེང་ཞེས་བྱ་བ་ནི་ཁང་ཐོག་སྟེ། དེར་བ་མོ་ལ་སོགས་པས་མཉེན་པར་གནས་པར་བྱའོ། །ཀླུང་ཆུ་དང་སྦྱར་སྐྱོ་མ་དང་། །ཉིན་གཉིད་རྩོལ་དང་ཉི་ཚན་སྤང་། །ཞེས་བྱ་བ་ལ། དབྱར་གྱི་དུས་དེར་ཆུ་བོ་
རྣམས་ཀྱི་ཆུ་དང་ཕྱེར་སྦྱར་བ་ལ། མར་དང་བཅས་པ་མི་བཏུང་ངོ་། །དེ་བཞིན་དུ་ཉིན་པར་གཉིད་ལོག་པ་དང་། རྩོལ་བ་སྟེ་དྲག་ཤུལ་གྱི་ངལ་བག་དང་། ཉི་ཚན་ཏེ་ཉི་མའི་འོད་ཟེར་སྤང་ཞིང་དོར་བར་བྱའོ། །སྟོན་གྱི་དུས་ཀྱི་སྤྱོད་པ་སྤྲས་པ་ནི། །དབྱར་ལུས་བསིལ་བར་གྱུར་པ་ལ། །
འཕྲལ་དུ་ཉི་ཟེར་གྱིས་གདུངས་པས། །ཆར་འབབ་ཚེ་ན་བསགས་པ་ཡི། །མཁྲིས་པ་སྟོན་ནི་ལྡང་བར་འགྱུར། །དེ་བསལ་ཕྱིར་ནི་སྨན་མར་ཁ། །བཀྲུ་སྨན་བཏང་དང་གཏར་ག་བྱ། །ཞེས་བྱ་བ་ནི། དབྱར་ལུས་བསིལ་བར་གྱུར་ཅིང་ཆར་གྱིས་གྲང་བའི་བདག་ཉིད་ཅན་དུ་གྱུར་པ་ལ། འཕྲལ་
དུ་ཞེས་པའི་མོད་ལ། སྟོན་གྱི་དུས་ལ་བབ་པན་ཉི་མའི་འོད་ཟེར་ཚ་བ་རྣམས་ཀྱིས་གདུངས་ཤིང་། དྲོས་པར་གྱུར་པའི་སྐྱེས་བུ་ལ་ནི་ཆར་འབབ་ཚེ་ན། ཞེས་པ་དབྱར་གྱི་ཚེ་ན་བསགས་ཤིང་རང་གི་གནས་སུ་འཕེལ་བར་འགྱུར་བའི་མཁྲིས་པ་སྟོན་ལྡང་བར་འགྱུར་ཏེ། རང་

གི་ནུས་པ་ལྷག་པས་རང་གི་གནས་ནས་གནས་གཞན་དུ་སོང་སྟེ། སྐྱེ་བོ་མི་སྲུན་པ་ལྟར་གནོད་པར་བྱེད་པར་འགྱུར་རོ། །དེ་བས་ན་མཁྲིས་པ་དེ་བསལ་བར་བྱ་བའི་ཕྱིར། སྨན་མར་ཁ་བོ་རུ་རྟ་དང་སྦྱར་བ་བསྟེན་པ་དང་། བཀྲུ་སྨན་གཏང་ཞིང་ཁྲུས་བྱ་བ་དང་།
གཏར་ག་བྱ་སྟེ་ཁྲག་གདོན་པ་ལ་སོགས་པ་བྱའོ། །ཁ་དང་མངར་དང་བསྐ་བ་དང་། །བཀྲེས་ཚེ་ཟས་ནི་ཡང་བ་བཟའ། །འབྲས་ཆན་མུངྒ་སྐྱུ་རུ་ར། །སྦྲང་རྩི་སྐམ་སའི་པ་ཏོ་ལ། །ཞེས་བྱ་བ་ལ། ནམ་བཀྲེས་པར་གྱུར་པ་ན། བཟའ་བའི་རྣམ་པ་ཁ་བ་དང་། མངར་བ་དང་། བསྐ་
བ་དང་། ཡང་བ་བསྟེན་ཞིང་བཟའ་བར་བྱའོ། །དེ་བཞིན་དུ་འབྲས་སཱ་ལུའི་ཆན་དང་། མུངྒ་སྟེ། མོན་སྲན་སྡེའུ་དང་། ཤ་ཀ་ར་དང་། སྐྱུ་རུ་ར་དང་། སྦྲང་རྩི་དང་། སྐམ་ས་ནས་སྐྱེས་པའི་སྲོག་ཆགས་ཀྱི་ཤ་དང་། པ་ཏོ་ལའི་ཚོད་མ་བཟའ་བར་བྱའོ། །ཉི་མའི་ཟེར་གྱིས་གདུངས་པ་
དང་། །ཟླ་བའི་འོད་ཀྱིས་བསིལ་བྱས་ལ། །རྀ་ཥི་ཤར་བས་དུག་མེད་པ། །ཉིན་མཚན་གཉི་གར་སྦྱང་ཆུ་བཏུང་། །དངས་པའི་དྲི་མེད་ཆུ་ཞེས་པ། །དྲི་མེད་དྲི་མ་སེལ་འགྱུར་བ། །མི་འབྲུག་རྩུབ་པ་མ་ཡིན་པ། །བཏུང་བ་ལ་སོགས་བདུད་རྩིར་མཚུངས། །ཞེས་བྱ་བ་ལ། ཡང་སྟོན་
ཀའི་དུས་དེའི་ཚེ། ཉིན་མོ་ཉི་མའི་འོད་ཟེར་གྱིས་གདུངས་ཤིང་རྣམ་པ་ཐམས་ཅད་དུ་ཚ་བར་གྱུར་པ་དང་། མཚན་མོ་ཟླ་བའི་འོད་ཟེར་གྱིས་བསིལ་ཞིང་གྲང་པར་བྱས་པ་སྟེ། དེ་ལྟར་དུས་ཀྱིས་བཅོས་ཤིང་སྨིན་པར་བྱས་པ་དང་། རྀ་ཥི་ཤར་བས་དུག་མེད་པར་ཤེས་པ། སྐར་མ་རྀ་ཥི་ཞེས་པ་
ཤར་བ་ན་དུག་མེད་པ་སྟེ། དེ་ཤར་བས་བར་སྣང་ལས་འབབ་བཅིང་བྱུང་ནས་ཆུ་བོ་དང་། རྫིང་བུ་ལ་སོགས་པར་གནས་པའི་གནོད་པ་རྣམས་སྟོན་གྱི་ཚེ་དུག་མེད་པ་ཉིད་དུ་བྱེད་པས་ན་དེ་སྐད་ཅེས་བྱའོ། །ཁྲོན་པའི་ཆུ་ནི་མ་ཡིན་ཏེ། དེ་ནི་ཐམས་ཅད་དུ་དུག་མེད་པ་ཡིན་ནོ། །དངས་པའི་དྲི་མེད་
ཆུ་ཞེས་པ་ནི། ཉི་མ་དང་ཟླ་བ་དག་ལ་བྱ་སྟེ། དེ་གཉིས་ཀྱིས་བསྟེན་ཅིང་དྲི་མ་མེད་ལ་རྡུལ་དང་བྲལ་བ་ནི། དྲི་མ་ཞེས་པ་རླུང་ལ་སོགས་པ་སེལ་ཞིང་འཇོམས་པར་འགྱུར་བ་ཡིན་ནོ། །མི་འབྲུག་ཅེས་བྱ་བ་ནི་ཆུ་མིག་ལྟར་དེ་སྣུམ་ཞིང་ལྕི་བ་མ་ཡིན་པས། བད་ཀན་སྐྱེད་པར་མི་བྱེད་ལ། འབྲུག་པ་མ་

ཡིན་པ་ཉིད་ཀྱིས་ན་རྩུབ་པ་ཡིན་ནོ། །བཏུང་བ་ལ་སོགས་པ་ཞེས་བྱ་བ་ནི། ཙནྡན་ཨུ་ཤིར་ག་པུར་དང་། །མུ་ཏིག་ཆུན་འཕྱང་ཕྲེང་གོས་མཛེས། །ཁང་བཟངས་རྡོ་ཐལ་གྱིས་དཀར་ཞིང་། །ཟླ་ཟེར་ཅན་དུ་མཚན་གནས་བྱ། །ཟིལ་པ་ཐལ་སྨན་ཧ་ཅང་འགྲངས། །ཞོ་དང་ཏིལ་མར་
ཞག་ཉིད་མཚན། །མི་བཟད་ཆང་དང་ཉིན་པར་ཉལ། །མདུན་གྱི་སེར་བུ་ཡོངས་སུ་སྤང་། །དགུན་དང་དབྱར་ནི་དང་པོའི་གསུམ། །དཔྱིད་ནི་ཐ་མའི་རོ་གསུམ་བསྟེན། །སོ་ག་མངར་རམ་སྟོན་ཀ་ནི། །མངར་དང་ཁ་དང་བསྐ་བ་བསྟེན། །མདོར་ན་ཟས་དང་སྐོམ་དག་ནི། །སྟོན་
དང་དཔྱིད་ནི་རྩུབ་པ་སྟེ། །སོ་ག་དབྱར་མཐར་བསིལ་བར་བྱ། །གཞན་དག་ཏུ་ནི་དེ་ལས་བཟློག །རྟག་ཏུ་རོ་ཀུན་བསྟེན་པ་ལས། །རང་རང་དུས་སུ་ལྷག་པར་བསྟེན། །དུས་གཉིས་ཐོག་མཐའི་ཞག་བདུན་ནི། །དུས་མཚམས་ཡིན་པར་ཤེས་པར་བྱ། །དེས་ནི་སྔ་མའི་ཆོ་ག་སྤང་། །
འོག་མ་རིམ་བཞིན་བསྟེན་པར་བྱ། །མ་སྤངས་ན་ནི་ནད་འགྱུར་ཏེ། །འཕྲལ་དུ་ནད་ནི་འོང་བར་འགྱུར། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། །སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་གསུམ་པའི་རྣམ་པར་འགྲེལ་
པའོ།། །།དེ་ནས་ནད་མི་འབྱུང་བར་བྱ་བའི་དཔྱད་ཀྱི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ནི། དུས་སུ་སྤྱད་པར་བྱ་བའི་ལེའུ་བཤད་པའི་འོག་ཏུ། ནད་མི་འབྱུང་བར་བྱ་བའི་ལེའུ་བརྩམས་པ་ཡིན་ཏེ། དེ་ཡང་གང་གི་ཕྱིར་ཇི་སྐད་དུ་བཤད་པའི་དུས་སུ་སྤྱད་པར་བྱ་བའི་ཆོ་ག་ཇི་ལྟ་
བ་བཞིན་དུ། རང་རང་གི་དུས་སུ་སྤྱད་ཅིང་ཉམས་སུ་བླང་བ་ལ་སྤྱོད་པར་བྱེད་དུ་ཟིན་ཀྱང་། བཤང་བ་དང་གཅི་བ་ལ་སོགས་པའི་ཤུགས་བཀག་པས། དེ་དང་རྗེས་སུ་མཐུན་པའི་ནད་འབྱུང་བར་འགྱུར་བ་ཡིན་ལ། དེ་ཡང་དུས་སུ་སྤྱད་པའི་ཆོ་ག་ལས་གཞན་དུ་ལོག་པར་སྤྱད་པ་དང་འདྲ་བ་ཡིན་ཏེ།
དེ་བས་ན་འདིའི་རྩོམ་པ་བྱས་པ་ཡིན་ནོ། །དེ་ལ་ནད་ནི་ལུས་དང་སེམས་ལ་གནས་བའི་བྱེ་བྲག་གིས་གཉིས་སུ་བཤད་པར་བྱ་བ་ཡིན་ལ། དེ་རྣམས་མི་འབྱུང་བར་བྱ་བ་ལེའུ་གང་ན་ཡོད་པ་དེ་བཤད་པར་བྱའོ་ཞེས་པ་སྟེ། །འདི་ནི་ཐ་མལ་པར་ནད་མེད་པར་གནས་པའི་དབང་དུ་བྱས་པ་ཡིན་ཏེ། ཐ་

མལ་པར་གནས་པར་གྱུར་པ་དེས་ཉིན་རེ་སྤྱད་པའི་ལེའུ་ལས་བཤད་པའི་བྱ་བའི་ཆོ་ག་ཉམས་སུ་བླང་བར་བྱ་བ་དང་། དེ་བཞིན་དུ་དུས་སུ་སྤྱད་པའི་ལེའུ་ལས་བཤད་པ་རྣམས་སྤྱད་དོ། །དེ་བཞིན་དུ་ནད་འབྱུང་བར་འགྱུར་བ་སྤང་བ་ལ་ནི། རླུང་ལ་སོགས་པ་ཤུགས་
བཀག་པ་དང་། ནན་ཀྱིས་བཙིར་བ་ལ་སོགས་པ་ཡང་མི་བྱ་བ་ལས་སྤྱད་པར་བྱ་བ་ཡིན་པས་ན། དེའི་ཕྱིར་སྨྲས་པ་ནི། ཕྱིའི་དབུགས་བཤང་གཅི་སྦྲིད་པ་དང་། །བཀྲེས་སྐོམ་གཉིད་དང་ལུད་པ་དབུགས། །གླལ་དང་མཆིལ་མ་སྐྱུག་པ་དང་། །ཁུ་བའི་ཤུགས་ནི་དགག་མི་
བྱ། །ཞེས་བྱ་བ་ཡིན་ཏེ། རླུང་ལ་སོགས་པའི་ཤུགས་དགག་པར་མི་བྱའོ། །ངལ་དབུགས་ཞེས་བྱ་བ་ནི། ངལ་ཞིང་དུབ་པ་ལས་བྱུང་བའི་དབུགས་ནི་ངལ་བའི་དབུགས་ཏེ་མི་དགག་པའོ། །ཤུགས་ཞེས་བྱ་བ་ནི་ཁུ་བའི་བར་དེ་དག་འབྱུང་བ་ལ། རྗེས་སུ་ཕྱོགས་པར་གནས་
པ་ཉིད་ནི་ཤུགས་ཞེས་བྱ་སྟེ། ཤུགས་དེ་དག་དང་འབྲེལ་བ་དེ་ནན་གྱིས་དགག་པར་མི་བྱའོ། །དེ་ལ་རླུང་ནི་གཙོ་བོར་གྱུར་པ་ཡིན་ལ། དེས་ན་དེ་བཀག་པ་ལས་བྱུང་བའི་ནད་ནི་ཤིན་ཏུ་བཟློག་པར་དཀའ་བའི་ཉེས་པ་ཡོད་པས་འཇིགས་པ་དང་པོར་བསྟན་པ་ཡིན་ནོ། །དེའི་ཕྱིར་
སྨྲས་པ་ནི། འཕྱེན་ནི་བཀག་པར་གྱུར་པ་ཡིས། །སྐྲན་དང་རྟུག་སྐམ་གཟེར་སྙོམ་ལྕི། །འཕྱེན་དང་བཤང་ལྕི་ཁོང་དུ་འགགས། །མིག་རྟུལ་དྲོད་ཆུང་སྙིང་ནད་འགྱུར། །ཞེས་བྱ་བ་ནི། བཤང་སྒོ་ནས་བྱུང་བའི་འོག་གི་རླུང་བཀག་པས། སྐྲན་ལ་སོགས་པའི་ནད་འབྱུང་བར་འགྱུར་
རོ། །རྟུག་སྐམ་ནི་བཤང་བ་ལ་སོགས་པ་རང་གི་གནས་ལས་གྱེན་དུ་འཕགས་ཤིང་གནོད་པ་བྱེད་པའོ། །གཟེར་བ་ནི་ལྟོ་ཀུན་ཏུ་གཟེར་བའོ། །སྙོམ་ཞིང་ལྕི་བ་ནི་ལུས་ཞུམ་ཞིང་ཁོང་སྦོ་བའོ། །འཕྱེན་དང་བཤང་གཅི་ཁོང་དུ་འགགས་པ་ནི་ཕྱིར་མི་འབྱུང་བའོ། །མིག་རྟུལ་ཞིང་དྲོད་
ཆུང་བ་ནི་མིག་ལ་གནོད་ཅིང་ཁོང་པའི་མེ་དྲོད་འབྲི་བའོ། །སྙིང་ནད་ནི་སྙིང་ནད་ཀྱིས་འདེབས་པའོ། །བཤང་འགགས་བྱིན་པའི་ཉྭ་འགྱུར་ཞིང་། །ཆམ་པས་འདེབས་ཤིང་ཀླད་པ་ན། །ཁར་ནི་མི་གཙང་འབྱུང་བ་དང་། །སྔར་བཤད་ནད་དུའང་འགྱུར་བ་ཡིན། །ཞེས་བྱ་བ་ནི། བཤང་

བ་ཞེས་པ་སླད་ས་ཆེན་པོ་འགགས་པས་བྱིན་པའི་ཉྭ་འགྱུར་བར་འགྱུར་ཏེ། ཉྭ་ཞེས་བྱ་བ་ནི་བྱིན་པའི་རྒྱབ་ཀྱི་ཆའི་ཤ་ཟླུམ་པོ་གནས་པ་ལ་བྱ་ལ། དེ་གཉིས་འགྱུར་པ་ནི་ལྡོག་པ་སྟེ། ལག་པ་ལ་སོགས་པས་མཉེས་པ་ལྟ་བུར་འགྱུར་བའོ། །ཆམ་པ་ནི་སྣ་ནས་སྣབས་འཛག་པའི་རླུང་ནད་
དོ། །ཀླད་པ་ན་བ་ནི་མགོ་ན་བའོ། །དེ་བཞིན་དུ་ཁར་མི་གཙང་བ་འབྱུང་བ་ནི་ཁ་ནས་བཤང་བ་འབྱུང་བའོ། །སྔར་བཤད་ནད་ནི་འཕྱེན་འགགས་པ་ལས་སྐྲན་ལ་སོགས་པའི་ནད་དུ་འགྱུར་བར་བཤད་པ་སྟེ། དེ་ཡང་འབྱུང་བར་འགྱུར་བའོ། །གཅིན་འགགས་པ་ཡིས་ཡན་ལག་
ན། །རྡེའུ་ཆུ་སོ་ཕོ་མཚན་ན། །དཀུ་ཡི་ནང་ན་སྔར་གྱི་ནད། །ཕལ་ཆེར་འབྱུང་ངོ་། །ཞེས་བྱ་བ་ནི་གཅིན་འགགས་པ་ལས་ཡན་ལག་ན་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་ལ་ཡན་ལག་ན་ཞེས་པ་ནི། ཡན་ལག་རྣམས་བཅག་པ་སྙམ་པའམ། གཅུས་ཤིང་བཙིར་པ་སྙམ་དུ་
སེམས་པའོ། །རྡེའུ་ནི་གཅིན་སྲི་བའི་ནད་གཞིའི་སྐབས་ནས་བཤད་པའོ། །ཆུ་སོ་ལ་སོགས་པའི་ནད་ལ་ཆུ་སོ་ནི་གཅིན་གྱི་གནས་སོ། །མཚན་ནི་ཕོ་མཚན་ནོ། །དཀུའི་ནང་ནི་བརླ་ཕུགས་ཀྱི་མཚམས་སོ། །འདིས་ནི་ནད་འདི་དག་འབའ་ཞིག་འབྱུང་བར་མ་ཟད་ཀྱི། །སྔར་འཕྱེན་ལ་སོགས་
པ་བཀག་པ་ལས་བྱུང་བའི་ནད་སྐྲན་ལ་སོགས་པ་ཡང་གཅིན་འགགས་པ་ལས་འབྱུང་བར་འགྱུར་རོ། །ཕལ་ཆེར་ཞེས་སྨོས་པས་ནི་སྔར་གྱི་ནད་ཐམས་ཅད་འབྱུང་བར་འགྱུར་བ་ནི་མ་ཡིན་གྱི། །ལ་ལ་ནི་འབྱུང་། ལ་ལ་ནི་མི་འབྱུང་ངོ་ཞེས་པའི་དོན་ཏེ། ཕལ་ཆེར་སྨོས་པའི་དོན་ནི་ཅུང་ཟད་མཚང་
བ་ཉིད་དུ་སྟོན་པ་ཡིན་ནོ། །དེ་ཡང་ལུང་ལས། ཕར་ཆེར་སྒྲ་ནི་ཁྱད་པར་དོན། །ཅུང་ཟད་མ་ཚང་ཉིད་དུ་སྟོན། །ཞེས་འབྱུང་བ་ཡིན་ནོ། །འཕྱེན་ལ་སོགས་པའི་ཤུགས་གསུམ་པོ་དེ་རྣམས་བཀག་པའི་སྨན་སྤྱི་ཙམ་དུ་སྨྲས་པ་ནི། དེ་ཡི་སྨན། རེང་བུ་བསྐུ་བྱུག་ལུས་བཅིང་དང་། །དུགས་དང་
སྨན་མར་མས་གཏོང་བའོ། །ཞེས་བྱ་བ་ཡིན་ཏེ། དེའི་ཞེས་པ་འཕྱེན་དང་བཤང་བ་དང་གཅི་བ་འགགས་པ་ལས་རྣམ་པར་གྱུར་པའི་སྨན་ཞེས་པ། གསོ་བའི་ཐབས་སུ་གྱུར་པའི་སྨན་ནི་རེང་བུ་ལ་སོགས་པ་ཡིན་ཏེ། དེ་ལ་རེང་བུ་ནི་པོ་སོན་ཆ་དང་། ཁང་པའི་དུད་པ་དང་། ལན་ཚྭ་ལ་སོགས་

པ་ལས་བྱས་པའི་རེང་བུ་སྟེ་འོག་ནས་བཤད་པ་ཡིན་ནོ། །བསྐུ་བྱུག་ནི་ཏིལ་མར་ལ་སོགས་པས་བྱུག་པའོ། །ལུས་བཅིང་བ་ནི་སྨན་རྣམས་བསྐོལ་བའི་ཆུ་དང་། ཏིལ་མར་ལ་སོགས་པས་བཀང་བའི་ཟངས་སམ། གཞོང་པ་ཆེན་པོ་ཟབས་རིང་
བའི་ནང་དུ་ལུས་བཅིང་པའོ། །དུགས་ནི་བསྲོ་བ་ལ་སོགས་པ་རྣམ་པ་བཞི་པོ་འོག་ནས་བཤད་པའོ། །སྨན་མར་མས་གཏོང་བ་ནི། སྨན་དང་བསྐོལ་བའི་ཏིལ་མར་ལ་སོགས་པ་བཤང་སྒོ་ནས་བཅུག་པའོ། །འདི་དག་ནི་གསུམ་ཆར་ལ་ཡང་ཐུན་མོང་ཡིན་ནོ། །ཟས་སྐོམ་
བཤང་བ་འགགས་པ་དང་། །བཤང་འགགས་ལས་བྱུང་གློ་གཅོང་མཚུངས། །ཞེས་བྱ་བ་ནི། གང་བཤང་བ་འགགས་པ་ལས་བྱུང་བའི་གློ་གཅོང་བྱིན་པའི་ཉྭ་འགྱུར་བ་ལ་སོགས་པ་ནི། བཤང་གཅི་འགགས་པ་ལ་ཕན་པའི་ཟས་དང་སྐོམ་སྦྱར་བར་བྱ་སྟེ། དེ་ནི་ནས་ཐུག་དང་།
ཟན་དྲོན་པོ་དང་། མ་ཤ་དང་། མུངྒ་དང་། རྒྱ་སྣེའུའི་ཚོད་མ་མཐུག་པོའི་ཤ་དང་བཅས་པ་དང་། ཆང་བསྐ་བ་དང་། ཞོ་ག་ཆུ་དང་། འབྲས་ཀྱི་ཁུ་ལེ་རང་སྐྱུར་ལ་སོགས་པ་ཡིན་ནོ། །ཆུ་འགགས་པ་ལས་མར་སར་ནི། །ཆེ་ཚད་ཙམ་ནི་རབ་ཏུ་སྦྱར། །ཞེས་བྱ་བ་ཡིན་ཏེ།
གཅིན་འགགས་པ་ལས་བྱུང་བའི་ནད། ཡན་ལག་ན་བ་ལ་སོགས་པ་རྣམས་ལ་ནི་མར་སར་ཆེ་ཚད་ཙམ་སྦྱིན་པར་བྱ་སྟེ། ཆེ་ཚད་ཀྱི་སྒྲ་ནི་གང་ཉིན་མཚན་གཅིག་གིས་འཇུ་བར་འགྱུར་བའི་སྣུམ་གྱི་ཚད་ཆེ་བ་ལ་བྱ་སྟེ། དེ་ཡང་ཟས་མ་ཟོས་པའི་གོང་དུའམ། ཟས་ཞུ་བའི་
རྗེས་ལ་སྦྱིན་པར་བྱའོ། །དེ་ཡང་བསྡུས་པ་ལས། མར་ནི་དང་པོར་བཟའ་བར་བསྔགས། །འཇུ་མཐར་ཚད་ནི་ཆེན་པོའང་རུང་། །ཞེས་བཤད་པ་ཡིན་པས། སྦྱོར་བ་དེ་གཉིས་སླར་བྱ་བ་ཡིན་ནོ། །དེ་ལྟར་ཟས་ཀྱི་སྔར་རམ། ཞུ་བའི་རྗེས་ལ་བྱ་བ་གཉི་ག་ལ་ཆེ་ཚད་ཙམ་གྱི་
སྒྲར་བཤད་དོ། །སྒྲེགས་པ་བཀག་ན་ཡི་ག་འཆུས། །ལུས་འདར་སྙིང་དང་བྲང་འགགས་ན། །སྦོ་ཞིང་ལུད་ལ་སྐྱིགས་བུས་འདེབས། །དེའི་སྨན་སྐྱིགས་བུ་དག་དང་འདྲ། །ཞེས་བྱ་བ་ཡིན་ཏེ། སྒྲེགས་པ་བཀག་པས་ཡི་ག་འཆུས་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་ལ་ཡི་ག་

འཆུས་པ་ནི་ཟས་ལ་མངོན་པར་མི་དགའ་བའོ། །ལུས་འདར་བ་ནི་མགོ་དང་ལག་པ་ལ་སོགས་པ་འདར་བའོ། །སྙིང་བྲང་འགགས་ཤིང་ན་བ་ནི། སྙིང་དང་བྲང་གི་དོང་ག་དག་སྦུབས་ཀྱིས་འགགས་ཤིང་རེངས་བ་སྙམ་སེམས་པའོ། །སྦོ་བ་ནི་ལྟོ་བ་རླུང་གིས་ཁེངས་པའོ། །ལུད་པ་དང་སྐྱིགས་
བུ་ནི་རང་གི་མཚན་ཉིད་ཀྱི་སྐབས་སུ་འོག་ནས་སྟོན་ཏོ། །དེའི་ཞེས་པ་ཡི་ག་འཆུས་པ་ལ་སོགས་པ་དེ་རྣམས་ཀྱི་སྨན་ཏེ། གསོ་བའི་ཆོ་ག་ནི་སྐྱིགས་བུ་དག་དང་འདྲ་ཞེས་བྱ་བ་ཡིན་ཏེ། འོག་ནས་སྐྱིགས་བུ་གསོ་བའི་ལེའུ་ལས་བཤད་པ་དང་འདྲའོ། །སྦྲིད་བཀག་མགོ་ན་དབང་མི་རྣོ། །གཉེའུ་
རེངས་ཁ་ཡོ་འགྲམ་ཆག་འགྱུར། །དུད་རྣོན་གྱིས་བདུག་མིག་སྨན་དང་། །སྣ་སྨན་ཉི་མ་ལྟ་བ་ཡིས། །སྦྲིད་པ་འགགས་པ་བསལ་བྱ་ཞིང་། །སྣུམ་དང་དུགས་ཀྱང་བསྟེན་པར་བྱ། །ཞེས་བྱ་བ་ནི། །སྦྲིད་པ་བཀག་ཅིང་བརྣགས་པས། མགོ་ནད་ལ་སོགས་པ་འབྱུང་བར་འགྱུར་རོ། །
མགོ་ན་བ་ནི་ཀླད་པ་ན་བ་ཡིན་ནོ། །དབང་པོ་མི་རྣོ་བ་ནི་མིག་ལ་སོགས་པ་ཉམ་ཆུང་ཞིང་རང་གི་ཡུལ་འཛིན་པར་མི་ནུས་པའོ། །གཉེའུ་ནི་གནད་གཉིས་འདུས་པ་ལ་བྱ་ལ། དེ་དག་རེངས་པ་ནི་འགྱུར་མི་ཤེས་པར་བྱས་པའོ། །ཁ་ཡོ་བ་ནི་རླུང་གིས་ཁ་ཡོན་པོར་བྱས་པའོ། །འདིར་སྦྲིད་
པ་འགགས་པ་ལ་དུད་པ་ལ་སོགས་པས་སྦྲིད་པ་དབྱུང་བར་བྱའོ། །དེ་ལ་དུད་རྣོན་ནི་འོག་ནས་བཤད་པའོ། །མིག་སྨན་རྣོན་པོ་ནི་པི་པི་ལིང་ལ་སོགས་པ་སྨན་རྣོན་པོའི་མིག་སྨན་དང་། སྨན་རྣོན་པོའི་ཕྱེ་མ་སྣ་ནས་རྔུབ་པའི་སྣ་སྨན་དང་། ཉི་མ་ལྟ་བ་ནི་སྦྲིད་པ་དབྱུང་བའི་ཕྱིར་ཉི་མ་ལ་བལྟ་བ་སྟེ།
འདི་དག་བྱ་བ་དང་། དེ་ལ་སྣུམ་དང་། དུགས་དག་ཀྱང་བསྟེན་ཅིང་གོམས་པར་བྱའོ། །སྐོམ་འགགས་པས་ན་ཁ་སྐམས་ཤིང་། །ཡན་ལག་མི་བདེ་རྣ་མི་གསང་། །མགོ་འཁོར་མྱོས་ཤིང་སྙིང་ནད་འབྱུང་། །དེར་བསིལ་ཆོ་ག་ཐམས་ཅད་ཕན། །ཞེས་བྱ་བ་ནི། སྐོམ་ལས་འགགས་
ཤིང་བརྣགས་པས་ཁ་སྐམ་པ་ལ་སོགས་པའི་ནད་འབྱུང་བར་འགྱུར་རོ། །དེ་ལ་ཁ་སྐམ་པ་ནི་ཤས་ཆེར་ཁ་སྐམ་པར་གྱུར་པའོ། །ཡན་ལག་མི་བདེ་བ་ནི་རྐང་ལག་ནུས་ཞན་ཅིང་སྙོམ་པའོ། །རྣ་བ་མི་གསང་བ་ནི་རྣ་བ་གཉིས་ཀྱིས་སྒྲ་མི་ཐོས་པའོ། །མགོ་འཁོར་བ་ནི་འཁོར་ལོ་ལ་བསྐྱོན་པ་

ཙམ་དུ་སེམས་པའོ། །མྱོས་པ་ནི་མི་དྲན་པའོ། །སྙིང་ནད་ནི་སྙིང་ག་ན་བའོ། །དེར་ཞེས་བྱ་བ་ནི་ནད་དེ་རྣམས་ལའོ། །བསིལ་བའི་ཆོ་ག་ཐམས་ཅད་ཕན། །ཞེས་བྱ་བ་ནི། བཟའ་བ་དང་། བཏུང་བ་ལ་སོགས་པའི་ཆོ་ག་བྱ་བ་ཐམས་ཅད་བསིལ་བར་བྱས་པ་ཕན་ཞིང་
གནོད་པ་སེལ་བ་ཡིན་ནོ། །བཀྲེས་པས་ལུས་ཞིག་ཡི་ག་འཆུས། །ལུས་སྙོམ་ཉམ་ཆུང་གཟེར་མགོ་འཁོར། །དེ་ལ་ཟས་ཡང་སྣུམ་དྲོ་དང་། །ཆུང་བ་དག་ནི་སྦྱར་བར་བྱ། །ཞེས་བྱ་བ་ནི། ཤས་ཆེར་བཀྲེས་པ་བརྣགས་པ་ལས། ལུས་ཞིག་པ་ལ་སོགས་པའི་ནད་འབྱུང་བར་འགྱུར་
རོ། །ལུས་ཞིག་པ་ནི་ལུས་བཅོམ་པ་སྙམ་སེམས་པའོ། །ཡི་ག་འཆུས་པ་ནི་ཡི་གར་མི་འོང་བའོ། །ལུས་སྙོམ་པ་ནི་གཟེངས་དམའ་བའོ། །ཉམ་ཆུང་བ་ནི་སྦེག་པའོ། །གཟེར་བ་ནི་ཟུག་ཅིང་ན་བའོ། །དེ་ལ་ཞེས་བྱ་བ་ནི་ནད་དེ་རྣམས་ལའོ། །ཟས་ཡང་བ་ནི་འབྲས་སཱ་ལུ་རྩ་སྣར་ལ་
སོགས་པ་ཡང་བ་ལས་བྱས་པ་སྦྱིན་ཞིང་སྦྱང་བ་དང་། དེ་བཞིན་དུ་སྣུམ་པ་སྟེ། མར་དང་ཤ་ལ་སོགས་པ་དང་ལྡན་པ་དང་། དྲོ་བ་སྟེ་ཚ་ཞིང་ལེགས་པར་ཚོས་པ་དང་། ཆུང་བ་སྟེ་རན་ཅིང་ཆུང་བའི་ཚད་ཙམ་སྦྱིན་ནོ། །གཉིད་བཀག་ཁོང་མྱོས་སྤྱི་བོ་མིག །ལྕི་ཞིང་སྙོམ་ལ་གླལ་གཉིད་
འོང་། །ལུས་ཞིག་སྙམ་སེམས་དེ་ལ་ནི། །གཉིད་ལོག་ལུས་མཉེ་ཕན་པ་ཡིན། །ཞེས་བྱ་བ་ནི། གཉིད་བཀག་ཅིང་བརྣགས་པས་ཁོང་མྱོས་པ་ལ་སོགས་པ་འབྱུང་བར་འགྱུར་རོ། །ཁོང་མྱོས་པ་ནི་མི་དྲན་པ་སྙམ་བྱེད་པའོ། །སྤྱི་བོ་དང་མིག་ལྕི་བ་ནི་ལྕིད་ཆེ་བ་སྙམ་སེམས་པའོ། །
སྙོམ་པ་ནི་ཉམ་ཆུང་ཞིང་རྨྱ་བའོ། །གླལ་འོང་བ་ནི་ཡན་ལག་རྐྱོང་བ་དང་བཅས་པའི་ཁ་གདངས་པའོ། །ལུས་ཞིག་སྙམ་སེམས་པ་ནི་ལུས་བརྡུངས་པ་སྙམ་སེམས་པའོ། །དེ་ལ་ཞེས་པ་ནི་ནད་དེ་རྣམས་ལའོ། །གཉིད་ལོག་ཅེས་པ་ནི་བདེ་བར་གཉིད་ཀྱིས་ངོམས་པར་བྱས་པ་དང་། དེ་
བཞིན་དུ་ལུས་མཉེ་བ་སྟེ། བདེ་བར་བྱས་ནས་ལུས་ལེགས་པར་མཉེས་པ་སྟེ། དེ་དག་ཕན་ཞིང་འདོད་པར་བྱ་བ་ཡིན་ནོ། །ལུད་པ་འགགས་པས་དེ་འཕེལ་ཞིང་། །དབུགས་མི་བདེ་ཞིང་ཡི་ག་འཆུས། །སྙིང་ནད་སྐེམ་བྱེད་སྐྱིགས་བུས་འདེབས། །དེར་ནི་ལུད་བསལ་ཆོ་ག་བྱ། །ཞེས་བྱ་བ་

ནི། ལུད་པ་འགགས་ཤིང་འགགས་པས་ལུད་པ་དེ་ཉིད་འཕེལ་བར་འགྱུར་བ་དང་། དབུགས་མི་བདེ་བ་དང་། ཡི་ག་འཆུས་པ་དང་། སྙིང་ནད་འབྱུང་བར་འགྱུར་བ་དང་། དེ་བཞིན་དུ་སྐེམ་བྱེད་ཅེས་བྱ་བ་གཅོང་ཆེན་པོ་དང་། སྐྱིགས་བུས་འདེབས་པར་འགྱུར་རོ། །དེར་ནད་འདི་
དག་ལ་ལུད་པ་བསལ་ཏེ། ལུད་པ་གསོ་བའི་སྐབས་ནས་བཤད་པའི་ཆོ་ག་ཤིན་ཏུ་འབད་དེ་བྱའོ། །ངལ་དུབ་དབུགས་ནི་བཀག་པ་ལས། །སྐྲན་དང་སྙིང་ནད་མྱོས་པར་འགྱུར། །དེ་ལ་ངལ་གསོ་བྱ་བ་དང་། །རླུང་སེལ་བྱ་བའི་ཆོ་ག་ཕན། །ཞེས་བྱ་བ་ལ། ངལ་ཞིང་དུབ་པའི་དབུགས་
ནི་རྩོལ་བ་ལ་སོགས་པ་བསྟེན་པ་ལ། གང་འཕྲལ་དུ་བྱུང་བའི་དབུགས་དེ་འགགས་པ་ལས། སྐྲན་དང་གློ་སྙིང་གི་ནད་དང་། མྱོས་ཤིང་མི་དྲན་པ་འབྱུང་བར་འགྱུར་ལ། ནད་དེ་རྣམས་ལ་བདེ་བར་ངལ་གསོ་ཞིང་རྩོལ་བ་ལ་སོགས་པ་སྤངས་ལ། ལུས་མ་བསྐྱོད་པ་དང་། དེ་
བཞིན་དུ་རླུང་སེལ་བར་བྱ་བའི་ཆོ་ག་རླུང་གི་ནད་འཇོམས་པར་འགྱུར་བའི་གསོ་བའི་རིམ་པ་ཕན་པ་ཡིན་ནོ། །གླལ་བཀག་ན་ནི་སྦྲིད་འགགས་མཚུངས། །ཆོ་ག་ཐམས་ཅད་རླུང་འཇོམས་བྱ། །ཞེས་བྱ་བ་ལ། གླལ་འོང་བཀག་ཅིང་བརྣགས་པས། སྦྲིད་པ་འགགས་པ་དང་
འདྲ་བའི་ནད་ཐམས་ཅད་དེ། ཀླད་པ་ན་བ་དང་། དབང་པོ་མི་གསལ་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །ནད་དེ་རྣམས་ལ་ནི་ཆོ་ག་ཐམས་ཅད་རླུང་འཇོམས་ཤིང་སེལ་བའི་ཆོ་ག་རྣམས་བྱའོ། །མཆིལ་མ་འགགས་པས་མགོ་སྙིང་ན། །གཉའ་རེངས་ཡི་ག་འཆུས་མགོ་འཁོར། །
སྐྲན་བཅས་སྣ་ཆུ་འཛག་འགྱུར་དེར། །གཉིད་ལོག་ཆང་བཏུང་གཏམ་སྙན་ཕན། །ཞེས་བྱ་བ་ནི། མཆིལ་མ་འགགས་པ་ལས་མགོ་ན་བ་ལ་སོགས་པ་དང་། སྐྲན་དང་བཅས་ཤིང་སྣ་ཆུ་འཛག་པར་འགྱུར་རོ། །མགོ་ན་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །དེར་ཞེས་བྱ་བ་ནི་ནད་དེ་
རྣམས་ལ་གཉིད་ལོག་པ་དང་། རྒུན་ཆང་ལ་སོགས་པ་བཏུང་བ་དང་། གཏམ་སྙན་པ་སྟེ། ཆོས་ལ་སོགས་པ་དང་འབྲེལ་ཅིང་ཡིད་དགའ་བར་འགྱུར་བའི་གཏམ་རྣམས་མཉན་པ་ཕན་པ་ཡིན་ནོ། །སྐྱུག་བྲོ་བརྣགས་པས་མེ་དབལ་མཛེ། །འབྲས་དང་མིག་ནད་གཡན་པ་རིམས། །

སྐྱ་རྦབ་ལུད་པ་དབུགས་མི་བདེ། །དང་ག་རོ་སྟོད་མི་བདེ་སྐྲངས། །དེར་ཁ་བཀང་དབོ་དུད་སྨྱུང་གནས། །རྩུབ་ཟོས་དེ་ཉིད་སྐྱུགས་པ་དང་། །རྩོལ་དང་མྱུར་བར་གཏར་ག་གདབ། །བཀྲུ་སྨན་གཏོང་བའང་བསྔགས་པ་ཡིན། །ཞེས་བྱ་བ་ནི། སྐྱུགས་ཤིང་སློན་བྲོ་བ་
འགགས་ཤིང་བརྣགས་པས་མེ་དབལ་ལ་སོགས་པ་ལུད་པ་དང་བཅས་པ་འབྱུང་བར་འགྱུར་རོ། །དེ་ལ་མེ་དབལ་ནི་ནད་གཞིའི་སྐབས་ནས་བཤད་པར་བྱའོ། །མཛེ་ནི་པགས་པའི་འགྱུར་བའོ། །འབྲས་ནི་ཤའི་སྟེང་དུ་འཁོར་ལོ་དམར་པོར་གྱུར་པའོ། །མིག་ནད་ལ་སོགས་པ་ནི་རང་རང་
གི་ལེའུ་ལས་བཤད་པར་བྱའོ། །རོ་སྟོད་མི་བདེ་བ་ནི་ཁ་མ་གཏོགས་པ་གཞན་དག་ཏུ་སྔོན་པོ་ཐལ་ཐིལ་འབྱུང་བའོ། །དང་ག་མི་བདེ་བ་ནི་སྙིང་གར་འཚང་བ་སྙམ་བྱེད་པའོ། །ནད་དེ་རྣམས་ལ་ནི་ཁ་བཀང་བ་སྟེ། སྨན་བསྐོལ་བའི་ཁུ་བས་ཁ་བཀང་ཞིང་དབོ་བ་དང་། དུད་པ་རྣོན་པོ་དང་། སྨྱུང་
བར་གནས་ཤིང་ཟན་བཅད་པ་དང་། དེ་བཞིན་དུ་ཟན་རྩུབ་མོ་ཟོས་ལ་དེ་ཉིད་སྐྱུགས་པ་བྱས་པས་ཕན་པ་ཡིན་ནོ། །དེ་བཞིན་དུ་རྩོལ་བ་སྟེ། ལུས་དུབ་པར་བྱེད་པའི་ལས་རྣམས་དང་། ཉུང་བ་ཉིད་དུ་གཏར་ག་གདབ་ཅིང་ཁྲག་དབྱུང་བ་དང་། དེ་བཞིན་དུ་བཀྲུ་སྨན་བྱ་བ་སྟེ། ཨ་རུ་ར་དང་། སྦྲང་རྩི་
ལ་སོགས་པ་དང་། ཁྲུས་བྱ་བ་བསྔགས་ཤིང་ཕན་པ་ཡིན་ནོ། །ཁུ་བ་བཀག་པས་དེ་འཛག་དང་། །ཕོ་མཚན་ན་དང་འོར་ནད་རིམས། །སྙིང་ནད་ཆུ་འགགས་ལུས་ཞིག་དང་། །རྡེའུ་འཕེལ་དང་མ་ནིང་འགྱུར། །དེ་ལ་ཁྱིམ་བྱའི་ཤ་དང་ཆང་། །འབྲས་ཆན་མས་གཏོང་ལུས་བཅིང་དང་། །
ཆུ་སོའི་ནད་བསལ་ཏིལ་མར་བཙོས། །འོ་མ་བུད་མེད་གཞོན་བསྟེན་ཕན། །ཞེས་བྱ་བ་ནི་ཁུ་བ་འབྱུང་བ་བཀག་པ་ལས་ཁུ་བ་དེ་ཉིད་འཛག་ཅིང་འབྱུང་བར་འགྱུར་བ་དང་། ཕོ་མཚན་ན་བར་འགྱུར་བ་དང་། འོར་ནད་དང་། རིམས་ནད་དང་། སྙིང་ནད་འབྱུང་བ་དང་། ཆུ་འགགས་པ་སྟེ།
གཅིན་འགགས་པར་འགྱུར་བ་དང་། ལུས་ན་ཞིང་ཞིག་པ་སྙམ་སེམས་པ་དང་། རྡེའུ་འཕེལ་བ་སྟེ་གཅིན་འགགས་པའི་རྡེའུ་འཕེལ་བ་དང་། མ་ནིང་སྟེ་བུད་མེད་རྣམས་ལ་ཉལ་མི་ནུས་ཤིང་དགའ་བ་མེད་པར་འགྱུར་རོ། །དེ་ལྟ་བུའི་ནད་དེ་ལ་ནི་ཁྱིམ་བྱའི་ཤ་ལ་སོགས་པ་བསྟེན་པར་བྱའོ། །

ཁྱིམ་བྱ་ནི་གྲགས་པར་ཟད་དོ། །ཆང་ནི་དངས་མའམ་སྐ་བའོ། །འབྲས་ཆན་ནི་འབྲས་དམར་པོ་ལ་སོགས་པའི་ཆན་ནོ། །མས་གཏོང་བ་ནི་བཀྲུ་སྨན་དྲག་པོ་མས་གཏོང་བའམ། འཇམ་རྩི་དང་། མས་གཏོང་བ་གོང་མའི་དབྱེ་བས་རྣམ་པ་གསུམ་མོ། །ལུས་བཅིང་བ་ནི་སྨན་ཁུས་
སྣོད་གང་བར་ཞུགས་ཤིང་དུགས་བྱ་བའོ། །ཆུ་སོའི་ནད་བསལ་བ་ལ་ནི་ཀུ་སྨན་ད་དང་། གཟེ་མ་དང་། དོང་གྲ་ལ་སོགས་པ་ཏིལ་མར་དང་བསྐོལ་བ་དང་། འོ་མ་དང་། བུད་མེད་གཞོན་ཞིང་སྡུག་པ་བསྟེན་ཞིང་ལོངས་སྤྱད་པ་ཕན་པ་ཡིན་ནོ། །ཤུགས་ནི་བཀག་དང་བཙིར་བ་ཡིས། །
ནད་ནི་ཀུན་ཀྱང་འབྱུང་བར་འགྱུར། །ཤིན་ཏུ་མང་པོ་དེ་ཡི་ཕྱིར། །གསོ་དཔྱད་མང་པོ་འདིར་བཤད་དོ། །ཞེས་བྱ་བ་ནི། ཤུགས་བཀག་པ་དང་བཙིར་བ་ཡིས་ནི་ནད་ཀུན་ཀྱང་ཞེས་པ་ནད་མ་ལུས་པ་དག་ཀྱང་འབྱུང་ཞིང་སྐྱེ་བར་འགྱུར་ཏེ། ཤུགས་བཀག་པ་དག་ཏུ་ནད་གང་ཞིག་སྨྲས་
པ་དེ་འབའ་ཞིག་འབྱུང་བ་ཙམ་དུ་ཟད་པ་མ་ཡིན་གྱི། རིམས་ལ་སོགས་པ་གང་ཡིན་པ་ཅི་ཡོད་པ་ཐམས་ཅད་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་ཀྱང་ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །གང་ཡང་ནད་ཤིན་ཏུ་མང་པོ་ཡོད་པ་དེའི་ཕྱིར། གསོ་ཞིང་བཅོས་པའི་ཆོ་གའི་དཔྱད་འདིར་བསྟན་ཅིང་བཤད་པ་
ཡིན་ནོ། །དེ་ལས་ཕལ་ཆེར་རླུང་དུ་མ། །གང་ཕྱིར་འཁྲུགས་པར་གྱུར་པས་ན། །དེ་ཕྱིར་དེའི་ཟས་སྐོམ་དང་སྨན། །མཉམ་པར་འགྱུར་བ་སྦྱར་བར་བྱ། །ཞེས་བྱ་བ་ལ། དེ་ལས་ཞེས་པ་ནི་ཤུགས་འགགས་པ་དང་བཙིར་བ་ལས། །ཕལ་ཆེར་ཞེས་པ་མང་དུ། རླུང་དག་དུ་མར་ཞེས་པ་
རྣམ་པ་དུ་མའི་ཚུལ་གྱིས་རབ་ཏུ་འཁྲུགས་པར་འགྱུར་ཞིང་། རྣམ་པར་ལྡང་བར་འགྱུར་བ་གང་ཡིན་པ་དེའི་ཕྱིར། རླུང་དེས་ཟས་དང་སྐོམ་དང་སྨན་མཉམ་པར་འགྱུར་བ་ཞེས་པ། རླུང་སྙོམས་པར་འགྱུར་ཞིང་ལམ་ལོག་པ་ན་གནས་པར་རང་གི་མལ་ལ་གནས་པར་བྱེད་ཅིང་། གནོད་པ་
སེལ་བར་འགྱུར་བ་དེ་སྦྱར་བར་བྱ་ཞིང་སྤྱད་པར་བྱའོ། །འདི་དང་གཞན་དུ་ཕན་འདོད་པས། །འདོད་ཆེན་ཕྲག་དོག་ཞེ་སྡང་དང་། །སེར་སྣ་འདོད་ཆགས་ལ་སོགས་ཤུགས། །རྟག་བཀག་དབང་པོ་ཐུལ་བར་བྱ། །ཞེས་བྱ་བ་ལ། ཡང་སྐྱེས་བུ་དབང་པོ་ཐུལ་ཞིང་འདི་དང་གཞན་ལ་

ཕན་པར་འདོད་པས། ཡང་འདོད་ཆེན་ལ་སོགས་པ་ལ་ཞུགས་པའི་ཤུགས་འདི་དག་རྟག་པར་དུས་ཐམས་ཅད་དུ་དགག་པར་བྱའོ། །དེ་ལ་འདོད་ཆེན་ནི་གཞན་གྱི་རྫས་རྣམས་ལ་རེ་ཞིང་འདོད་པའོ། །ཕྲག་དོག་ནི་གཞན་གྱི་རྫས་ཕུན་སུམ་ཚོགས་པ་ལ་མི་བཟོད་པའོ། །
ཞེ་སྡང་ནི་སྲོག་ཆགས་རྣམས་ལ་རབ་ཏུ་སྡང་བའོ། །སེར་སྣ་ཅན་སེར་སྣ་ཉིད་དོ། །འདོད་ཆགས་ནི་བུད་མེད་ལ་སོགས་པ་ལ་ཞེན་པའོ། །སོགས་པའི་སྒྲས་ནི་འཇིགས་པ་དང་ཁྲོ་བ་དང་། གཡོ་སྒྱུ་དང་། དྲེགས་པ་ལ་སོགས་པ་བསྡུ་སྟེ་དེ་དག་གི་ཤུགས་རྣམ་པར་བཀག་ཅིང་དབང་པོ་ཐུལ་
བའི་རང་བཞིན་ཅན་ཉིད་དུ་བྱའོ། །དྲི་མ་རྣམས་ནི་སྦྱང་བའི་ཕྱིར། །ཅི་བཞིན་དུས་སུ་ནན་ཏན་བྱ། །དེ་ནི་ཤིན་ཏུ་སོགས་གྱུར་ན། །ཤས་ཆེར་འཁྲུགས་པས་སྲོག་རྒྱུན་གཅོད། །ཅེས་བྱ་བ་ནི་རླུང་དང་མཁྲིས་པ་དང་བད་ཀན་དང་། བཤང་གཅི་ལ་སོགས་པའི་དྲི་མ་རྣམས་སྦྱང་བར་བྱ་
ཞིང་། རྣམ་པར་བསལ་བར་བྱ་བའི་འབད་པས་ནན་ཏན་དུ་བྱའོ། །གང་གི་ཚེ་ཞེ་ན། ཇི་བཞིན་དུས་སུ་ཞེས་བྱ་བ་སྟེ། དུས་ལས་མ་ཡོལ་བར་རོ། །དེ་ཅིའི་ཕྱིར་ཞེ་ན། དྲི་མ་དེ་རྣམས་ནི་ཤིན་ཏུ་སོགས་ཤིང་རང་གི་གནས་སུ་འཕེལ་བར་གྱུར་ན། ལན་འགའ་ཞིག་ན་ཟས་དང་སྤྱོད་ལམ་གྱི་
ཚུལ་གྱིས་འཁྲུགས་པར་འགྱུར་བའི་རྒྱུ་ལ་བརྟེན་ནས་གང་གི་ཚེ་ཤས་ཆེར་འཁྲུགས་ཤིང་དཀྱེལ་དུ་གྱུར་པ་དེའི་ཚེ། དྲི་མ་འཁྲུགས་པར་གྱུར་པས་སྲོག་གི་རྒྱུན་གཅོད་པར་འགྱུར་ཞིང་ཚེ་འཕྲོག་པར་བྱེད་པར་འགྱུར་རོ། །དེ་བས་ན་དེ་རྣམས་སྦྱང་བ་ཉིད་དུ་བྱའོ། །འདི་ལྟར་ཤིན་ཏུ་
བསགས་པའི་ཟིལ་གྱིས་མནན་པའི་ཐབས་ཀྱི་གཙོ་བོ་ནི་སྦྱང་བའི་ཕྱིར་ཏེ། གང་གི་ཕྱིར་དེས་ཤིན་ཏུ་མྱུར་བར་འགྱུར་ལ། ཕལ་ཆེར་སོགས་པ་དག་ལ་ནི་སྨྱུང་བ་དང་། གཞུ་བར་བྱས་པ་ཡུན་རིང་པོར་བྱས་བས་བསལ་ཏེ། སྨྱུང་བ་དང་གཞུ་བར་བྱས་པ་དག །དེ་བསལ་བའི་ཆོ་གའི་
གཙོ་བོ་དག་ཡིན་ནོ། །དེ་ལྟར་ན་ལ་ལར་ནི་སྦྱང་བ་གཙོ་བོ་ཡིན་ལ། ལ་ལར་ནི་སྨྱུང་བ་དང་གཞུ་བར་བྱ་བ་དག་གོ། །ལ་ལར་ནི་སྨྱུང་བ་ཉིད་ནད་ཟིལ་གྱིས་གནོན་པའི་ཆོ་གའི་གཙོ་བོ་ཡིན་ལ། གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན། གཞུང་འདི་བརྩམས་པར་རིགས་པ་ཡིན་ནོ། །གནོད་པ་

སྨྱུང་དང་གཞུ་བྱས་པས། །བསལ་ཡང་སླར་ནི་ལྡང་སྲིད་ཀྱི། །གང་ཞིག་ལགས་པར་སྦྱངས་པ་དག །དེ་ནི་སླར་ཡང་འབྱུང་མི་འགྱུར། །ཞེས་བྱ་བ་ནི། རླུང་ལ་སོགས་པའི་གནོད་པ་རྣམས་སྨྱུང་བ་བྱ་བ་དང་། གཞུ་བ་བྱས་པས་བསལ་ཞིང་རྒྱལ་བར་བྱས་སུ་ཟིན་ཀྱང་། ནམ་ཞིག་ན་
སླར་སྡང་བར་འགྱུར་བ་སྲིད་ཀྱི། ཡང་གནོད་པ་གང་ཞིག་སློན་སྨན་ལ་སོགས་པས་དག་པར་འགྱུར་ཞིང་། ལེགས་པར་སྦྱངས་པའི་གནོད་པ་དག་པའི་གཙང་བས་དག་པ་དེ་རྣམས་ནི་སླར་ཡང་འབྱུང་ཞིང་སྐྱེ་བར་མི་འགྱུར་ཏེ། རྩ་བ་ནས་བཅད་པ་ཡིན་པའི་ཕྱིར། དེ་རྣམས་སླར་སྐྱེ་བར་མི་
འགྱུར་རོ། །དེ་བས་ན་སྨྱུང་བར་བྱས་པ་དང་། གཞུ་བར་བྱ་བ་བྱས་སུ་ཟིན་ཀྱང་། སྦྱང་བ་བྱ་དགོས་པ་ཡིན་ན། མ་བྱས་པ་ལ་དེའི་ཚེ་བརྩམ་པ་བྱ་དགོས་པར་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་སྨྱུང་བ་དང་སྨིན་ཅིང་གཞུ་བར་བྱས་པ་དག་ལ་ཡང་སྦྱང་བའི་བརྩམ་པ་བྱ་དགོས་པ་ཡིན་ནོ། །སྦྱང་
བའི་གནས་དག་ལ་ཡང་ཡུལ་དང་དུས་དང་། ལུས་ཀྱི་སྟོབས་ལ་སོགས་པ་ལས་དཔགས་ཏེ། སྨྱུང་བ་དང་སྨིན་པར་བྱ་བ་རླུང་གིས་གནོད་པར་མ་གྱུར་པའི་ཚུལ་གྱིས་བརྩམ་པ་བྱ་དགོས་སོ། །དུས་ཤེས་པ་ཡིས་དེ་ཕན་ཆད། །རིམ་པ་བཞིན་དུ་ཅི་རིགས་པར། །བཅུད་ཀྱིས་ལེན་
རྣམས་གྲུབ་པ་དང་། རོ་ཙའི་སྦྱོར་བ་སྦྱར་བར་བྱ། །ཞེས་པ་ནི། དུས་ཤེས་པའི་མཁས་པས་སྦྱར་བར་བྱ་བ་སྟེ། དུས་ལ་སོགས་པ་གང་གིས་ཤེས་པ་དེ་ནི་དུས་ཤེས་པ་ཡིན་གྱི། དུས་ཙམ་ནི་མ་ཡིན་ནོ། །དེ་བས་ན་ཡུལ་དང་། ལུས་ཀྱི་སྟོབས་དང་། ཟས་དང་། ཁུ་བཅུད་དང་། རང་
བཞིན་དང་། སྙིང་སྟོབས་ཀྱི་ཚུལ་གང་གིས་ཤེས་པ་དེས། དེ་ཕན་ཆད་ཅེས་བྱ་བ་སྦྱང་བ་བྱས་པའི་རྗེས་ཐོགས་ལ། རིམ་པ་བཞིན་དུ་ཞེས་བྱ་བ། གོ་རིམས་མ་འཆོལ་བར་ཐུག་པ་ལ་སོགས་པའི་གོ་རིམས་ཀྱིས་ཞག་བདུན་གྱི་བར་དུ་བྱས་ནས། དེའི་འོག་ཏུ་ལུས་ཀྱི་སྟོབས་མཐར་ཕྱིན་པ་
ཐོབ་པ་དང་། ཐ་མལ་པའི་ཁ་ཟས་ཟོས་ནས། དེའི་འོག་ཏུ་ཅི་རིགས་པར་ཞེས་པ། རིགས་པ་མི་འགལ་བར་བྱ་བ་སྟེ། བཅུད་ཀྱིས་ལེན་འདི་ནི་རླུང་གི་རང་བཞིན་ཅན་ནོ། །འདི་ནི་བད་ཀན་གྱི་རང་བཞིན་ཅན་ནོ། །འདི་ནི་བད་ཀན་གྱི་རང་བཞིན་ཅན་ནོ་ཞེས་བྱ་བ་དང་། བཅུད་ཀྱིས་ལེན་དེ་ཡང་གྲུབ་

པ་སྟེ། གྲུབ་པའི་དྲང་སྲོང་དག་གིས་བཤད་པ་ཡིན་གྱི། རང་བཟོའི་ཅི་དགའ་བས་ཁུ་བཅུད་དང་ཡོན་ཏན་དང་། ནུས་པའི་མཐུ་ལས་དཔགས་ནས་བློ་དང་ལྡན་པའི་སྨན་བ་རང་ཉིད་ཀྱིས། ཡོངས་སུ་བརྟགས་པ་ནི་མ་ཡིན་ནོ། །ཡང་ན་གྲུབ་པ་ཞེས་བྱ་བ་མང་པོའི་
མངོན་སུམ་དུ་གྱུར་པས་ཡིད་ཆེས་པ་སྟེ། ཚངས་པ་དང་། གནས་འཇོག་དང་། རི་བྱི་དང་འཕོ་བྱེད་ཀྱིས་སྦྱར་ཞིང་ལོངས་སྤྱོད་པ་དག་གོ། །རོ་ཙའི་སྦྱོར་བ་ཞེས་བྱ་བ་ནི་བུད་མེད་ལ་ཕོད་པར་བྱ་བ་གྲུབ་པ་རྣམས་ཏེ་དེ་དག་སྦྱར་བར་བྱའོ། །སྨན་རྣམས་ཀྱིས་ནི་ལུས་སྦྱངས་ཕན། །སཱ་
ལུ་དྲུག་ཅུ་པ་དང་གྲོ། །མུངྒ་ཤ་དང་མར་ལ་སོགས། །ཕན་པའི་ཟས་ཀྱིས་ལུས་བརྟ་ཞིང་། །ཡིད་འོང་དྲོད་སྐྱེད་སྨན་སྦྱར་བ། །ཡི་ག་འབྱེ་ཞིང་འཇུ་བྱེད་དང་། །བསྐུ་ཞིང་དྲིལ་ཕྱིས་ཁྲུས་བྱས་དང་། །དྲག་པོ་འཇམ་རྩི་མས་གཏོང་བརྟ། །ཞེས་བྱ་བ་ནི། སྐྱེས་བུ་སྨན་གྱིས་ལུས་སྦྱངས་
ཤིང་སྐྱུག་སྨན་ལ་སོགས་པས་ལུས་ཀྱི་ཉམས་དམད་པ་ལ། ལུས་བརྟ་བར་བྱ་བའི་ཕྱིར། སཱ་ལུ་རྩ་སྣར་ལ་སོགས་པའི་ཟས་རྣམས་དང་། བསྐུ་བ་དང་བཅས་པ་ལ་སོགས་པས་རིམ་གྱིས་ལུས་བརྟ་བར་བྱའི་འཕྲལ་དུ་ནི་མ་ཡིན་ནོ། །ཕན་པ་ཞེས་བྱ་བ་ནི་ལུས་ལ་ཕན་པར་འགྱུར་བའོ། །ཡིད་
དུ་འོང་བ་ཡང་མ་ཡིན་ལ། དྲོད་སྐྱེད་པའི་སྨན་ཡང་ཡིན་པས་ན་ཡིད་འོང་དྲོད་སྐྱེད་སྨན་ཏེ། སྒེ་གཤེར་དང་། པི་པི་ལིང་དང་། ན་ལེ་ཤམ་དང་། སེའུ་འབྲུ་དང་། བི་ཛ་པུ་ར་དང་། དར་བ་རྙིང་པ་དང་། ལྕེ་མྱང་ཚལ་སོགས་པ་སྟེ། དེ་དང་སྦྱར་ཞིང་འདྲེས་པའི་ཁ་ཟས་གང་ཡིན་པ་དེ་ནི་སྦྱོར་བ་དེ་
ལས་ཡིག་འབྱེ་ཞིང་འཇུ་བར་བྱེད་ལ། ཟས་འདོད་ཅིང་སྨིན་པར་བྱེད་ནུས་པ་སྟེ་བརྟ་བ་དང་། ལུས་བསྐུ་བ་ལ་སོགས་པ་ནི་གྲགས་པར་ཟད་དོ། །དྲག་པོ་ནི་བཀྲུ་སྨན་དྲག་པོ་མས་གཏོང་བའོ། །འཇམ་རྩི་གཏོང་བ་ནི་སྣུམ་གྱི་སྦྱོར་བ་མས་གཏོང་བ་སྟེ། དེ་དག་གིས་བརྟ་བར་བྱའོ། །དེས་ནི་
མེ་ཀུན་སྟོབས་ལྡན་ཞིང་། །བློ་མདོག་དབང་པོ་དྲི་མ་མེད། །དེ་བཞིན་ཚེ་རིང་རོ་ཙེ་དང་། །དཔལ་དང་གཟི་མདངས་ཐོབ་པར་འགྱུར། །ཞེས་བྱ་བ་ནི་དེ་ལྟར་རྣམ་པ་དེ་དག་བྱས་ཤིང་བཤད་མ་ཐག་པའི་བྱ་བ་རྫོགས་པ་དེས་ན། སྐྱེས་བུ་དེ་དཔལ་དང་གཟི་མདངས་ཐོབ་པར་འགྱུར་རོ། །དེ་བཞིན་དུ་མེ་

ཀུན་ཞེས་པ། ལུས་ཟུངས་རྣམས་ཀྱི་མེའི་དྲོད་ཀྱི་མེ་ཐམས་ཅད་དང་། འབྱུང་བའི་མེ་རྣམས་དང་། ཕོ་བའི་མེ་དྲོད་སྟོབས་དང་ལྡན་ཞིང་གསལ་ལ་སྨིན་པར་བྱེད་པའི་ནུས་པ་དང་ལྡན་པར་འགྱུར་ཏེ། དེ་ལྟར་ན་མེ་བཅུ་གསུམ་སྨིན་པའི་ནུས་པ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་བློ་
མདོག་དབང་པོ་དྲི་མ་མེད། །ཅེས་བྱ་བ་སྟེ། བློ་གྲོས་དང་། ཁ་དོག་དང་། མིག་ལ་སོགས་པའི་དབང་པོ་རྣམས་དྲི་མ་མེད་ཅིང་དང་བར་འགྱུར་བ་དང་། དེ་བཞིན་དུ་ཚེ་རིང་བ་སྟེ། ལྷག་པར་འཚོ་བར་འགྱུར་བ་དང་། དེ་བཞིན་དུ་རོ་ཙ་བ་ཞེས་པ་ཁུ་བ་རྣམ་པར་འཕེལ་བས། བུད་མེད་
ལ་ཕོད་པར་འགྱུར་བ་དང་། དཔལ་དང་གཟི་མདངས་ཐོབ་པར་འགྱུར་རོ། །འབྱུང་པོ་དུག་དང་རླུང་དང་མེ། །མཚོན་རྨས་ཆག་གྲུགས་སོགས་བྱུང་དང་། །འདོད་ཆགས་ཞེ་སྡང་འཇིགས་སོགས་གང་། །དེ་ནི་གློ་བུར་ནད་ཅེས་བྱ། །ཞེས་བྱ་བ་ནི་ནད་འདི་དག་ནི་གློ་བུར་བ་ཞེས་བྱ་སྟེ།
དེ་ཡང་གང་འབྱུང་པོས་མཐོང་ཞིང་ཟིན་པ་དང་། དུག་གིས་རེག་ཅིང་ཟིན་པ་དང་། གནོད་པའི་རླུང་དང་། མེ་དང་མཚོན་གྱིས་རྨས་པ་དང་། རྡོ་ལ་སོགས་པས་ཡན་ལག་ཆག་གྲུགས་སུ་གྱུར་ཅིང་། ཉེ་བར་བཅོམ་པ་ལ་སོགས་པ་ལས་བྱུང་བར་གྱུར་པ་གང་ཡིན་པ་དང་། དེ་བཞིན་
དུ་འདོད་ཆགས་དང་། ཞེ་སྡང་དང་། འཇིགས་པ་དང་། ཁོང་ཁྲོ་བ་དང་། མི་བཟོད་པ་དང་། བརྐམ་ཆགས་ལ་སོགས་པ་ཡིད་ཀྱི་ནད་དུ་གྱུར་པ་གང་དག་ཡིན་པ་སྟེ། དེ་དག་ཀྱང་གློ་བུར་བའི་ནད་ཅེས་བྱ་བ་ཡིན་པར་ཤེས་པར་བྱའོ། །ཤེས་རབ་ཉེས་པ་སྤོང་བ་དང་། །དབང་པོ་
ཉེར་ཞི་དྲན་པ་དང་། །ཡུལ་དུས་བདག་ཉིད་ཤེས་པ་དང་། །དམ་པའི་སྤྱོད་པའི་རྗེས་འཇུག་པ། །ལྷན་ཅིག་སྐྱེས་དང་གློ་བུར་ནད། །མདོར་ན་མ་སྐྱེས་མི་འབྱུང་དང་། །སྐྱེས་པ་ཞི་བར་བྱ་བའི་ཕྱིར། །ཆོ་ག་འདི་ནི་བསྟེན་པ་ཡིན། །ཞེས་བྱ་བ་ལ། ཤེས་རབ་ཀྱི་ཉེས་པ་ཡིན་པས་ན། ཤེས་རབ་
ཉེས་པ་སྟེ། དམ་པ་མ་ཡིན་པའི་སྤྱོད་པ་བྱེད་ཅིང་། བཀག་པ་རྣམས་ལ་སྤྱོད་པ་སྟེ། ལྷའི་མིག་དང་ལྡན་པའི་སློབ་དཔོན་རྣམས་ཀྱིས་རྣམ་པར་བཀག་པའི་ཡུལ་དག་སྟེན་པར་བྱེད་ཅིང་། བསྒོ་ཞིང་བསྟན་པའི་དོན་མི་བྱེད་པ་དེ་ལྟ་བུའི་ཤེས་རབ་ཀྱི་ཉེས་པ་ཡིན་ཏེ། མདོར་ན་ལུས་དང་ངག་དང་ཡིད་

ཀྱི་ཉེས་པ་སྤྱོད་པར་བྱེད་བའོ། །དེ་སྤང་བ་ནི་མི་བྱེད་པར་གཏོང་ཞིང་སྤང་པའོ། །དབང་པོ་ཉེ་བར་ཞི་བ་ནི་མིག་ལ་སོགས་པའི་དབང་པོ་རྣམས་མི་དགེ་བའི་རང་བཞིན་ཅན་གྱི་ཡུལ་ལ་འཇུག་པ་ལས་ལྡོག་ཅིང་ཉེ་བར་ཞི་བའམ། ཡང་ན་སྒྲ་ལ་སོགས་པའི་ཡུལ་ལ་ཤིན་
ཏུ་ཞེན་པ་ལས་ཡང་དག་པར་སྡོམ་པའོ། །དྲན་པ་ནི་སྔར་རྗེས་སུ་མྱོང་བའི་དོན་ཡིད་ལ་སེམས་པ་སྟེ། དེ་ཡང་དགེ་བ་དང་མི་དགེ་བའི་ཚུལ་དྲན་པར་བྱས་ནས། ལེན་པ་དང་སྤོང་བར་བྱེད་པ་སྟེ། ཉིན་དང་མཚན་དུ་ཞེས་བྱ་བ་ལ་སོགས་པ་རྟག་ཏུ་སྤྱོད་པའི་ཆོ་ག་ལས་བཤད་པའོ། །དེ་
བཞིན་དུ་ཡུལ་དུས་བདག་ཉིད་རྣམ་པར་ཤེས་པ་ཞེས་བྱ་བ་འདི། ཅི་ཡུལ་འདི་སྐབས་དགོན་དུང་ཅན་ཡིན་ནམ། རླན་ཅན་ཡིན་ནམ། འོན་ཏེ་ཆ་མཉམ་པ་ཡིན། ཅི་རླུང་གི་རང་བཞིན་ཅན་ནམ། འོན་ཏེ་མཁྲིས་པའི་རང་བཞིན་ཅན་ནམ། ཡང་ན་བད་ཀན་གྱི་རང་བཞིན་ཅན་ཡིན་
ཞེས་ཤེས་པར་བྱ་བ་དང་། དེ་བཞིན་དུ་དུས་ཞེས་པ་སྟེ། ཅི་འདི་ནི་དགུན་སྟོད་ཡིན་ནམ། འོན་ཏེ་དགུན་སྨད་ལ་སོགས་པ་གཞན་དག་ཡིན་ཞེས་པ་དང་། འདི་ནི་སྐད་ཅིག་ལ་སོགས་པའི་དུས་ཡིན་ནོ། །ཞེས་པ་དང་། འདིར་ཕོངས་པར་འགྱུར་བ་དག་ཀྱང་གཟུང་བར་བྱའོ། །བདག་
ཅེས་པ་ནི་རྣམ་པ་གཉིས་ཏེ། ངའི་རང་བཞིན་ནི་འདི་ཡིན་ཏེ། འདི་ལ་ནི་ངས་བརྟེན་པར་བྱའོ། །འདི་ལ་ནི་བརྟེན་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་བདག་ཉིད་ཤེས་པ་ནི་གཅིག་ཡིན་ནོ། །གཉིས་པ་ནི་མྱ་ངན་ལས་འདས་པའི་རང་བཞིན་ཅན་ཡིན་ཞེས་པ་སྟེ། དེ་མེད་པར་འདོད་ཆགས་
ལ་སོགས་པའི་ནད་གཞན་དག་གིས་བསལ་བར་བྱ་བར་མི་ནུས་པས་དེ་ཤེས་པར་བྱའོ། །དམ་པའི་སྤྱོད་པའི་རྗེས་སུ་འཇུག་པ་ཞེས་པ་ནི། དམ་པ་རྣམས་ཀྱི་སྤྱོད་པར་གྱུར་པ་གང་ཡིན་པ་དེའི་རྗེས་སུ་འཇུག་ཅིང་སློབ་ལ་ཉམས་སུ་ལེན་པའོ། །ལྷན་ཅིག་སྐྱེས་པ་ལ་ནི་ལུས་ལས་བྱུང་ཞིང་། ལྷན་
ཅིག་སྐྱེས་པའོ། །གློ་བུར་བ་ནི་འབྱུང་པོ་ལ་སོགས་པ་དང་འབྲེལ་པ་ལས་སྐྱེས་པའོ། །དེ་ལྟ་བུའི་ནད་ཀྱི་རྣམ་པར་འགྱུར་བ་དེས་མ་སྐྱེས་པ་རྣམས་མི་འབྱུང་བར་བྱ་བའི་ཕྱིར་དང་། དེ་བཞིན་དུ་ལྷན་ཅིག་སྐྱེས་པ་དང་། གློ་བུར་བའི་ནད་སྐྱེས་པ་རྣམས་ཞི་བར་བྱ་བའི་ཕྱིར། ཆོ་ག་འདི་ཉིད་མདོར་

བསྡུས་ནས་སློབ་དཔོན་གྱིས་བསྟན་ཅིང་བཤད་པ་ཡིན་ནོ། །དེ་བས་ན། དྲི་མ་རྣམས་ནི་སྦྱང་བའི་ཕྱིར། །ཅི་བཞིན་དུས་སུ་ནན་ཏན་བྱ། །ཞེས་བསྟན་པ་ཡིན་ནོ། །འོ་ན་དུས་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་འདི་སྨས་པ་ཡིན་ཏེ། གྲང་བ་ལས་བྱུང་ཉེས་ཚོགས་དཔྱིད་ཀྱི་ཚེ། །རྣམ་
བསལ་སོ་ག་ལས་བྱུང་དབྱར་དུས་ན། །དབྱར་བསགས་སྤྲིན་བྲལ་དུས་སུ་ལེགས་སྦྱངས་ན། །དུས་བྱུང་ནད་ནི་ནམ་ཡང་འབྱུང་མི་འགྱུར། །ཞེས་བྱ་བ་ལ། གྲང་བ་ཞེས་བྱ་བའི་སྒྲ་ནི་དགུན་སྟོད་དང་། དགུན་སྨད་གཉི་ག་གཟུང་ངོ་། །ཉེས་བ་རྣམས་ཀྱི་ཚོགས་ཡིན་པས་ན་ཉེས་
ཚོགས་ཏེ། དེ་ལྟར་གྲང་བ་ལས་བྱུང་ཞིང་སྐྱེས་པའི་ཉེས་པའི་ཚོགས་གང