Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 200
Văn bản gốc(Tây Tạng)
Trang 5 / 19 (50.000 ký tự/trang)
པོར་ སྐྱུར་པོར་གྱུར་པ་དང་། ཡང་ཞིང་ཟས་ལེན་པར་བྱེད་པ་ཡིན་ནོ། །དེས་ན་དེ་གཉི་ག་ཡང་ཡི་ག་འབྱེད་པར་བྱེད་པ་ཡིན་ནོ། །འབྲས་ཁུའི་རང་སྐྱུར་འཁྲུ་རྣོ་ཚ། །མཁྲིས་པ་སྐྱེད་བྱེད་བསྐུས་ན་བསིལ། །ངལ་དང་རྨྱ་སེལ་ཡི་ག་འབྱེད། །དྲོད་སྐྱེད་ཆུ་སོའི་ནད་སེལ་ཡིན། །ཞེས་བྱ་ བ་ལ། འབྲས་ཁུའི་རང་སྐྱུར་ནི་འབྲས་ཀྱི་ཁུ་ལེ་མནན་ནས། རང་སྐྱུར་དུ་གྱུར་པའི་བཏུང་བ་ཀཉྫི་ཞེས་བྱ་བ་སྟེ། དེ་ནི་ཆང་དང་། ཚྭ་དང་། སྐྱུར་པོ་དང་། ཅུང་ཟད་སྐྱུར་བས་སྡེ་ཚོམས་འདིའི་ནང་དུ་བསྟན་པ་ཡིན་ཏེ། ཇི་ལྟར་ཆང་ཡོ་བྱད་བསགས་ནས་ནད་པ་དེ་བཞིན་དུ་རང་སྐྱུར་ འདི་ཡང་བྱེད་པ་དང་། གཞན་ཡང་ཆུ་མང་བ་ཉིད་ཀྱིས། ཆང་དང་འདྲ་ཞིང་རེག་པ་བསིལ་བ་ཡིན་ནོ། །དེ་འཁྲུ་བ་སྟེ། ཁོང་འཁྲུ་བ་ཡིན་ནོ། །དེ་སྐད་དུ་ལུང་ལས། བཤང་བ་ལ་སོགས་གང་པོ་ནི། །འཇིག་པས་འཁྲུ་བ་ཞེས་བཤད་དེ། །དེ་ལས་བཟློག་པ་འགགས་པ་ནི། ། རྟུག་སྐམ་ཞེས་ནི་བྱ་བར་བཤད། །ཅེས་འབྱུང་བ་ཡིན་ནོ། །རྣོ་བ་ནི་བད་ཀན་ལ་སོགས་པ་འཇིག་པའོ། །མཁྲིས་པ་སྐྱེད་པ་ནི་མཁྲིས་པ་འཕེལ་བར་བྱེད་པའོ། །བསྐུས་ན་བསིལ་ཞེས་བྱ་བ་ནི། ལུས་ཀྱི་ཕྱི་རོལ་ནས་བསྐུས་ན་ཚ་བ་སེལ་བའོ། །ངལ་རྨྱ་སེལ་ཞེས་བྱ་བ་ནི། རྩོལ་ཞིང་ལས་སུ་བྱེད་པ་ལ་སོགས་པས་ཞུམ་ཞིང་ཞན་པར་གྱུར་པ་ནི། ངལ་བ་སེལ་ཞེས་བྱ་བ་ལ་སོགས་པ་མི་བྱེད་པར་ལུས་ཞུམ་ཞིང་ཉམ་ཆུང་བ་ནི་རྨྱ་བ་ཞེས་བྱ་སྟེ། དེ་དག་སེལ་བར་བྱེད་པས་ན། ངལ་བ་དང་རྨྱ་སེལ་ཞེས་བྱའོ། །ཡི་ག་འབྱེ་བ་ནི་ཟས་འདོད་པའི་ངང་ཚུལ་ཅན་ནོ། །ཡི་ ག་འཆུས་པར་བྱེད་པ་ངེས་པར་འཇོམས་པ་ཡིན་པའི་ཕྱིར་དྲོད་སྐྱེད་པའོ། །ཆུ་སོའི་ནད་སེལ་ཞིང་ཞེས་བྱ་བ་ནི། ལྒང་པའི་ནད་སེལ་ཞིང་འབྱིན་པར་བྱེད་པ་ཡིན་པས་ན་དེ་སྐད་ཅེས་བྱའོ། །མས་གཏོང་ལ་ཕན་ཡིད་དུ་འོང་། །ཡང་ཞིང་རླུང་དང་བད་ཀན་འཇོམས། །ཞེས་བྱ་བ་ལ། དེ་བཞིན་དུ་མས་གཏོང་བ་ལ་ཕན་པ་ཞེས་བྱ་སྟེ། མས་གཏོང་བ་ནི་རླུང་ལས་གྱུར་པའི་ནད་ལ། སྦུ་གུ་ནས་མར་ཁུ་ལ་སོགས་པ་བཤང་བའི་ལམ་ནས་འཛུད་པ་སྟེ། དེ་ནི་འོག་ནས་བཤད་པར་བྱའོ། །གཞན་དག་ནི་གོ་སླའོ། །བ་གཅིན་ར་ལུག་མ་ཧེ་དང་། །གླང་པོ་རྟ་བོང་རྔ་མོའི་ གཅིན། །མཁྲིས་སྐྱེད་རྩུབ་ཅིང་རྣོ་ལ་ཚ། །འཐུངས་རྗེས་ཚ་བྲོ་རོ་ཚ་སྟེ། །སྲིན་ནད་འོར་ནད་དམུ་རྫིང་སྦོས། །གཟེར་དང་སྐྱ་རྦབ་བད་ཀན་རླུང་། །དུག་སྐྲན་ཤ་བཀྲ་ཡིག་འཆུས། །མཛེ་དང་གཞང་འབྲུམ་མྱུར་དུ་འཇོམས། །ཞེས་བྱ་བ་ནི། བ་གཅིན་ལ་སོགས་ པའི་གཅིན་རྣམ་པ་བརྒྱད་འདིར་བསྟན་པ་ནི་དྲོ་བ་དང་རྣོ་བའི་ཡོན་ཏན་མང་བས། ཆང་དང་ཆ་མཐུན་པ་ཡོད་པ་བཤད་པ་ཡིན་ལ། རྣམ་པ་དེ་བརྒྱད་ཆར་ཡང་མཁྲིས་པ་སྐྱེད་ཅེས་བྱ་བ་སྟེ། མཁྲིས་པ་འཕེལ་བར་བྱེད་པ་དང་། རྩུབ་པ་དང་། རྣོ་བ་དང་། ཚ་བ་ཡིན་ཞིང་འཐུངས་པའི་རྗེས་ ལན་ཚྭ་བྲོ་བ་གང་ཡིན་པ་དེ་ནི་འཐུངས་རྗེས་ཚ་བྲོ་ཞེས་བྱ་སྟེ། འཐུངས་པ་དང་རོ་གཞན་གྱི་རྗེས་ལ་ལན་ཚྭ་བྲོ་བ་ཡིན་ལ། དེ་ཡང་གསལ་བ་དང་མི་གསལ་བར་བཤད་དོ། །དེ་ལ་རོ་ནི་གསལ་ཞེས་བྱ། །མི་གསལ་བ་ནི་འཐུངས་རྗེས་རོ། །མཐར་གསལ་བར་ཡང་འདོད་པ་ཡིན། །ཞེས་བཤད་ པ་ཡིན་ནོ། །དེ་བཞིན་དུ་རོ་ལས་ཚ་བ་ཡིན་པ་དང་། སྲིན་བུ་ལ་སོགས་པ་འཇོམས་ཤིང་ཡང་བར་འགྱུར་བ་ཡིན་ནོ། །དེ་ལྟར་ཆུ་བོ་བུ་རམ་ཤིང་། །ཏིལ་མར་ཆང་གི་སྡེ་ཚོམས་རིམ། །གཤེར་པའི་རྫས་ཕྱོགས་གཅིག་པ་འདི། །རགས་རིམ་ཇི་བཞིན་བསྟན་པ་ཡིན། །ཞེས་བཤད་པ་ནི། དེ་ལྟར་ཞེས་བྱ་བ་བཤད་མ་ཐག་པའི་རྣམ་པས་ཆུ་དང་འོ་མ་ལ་སོགས་པ་གཤེར་བའི་རྫས་ཀྱི་སྡེ་ཚོམས་ཀྱི་ཚོགས་ཀྱི་རིམ་པའི་གོ་རིམས་བསྟན་པ་དང་། བཤད་པའི་ཚུལ་ཇི་ལྟ་བ་ཕྱོགས་གཅིག་ཅེས་པ། ཡན་ལག་གི་ཕྱོགས་གཅིག་གམ། ཅུང་ཟད་ཙམ་བསྟན་པ་ཡིན་གྱི། གཤེར་བའི་རྫས་ མཐའ་དག་མ་ལུས་པ་བསྟན་ཅིང་བཤད་པ་ནི་མ་ཡིན་ཏེ། དེ་དག་ནི་རགས་རིམ་ཇི་བཞིན་བསྟན་པ་ཡིན། ཞེས་བྱ་བ་སྟེ། རགས་ཤིང་སྦོམ་པ་མ་བོར་བ་ཙམ་དུ་རགས་རིམ་མཐོང་བ་བསྟན་པ་ཡིན་གྱི། ཞིབ་ཏུ་ཕྲ་བ་ལས་རྣམ་པར་དཔྱད་པ་ནི་མཐའ་ཡས་པ་ཡིན་ནོ། །དེ་བས་ཅུང་ཟད་ཙམ་ཞིག་ཁོ་བོས་ སྨྲས་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་ལྔ་པའི་རྣམ་པར་བཤད་པའོ།། །།དེ་ནས་ཁ་ཟས་ཀྱི་ཚུལ་བརྟག་ཅིང་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ། །ཞེས་ བྱ་བ་ལ། འདིའི་འགྲེལ་པ་ནི་འདི་ཡིན་ཏེ། གནའ་དང་པོ་འཇིག་རྟེན་ཆགས་པའི་དུས་སུ་དང་པོ་ནི་ཆུ་ཉིད་བྱུང་བ་ཡིན་ལ། དེའི་འོག་ཏུ་ནི་ཟས་བྱུང་ངོ་། །དེའི་འོག་ཏུ་ནི་སེམས་ཅན་བྱུང་བ་ཡིན་ནོ། །དེ་ལྟར་ན་འདིའི་རྗེས་ཐོགས་ལ་ཁ་ཟས་ཀྱི་ཚུལ་བརྟག་ཅིང་ཤེས་པར་བྱ་བའི་ལེའུ་བརྩམས་པ་ ཡིན་ནོ། །དེ་ལ་ཟས་ཀྱི་རང་བཞིན་གྱི་ཚུལ་ནི་གཡོས་སུ་བྱས་པ་དང་། གཡོས་སུ་མ་བྱས་པ་སྟེ། དེའི་རོ་དང་། ནུས་པ་དང་། ཞུ་བའི་རྗེས་དང་། མཐུ་སྟོབས་དང་། ཡོན་ཏན་ལ་སོགས་པ་དང་། དེ་བརྟག་ཅིང་ཤེས་པར་བྱ་བ་ནི་ཁོང་དུ་བཅུད་པ་སྟེ། དེ་ལ་ཕན་པར་བྱེད་པའི་ལེའུ་གང་ ཡིན་པ་དེ་བཤད་པར་བྱའོ། །དེ་ལ་ཟས་ནི་གང་བཟའ་བར་བྱ་བ་སྟེ། འབྲུ་ལ་སོགས་པའོ། །འབྲུ་ཡང་གྲ་མ་ཅན་དང་། གང་བུ་ཅན་གྱི་དབྱེ་བས་རྣམ་པ་གཉིས་སོ། །དེ་ལས་ཀྱང་གྲ་མ་ཅན་གཙོ་བོ་ཡིན་པས་དང་པོར་བསྟན་ཏེ། དེ་གཙོ་བོར་གྱུར་པ་ནི་མང་དུ་དགོས་ཤིང་ཞེས་པ་ཡིན་ གྱི། གང་བུ་ཅན་གྱི་འབྲུ་ནི་སྲན་ཚོད་ལ་སོགས་པ་ཉིད་ཀྱིས་ཅུང་ཟད་དགོས་པའི་ཕྱིར་གཙོ་བོ་མ་ཡིན། དེ་བས་ན་འདིར་སྨྲས་པ་ནི། རྩ་སྣར་འབྲས་ཆན་ཀ་མ་ལི། །དྲུག་ཅུ་པ་དང་བྱ་ཡིས་བླངས། །སྒྲོན་བུའི་མཆུ་དང་རྩེ་རྣོན་དང་། །རོ་དྲའི་འབྲས་འདྲ་དྲི་བཟངས་དང་། །པ་ཏང་ག་དང་གསེར་ མདོག་ཅན། །གང་གཞན་འབྲས་ནི་བཟང་པོ་རྣམས། །རོ་མངར་ཞུ་རྗེས་མངར་ཞིང་སྣུམ། །རོ་ཙ་བཤང་གཅི་སྐ་ཞིང་ཆུང་། །རོ་རྗེས་བསྐ་ཞིང་ཕན་པ་དང་། །ཡང་ཞིང་གཅིན་མང་བསིལ་བ་ཡིན། །ཞེས་བྱ་བ་ནི། འབྲས་གཞན་དག་ལས་སཱ་ལུ་རྩ་སྣར་རཀྟ་ལི། ཞེས་བྱ་བ་ལ་སོགས་པ་ནི་ གཙོ་བོ་ཡིན་པས་ན་དང་པོར་སྨོས་པ་ཡིན་ནོ། །དེ་ལ་རཀྟ་ཤ་ལི་ནས་གསེར་མདོག་ཅན་ཞེས། ཊ་པ་ལི་ཞེས་བྱ་བའི་འབྲས་དང་། གཞན་ཡང་གང་དག་དེ་དང་འདྲ་བའི་འབྲས་དཀར་པོ་བཟང་པོ་དེ་ཐམས་ཅད་ནི་རོ་མངར་བ་དང་། ཞུ་བའི་རྗེས་མངར་བ་ཡིན་པ་དང་། སྣུམ་པ་དང་། རོ་ཙ་ཞིང་ ཁུ་བ་འཕེལ་བ་དང་། བཤང་གཅི་སྐ་ཞིང་བསྒོངས་པ་ཆུང་ངུར་བྱེད་པ་དང་། རོའི་རྗེས་བསྐ་ཞིང་བསྐ་བའི་རོ་དང་ཧ་ཅང་མི་གསལ་ཞིང་། ཤས་ཆུང་བ་དང་ལྡན་པ་དང་། ཕན་ཞིང་གནོད་པ་སེལ་བ་དང་། དེ་བཞིན་དུ་ཡང་བའི་ཡོན་ཏན་དང་ལྡན་པ་དང་། གཅིན་མང་ཞིང་འཕེལ་བར་ བྱེད་པ་དང་། བསིལ་ཞིང་གྲང་བའི་ནུས་པ་ཡོད་པ་སྟེ། ཡོན་ཏན་དེ་དག་དང་ལྡན་པ་ཡིན་ནོ། །དེ་ལ་རྩེ་རྣོ་ནང་རྩ་སྣར། །མཆོག་ཡིན་སྐོམ་དང་ཉེས་གསུམ་སེལ། །ཞེས་བྱ་བ་ནི། དེ་ལ་རྩེ་མོ་རྣོ་ཞིང་གྲ་མ་ཅན་དེ་རྣམས་ཀྱི་ནང་ན་རྩ་སྣར་ཏེ། རཀྟ་ཤ་ལི་ ནི་མཆོག་དང་དམ་པ་ཡིན་ལ། དེ་ནི་སྐོམ་དད་སེལ་བ་དང་། ཉེས་པ་གསུམ་སེལ་བར་བྱེད་པ་ཡིན་ནོ། །དེ་ཡི་འོག་ཏུ་འབྲས་ཆན་དམན། །དེའི་འོག་ཀ་མ་ལ་དེའི་འོག །ཅེས་བྱ་བ་ནི། རཀྟ་ཤ་ལི་དེའི་འོག་ཏུ་ནི་འབྲས་ཆན་ཏེ། མ་ཧཱ་ཤ་ལི་ཞེས་བྱ་བ་ཡོན་ཏན་གྱིས་སྔ་མ་ ལས་དམན་པ་ཡིན་ལ། མ་ཧཱ་ཤ་ལི་དེའི་འོག་ཀ་མ་ལ་ནི་དེ་བས་ཀྱང་ཡོན་ཏན་ཆུང་བ་ཡིན་ནོ། །དེ་བས་ཀྱང་དེའི་འོག་མ་དྲུག་ཅུ་པ་ལ་སོགས་པ་དེ་རྣམས་རིམ་གྱིས། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཡོན་ཏན་ཆུང་བ་ཡིན་ནོ། །ནས་འདྲ་ཧ་ཡན་ཆར་མ། །ནེེ་ཤ་ད་ཀ་ལ་སོགས་ནི། །རོ་ མངར་དྲི་ཞིམ་ལྕི་ལ་སྣུམ། །ཞུ་བའི་རྗེས་གྱུར་བད་མཁྲིས་སྐྱེད། །བཤང་དང་གཅི་བ་ཐུར་དུ་འབྱིན། །སྔ་མ་སྔ་མ་སྨད་པ་ཡིན། །ཞེས་བྱ་བ་ནི། ནས་འདྲ་ཞེས་བྱ་བ་ཡ་བ་ཀ་ལ་སོགས་པའི་འབྲས་རྣམས་རོ་མངར་ཞིང་བསིལ་བ་དང་། དེ་བཞིན་དུ། ནུས་པ་དྲོ་ཞིང་ལྕི་བ་དང་། །སྣུམ་པའི་ཡོན་ ཏན་དང་ལྡན་པས་སྣུམ་པ་དང་། ཞུ་བའི་རྗེས་སྐྱུར་བ་ཉིད་དུ་སྨིན་པར་འགྱུར་བ་དང་། བད་ཀན་དང་མཁྲིས་པ་སྐྱེད་ཅིང་འཕེལ་བར་བྱེད་པ་དང་། བཤང་བ་དང་གཅི་བ་ཐུར་དུ་འབྱིན་ཞིང་ཕྱི་རོལ་དུ་འབྱུང་བར་བྱེད་པ་དང་། དེ་བཞིན་དུ་སྔ་མ་སྔ་མ་སྟེ། གང་ཞིག་གང་ལས་སྔ་མར་གྱུར་ཞིང་། གོང་ མ་ཡིན་པ་དེ་སྨད་ཅིང་མཆོག་མ་ཡིན་པ་ཉིད་ཡིན་ནོ། །དེས་ན་ནི་ཤད་ལས་ཆར་མ་རྡུལ་ཅན་དུ་སྐྱེས་པ་སྨད་པ་ཡིན་ལ། ཆར་མ་ལས་ནི་ཧ་ཡན་སྨད་པ་ཡིན་ལ། དེ་ལས་ནས་འདྲ་ཞེས་པ་སྨད་པ་ཡིན་ཏེ། དེ་ལྟར་ན་ཐམས་ཅད་ལས་ཡ་བ་ཀ་ཞེས་པ་ནས་འདྲ་སྨད་པ་ཡིན་ནོ། །འབྲས་ནང་དྲུག་ཅུ་པ་ མཆོག་སྟེ། །རྩ་སེར་ཤུན་པ་གནག་པ་དག །སྣུམ་ཞིང་འཇུ་སླ་བརྟན་ཞིང་མངར། །ཉེས་པ་གསུམ་སེལ་བསིལ་རྟུག་འདྲིལ། །ཞེས་བྱ་བ་ནི། འབྲས་ཤ་སྲི་ཀ་ཞེས་བྱ་བ་དྲུག་ཅུ་པ་ནི་སྣུམ་པའི་ཡོན་ཏན་དང་ལྡན་པས་ན་སྣུམ་པའོ། །བརྟན་པ་ནི་ལུས་བརྟན་པར་བྱེད་ཅིང་། དེ་བཞིན་དུ་ ངལ་བ་དང་། དུབ་པ་དང་། རྨྱ་བ་སེལ་བ་ཡིན་ཏེ། དེ་ཉིད་ཀྱིས་ན་བཅུད་ཀྱིས་ལེན་དང་། རིམས་ལ་སོགས་པ་དེ་དང་དེར་ལུས་ཉམ་ཆུང་ཞིང་སྦེག་པ་ལ་སྦྱིན་པ་ཉིད་དུ་བསྟན་པ་ཡིན་ནོ། །དེ་ནི་འབྲུ་རྣམས་ཀྱི་ཡོན་ཏན་གྱི་ནང་ན་མཆོག་ཡིན་ལ། དེ་ལ་ཡང་རྩ་སེར་བ་དང་། ཤུན་པ་གནག་པའི་ དབྱེ་བས་རྣམ་པ་གཉིས་ཡོད་ལ། དེ་གཉིས་ལས་ཀྱང་ཤུན་པ་གནག་པ་བས་རྩ་སེར་བ་མཆོག་ཡིན་ནོ། །དེ་ལས་རིམ་བཞིན་ཐུག་ཆེན་དང་། །ཤུན་གནག་རྒྱ་སྐྱེགས་ཚིགས་མ་འདྲ། །ཁྱིམ་བྱའི་སྒོང་འདྲ་འུར་པའི་མིག །ཕུག་རོན་འབྲས་དང་སུ་ཀ་ར། །འབའ་ར་ཀ་དང་ཨུཏྤལ་དམར། ། ཅིན་སྟོན་སྐྱེས་ད་དུ་ར། །གནྡྷ་ན་དང་ཀུན་བིན་ད། །ཡོན་ཏན་རིམ་བཞིན་ཆུང་ཤེས་བྱ། །ཞེས་བྱ་བ་ནི། དྲུག་ཅུ་པ་དང་། འབྲས་ཆན་ལ་སོགས་པ་ནས། ཀུན་བིན་དའི་མཐར་ཐུག་པ་དག་ནི་གོ་རིམས་བཞིན་དུ་ཡོན་ཏན་དག་ཆུང་ཞིང་དམན་པ་ཉིད་དུ་ཤེས་པར་བྱའོ། །དེ་ལྟར་ན་ཐུག་པོ་ཆེའི་ ཡོན་ཏན་ལས་ནི་ཤུན་པ་གནག་པ་དྲི་སྣ་བྲི་ཧ་ཞེས་བྱ་བ་ཡོན་ཏན་ཆུང་བ་ཡིན་ལ། དེ་ལས་ནི་རྒྱ་སྐྱེགས་ཚིགས་མ་འདྲ་བ་ཡིན་པས་ན། འབྲས་ཐམས་ཅད་ལས་ཀུན་བིན་ད་ཡོན་ཏན་ཆུང་བ་ཉིད་ཡིན་པར་ཤེས་པར་བྱའོ། །འབྲས་གཞན་མངར་ཞིང་ཞུ་རྗེས་སྐྱུར། །མཁྲིས་པ་སྐྱེད་ཅིང་ལྕི་བ་དང་། ། གཅིན་རྟུག་མང་ཞིང་ཚ་བ་ཡིན། །པ་ཏ་ལ་ཉིད་ཉེས་གསུམ་སྐྱེད། །ཅེས་བྱ་བ་ནི། འབྲས་གཞན་ཞེས་བྱ་བ་གོང་དུ་མ་བཤད་པའི་འབྲས་རྣམས་ནི་རོ་མངར་བ་དང་། དེ་བཞིན་དུ་ཞུ་རྗེས་སྐྱུར་ཞེས་པ། ཞུ་བའི་རྗེས་སྐྱུར་བར་འགྱུར་བ་དང་། མཁྲིས་པ་སྐྱེད་ཅིང་འཕེལ་བ་དང་། ལྕི་བ་དང་། རྟུག་པ་མང་བར་འགྱུར་བ་དང་། ཚ་བ་ཡིན་ཞེས་བྱ་བ་དྲོད་སྐྱེད་པ་སྟེ། འདིར་ཚ་བའི་སྒྲ་ནི་དྲོད་སྐྱེད་པ་ལ་བྱའོ། །མཁྲིས་པ་ནི་མ་ཡིན་ཏེ། གོང་དུ་མཁྲིས་པ་སྐྱེད་ཅེས་སྨོས་པའི་ཕྱིར་རོ། །པ་ཏ་ལ་ཉིད་ཉེས་གསུམ་སྐྱེད། །ཅེས་བྱ་བ་ནི། པ་ཏ་ལ་ཞེས་བྱ་བའི་འབྲས་བུ་ནི་ཉེས་པ་གསུམ་ ཆར་སྐྱེད་པ་ཡིན་ཏེ། གནོད་པ་གསུམ་ཤིན་ཏུ་འཁྲུགས་པ་ཡིན་པར་ཤེས་པར་བྱ་སྟེ། ཉེས་པ་གསུམ་སྐྱེད་པ་ཉིད་ཀྱིས་ནི་འདི་བཟའ་བ་བཀག་པ་ཡིན་ནོ། །ཅི་ཙེ་ཁྲེ་དང་ནི་བ་ར། །ཁྲེ་རྒོད་སྣེའུ་འབྲས་སོགས་བསིལ་ཡང་། །རྩ་འབྲུ་དེ་དག་རླུང་སྐྱེད་ཅིང་། །ཁོང་རྩུབ་བད་ཀན་མཁྲིས་པ་སེལ། ། ཞེས་བྱ་བ་ནི། ཅི་ཙེ་ལ་སོགས་པའི་རྩ་ཅན་གྱི་འབྲས་བུ་ནི་བསིལ་བ་སྟེ་གྲང་བའི་ནུས་པ་ཡོད་པ་དང་། ཡང་བ་དང་རླུང་སྐྱེད་ཅིང་འཕེལ་བར་བྱེད་པ་དང་། དེ་བཞིན་དུ་ཁོང་རྩུབ་ཅིང་འཁྲུགས་པ་དང་། བད་ཀན་དང་མཁྲིས་པ་སེལ་ཞིང་འཇོམས་པ་ཡིན་ནོ། །དེ་ ལ་ཁྲེ་ནི་བརྟ་བྱེད་ལྕི། །ལུས་ཀྱི་ཆག་གྲུགས་འབྱོར་བར་བྱེད། །ཅེས་བྱ་བ་ནི། དེ་ལ་རྩ་ཅན་གྱི་འབྲུ་དེ་རྣམས་ཀྱི་ནང་ནས་ཁྲེ་ནི་ལུས་བརྟ་བར་བྱེད་པ་དང་། ལྕི་བ་དང་ལུས་ཀྱི་ཡན་ལག་གི་ཆག་གྲུགས་འབྱོར་ཅིང་འཚོ་བར་བྱེད་པ་ཡིན་ནོ། །ཁྲེ་རྒོད་མཆོག་ཏུ་འཁྲུ་གཅོད་ཅིང་། །རེག་ ན་བསིལ་ལ་དུག་སེལ་ཡིན། །ཞེས་བྱ་བ་ནི། རྩ་ཅན་གྱི་འབྲུའི་ནང་ནས་ཁྲེ་རྒོད་དེ། །ཀོ་ཏྲ་བ་ནི་ཤིན་ཏུ་ཡང་འཁྲུ་བ་གཅོད་ཅིང་། སྡུད་པའི་ངང་ཚུལ་དང་། རེག་ན་བསིལ་བ་སྟེ། ཕྱི་རོལ་དུ་བསྐུ་བ་ལ་སོགས་པ་ལ་སྦྱར་ན། རེག་ན་བསིལ་བ་ཉིད་ཀྱིས་ཚ་བ་སེལ་བར་བྱེད་དོ། །དུག་སེལ་ ཞིང་འཇོམས་པ་ཡིན་པས་ན། དུག་སེལ་ཡིན་ཞེས་བྱའོ། །ནས་ནི་རྩུབ་བསིལ་ལྕི་ལ་མངར། །ཅུང་ཟད་ཁོང་འཁྲུ་བཤང་རླུང་འཕེལ། །རོ་ཙ་བརྟན་བྱེད་གཅིན་དང་ནི། །ཚིལ་དང་བད་ཀན་མཁྲིས་པ་སེལ། །ཆམ་པ་ལུད་པ་དབུགས་མི་བདེ། །ད་རྒན་ལྐོག་ནད་པགས་ནད་སེལ། །ཞེས་ བྱ་བ་ནི། ནས་ནི་རྩུབ་པའི་ཡོན་ཏན་དང་ལྡན་པས་ན་རྩུབ་པའོ། །དེ་བཞིན་དུ་ལྕི་བ་དང་། རོ་མངར་བ་དང་། ཅུང་ཟད་ཁོང་འཁྲུ་བ་དང་། བཤང་བ་དང་། རླུང་འཕེལ་ཞིང་སྐྱེད་པ་ཡིན་ཏེ། དེ་ནས་བཤང་བ་ཟད་པ་དག་ལ་དྲང་སྲོང་དག་གིས་འདིའི་སྦྱོར་བ་བཤད་པ་ཡིན་ནོ། །དེ་བཞིན་དུ་རོ་ཙ་བ་ དང་ལུས་བརྟན་པར་བྱེད་པ་དང་། གཅིན་དང་ཚིལ་ལ་སོགས་པ་སེལ་ཞིང་འཇོམས་པར་བྱེད་པ་ཡིན་ནོ། །ནས་རྒོད་ཅུང་ཟད་དམན་པ་ཡིན། །ཞེས་བྱ་བ་ནི། ནས་དང་དབྱིབས་འདྲ་བ་ལས། ཤིན་ཏུ་ཕྲ་བ་ལ་ནི་ནས་རྒོད་ཅེས་བྱ་སྟེ། དེ་ནི་ནས་ཀྱི་ཡོན་ཏན་ལས་དམན་ཞིང་ཞན་པ་ཡིན་ནོ། ། དེ་ནི་འཇིག་རྟེན་ན་ནས་འདྲ་ཞེས་མིང་དུ་གྲགས་པའོ། །སྨྱིག་སྐྱེས་འབྲས་ནས་རྩུབ་ཅིང་ཚ། །ཞེས་བྱ་བ་ནི། སྨྱིག་མ་ལས་སྐྱེས་པས་ན་སྨྱིག་སྐྱེས་པ་སྟེ། འོད་མའི་འབྲས་བུའི་ནས་ཞེས་ལུང་ལས་བཤད་པའོ། །སྨྱིག་མ་ལས་བྱུང་བའི་ནས་དེ་ནི་སྨྱིག་མའི་འབྲས་བུ་ནས་འདྲ་བ་དེ་རྩུབ་པ་དང་། དེ་བཞིན་དུ་ཚ་བའི་ནུས་པ་དང་ལྡན་པ་ཡིན་ནོ། །གྲོ་ནི་རོ་ཙ་སྣུམ་བསིལ་ལྕི། །འཚོ་བྱེད་རླུང་དང་མཁྲིས་པ་སེལ། །ཆག་གྲུགས་འབྱོར་བྱེད་མངར་བ་དང་། །ཤ་མཁྲེགས་བྱེད་ཅིང་ཅུང་ཟད་འཁྲུ། །ཞེས་པ་ལ། གྲོ་ནི་རོ་ཙ་བ་སྟེ། བུད་མེད་ལ་ཕོད་པར་བྱེད་པ་དང་། སྣུམ་པ་ དང་བསིལ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ནན་དི་མུ་ཁ་རོ་བསྐ་ཞིང་། །བསིལ་ཞིང་མངར་ཡང་ཕན་པ་ཡིན། །ཞེས་བྱ་བ་ལ། ནན་དི་མུ་ཁ་ནི་ཕྲན་པ་སྟེ། གྲོའི་རིགས་སུ་གཏོགས་པ་ཕྲ་ཞིང་རིང་བ་ཡིན་ཏེ། དེ་ནི་བསིལ་ཞིང་རོ་མངར་བ་དང་། བསྐ་བ་དང་ཡང་ བའི་ཡོན་ཏན་དང་ལྡན་ཞེས་གནོད་པ་དང་། དྲི་མ་རྣམས་ལ་ཕན་ཞིང་བསོད་པ་ཡིན་ནོ། །གྲ་མ་ཅན་གྱི་འབྲུ་སྣ་ཚོགས་ཀྱི་སྡེ་ཚན་ནོ།། །།ཚོད་མ་བྱ་བའི་དོན་དུ། གྲ་མ་ཅན་གྱི་སྡེ་ཚན་གྱི་འོག་ཏུ། གང་བུ་ཆགས་པའི་འབྲུའི་སྡེ་ཚན་སྟོན་པ་ཡིན་ཏེ། དེའི་ཕྱིར་སྨྲས་པ་ནི། མོན་ སྲན་སྡེའུ་དཀར་སྲན་ཆུང་སོགས། །གང་བུ་ཅན་འབྲུ་རྩ་སྒོ་འགགས། །རོ་བསྐ་མངར་ཞིང་འཁྲུ་བ་གཅོད། །ཞུ་རྗེས་ཚ་ལ་བསིལ་ཞིང་ཡང་། །ཚིལ་དང་ཁྲག་དང་མཁྲིས་པ་ལ། །བསྐུས་ཤིང་བླུགས་ན་ཕན་པ་ཡིན། །འདི་ལས་མུངྒ་མཆོག་རླུང་ཆུང་། །སྲན་མ་ཤིན་ཏུ་རླུང་སྐྱེད་ ཡིན། །ཞེས་བྱ་བ་ལ། མོན་སྲན་སྡེའུ་ནི་སྲན་མུངྒའོ། །མོན་སྲན་དཀར་རུ་ནི་ཨ་དྷ་ཀ་ཞེས་སམ། ཏོ་བ་རི་ཞེས་གྲགས་པའོ། །སོགས་པའི་སྒྲས་ནི་སྲན་མ་ལ་སོགས་པ་ཡོངས་སུ་བསྡུའོ། །མོན་སྲན་སྡེའུ་ལ་སོགས་པའི་གང་བུ་ཅན་གྱི་འབྲུ་དེ་རྣམས་ནི་རྩ་སྦུབས་རྣམས་ཀྱི་སྒོ་འགགས་པར་བྱེད་ པས་ན། རྩ་སྒོ་འགགས་པའོ། །དེ་བཞིན་དུ་རོ་ནི་མངར་བ་དང་བསྐ་བ་ཡིན་ནོ། །འཁྲུ་བ་གཅོད་པ་ནི་གང་བཤང་བ་ལ་སོགས་པ་སླ་བའམ། འབྱེ་བ་བསྡུས་ཤིང་གོང་པོར་བྱེད་པས་ན་འཁྲུ་བ་གཅོད་པ་ཡིན་ནོ། །དེ་བཞིན་དུ་ཞུ་བའི་རྗེས་ཚ་བ་སྟེ། ཕོ་བའི་མེ་དྲོད་དང་ཕྲད་པ་ལས་རོ་གཞན་དུ་ འགྱུར་བའོ། །དེ་བཞིན་དུ་བསིལ་ཞིང་ཡང་བ་དང་། ཚིལ་དང་ཁྲག་དང་མཁྲིས་པའི་ནད་བརྟགས་ཏེ། བསྐུས་པའི་ལུས་ལ་ཁུ་བ་བླུགས་ན་ཕན་ཞིང་བདེ་བར་འགྱུར་རོ། །འདི་ལས་མུངྒ་མཆོག་རླུང་ཆུང་། །ཞེས་བྱ་བ་ནི། གང་བུ་ཅན་གྱི་འབྲུ་འདི་དག་གི་ནང་ན་མུངྒ་ནི་ཞེས་པ། མོན་ སྲན་སྡེའུ་མཆོག་སྟེ་དམ་པ་ཡིན་པ་དང་། དེ་བཞིན་དུ་རླུང་ཆུང་ཞེས་བྱ་བ་སྟེ། རླུང་ཅུང་ཞིག་སྐྱེད་པ་ཡིན་ནོ། སྲན་མ་ཤིན་ཏུ་རླུང་སྐྱེད་ཡིན། །ཞེས་བྱ་བ་ནི། སྲན་མ་ཤིན་ཏུ་ཤས་ཆེར་རླུང་སྐྱེད་པ་ཡིན་ནོ། །མོན་སྲན་དཀར་པོ་རླུང་སྐྱེད་ཅིང་། །རྩུབ་ ཅིང་ལྕི་ལ་བཤང་བ་འཕེལ། །ཞེས་བྱ་བ་ལ། མོན་སྲན་དཀར་པོ་རྩམ་ཤ་ཞེས་བྱ་བ་ནི། རླུང་ཤས་ཆེར་སྐྱེད་བར་བྱེད་པ་དང་། རྩུབ་པ་དང་། ལྕི་བ་དང་། བཤང་བ་ཆེ་ཞིང་འཕེལ་བར་བྱེད་པ་ཡིན་ནོ། །རྒྱ་སྲན་ནག་ཚ་ཞུ་རྗེས་སྐྱུར། །ཁུ་ཆུའི་རྡེའུ་ཆམ་ལུད་པ། ། དབུགས་མི་བདེ་རླུང་བད་གཞང་འབྲུམ། །འཇོམས་ཤིང་ཁྲག་མཁྲིས་མཆོག་ཏུ་སྐྱེད། །ཅེས་བྱ་བ་ལ། རྒྱ་སྲན་ནག་པོ་ཀུ་ལངྠ་ཞེས་བྱ་བ་ནི་ཚ་བ་སྟེ། ནུས་པ་ཚ་བ་དང་ལྡན་པ་དང་། ཞུ་རྗེས་སྐྱུར་བ་སྟེ། སྨིན་པ་དང་སྐྱུར་བ་ཞེས་བྱ་བའི་དོན་ཏོ། །ཁུ་བ་ལས་སྐྱེད་པའི་རྡེའུ་ ནི་ཁུ་ཆུའི་རྡེའུ་སྟེ། དེ་ལ་སོགས་པ་འཇོམས་པ་དང་། དེ་བཞིན་དུ་ཁྲག་མཁྲིས་མཆོག་ཏུ་ཤས་ཆེར་སྤྱོད་པར་བྱེད་པ་ཡིན་ནོ། །ནིས་པ་པ་ནི་རླུང་མཁྲིས་ཁྲག །ནུ་ཞོ་གཅིན་འཕེལ་ལྕི་ཞིང་འཁྲུ། །ཚ་བྱེད་མིག་གནོད་ཁུ་བ་འབྲི། །བད་ཀན་འོར་ནད་དུག་རྣམས་སེལ། །ཞེས་ བྱ་བ་ལ། ནིས་པ་པ་ཞེས་བྱ་བའི་སྲན་རྒོད་ནི་རླུང་དང་། ཁྲག་དང་། མཁྲིས་པ་དང་། བུད་མེད་ཀྱི་ནུ་ཞོ་དང་། གཅིན་འཕེལ་བར་བྱེད་པ་དང་། ལྕི་བ་དང་། ཁོང་འཁྲུ་བ་དང་། ལུས་ཚ་བར་བྱེད་པ་དང་། དེ་བཞིན་དུ་མིག་ལ་གནོད་པ་དང་། ཁུ་བ་འབྲི་ཞིང་ཟད་པ་དང་། བད་ཀན་ ཟད་པ་དང་། འོར་ནད་དང་། དུག་རྣམས་སེལ་བར་བྱེད་བ་ཡིན་ནོ། །མ་ཤ་སྣུམ་སྟོབས་བད་ཀན་སྐྱེད། །བཤང་གཅི་མཁྲིས་པ་འཕེལ་བྱེད་འཁྲུ། །ལྕི་ཞིང་ཚ་ལ་རླུང་འཇོམས་དང་། །ཁུ་བ་འཕེལ་ཞིང་འབྱིན་པར་བྱེད། །ཅེས་བྱ་བ་ལ། མ་ཤ་ཞེས་བྱ་བ་མོན་སྲན་གྲེའུ་ནི་སྣུམ་ ཞིང་སྟོབས་སྐྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་། དེ་བཞིན་དུ་ཁུ་བ་མང་དུ་འཕེལ་བར་བྱེད་ཅིང་། ཁུ་བ་དེ་ཉིད་མཚན་གྱི་ལམ་ནས་ཕྱིར་འབྱིན་པར་བྱེད་དོ། །ཀ་ཀན་དུ་ལ་ཁ་སྲལ་ཕྲེའུ། །ཡོན་ཏན་མོན་སྲན་གྲེའུ་དང་འདྲ། །ཞེས་བྱ་བ་ལ། ཀ་ཀན་དུ་ལ་ཞེས་བྱ་བ་ནི། མིང་ འདི་ཉིད་འཇིག་རྟེན་པ་ལ་གྲགས་པ་ཡིན་ནོ། །ཁ་སྲལ་ཕྲེའུ་ནི་སྲན་མ་ཨད་མ་ཀུ་པ་ཏ་སྟེ། ས་ལ་འབྱིང་བར་སྐྱེ་བའོ། །འབྲུ་དེ་དག་གི་འབྲས་བུ་ནི་མོན་སྲན་གྲེའུ་དང་ཡོན་ཏན་བར་ཤེས་པར་བྱ་སྟེ། སྲན་མ་མ་ཤ་ལ་ཡོན་ཏན་གང་དག་ཡོད་པ་དེ་ཐམས་ཅད་དང་ལྡན་པའི་དོན་ཏོ། ། ཏིལ་འབྲུ་དྲོ་ཞིང་པགས་པ་འཇོམ། །བསིལ་ཞིང་སྐྲ་དང་སྟོབས་སྐྱེད་པ། །ལྕི་ཞིང་གཅིན་ཉུང་ཞུ་རྗེས་ཚ། །ཡིད་གཞུངས་དྲོད་སྐྱེད་བད་མཁྲིས་སྐྱེད། །ཅེས་བྱ་བ་ལ། ཏིལ་གྱི་འབྲུ་ནི་དྲོ་བ་སྟེ། ནུས་པ་དྲོ་བ་དང་། པགས་པ་འཇམ་ཞིང་མཉེན་པར་བྱེད་པ་དང་། བསྐུས་ན་ རེག་པ་བསིལ་བ་དང་། སྐྲ་སྐྱེ་བ་དང་། སྟོབས་སྐྱེད་པ་དང་། དེ་བཞིན་དུ་ལྕི་བ་དང་། གཅིན་ཉུང་ངུར་བྱེད་པ་དང་། དེ་བཞིན་དུ་ཞུ་བའི་རྗེས་ཚ་བ་དང་། ཡིད་གཞུངས་པ་དང་། མེའི་དྲོད་སྐྱེད་ཅིང་བད་ཀན་དང་མཁྲིས་པ་འཕེལ་ཞིང་སྐྱེད་པ་ཡིན་ནོ། །ཟར་མ་སྣུམ་མངར་ཁ་ཞིང་ དྲོ། །ལྕི་ཞིང་བད་ཀན་མཁྲིས་པ་སྐྱེད། །མིག་གནོད་ཁུ་སྐེམས་ཞུ་རྗེས་ཚ། །ཞེས་བྱ་བ་ལ། ཟར་མའི་འབྲས་བུ་ནི་སྣུམ་པ་དང་། རོ་མངར་ཞིང་ཁ་བ་དང་། ནུས་པ་དྲོ་བ་དང་། ལྕི་ཞིང་བད་ཀན་དང་མཁྲིས་པ་སྐྱེད་པར་བྱེད་པ་དང་། དེ་བཞིན་དུ་མིག་ལ་གནོད་པ་དང་། ཁུ་བ་སྐེམས་ ཤིང་ཟད་པ་དང་། ཞུ་བའི་རྗེས་ཚ་བ་ཡིན་ནོ། །ལེ་བརྒན་རྩི་འབྲས་དེ་དང་འདྲ། །ཞེས་བྱ་བ་ནི། མེ་ཏོག་ལེ་བརྒན་རྩིའི་ས་བོན་ཡང་བཤད་མ་ཐག་པའི་ཟར་མའི་ཡོན་ཏན་དང་ཉེས་པ་ཆ་མཚུངས་པ་ཡིན་པར་ཤེས་པར་བྱའོ། །གྲ་མ་ཅན་ལས་ནས་རྒོད་དང་། །མ་ཤ་གང་བུ་ཅན་ཐ་ཚད། ། ཅེས་བྱ་བ་ལ། སྔར་གྱི་གྲ་མ་ཅན་རྣམས་ཀྱི་ཐ་ཆད་ནི་ནས་རྒོད་ཡིན་ལ། གང་བུ་ཅན་འདི་དག་གི་ནང་ན་ནི་མོན་སྲན་གྲེའུ་སྟེ། མ་ཤ་ཐ་ཆད་ཡིན་པར་ཤེས་པར་བྱའོ། །འབྲུ་ཡི་གསར་ཐོག་བད་ཀན་སྐྱེད། །ལོར་ལོན་འབྲུ་ནི་ཡང་བ་ཡིན། །ཞེས་བྱ་བ་ནི། གྲ་མ་ཅན་གྱི་འབྲུ་དང་། གང་བུ་ཅན་ གྱི་འབྲུ་གསར་ཐོག་ལོར་མ་ལོན་པ་ནི་བད་ཀན་སྐྱེད་ཅིང་འཕེལ་བར་བྱེད་དེ། རྩ་སྦུབས་རྣམས་ནས་སླ་ཞིང་འཛག་པ་ལས་མངོན་པར་ཕྱོགས་པར་ཞུ་བའི་ཚུལ་གྱིས་བད་ཀན་སྐྱེད་པ་ཡིན་ལ། དོན་གྱིས་ན་རྙིང་པ་ནི་བད་ཀན་སེལ་བ་ཡིན་ནོ། །ལོར་ལོན་ཞེས་པ་ལོ་གཅིག་འདས་པའི་འབྲུ་ ཐམས་ཅད་ནི་ཡང་བ་ཡིན་པས། འབྲུ་གསར་པ་ལྕི་བར་བཤད་དུ་ཟིན་ཀྱང་། ལྕི་བ་ཉིད་ཡིན་པར་དོན་གྱིས་སྟོན་པ་ཡིན་ཏེ། ལོ་གཅིག་ལོན་པ་འདིས་ལྕི་བ་འབའ་ཞིག་དང་བྲལ་བ་ཡིན་གྱི། ནུས་དང་བྲལ་བ་ནི་མ་ཡིན་མོད་ཀྱི། འོན་ཀྱང་སྣུམ་པའི་ཡོན་ ཏན་རིམ་གྱིས་ཉུང་ཟད་འབྲི་བ་ཡིན་གྱི། དེ་ལ་རྩུབ་པ་ཞེས་བྱ་བའི་གནས་སྐབས་གཞན་དུ་གྱུར་པ་ནི་མ་ཡིན་ནོ། །དེ་ཡང་རྒྱུད་གཞན་དག་ལས། ལོ་གཅིག་ལོན་པའི་འབྲུ་རྣམས་ཀུན། །ལྕི་བ་དག་དང་བྲལ་འགྱུར་གྱི། །དེ་ཡི་ནུས་པ་སྤོང་མ་ཡིན། །དེ་འོག་རིམ་གྱིས་ནུས་དང་ བྲལ། །ཞེས་བཤད་པ་ཡིན་ནོ། །མྱུར་སྐྱེ་དེ་བཞིན་སྲན་མ་ནི། །སྤུན་མེད་ལེགས་བརྔོས་ཚོད་མ་ཡང་། །ཞེས་བྱ་བ་ལ། མྱུར་སྐྱེ་ཞེས་བྱ་བ་ནི་མྱུར་དུ་སྐྱེ་ཞིང་སྨིན་པའི་འབྲས་བུ་ནི་ཡང་བ་ཡིན་པ་དང་། དེ་བཞིན་དུ་སྲན་མ་ཞེས་པ། མོན་སྲན་སྡེའུ་ལ་སོགས་པའི་གང་བུ་ཅན་གྱི་འབྲུ་ རྣམས་སྦུན་མེད་ཅེས་བྱ་བ་སྤུན་མ་མ་ལུས་པར་བསིལ་ཞིང་ཤུན་པ་མེད་པར་བྱས་པ་དང་། ལེགས་པར་བརྔོས་པའི་ཚོད་མའང་ཡང་བ་ཡིན་ནོ། །གང་བུར་ཆགས་པའི་འབྲུ་སྣ་ཚོགས་ཀྱི་སྡེ་ཚན་ནོ།། །།གྲ་མ་ཅན་དང་གང་བུ་ཅན་གྱི་འབྲུ་སྣ་ཚོགས་ཀྱི་སྡེ་ཚན་བསྟན་པ་དེ་དག་ཀྱང་། མེ་ལ་བཙོས་པ་ལ་སོགས་པའི་གཡོས་སུ་བྱས་པ་ཉིད་ཀྱིས་ལེགས་པར་དགོས་པ་བྱེད་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་བས་ན་གྲ་མ་ཅན་དང་གང་བུ་ཅན་གྱི་སྡེ་ཚན་གྱི་འོག་ཏུ་ཁ་ཟས་ཀྱི་སྡེ་ཚན་བརྩམས་པ་ཡིན་པས། དེའི་ཕྱིར་སྨྲས་པ་ནི། འབྲས་ཐུག་སླ་སྐ་གར་བ་དང་། །འབྲས་ ཆན་རྣམས་ནི་སྔ་མ་བཞིན། །ཡང་ངོ་། །ཞེས་བྱ་བ་ནི་འབྲས་ཐུག་སླན་ཏེ་ལ་སོགས་པ་ནི། སྔ་མ་བཞིན་དུ་ཡང་བ་ཡིན་པར་ཤེས་པར་བྱ་སྟེ། དེས་ན་འབྲས་ནི་ཡང་བ་ཡིན་ལ། དེ་ལས་འབྲས་ཐུག་གར་པོ་ཡང་བ་ཡིན། གར་པོ་བས་ཀྱང་འབྲས་ཐུག་སྐན་ཏེ་ཆེས་ཡང་བ་ཡིན་ལ། དེ་བས་ ཀྱང་འབྲས་ཐུག་སླན་ཏེ་ཤིན་ཏུ་ཡང་བ་ཡིན་ནོ། །འདིར་ཡང་ཐུག་པ་ལ་སོགས་པ་ལས་ཐུག་པ་སླན་ཏེ་མཆོག་ཡིན་པས་ན་དང་པོར་བསྟན་ཏེ། འདི་ཟས་ཀྱི་རྣམ་པ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ནི། རླུང་ལུགས་དང་མཐུན་པར་འཇུག་པ་ལ་སོགས་པའི་ཡོན་ཏན་རྣམས་འདི་ཉིད་ ལ་ཡོད་པའི་ཕྱིར་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ཡང་། པི་པི་ལིང་དང་། དོང་གྲ་དང་། སེའུ་འབྲུ་དང་། འབྲས་ཡོས་ལ་སོགས་པ་ལས་བྱས་པའི་ཟས་ཀྱི་རྣམ་པ་ཤིན་ཏུ་སླ་བ་ནི། འབྲས་ཐུག་སླན་ཏེ་ཞེས་བྱ་སྟེ། དེ་ཡང་ཙ་ར་ཀས། པི་པི་ལིང་དང་དོང་གྲ་དང་། །སེའུ་ འབྲས་ཡོས་ཆུར་བཅས་བསྐོལ། །ཐུག་པ་སླར་སྦྱར་མེ་དྲོད་སྐྱེད། །རླུང་ཡང་ལུགས་མཐུན་རྒྱུ་བར་བྱེད། །ཅེས་བཤད་པ་ཡིན་ནོ། །འབྲས་ཐུག་སླན་ཏེ་རྐྱང་རྐྱང་པོ། །དེ་ལས་ཅུང་ཟད་སྐ་བ་ནི་ཐུག་པ་སྐ་བ་ཞེས་བྱ་ལ། དེ་བས་ཀྱང་ཤིན་ཏུ་སྐ་བ་ནི་གར་པོ་ཞེས་བྱའོ། །དེ་ཡང་ སྨན་དཔྱད་ཀྱི་ལུང་ལས། ལྕི་དང་བྲལ་བར་ཐུག་སླ་ཡིན། །ལྕི་བ་དང་ལྡན་ཐུག་པ་སྟེ། །ལྕི་བ་སྐ་བ་གར་པོ་ཡིན། །ནས་ཐུག་འབྲུ་ནི་ཐ་དད་གནས། །ཞེས་བཤད་པ་ཡིན་ནོ། །འབྲས་ཆན་ནི་འབྲས་བསྐོལ་བའི་ཆན་ལ་བྱ་ལ། དེ་ལས་སླ་བ་ནི། དགེ་ཞིང་རླུང་ནི་ལུགས་མཐུན་ བྱེད། །སྐོམ་རྨྱ་ཉེས་པ་ལྷག་མ་འཇོམས། །འཇུ་ཞིང་ལུས་ཟུངས་མཉམ་པར་བྱེད། །རྩ་སྦུབས་མཉེན་བྱེད་རྔུལ་བ་དང་། །མེ་ཡི་དྲོད་ནི་སྐྱེད་པར་བྱེད། །ཅེས་བྱ་བ་ནི། དེ་ལ་ཐུག་པ་ལ་སོགས་པ་དེ་རྣམས་ཀྱི་ནང་ནས་འབྲས་ཐུག་སླན་ཏེ་ནི་དགེ་ཞིང་ཉེས་པ་མེད་ཅིང་བདེ་བར་གནས་ པར་བྱེད་ལ། བསོད་ཅིང་ཕན་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །རླུང་ནི་ལུགས་མཐུན་བྱེད། །ཅེས་བྱ་བ་ནི། ལམ་ལོག་པར་ཞུགས་པ་རང་གི་རྒྱུ་བའི་གནས་སུ་འཇོག་པར་བྱེད་པ་དང་། མི་བདེ་བ་བདེ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ། སྐོམ་རྨྱ་ཉེས་པ་ལྷག་མ་ འཇོམས། །ཞེས་བྱ་བ་སྟེ། སྐོམ་གྱིས་གདུངས་པ་དང་། རྨྱ་ཞིང་ཉམ་ཆུང་བ་དང་། ཉེས་པའི་ལྷག་མ་རྣམས་འཇོམས་ཤིང་སེལ་བ་ཡིན་ཏེ། སྐྱུག་སྨན་བཏང་བའམ། འཁྲུ་སྨན་བཏང་བའམ། འཇམ་རྩི་བཏང་བ་ལས་ཉེས་པ་སྟེ། ནད་ཅུང་ཟད་ལུས་པ་གང་ཡིན་པ་དེ་ནི་ཉེས་པའི་ ལྷག་མ་སྟེ། སྐྱུག་སྨན་དང་། འཁྲུ་སྨན་དང་། འཇམ་རྩི་བཏང་བ་ལས་ཉེས་པའི་ལྷག་མ་ཡོད་པ་ལ་བྱ་བ་ཉིད་དུ་ཤེས་པར་བྱེད་པ་ནི་འདི་ཉིད་ཡིན་པར་ཤེས་པར་བྱ་སྟེ། ཉེས་པའི་ལྷག་མ་ཅུང་ཟད་ཡོད་པའི་ཕྱིར་ནི་སྐྱུག་སྨན་དང་། འཁྲུ་སྨན་དང་། འཇམ་རྩི་མས་གཏོང་བར་མི་བྱ་སྟེ། སྦྱོར་བ་ཐལ་ཆེས་པའི་ཉེས་པའི་འཇིགས་པ་ཡོད་པའི་ཕྱིར་རོ། །འཇུ་ཞིང་ལུས་ཟུངས་མཉམ་པར་བྱེད། །ཅེས་བྱ་བ་ནི། ལུས་ཟུངས་སམ་ཉེས་པ་རྣམས་འཇུ་ཞིང་སྨིན་པར་བྱེད་པས་ན་འཇུ་ཞིང་ཞེས་བྱའོ། །དེ་བཞིན་དུ། ལུས་ཟུངས་རྣམས་དང་། རླུང་ལ་སོགས་པ་མཉམ་ཞིང་སྙོམས་པར་བྱེད་པས་ན་ལུས་ཟུངས་མཉམ་པར་བྱེད་ཅེས་བྱའོ། །དེ་བཞིན་དུ། རྩ་སྦུབས་མཉེན་པར་བྱེད་པ་སྟེ། རྩའི་སྦུབས་ཀྱི་ཚོགས་མཉེན་ཞིང་འཇམ་པར་བྱེད་པ་དང་། དེ་བཞིན་དུ་ལུས་ལས་རྔུལ་འབྱུང་བ་དང་། ཕོ་བའི་མེ་དྲོད་སྐྱེད་ཅིང་ཟས་ རྣམས་བདེ་བར་འཇུ་བར་བྱེད་པ་ཡིན་ནོ། །ཐུག་སྐ་བཀྲེས་སྐོམ་ཉམ་ཆུང་རྨྱ། །ལྟོ་ནད་རིམས་ནད་སེལ་བ་ཡིན། །དྲི་མ་འགགས་ལ་ཕན་པ་སྟེ། །དྲོད་སྐྱེད་ནད་ནི་འཇུ་བར་བྱེད། །ཅེས་བྱ་བ་ནི། ཐུག་པ་ཅུང་ཟད་སྐ་བ་ནི་བཀྲེས་ནས་རིམས་ནད་ཀྱི་བར་སེལ་ཞིང་འཇོམས་པ་ ཡིན་ཏེ། ཉམ་ཆུང་བ་ནི་འཚོ་བའི་སྟོབས་ཆུང་བའོ། །རྨྱ་བ་ནི་རིད་ཅིང་སྐེམ་པའོ། །ལྟོ་ནད་ནི་ཚད་པའི་ནད་དུ་འཁྲུ་བ་དང་། གཟེར་དང་སྐྲན་ལ་སོགས་པའོ། །དྲི་མ་འགགས་པ་ལ་ཕན་པ་ནི་དྲི་མ་རྣམས་བདེ་བར་འབྱིན་པ་ལ་ཕན་ཞིང་སྙོམས་པའོ། །དྲོད་སྐྱེད་པ་ནི་འདིས་མེའི་དྲོད་ འཕེལ་བའོ། །འཇུ་བར་བྱེད་པ་ནི་ཉེས་པ་རྣམས་འཇུ་ཞིང་སྨིན་པར་བྱེད་པའོ། །ཐུག་གར་འཁྲུ་གཅོད་ཡི་གར་འོང་། །སྐེམ་སེལ་དྲོད་སྐྱེད་རྨ་དང་མིག །བཀྲུ་སྨན་རྗེས་དང་ཉམ་ཆུང་དང་། །སྣུམ་འཐུངས་རྗེས་ལ་ཕན་པ་ཡིན། །ཞེས་བྱ་བ་ལ། ཐུག་པ་གར་པོ་ནི་འཁྲུ་བ་ གཅོད་པ་སྟེ། བཤང་གཅི་སླ་བ་གོང་བུར་བྱེད་པ་དང་། ཡི་གར་འོང་བ་སྟེ། ཡིད་དུ་འོང་ཞིང་དགའ་བར་བྱེད་པ་དང་། སྐོམ་སེལ་ཞེས་བྱ་བ་སྐོམ་གྱིས་གདུངས་པ་ཞི་བར་བྱེད་པ་དང་། དྲོད་སྐྱེད་ཅེས་པ་མེ་དྲོད་སྐྱེད་པ་དང་། དེ་བཞིན་དུ་རྨ་བྱུང་བ་དང་། མིག་ནད་ཅན་དང་། བཀྲུ་སྨན་ དང་སྐྱུག་སྨན་གྱིས་སྦྱངས་པའི་རྗེས་ལ། ཉམ་ཆུང་ཞིང་སྦེག་པ་དང་། མར་ལ་སོགས་པའི་སྣུམ་བག་འཐུངས་པ་རྣམས་ལ་ཡང་ཕན་ཞིང་བསོད་པ་ཡིན་ནོ། །འབྲས་ཆན་ལེགས་བཀྲུས་ཁུ་བཙགས་ཚོས། །རླངས་པ་དང་ནི་བྲལ་བ་དང་། །གང་ཡང་ཚ་བའི་སྨན་རྣམས་ཀྱིས། ། བསྐོལ་བའི་འབྲས་ཚོས་ཡང་བ་ཡིན། །ཞེས་བྱ་བ་ནི། འབྲས་ཆན་གང་ལེགས་པར་བཀྲུས་པ་སྟེ། དག་པར་བཀྲུས་པ་དང་། དེ་བཞིན་དུ་ཁུ་བཙགས་ཞེས་པ་སྟེ། ཕྱེད་ཙམ་བཙགས་ནས་ཁུ་བ་བཙགས་པ་དང་། ཚོས་པ་སྟེ་ལེགས་པར་ཚོས་པ་དང་། རླངས་པ་དང་བྲལ་ བར་གྱུར་པ་ཡིན་ནོ། །གང་ཡང་ཚ་བའི་སྨན་རྣམས་ཀྱིས་བསྐོལ་བའི་འབྲས་ཚོས་ཡང་བ་ཡིན་ཞེས་བྱ་བ་ནི། གང་ཚ་བའི་སྨན་རྣམས་ཚ་བ་ལྔ་ལ་སོགས་པའི་ཆུ་དང་བསྐོལ་བའི་འབྲས་ཆན་དང་། བརྔོས་པས་ཚོས་པར་བྱས་པའི་འབྲས་ཡོས་ལ་སོགས་པ་ནི་ཡང་བ་ཡིན་ནོ། ། དེ་ལས་བཟློག་དང་གང་ཞིག་ནི། །ཤ་ཁུ་འོ་མ་བསྐོལ་སོགས་ལྕི། །ཞེས་བྱ་བ་ལ། འབྲས་ཆན་གང་སྔར་བཤད་པའི་མཚན་ཉིད་ལས་བཟློག་པ་དེ་ནི་ལྕི་བ་ཡིན་ནོ། །གང་མ་བཀྲུས་པ་དང་། ལེགས་པར་མ་བཙགས་པ་དང་། མ་ཚོས་པ་དང་། གྲང་མོ་དང་། མ་བརྔོས་པ་དང་། ཚ་བའི་སྨན་གྱི་ཁུ་བ་དང་མ་བསྐོལ་བ་དེ་ནི་ལྕི་བ་ཡིན་ནོ། །དེ་བཞིན་དུ་འོ་མ་དང་། ཤ་ཁུ་ལ་སོགས་པ་དེ་ཡང་ལྕི་བ་ཡིན་ནོ། །སོགས་པའི་སྒྲས་ནི་ཚོད་མ་དང་། ཏིལ་མར་དང་། མར་དང་། འབྲས་བུ་དང་། མ་ཤ་དང་། ཏིལ་དང་། མོན་སྲན་སྡེའུ་ལ་སོགས་པ་དང་ལྷན་ཅིག་ བསྐོལ་བ་ཡང་ལྕི་བ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་རྫས་དང་བྱ་སྦྱོར་དང་། །ཚད་ལ་སོགས་པས་ཀུན་ཤེས་བྱ། །ཞེས་བྱ་བ་ནི། དེ་ལྟར་ཕྱོགས་འདིས་འདིར་མ་སྨོས་པའི་གཡོས་སུ་བྱས་པའི་ཟས་ཀྱི་རིགས་རྫས་དང་བྱ་བ་དང་། སྦྱོར་བ་དང་ཚད་ལ་སོགས་པས་ཐམས་ཅད་བསྟན་ ཞིང་ཤེས་པར་བྱའོ། །དེ་ལྟར་རྫས་ལས་ནི་དཔེར་ན་འབྲས་སཱ་ལུ་དང་། དྲུག་ཅུ་པ་དང་། མོན་སྲན་སྡེའུ་དག་ནི་རང་བཞིན་གྱིས་ཡང་བ་ལྟ་བུ་དང་། འོ་མ་དང་། བུ་རམ་ཤིང་དང་། མོན་སྲན་གྲེའུ་དང་། རླན་ཅན་གྱི་ཤ་རྣམས་རང་བཞིན་གྱིས་ལྕི་བ་ལྟ་བུའོ། །དེས་ན་འབྲས་སཱ་ལུ་རྩ་ སྣར་ལས་བྱས་པའི་འབྲས་ཆན་ནི་ཡང་བ་ཡིན་ལ། འོ་མ་དང་བུ་རམ་ཤིང་ལ་སོགས་པ་ལས་བྱས་པ་ནི་ལྕི་བ་ཡིན་ནོ། །བྱ་བ་ནི་ལས་སུ་བྱ་བ་སྟེ། ལས་མངོན་པར་འདུ་བྱེད་པའོ། །དེ་ཡང་ཆུ་དང་མེ་ཕྲད་པའི་མཐུ་དང་། སྣོད་ལ་སོགས་པ་ལས་བྱུང་བའོ། །དེ་སྐད་དུ་དྲང་སྲོང་ཙ་ར་ཀས་ བྱས་པ་ཡིན། གང་རྫས་ཀྱི་རང་བཞིན་རྣམས་མངོན་པར་འདུས་བྱས་ཤིང་ཚོགས་པའི་ཡོན་ཏན་ལས་སྐྱེས་པ་ཡིན་ལ། ཡོན་ཏན་དེ་དག་ཀྱང་ཆུ་དང་མེ་འདུས་པ་དང་། བཅིང་བ་དང་། དཀྲུགས་པ་དང་། དུས་དང་། ཡུལ་དང་། གནས་དང་། མཐུ་ལ་སོགས་པ་ལས་བྱུང་བ་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །སྦྱོར་བ་ནི་རྫས་དང་ལྷན་ཅིག་སྦྱོར་ཞིང་སྦྱོར་བའོ། །དེ་ཡང་དྲང་སྲོང་ཙ་ར་ཀས། སྦྱོར་བ་ནི་རྫས་གཅིག་གམ། མང་པོ་ལྷན་ཅིག་སྦྱོར་བ་སྟེ། དེ་ནི་ཁྱད་པར་སྐྱེད་པར་བྱེད་པ་ནི་གང་གཅིག་མ་ཡིན་ནོ། །ཞེས་ བཤད་པའོ། །ཚད་ནི་སྲང་ཚད་དོ། །ཞོ་གཉིས་དང་། སྲང་གཅིག་དང་། ཕུལ་དང་། བྲེ་ལ་སོགས་པ་དང་། དེ་བཞིན་དུ་ཚད་ལས་ལྷག་པའི་འབྲས་བུ་ངེས་པར་ཤེས་པར་བྱའོ། །སོགས་པ་སྨོས་པ་ནི་ཡུལ་དང་། དུས་དང་རྒྱུའི་ཡུལ། ལུས་ཀྱི་ཡན་ལག་ལ་སོགས་པ་ ཡོངས་སུ་བསྡུའོ། །དེ་ཡང་སློན་དཔོན་གྱིས། སྤྱོད་དང་ལུས་ཀྱི་ཡན་ལག་དང་། །རང་བཞིན་ལུས་ཟུངས་བྱ་བ་དང་། །མཚན་མ་ཚད་དང་ལས་སུ་བྱས། །ཚད་དག་འདིར་ནི་བརྟག་པར་བྱ། །ཞེས་བཤད་པ་ཡིན་ནོ། །འདིའི་དཔེའི་ཕྱོགས་གཅིག་བསྟན་པ་ཡང་དེ་ཉིད་ཀྱིས་ མཛད་པ་ཡིན་ཏེ། སྤྱོད་པ་རླན་ཅན་ཆུ་དང་མཁའ། །སྐམ་སར་གནས་པ་སྤྱོད་པ་དང་། །ཆུ་སྐྱེས་རླན་ཅན་སྐྱེས་ཉིད་དང་། །ཆུ་དང་རླན་ཅན་ལ་སྤྱོད་གང་། །གང་ཡང་ལྕི་བ་ཟ་བ་རྣམས། །དེ་དག་ཐམས་ཅད་ལྕི་བར་བཤད། །སྐམ་སར་སྤྱོད་ཅིང་སྐམ་སར་སྐྱེས། །ཡང་བ་ཟ་བ་ཡང་ བ་ཡིན། །ཞེས་བྱ་བ་ནི་གནས་ཀྱི་ཡུལ་ལོ། །ལུས་ཡན་ལག་ལས་བརླ་ལྕི་དང་། །དེ་བཞིན་མགོ་དང་རོ་སྟོད་དེ། །དཔྱི་ལས་སྟོད་ཤ་ལྕི་བ་ཡིན། །དེ་བས་ཀླད་པ་དེ་བས་མགོ། །རླིག་པ་པགས་པ་ཕོ་མཚན་དང་། །མཇུག་ཏོ་རྐེད་པ་མཇུག་རྩེ་གཞང་། །མཆེར་པ་རྐང་དང་གཞུངས་ པ་ནི། །ཤ་ལས་ཤིན་ཏུ་ལྕིར་ཤེས་བྱ། །ཞེས་བྱ་བ་ནི། ལུས་ཀྱི་ཡན་ལག་གོ། །རང་བཞིན་གྱིས་ཡང་མུངྒ་དང་། །དེ་བཞིན་ཟླ་བ་པིན་ཛ་ལ། །རང་བཞིན་གྱིས་ལྕི་མོན་སྲན་གྲེའུ། །དེ་བཞིན་ཕག་དང་མ་ཧེ་ཤ།།ཞེས་བྱ་བ་སྟེ། འདི་ནི་རང་བཞིན་ནོ། །ཁྲག་ལ་སོགས་པའི་ལུས་ ཟུངས་ནི། །འོག་མ་བཞིན་དུ་ལྕི་བ་ཡིན། །ཞེས་བྱ་བ་ནི། ལུས་ཟུངས་སོ། །གང་ཞིག་མྱུར་ཞིང་བྱ་བ་མང་། །ལེ་ལོ་ཅན་ལས་ཁྱད་འཕགས་ཡིན། །ཞེས་བཤད་པ་སྟེ། འདི་བྱ་བའོ། །ཕོ་དང་མོ་ཡི་མཚན་འདྲ་ལས། །ལྕི་དང་ཡང་བར་འགྱུར་བ་ཡིན། །ཞེས་བྱ་བ་ནི་མཚན་མའོ། ། རང་གི་རིགས་ལས་ཚད་ཆེ་བ། །ལྕི་བའོ་གཞན་དུ་ཡང་བ་ཡིན། །ཞེས་བྱ་བ་ནི་ཚད་དོ། །ལས་སུ་བྱས་ལས་གོ་བཟློག་པར། །ལྕི་བ་ཡང་བར་འགྱུར་ཤེས་བྱ། །དཔེར་ན་འབྲུ་ལས་འབྲས་ཡོས་བྱས། །ཕྱེ་ལས་ཟན་ནི་བྱས་དང་མཚུངས། །ཞེས་བྱ་བ་ནི། ལས་སུ་བྱས་པའོ། ། ལྕི་ལས་ཉུང་ངུ་བཟའ་བ་དང་། །ཡང་བ་ལྷག་པར་བསྟེན་པ་ནི། །རྫས་ཀྱི་ལྕི་དང་ཡང་བ་དག །ཚད་ཀྱི་རྒྱུར་ནི་བཤད་པ་ཡིན། །ཚད་ནི་རྫས་དང་མཚོན་པ་དང་། །མེ་ཡི་དྲོད་ལ་ལྟོས་བྱས་ལས། །ལྕི་ལས་ཉུང་ཞིག་སྦྱིན་པར་བྱ། །ཡང་བ་འགྲངས་པ་ཉིད་དུ་འདོད། ། ཅེས་བྱ་བ་ནི་ཚད་དེ། དེ་ལྟར་ན་འདིར་དེ་དག་ཐམས་ཅད་བརྟག་པར་བྱ་བ་ཡིན་ནོ། །ཁུ་བ་ཉམས་བརྟས་ཚིམ་བྱེད་ཅིང་། །རོ་ཙ་མིག་ཕན་རྨ་ལ་གནོད། །ཅེས་བྱ་བ་ལ། ཁུ་བ་ནི་ཤ་ཁུ་ལ་བྱ་སྟེ། དེ་ཡང་སྨན་དཔྱད་ཀྱི་ལུང་ལས། ཁུ་བ་ཁྱད་པར་མེད་བཤད་པར། །ཤ་ཁུ་ ཡིན་པར་ཤེས་པར་བྱ། །ཞེས་འབྱུང་བ་ཡིན་ནོ། །བསྡུས་པ་ལས་ཀྱང་། དེ་ལ་ཁུ་བ་ཤ་ཡི་ཡིན། །སྲན་ཁུ་འབྲུ་ཡི་འབྲས་བུ་དང་། །ཁ་བའོ་རྩ་བ་ཏིལ་ལྡེ་གུ། །ཅུང་ཟད་སྐྱུར་བ་སྐྱུར་པོ་ཡིན། །དེ་ནི་གཡོས་བྱས་མ་བྱས་ཏེ། །སྣུམ་ལ་སོགས་དང་བྲལ་ཤེས་བྱ། །ཞེས་ བཤད་པ་ཡིན་ནོ། །ཁུ་བ་དེ་ཡང་ཉམས་བརྟས་བྱེད། །ཅེས་བྱ་བ་སྟེ། ལུས་ཉམས་བརྟས་ཤིང་རགས་པར་བྱེད་པ་དང་། ཚིམ་བྱེད་ཅིང་ཞེས་པ། ལུས་ཟུངས་རྣམས་རྒྱས་ཤིང་འཕེལ་བར་བྱེད་པ་དང་། རོ་ཙ་ཞིང་ཁུ་བ་སྐྱེད་པ་དང་། མིག་ལ་ཕན་ཞིང་བདེ་བར་བྱེད་པ་དང་། རྨ་ལ་གནོད་པ་སྟེ་རྨ་འཇོམས་པར་བྱེད་པ་ཡིན་ནོ། །མོན་སྲན་སྡེའུ་སྦྱངས་དང་རྨ། །ལྐོག་མ་མིག་ནད་དག་ལ་ཕན། །ཞེས་བྱ་བ་ལ། མོན་སྲན་སྡེའུ་མུངྒ་ཞེས་བྱ་བ་བཅོས་པའི་ཁུ་བ་ནི། སྐྱུག་སྨན་ལ་སོགས་པས་ལུས་སྦྱངས་པ་དང་། རྨ་བྱུང་བ་དང་། ལྐོག་མན་པ་དང་། མིག་ན་བདག་ལ་ཕན་ཞིང་བསོད་པ་ཡིན་ནོ། །ཀུ་ལངྠའི་ཁུ་རླུང་དང་སྐྲན། །རོ་སྨད་སླར་གཟེར་གནོད་པ་སེལ། །ཞེས་བྱ་བ་ལ། རྒྱ་སྲན་ཀུ་ལངྠའི་ཁུ་བ་ནི་རླུང་ལུགས་སུ་འབྱུང་བར་བྱེད་པ་དང་། དེ་བཞིན་དུ་སྐྲན་དང་། རོ་སྨད་ཆུ་སོའི་ནད་དག་སེལ་ བར་བྱེད་པ་ཡིན་ཏེ། དེ་དག་གི་མཚན་ཉིད་ནི་སྐྲན་ནི་ནད་གཞི་ལས་འོག་ནས་བཤད་པར་བྱའོ། །དེ་བཞིན་དུ་གཞུང་གཞན་དག་ལས་ཀྱང་། གང་ཞིག་བཤང་དང་གཅི་བའི་གནས། །རོ་སྨད་དག་ཏུ་ནད་བྱུང་ཞིང་། །བཤང་གཅིའི་ལམ་ནི་འགག་སྙམ་བྱེད། །དེ་ནི་རོ་སྨད་དཔྱི་ནད་ ཡིན། །བཤང་ལམ་མདོམས་ལས་བྱུང་བའི་ནད། །མི་མཐུན་རྒྱུ་བས་གནོད་བྱེད་ཅིང་། །ཤུགས་ཀྱིས་ཕོ་བའི་གནས་སུ་ཕྱིན། །སླར་གཟེར་བ་ཞེས་བྱ་བ་ཡིན། །ཞེས་བཤད་པ་ཡིན་ནོ། །ཏིལ་ཚིགས་གཡོས་སུ་སྦྱར་བྱས་ནས། །ཚོད་མ་སྐམ་དང་མྱུ་གུ་དང་། །སྐྱུར་ པོར་ཆང་བུ་བཅུག་པ་ནི། །མི་གནོད་ཉེས་སྐྱེད་རྨྱ་བྱེད་ལྕི། །ཞེས་བྱ་བ་ལ། ཏིལ་གྱི་ཚིགས་མ་ནི་ཏིལ་བཏགས་པའི་ལྡེ་གུའོ། །དེས་གཡོས་སུ་སྦྱར་བ་ནི་ཚོད་མ་ཉིད་དུ་བྱས་པའི་རྣམ་པར་འགྱུར་བའོ། །ཚོད་མ་ཡང་ཡིན་ལ་སྐམ་པ་ཡང་ཡིན་པས་ན་ཚོད་མ་སྐམ་མོ། །མྱུ་གུ་ ནི་འབྲས་ཀྱི་ཁྱི་སོ་འཐོན་པའོ། །སྐྱུར་པོར་བཅུག་པའི་ཆང་བུ་ནི་སྐྱུར་པོར་ཆང་བུ་བཅུག་པ་ལས་ཚོད་མའི་གཡོས་སུ་བྱས་པའོ། །འདི་དག་ཐམས་ཅད་ནི་མིག་ལ་གནོད་པ་སྟེ། མིག་ནད་སྐྱེད་པ་དང་། ཉེས་པ་སྐྱེད་པ་དང་། རྨྱ་བར་བྱེད་པ་དང་། ལྕི་བ་ཡིན་ནོ། །དེ་ལ་སྐྱུར་ པོར་ཆང་བུ་བཅུག་པ་ཞེས་སྨོས་པ་ནི། ཆང་བུར་བྱ་བ་སྐམ་པོ་རྐྱང་རྐྱང་པོ་སྟེ། ཤ་ལ་སོགས་པ་ལས་བྱས་པ་ཡིན་པར་གཟུང་སྟེ། སྔར་སྐྱུར་པོ་སྨོས་པའི་སྐབས་སུ་རྫས་གཤེར་བའི་རྣམ་པ་འདིས་ཟིན་པས། འདིར་ལ་ཕུག་དང་། ཡུངས་ཀར་ལ་སོགས་པའི་ཚོད་མ་ བསྐོལ་བའི་འོག་ཏུ་ཕྱིས་སྐེ་ཚེའི་ཕྱེ་མ་བཅུག་པ་སྐྱུར་ཞིང་ཚ་ལ་སོགས་པ་རྣོ་བ་ལ་སྐྱུར་པོའི་སྒྲར་བཤད་པ་ཡིན་ནོ། །དྲི་འཛིན་ལུས་བརྟ་རོ་ཙ་ཞིང་། །སྣུམ་ཞིང་སྟོབས་སྐྱེད་ཡི་ག་འབྱེད། །ཅེས་བྱ་བ་ལ། དྲི་འཛིན་ཞེས་བྱ་བ་ནི་ཞོ་དང་སྤོད་སྦྱར་ནས་དཀྲུགས་པ་སྟེ། ཞོ་ལག་ པས་མཉེས་ལ་ཤིང་ཚ་དང་། སུག་སྨེལ་དང་། གནྡྷ་བྷ་དྲ་དང་། ན་ལེ་ཤམ་དང་། ཤ་ཀ་རའི་ཕྱེ་མ་བཏབ་ལ་རས་ལས་བཙགས་པ་ནི་དྲི་འཛིན་ཞེས་བྱ་སྟེ། དེ་ནི་ལུས་བརྟས་ཤིང་འཕེལ་བར་བྱེད་པ་དང་། རོ་ཙ་བ་དང་། སྣུམ་པའི་ཡོན་ཏན་དང་ལྡན་པ་དང་། སྟོབས་སྐྱེད་པར་ བྱེད་པ་དང་། ཡི་ག་འཆུས་པ་ཡི་ག་འབྱེད་པར་བྱེད་པ་ཡིན་ནོ། །རྒུན་ཆུའི་བཏུང་བ་ངལ་དུབ་དང་། །བཀྲེས་སེལ་ཚིམ་པར་བྱེད་ཅིང་ལྕི། །རྟུག་སྐམ་གཅིན་མང་ཡི་གར་འོང་། །དེ་ཡི་ཡོན་ཏན་སྨན་བཞིན་བལྟ། །ཞེས་བྱ་བ་ལ། རྒུན་ཆུའི་བཏུང་བ་ནི་བཏུང་བ་ཐ་དད་ཡོད་ པ་དེ། ཆུ་དང་། སྦྲང་རྩི་དང་། དྲི་སྣ་གསུམ་དང་། ན་ལེ་ཤམ་དང་། རྒུན་འབྲུམ་དང་། འབྲ་གོ་ལ་སོགས་པ་ལས་བྱས་པ་དག་སྟེ། དེས་ནི་དུབ་པ་དང་། བཀྲེས་པ་དང་། སྐོམ་པ་སེལ་ཞིང་ཚིམ་པར་བྱེད་པ་དང་ལྕི་བ་ཡིན་ནོ། །རྟུག་སྐམ་ནི་བཤང་བ་སྐ་ཞིང་འདྲིལ་བའོ། ། དེ་བཞིན་དུ་གཅིན་མང་ཞིང་ཡི་གར་འོང་བ་ཡིན་ནོ། །དེའི་ཡོན་ཏན་ཞེས་བྱ་བ་ནི། བཏུང་བ་དེ་དྲི་སྣ་གསུམ་དང་། བུ་རམ་དང་། རྒུན་འབྲུམ་ལ་སོགས་པ་སྨན་དང་། རྫས་གང་དང་གང་ལས་བྱས་པ། རྫས་དེའི་ཡོན་ཏན་ཅི་ཡོད་པ་ཐམས་ཅད་བཏུང་བ་དེ་ལ་ཡོད་པར་ཤེས་པར་བྱའོ། ། འབྲས་ཡོས་སྐོམ་དད་སྐྱུག་ཚད་འཁྲུ། །གཅིན་མང་ཚིལ་དང་བད་ཀན་སེལ། །ལུད་པ་མཁྲིས་པ་ཉེར་ཞི་བྱེད། །དྲོད་སྐྱེད་ཡང་ཞིང་བསིལ་བ་ཡིན། །ཞེས་བྱ་བ་ལ། འབྲས་ཡོས་ནི་སོ་བ་རྩེ་རྣོན་ལ་སོགས་པ་ལས་བྱས་པ་སྟེ། དེས་ནི་སྐོམ་དད་ལ་སོགས་པ་སེལ་ཞིང་། ཞི་བར་ བྱེད་པ་ཡིན་ལ། དེ་བཞིན་དུ་ལུད་པ་དང་མཁྲིས་པ་ཉེ་བར་ཞི་བར་བྱེད་པ་དང་། ཕོ་བའི་མེ་དྲོད་སྐྱེད་པ་དང་། ཡང་བའི་ཡོན་ཏན་དང་ལྡན་པ་དང་། བསིལ་ཞིང་གྲང་བའི་ནུས་པ་སྐྱེད་པ་ཡིན་ནོ། །སྲུས་ལེབ་ལྕི་ཞིང་སྟོབས་སྐྱེད་ལ། །བད་ཀན་བཤང་བ་སྲ་བྱེད་ཡིན། །ཞེས་བྱ་བ་ལ། སྲུས་ལེབ་ཅེས་བྱ་བ་ནི་ནས་དང་འབྲས་ཀྱི་སྲུས་བརྔོས་ཏེ། སྤུན་པ་མེད་པར་བྱས་པ་གཏུན་གྱིས་བརྡུངས་པ་ལ་སོགས་པ་ནི་སྲུས་ལེབ་ཅེས་བྱའོ། །ཡང་ན་སྲུས་བརྔོས་པ་ཉིད་ལ་ཡང་བྱའོ། །ཡང་ན་བཏགས་པའོ། །དེ་ནི་ལྕི་བ་དང་། སྟོབས་སྐྱེད་པ་དང་། བད་ཀན་དང་བཤང་ གཅི་སྲ་ཞིང་སྒོང་བར་བྱེད་པ་ཡིན་ནོ། །ནས་ཡོས་རྟུག་མཁྲེགས་རྩུབ་པ་དང་། །སྐོམ་ཞིང་ཁོང་འཁྲུགས་ལྕི་བ་ཡིན། །ཞེས་བྱ་བ་ལ། ནས་བརྔོས་པའི་ཡོས་དེ་ནི་རྟུག་པ་མཁྲེགས་ཤིང་རྩ་སྦུབས་འགགས་པར་བྱེད་པ་དང་། རྩུབ་པ་དང་སྐོམ་དད་སྐྱེད་པ་ དང་། ཁོང་འཁྲུགས་པ་དང་བད་ཀན་ལ་སོགས་པ་དཀྲུག་ཅིང་སེལ་བ་དང་ལྕི་བ་ཡིན་ནོ། །ནས་ཕྱེ་ཁོང་ཡང་བཀྲེས་སྐོམ་དང་། །ངལ་དུབ་མིག་ནད་རྨ་ལ་ཕན། །སྐྱོ་མར་བྱས་པ་འཐུངས་པ་ཡིས། །འཕྲལ་དུ་སྟོབས་ནི་སྐྱེད་བྱེད་ཡིན། །ཞེས་བྱ་བ་ལ། ནས་ཕྱེ་ནི་ནས་ལས་ བྱུང་བ་སྟེ། དེ་ནི་ཁོང་ཡང་བ་དང་བཀྲེས་པ་ལ་སོགས་པ་ལ་ཕན་པ་དང་། ཆུ་ལ་སོགས་པ་ལ་སྦྱོར་ཞིང་སྐྱོ་མར་བྱས་ཏེ་འཐུངས་པས། འཕྲལ་དུ་ཞེས་པ་དེ་མ་ཐག་ཏུ་སྟོབས་སྐྱེད་ཅིང་། ལུས་བརྟས་པར་བྱེད་པ་ཡིན་ནོ། །ཆུ་དང་ཕྱེ་སྤེལ་མི་བཟའ་ཞིང་། །དུས་གཉིས་མཚན་ མོའང་ཕྲད་མེད་མིན། །འགྲངས་རྗེས་མི་བཟའ་སོས་གཅད་མིན། །ཧ་ཅང་འགྲངས་ཆེས་བཟའ་མི་བྱ། །ཞེས་བྱ་བ་ལ། ཆུ་དང་ཕྱེ་སྦེལ་ཞིང་བཟའ་བར་མི་བྱ་སྟེ། དང་པོར་ཕྱེ་འགམས་ནས་བར་དུ་ཆུ། དེ་ནས་ཡང་ཕྱེ་བཟའ་བ་དང་། ཡང་ཆུ་བཏུང་བའི་ཚུལ་གྱིས་སྤེལ་ཞིང་བཟའ་ བར་མི་བྱ་སྟེ། ཆུ་འཐུངས་ནས་བར་བར་དུ་ཕྱེ་མི་བཟའ་བར་བྱ་བའི་དོན་ཏོ། །དུས་གཉིས་ཞེས་བྱ་བའི་དུས་གཉི་གར་ཕྱེ་མི་བཟའ་བ་དང་། མཚན་མོའི་དུས་སུ་ཕྱེ་མི་བཟའ་སྟེ། དེ་ནི་བཀྲ་མི་ཤིས་པར་བཤད་དོ། །དེ་བཞིན་དུ་ཕྲད་མེད་པ་སྟེ། ཆུ་ལ་སོགས་པ་གཤེར་དང་མི་ལྡན་པར་ཡང་ བཟའ་བར་མི་བྱ་སྟེ། འགྲངས་རྗེས་ཞེས་པ་འབྲས་ཆན་ལ་སོགས་པས་འགྲངས་པའི་འོག་ཏུ་ཡང་ཕྱེ་ཟན་མི་བཟའ་བ་དང་མཚན་མོའི་དུས་སུ་ལག་པར་བཞག་པའི་ཟན་གང་སོས་གཅད་ཅིང་མི་བཟའ་བ་དང་། ཕྱེ་ཟན་ཧ་ཅང་འགྲངས་ཆེས་པ་ཡང་བཟའ་བར་མི་བྱའོ། །འབའ་ཆ་ཉམས་འབྲི་ རྩུབ་པ་དང་། བཤང་མཁྲེགས་མིག་ལ་གནོད་པ་ཡིན། །ཞེས་བྱ་བ་ནི། ཏིལ་དང་སྟར་གའི་འབྲས་བུ་ལ་སོགས་པ་བཙིར་ནས་མར་དང་ཕྲལ་བ་སྟེ། དེ་ནི་ཉམས་འབྲི་ཞིང་རྨྱ་བར་བྱེད་པ་དང་། རྩུབ་པ་དང་བཤང་གཅི་མཁྲེགས་ཤིང་འབྱུང་དཀའ་བ་དང་། མིག་ལ་གནོད་པ་ཡིན་ནོ། ། ཤ་གཡོས་སྤོད་སྦྱར་སྣུམ་ཞིང་ལྕི། །སྟོབས་སྐྱེད་ཤ་འཕེལ་བརྟས་བྱེད་ཡིན། །ཞེས་བྱ་བ་ལ། ཤ་གཡོས་སྤོད་དང་སྦྱར་བ་ནི་བཅའ་སྒ་དང་། འུ་སུ་དང་གོ་སྙོད་ལ་སོགས་པ་དང་ཤ་བཏགས་པ་ནི་གཡོས་སུ་སྦྱར་བ་སྟེ། དེ་ཡང་ལུང་ལས། ཤ་ནི་རློན་པ་བཏགས་ནས་ནི། །གཡོས་ སུ་སྦྱར་བ་ཤ་གཡོས་ཏེ། །ཞེས་བཤད་པ་ཡིན་ལ། ཤ་བཏགས་པ་དེ་ཡང་ཤིང་ཀུན་དང་། ཚ་དང་། མར་དང་། ཏིལ་མར་ལ་སོགས་པ་དང་ཅི་རིགས་པར་སྦྱར་ཞིང་བཙོས་པའོ། །དེ་ལྟ་བུའི་ཤ་གཡོས་སྤོད་དང་སྦྱར་བ་དེ་ནི། སྣུམ་པ་དང་། ལྕི་བ་དང་། སྟོབས་སྐྱེད་ ཅིང་ཤ་འཕེལ་བ་དང་བརྟས་པར་བྱེད་པ་ཡིན་ཏེ། སྟོབས་ནི་ནུས་པའོ། །བརྟས་པ་ནི་ལུས་ཟུངས་རྒྱས་པར་བྱེད་པའོ། །མུངྒ་གཡོས་སྦྱར་ལྕི་བ་དང་། །སྨན་གྱི་ཆ་དང་ཡོན་ཏན་འདྲ། །ཞེས་བྱ་བ་ལ། སྲན་མུངྒ་སྟེ། སྡེའུ་ལ་སོགས་པ་དང་སྦྱར་བའི་ཤའི་གཡོས་སུ་བྱས་པ་སྟེ། ཕྲ་མོར་བཏུས་ནས་བརྔོས་པ་ནི་ཐམས་ཅད་ཀྱང་ལྕི་བ་དང་། དེ་བཞིན་དུ་སྨན་གྱི་ཡོན་ཏན་མཚུངས་ཤིང་འདྲ་བ་སྟེ། མུངྒ་ལ་སོགས་པའི་ཡོན་ཏན་གང་ཡིན་པ་དེ་ལ་གཡོས་སུ་བྱས་པའི་ཡང་ཡོན་ཏན་ཡོད་པ་ཡིན་པར་ཤེས་པར་བྱའོ། །ཁུར་བ་མདག་བཙོས་དོག་ལེ་དང་། །ས་ སླང་ད་ནུར་རྒྱ་སོལ་བསྲེགས། །ཁུར་བ་འདི་རྣམས་རིགས་གཅིག་ཀྱང་། །ཕྱི་མ་ཕྱི་མ་ཡང་བ་ཡིན། །ཞེས་བྱ་བ་ལ། འབྲས་ཀྱི་ཁུར་བ་མདག་མ་ལ་སོགས་པར་བཙོས་པ་ནི་རིགས་གཅིག་པ་སྟེ། འབྲས་ལ་སོགས་པའི་རྒྱུ་གཅིག་ཡིན་ན་ཡང་། ཕྱི་མ་ཕྱི་མ་ཡང་བ་ཡིན་པར་ཤེས་ ཤིང་རྟོགས་པར་བྱའོ། །དེ་ལ་རིགས་ནི་རྒྱུ་སྟེ། འབྲས་དང་། གྲོ་དང་། མོན་སྲན་གྲེའུ་ལ་སོགས་པ་སྟེ། དེ་དག་ནི་རིགས་མཐུན་པ་ལ་ལྟོས་ནས་རིགས་གཅིག་པ་ཞེས་བཏགས་སོ། །དེ་ནས་འབྲས་ལ་སོགས་པའི་སྐྱ་ཁུར་མདག་མར་བཙོས་པར་བྱས་པ་ནི་ཡང་བ་ཡིན་ལ། དེ་བས་ ཀྱང་དོག་ལེ་དང་། སླ་ངར་བཙོས་པ་ཆེས་ཡང་བ་དང་། དེ་བས་ཀྱང་ས་སླང་དུ་བཙོས་པ་རབ་ཏུ་ཡང་ཞིང་། དེ་བས་ཀྱང་ད་ནུར་བཙོས་པ་རབ་ཏུ་ཡང་ལ། རྒྱ་སོལ་ལ་བསྲེགས་པ་ནི་ཡང་བའི་མཆོག་ཡིན་ཏེ། འབྲས་སམ་གྲོའམ་ནས་ལ་སོགས་པ་གཅིག་ལས་བྱ་ན་ཡང་ཁྱད་པར་དུ་ ཡང་ངོ་། །དེ་ལ་མདག་བཙོས་ནི་མདག་མའི་ཤས་ཆུང་བ་ལ་བཙོས་པའོ། །གཞན་དག་ནི་རླངས་པ་ལ་བཙོས་པའོ་ཞེས་ཟེར་རོ། །ཁ་ཅིག་ནི་ཐལ་བ་མེ་མ་མུར་དུ་འདུག་པ་ལ་བསྲེགས་པ་ཡིན་ནོ་ཞེས་ཟེར་རོ། །དོག་ལེ་མེ་འབར་བ་ལ་བཙུགས་ པའི་ལྕགས་སམ། སའི་སྣོད་ལ་བསྲེགས་པའོ། །གཡོས་སུ་བྱས་པའི་ཁ་ཟས་ཀྱི་སྡེ་ཚན་ནོ།། །།དེ་ལ་རེ་ཞིག་གཡོས་སུ་བྱས་པའི་ཁ་ཟས་བཙོས་པ་སྟེ། དེ་ཡང་ཤ་དང་ཚོད་མ་ལ་སོགས་པ་དང་ལྷན་ཅིག་སྦྱར་ཞིང་། དེ་དང་ལྡན་ན་ལེགས་པར་དགོས་པ་ བྱེད་པ་ཡིན་ལ། ཟས་ནི་མང་དུ་དགོས་པ་ཡིན་པ་ལྟར་ཤ་ལ་སོགས་པ་དེ་ལྟ་མ་ཡིན་ནོ། །དེའི་སྤགས་ཙམ་དུ་ཟད་པ་ཡིན་ནོ། །དེ་བས་ན་གཡོས་སུ་བྱས་པའི་ཁ་ཟས་ཀྱི་སྡེ་ཚན་གྱི་རྗེས་ལ། ཤ་དང་ཚོད་མའི་སྡེ་ཚན་བསྟན་པ་ཡིན་ནོ། །དེ་གཉིས་ལས་ཀྱང་ཤ་ནི་ཟས་དང་ ལྷན་ཅིག་ཟོས་ན་ཉེས་པ་མེད་ཅིང་བསྟེན་པར་བྱ་བ་ཡིན་པས། ཤའི་སྡེ་ཚན་དང་པོར་སྨོས་པ་ཡིན་ནོ། །ཤ་བ་དགོ་བ་ཀུ་རང་ག །རྐྱང་དང་རི་ཤ་རི་དྭགས་མ། །རི་བོང་དང་སྒོ་ཙ་རུ་སྐ། །ལྡང་སྒོ་ལ་སོགས་རི་དྭགས་ཡིན། །ཞེས་བྱ་བ་ནི། ཤ་བ་ནས་ལྡང་སྒོའི་མཐར་ཐུག་ པ་རྣམས་ནི། རི་དྭགས་ཀྱི་རིགས་སུ་གཏོགས་པ་ཡིན་ལ། སོགས་པའི་སྒྲས་ནི་མཇུག་ནག་གམ། སྲིང་ཤ་ཏ་ལ་སོགས་པ་བསྡུའོ། །དེ་དག་ནི་འཇིག་རྟེན་དུ་གྲགས་པར་ཟད་དོ། །ལ་བ་བར་ཏི་བར་ཏི་ཀ། །གོ་ཙ་དམར་དང་གོང་མོ་དང་། །སྲེག་པ་ཨུ་པ་ཙ་ཀྲ་དང་། །ཀ་ བིན་ཛ་ར་ཀུ་རུ་བ། །བ་ཏ་ཀ་དང་བ་ཏི་ཀ །གོང་མ་སྲེག་དང་རྨ་བྱ་དང་། །ཁྱིམ་བྱ་དང་ནི་བ་ར་ཀ། །གོ་ནན་ཏ་དང་རི་ལ་གནས། །ཤར་བ་དང་ཨིནྡྲ་པ། །རི་བྱ་འདི་དག་གཟས་ཁྲོན་རྐོ། །ཞེས་བྱ་བ་ལ། ལ་བ་ནས་རི་བྱའི་བར་འདི་དག་ནི་གཟས་ཁྲོན་གྱིས་རྐོ་བ་ཞེས་བྱ་བ་ནི། གང་རྐོ་ཞིང་རྐོ་ཞིང་འབྲུ་ལ་སོགས་པ་ཟ་བས་ན། གཟས་ཁྲོན་རྐོ་ཞེས་བྱའོ། །འདི་དག་ཞེས་བྱ་བ་ནི་རྣམ་པའི་ཚིག་སྟེ། རྣམ་པ་དེ་ལྟ་བུའི་བྱ་གཞན་དག་ཀྱང་ཡོད་དོ་ཞེས་སྟོན་ཏོ། །ཤང་ཤང་ཏེའུ་དེ་ཏུ་ཧ། །བུང་འདྲ་ནེ་ཚོ་ཤ་རི་ཀ། །ལ་ཏྭ་ཁུ་བྱུག་ཧ་རི་ཏ། །བྱིའུ་ལ་སོགས་མཆུས་ རྐོ་ཡིན། །ཞེས་བྱ་བ་ལ། ཤང་ཤང་ཏེའུ་ནས་བྱིའུའི་བར་ནི་མཆུས་རྐོ་ཞེས་བྱ་སྟེ། མཆུས་རྐོ་ཞིང་ཟ་བའི་དོན་གྱིས་ན་མཆུས་རྐོ་ཞེས་བྱའོ། །སོགས་པའི་སྒྲས་ནི་ཤ་ཏ་པ་ཏྲ་དང་། ཁན་ཛ་རི་ལ་སོགས་པའི་བྱ་རྣམས་བསྡུའོ། །སྦལ་པ་སྦྲུལ་དང་སྐྱིན་གོར་དང་། །བྱི་ཐུར་ལ་སོགས་ ཁུང་ན་གནས། །ཞེས་བྱ་བ་ལ། སྦལ་པ་ནས་བྱི་ཐུར་བར་ནི་ཁུང་ན་གནས་པ་ཡིན་ཏེ། སའི་ཁུང་བུ་དག་ན་གནས་ཤིང་ཉལ་བས་ན་ཁུང་ན་གནས་ཞེས་བྱའོ། །སོགས་པའི་སྒྲས་ནི་ཤ་ལ་མ་ཀ་ལ་སོགས་པ་བསྡུའོ། །བ་ལང་རྟ་བོང་དྲེའུ་དང་། །སྟག་གཟིག་སེང་གེ་དོམ་སྤྲེའུ། བྱི་བ་བྱི་ལ་སྤྱང་ཀི་དང་། །སྲེ་མོང་དང་ནི་དྲེད་དག་དང་། །ཝ་དང་འཕར་བ་ཁྲ་དང་ནི། །ཆུན་ལག་ཁྲ་ལྗང་བྱ་རོག་ཁྱི། །བྱ་རིགས་ཁྲ་སྔོན་བྱ་ཀུ་ར། །བྱ་རྒོད་འུག་པ་ཀ་ལིང་ག །དུང་ཅན་མ་དུ་ཧ་ལ་སོགས། །གཅན་གཟན་བྱ་དག་རྩལ་མཐུས་ཟ། །ཞེས་བྱ་བ་ལ། བ་ལང་ ནས་མ་དུ་ཧའི་བར་གྱི་ཕྱུགས་དང་། གཅན་གཟན་དང་བྱ་དག་ནི་རྩལ་དང་མཐུས་ཟ་བ་ཞེས་བྱ་བ་སྟེ། མངོན་མཐོན་དུ་སྟོབས་ཀྱིས་འཕྲོག་ཅིང་། ཤ་ལ་སོགས་པ་རྩལ་མཐུས་ཟ་བས་ན། ཁྲོན་དུ་རྐོ་བ་དང་། མཐུས་ཟ་བ་ནི་ཁྲོན་དུ་རྐོ་བ་ལ་སོགས་པའི་ཚུལ་གྱི་བྱ་བ་དང་ལྡན་ པས་ཟ་བས་ན་མིང་དེ་སྐད་ཅེས་བྱ་སྟེ། དེ་ཡང་དྲང་སྲོང་ཙ་ར་ཀས། འཐོར་ཞིང་རྣམ་པར་རྐོ་བ་དང་། །མཆུ་ཡིས་རྐོ་བར་བྱེད་པ་དང་། །རྩལ་མཐུས་འཕྲོག་ཅིང་ཟ་བས་ན། །མཐུས་ཟ་ཞེས་ནི་དེ་ཕྱིར་བྱ། །ཞེས་བཤད་པ་ཡིན་ནོ། །སོགས་པ་ཞེས་བྱ་བ་ནི་གཞན་དག་ཀྱང་ བསྡུ་བའོ། །ཕག་རྒོད་རུ་རུ་མ་ཧེ་སྐྱིན། །རོ་ཧི་ཏ་དང་གླང་པོ་ཆེ། །མཛོ་རྒོད་གནག་རྒོད་བསེ་དང་ནི། །སྨྱིག་གླང་ཞེས་གྲགས་རི་དྭགས་ཆེ། །ཞེས་བྱ་བ་ལ། ཕག་རྒོད་ནས་སྨྱིག་གླང་གི་བར་ནི་རི་དྭགས་ཆེན་པོ་ཞེས་བྱའོ། །ཆུར་གནས་ངང་པ་ས་ར་ས། །ཆུ་སྐྱར་ཀ་རཎྜ་བྱ་ བླ། །རྒྱ་དང་ཁྲུང་ཁྲུང་ངུར་པ་དང་། །སོ་བྱ་ཀ་དམ་པ་སོགས་ཡིན། །ཞེས་བྱ་བ་ལ། ངང་པ་ནས་ཀ་དམ་པའི་བར་ནི་ཆུ་ལ་གནས་པ་ཡིན་ཏེ། དེ་དག་ནི་ཆུ་ལ་སྤྱོད་པ་ཡིན་པས་ན་ཆུ་ལ་གནས་པའོ། །སོགས་པའི་སྒྲས་ནི་མགོ་དམར་དང་། པདྨའི་མིག་དང་། ཤ་ལ་རི་ལ་སོགས་པ་ བསྡུའོ། །ཉ་རོ་ཧི་ཏ་པ་ཏི་ན། །ཉ་ཕྱིས་རུས་སྦལ་ཀུམ་བྷི་ར། །ཀར་ཏ་དུང་སྲམ་ཤམ་བུ་ཀ། །ཉེ་ལྡང་བར་མ་ཙིན་ཏྲི་ཀ།།བུ་ལུ་ཆུ་སྲིན་ནག་ཁྲ་དང་། །ཉ་བོ་ཆེ་ནི་བྱིས་པ་གསོད། །ཛ་རི་ཙི་ལི་ཙི་མ་སོགས། །ཞེས་བྱ་བ་ལ། ཉ་རོ་ཧི་ཏ་ནས་ཙི་ལི་ཙི་མའི་བར་ ནི། ཆུ་ལས་བྱུང་ཞིང་ཆུ་ལ་གནས་སོ། །སོགས་པའི་སྒྲས་ནི་རྣམ་པའི་དོན་ཏེ། དེ་ལྟ་བུ་དང་གཞན་དག་ཀྱང་རྣམ་པ་དུ་མ་ཡོད་དོ། །ཀ་ར་ཀ་ཏ་ནི་ཀུ་ལ་ར་ཞེས་བྱའོ། །ཤམ་བུ་ཀ་ནི་ཕྱུང་བའི་དུང་ཞེས་བྱའོ། །འདི་དག་ནི་རྣམ་གྲངས་མི་ཤེས་པ་དག་གིས་ནི་ཡུལ་ ཕྱོགས་ཀུན་ཏུ་ཕྱིན་པ་དག་ལས་ཤེས་པར་བྱ་སྟེ། གང་གི་ཕྱིར་འདིར་སྨོས་པའི་སྲོག་ཆགས་ཡུལ་ལ་ལན་མེད་པས་མི་ཤེས་པ། ཁ་ཅིག་ནི་ཡུལ་གཞན་དག་ཏུ་གྲགས་པ་ཡོད་དོ། །དེ་བས་ན་འདི་རྣམས་ཀྱི་མིང་གི་རྣམ་གྲངས་ཡུལ་ཐ་དད་པ་ན་གྲགས་པ་ནི་རི་བྲགས་པ་དང་། ཉ་པ་ལ་སོགས་པ་ལས་མིང་དུ་ཇི་སྐད་གྲགས་པ་གང་ཡིན་པ་ལས་ཤེས་པར་བྱའོ། །དེ་ལྟར་ཤ་ནི་བརྒྱད་དུ་བཤད། །ཅེས་བྱ་བ་ནི། དེ་ལྟར་ཞེས་པ་བཤད་མ་ཐག་པའི་རྣམ་པས་ཤ་བརྒྱད་དུ་ཞེས་པ། ཤའི་རྣམ་གྲངས་མདོར་བསྡུ་ན་རྣམ་པ་བརྒྱད་ཡོད་པར་སློབ་དཔོན་གྱིས་བཤད་ཅིང་ བསྟན་པ་ཡིན་ནོ། །ར་ལུག་གཟས་ཀྱི་སྤྱོད་ཡུལ་ནི། །འདྲེས་པས་རིགས་གཅིག་ངེས་མ་ཡིན། །ཞེས་བྱ་བ་ལ། རིགས་བརྒྱད་པོ་དེ་དག་གི་ནང་ནས། ར་དང་ལུག་གི་ངེས་པ་མེད་པ་ཡིན་པས་ངེས་བ་མ་བཤད་དེ། ཅིའི་ཕྱིར་ཞེ་ན། སྤྱོད་ཡུལ་འདྲེས་པ་ཡིན་པའི་ཕྱིར་ཏེ། སྤྱོད་ཡུལ་འདྲེས་པ་ནི་རླན་ཅན་དང་། སྐམ་སའི་གཟས་ཀྱི་སྤྱོད་ཡུལ་འདྲེན་མར་གནས་པ་སྟེ། ལན་འགའ་ནི་གཅིག་ཏུ་རླན་ཅན་ན་གནས་པ། ལན་འགའ་ནི་སྐམ་སར་གཅིག་ཏུ་གནས་པ་ཡིན་ནོ། །དེ་ལྟར་ན་རྒྱ་བྱ་ཡང་དེ་དང་འདྲ་བ་ཡིན་ཏེ། དེ་ཡང་གཉི་ག་ན་སྤྱོད་པ་ཡིན་ པའི་ཕྱིར་རོ། །དེ་ཡང་དྲང་སྲོང་ཙ་ར་ཀས། སྐམ་ས་གཤེར་སར་གནས་པའི་ཕྱིར། །ཤིན་ཏུ་ལྕི་མངར་ཚ་མིན་པའི། །རྒྱ་བྱའི་ཤ་ནི་རླུང་ལ་སོགས། །ཉེས་པ་གསུམ་པོ་སེལ་བ་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་ན་རྒྱ་བྱ་ཏི་ཏི་ར་ཞེས་བྱ་བ་ནི་གཉི་གར་སྤྱོད་པ་ཡིན་ དུ་ཟིན་ཀྱང་། འདི་ཡུལ་གཅིག་ལ་ནམ་ཡང་གནས་པར་དགའ་བ་མ་ཡིན་པས། གཟེབ་ཏུ་བཅུག་པ་མ་གཏོགས་པར། །གཤེར་ས་དང་སྐམ་ས་གཉི་གར་ཡང་བརྟེན་པ་མ་ཡིན་ནོ། །ར་ལུག་ཀྱང་ཆེད་འགའ་ནི་སྐམ་ས་ཆུ་ཉུང་བ་ན་འཚོ་ལ། ཆེད་འགའ་ནི་རླན་ཅན་ཆུ་མང་ བ་ན་འཚོ་སྟེ། རང་བཞིན་དེས་ན་ར་དང་ལུག་ནི་ངེས་པ་མ་ཡིན་པ་ཡིན་ནོ། །ཐོག་མ་ཐ་མ་སྐམ་གཤེར་གནས། །བར་མ་གཉིས་པོ་ཐུན་མོང་བཤད། །ཅེས་བྱ་བ་ལ། བར་མ་ནི་གཉིས་པོ་ཞེས་གཉིས་པར་བཤད་པ་ལས་ཐོག་མ་དང་ཐ་མར་ནི་སྡེ་ཚན་གསུམ་གསུམ་ ཡིན་ཏེ། དང་པོའི་སྡེ་ཚན་གསུམ་ནི་རི་དྭགས་དང་ཁྲོན་དུ་རྐོ་བ་དང་། མཆུས་རྐོ་བ་གསུམ་ནི་སྐམ་ས་ལ་གནས་པ་ཡིན་པས། སྐམ་སར་སྒྲར་བརྗོད་ལ། ཐ་མའི་གསུམ་པོ་རི་དྭགས་ཆེན་པོ་དང་། ཆུ་ལ་སྤྱོད་པ་དང་། ཉ་རྣམས་ནི་གཤེར་ས་ཉིད་ལ་སྤྱོད་པ་ཡིན་ པས་ན་གཤེར་སའི་སྒྲར་བཤད་དོ། །བར་གྱི་སྡེ་ཚན་གཉིས་པོ་ཁུང་ན་གནས་པ་དང་། རྩལ་མཐུས་ཟ་བ་ཞེས་བྱ་བ་གཉིས་ནི་ཐུན་མོང་སྟེ། གཉི་ག་ལ་སྤྱོད་པ་ཡིན་པར་བཤད་དོ། །དེ་ལས་སྐམ་སའི་ཤ་རྟུག་འགགས། །བསིལ་བ་དང་ནི་ཡང་བ་ཡིན། །འདུས་ པ་མཁྲིས་པ་ཤས་ཆེ་ཞིང་། །རླུང་འབྲིང་བད་ཀན་ཆུང་ལ་ཕན། །ཞེས་བྱ་བ་ལ། དེ་ལས་བྱས་པ་ནི་ངེས་པར་བཟུང་བ་སྟེ། སྐམ་ས་དང་། གཤེར་ས་དང་། ཐུན་མོང་གི་གནས་ན་སྤྱོད་པ་ཡིན་པར་བཤད་དོ། །སྐམ་སའི་ཤ་ནི་རྟུག་པ་འགགས་པར་བྱེད་པ་དང་། ནུས་པ་བསིལ་བ་དང་ཡང་བ་ཡིན་ནོ། །དེ་བཞིན་དུ་འདུས་པའི་ནད་མཁྲིས་པའི་ཤས་ཆེ་ཞིང་རླུང་ཆེ་ཆུང་འབྲིང་དུ་གནས་པ་དང་། བད་ཀན་ཤས་ཆུང་བ་ལ་ཕན་ཞིང་། གནོད་པ་འཇོམས་པ་ཡིན་ཏེ། འདུས་པའི་ནད་གང་མཁྲིས་པའི་ཤས་ཆེ་བ་དང་། རླུང་འབྲིང་ ཙམ་དུ་གནས་པ་དང་། བད་ཀན་ཆེས་ཆུང་བ་དེ་ལ་ཕན་པ་ཡིན་ནོ། །རི་བོང་ཤ་ནི་དྲོད་སྐྱེད་རྩུབ། །ཞུ་རྗེས་ཚ་ཞིང་འཁྲུ་གཅོད་བསིལ། །ཞེས་བྱ་བ་ལ། སྐམ་སར་གནས་པ་དེ་རྣམས་ཀྱི་ནང་ནས། རི་བོང་གི་ཤ་ནི་དྲོད་སྐྱེད་པ་སྟེ། ཕོ་བའི་མེ་དྲོད་འཕེལ་བར་ བྱེད་པ་དང་། དེ་བཞིན་དུ་རྩུབ་པ་དང་། ཞུ་རྗེས་ཀྱི་རོ་ཚ་བ་དང་། འཁྲུ་བ་གཅོད་ཅིང་སྡུད་པ་དང་། བསིལ་བའི་མཚན་ཉིད་ཅན་ཡིན་ནོ། །བར་ཏ་ཀི་ལ་སོགས་པའི་ཤ།།ཅུང་ཟད་སྣུམ་དྲོ་ལྕི་བརྟས་བྱེད། །ཅེས་བྱ་བ་ལ། སྐམ་སར་ གནས་པ་རྣམས་ཀྱི་ནང་ནས། བྱ་བར་ཏ་ཀི་ལ་སོགས་པ་སྟེ། གང་སྐམ་སར་གནས་པའི་བར་དེ་ཐམས་ཅད་ནི་ཅུང་ཟད་སྣུམ་ཞིང་དྲོ་བ་དང་ལྕི་བ་དང་ལྡན་པ་ཡིན་ཞིང་ལུས་བརྟས་པར་བྱེད་པ་ཡིན་ནོ། །དེ་རྣམས་ལས་ཀྱང་རྒྱ་བྱའི་ཤ། །ཡིད་གཞུངས་དྲོད་སྟོབས་ཁུ་བ་ འཕེལ། །བཤང་སྐེམས་མདོག་བཟངས་རླུང་ཤས་ཆེ། །འདུས་པ་སེལ་བའི་དམ་པ་ཡིན། །དེ་རྣམས་ཞེས་བྱ་བ་བར་ཏ་ཀི་ལ་སོགས་པའི་ནང་ནས་ཀྱང་། རྒྱ་བྱ་ཏི་ཏི་རའི་ཤ་ནི་ཡིད་གཞུངས་པ་དང་། དྲོད་སྐྱེ་བ་དང་། སྟོབས་དང་། ཁུ་བ་འཕེལ་བ་དང་། བཤང་ བ་སྐེམས་ཤིང་སྡུད་པ་དང་། ལུས་ཀྱི་མདོག་བཟང་པོར་བྱེད་པ་དང་། རླུང་ཤས་ཆེ་བའི་འདུས་པའི་ནད་སེལ་ཞིང་འཇོམས་པའི་མཆོག་དམ་པ་ཡིན་ནོ། །རྨ་བྱའི་ཤ་ནི་བཟང་མིན་ཡང་། །རྣ་མིག་སྐད་འགགས་རྒས་སྲར་ཕན། །ཞེས་བྱ་བ་ལ། རྨ་བྱའི་ཤ་ནི་བཟང་པོ་མ་ཡིན་ཏེ། ཕན་ཞིང་བསྔགས་པ་མ་ཡིན་མོད་ཀྱི། འོན་ཀྱང་རྣ་བ་གཉིས་ལ་ཕན་ཏེ། སྒྲ་ལེགས་པར་ཐོས་པར་འགྱུར་བ་དང་། མིག་གིས་ལེགས་པར་མཐོང་བར་བྱེད་པས་མིག་ལ་ཕན་པ་དང་། གདངས་སྙན་པས་སྐད་འགགས་པ་ལ་ཕན་པ་དང་། མྱུར་དུ་རྒས་པ་ལས་ བསྲུང་བས་ན། རྒས་པ་སྲ་བ་ལ་ཕན་པ་ཡིན་ནོ། །ཁྱིམ་བྱ་དེ་འདྲ་རོ་ཙ་ལ། །གྲོང་གནས་ལྕི་ཞིང་བད་ཀན་སྐྱེད། །ཅེས་བྱ་བ་ལ། ཁྱིམ་བྱ་ནི་རྨ་བྱའི་ཤ་འདྲ་བས་ཤིན་ཏུ་བཟང་པོ་མ་ཡིན་མོད་ཀྱི། རྣ་བ་ལ་སོགས་པ་ལ་ཕན་པར་འདྲ་ཞིང་རོ་ཙ་བ་ཡིན་ནོ། །ཡང་ན་གྲོང་ ན་གནས་པའི་ཁྱིམ་བྱ་སྟེ། སྐྱེ་བོའི་ཁྱིམ་ན་རྒྱུ་བ་གང་ཡིན་པ་དེ་ནི་ལྕི་བ་དང་། བད་ཀན་སྐྱེད་པར་བྱེད་པ་དང་། རོ་ཙ་བ་ཡིན་ནོ། །གོང་མོ་ཨུ་པ་ཙ་ཀྲར་བཅས། །ཡིད་གཞུངས་དྲོད་སྐྱེད་ཡི་གར་འོང་། །ཞེས་བྱ་བ་ལ། བྱ་གོང་མོ་དང་ཨུ་པ་ཙ་ཀྲར་བཅས་པའི་ཤ་ནི་ཡིད་གཞུངས་ ཤིང་ཤེས་རབ་སྐྱེད་པ་དང་། ཕོ་བའི་མེ་དྲོད་སྐྱེད་པ་དང་། ཡི་གར་འོང་ཞིང་དགའ་བར་བྱེད་པ་ཡིན་ནོ། །ཐི་བ་ཞར་བའི་ཤ་ལྕི་ཞིང་། །ཚ་བྲོ་ཉེས་པ་ཐམས་ཅད་སྐྱེད། །ཅེས་བྱ་བ་ལ། བྱ་ཐི་བ་ཞར་བའི་ཤ་ནི་ལྕི་བ་དང་ཚ་བྲོ་བ་སྟེ། ཅུང་ཟད་ལན་ཚྭ་བྲོ་བ་དང་། ཉེས་པ་གསུམ་ པོ་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་ནོ། །བྱིའུ་ཤ་བད་ཀན་སྐྱེད་ཅིང་སྣུམ། །རླུང་འཇོམས་ཁུ་བ་རབ་འཕེལ་བྱེད། །ཅེས་བྱ་བ་ལ། བྱ་བྲན་བྱེའུ་རྣམས་ཀྱི་ཤ་ནི་བད་ཀན་སྐྱེད་པར་བྱེད་པ་དང་། དེ་བཞིན་དུ་སྣུམ་པ་དང་། རླུང་འཇོམས་ཤིང་སེལ་བ་དང་། མཆོག་ཏུ་ཁུ་ བ་འཕེལ་བར་བྱེད་པ་ཡིན་ནོ། །སྡེ་ཚན་དེ་ལས་ཕྱི་མ་རྣམས། །རིམ་བཞིན་ལྕི་དྲོ་སྣུམ་ཞིང་མངར། །གཅིན་མང་རོ་ཙ་སྟོབས་སྐྱེད་ཅིང་། །རླུང་འཇོམས་བད་ཀན་མཁྲིས་པ་སྐྱེད། །ཅེས་བྱ་བ་ལ། སྐམ་སར་གནས་པའི་སྡེ་ཚན་དེ་ལས། ཕྱི་མ་ཁུང་ན་གནས་པ་ལ་སོགས་ པ་ལྔ་རྣམས་ནི་རིམ་པ་བཞིན་དུ་ཞེས་པ། གོ་རིམས་མ་འཆོལ་བར་ལྕི་བ་ཉིད་དང་། དྲོ་བ་ཉིད་དང་། སྣུམ་པ་ཉིད་དང་། མངར་བ་ཉིད་དེ་སྡེ་ཚན་དེ་དག་ལས་ཕྱི་མ་གང་དང་གང་ཡིན་པ་ནི་སྔ་མ་དེ་དང་དེ་ལས་ལྕི་བ་ལ་སོགས་པ་ཉིད་དང་ལྡན་པ་ཡིན་ནོ། །དེས་ན་ཁུང་ན་གནས་པ་ ནི་མཐུས་ཟ་བ་ལྕི་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ལ། མཐུ་རྩལ་གྱིས་ཟ་བ་བས་ནི་རི་དྭགས་ཆེན་པོའོ། །རི་དྭགས་ཆེན་པོ་བས་ནི་ཁྲོན་དུ་རྐོ་བའོ། །ཁྲོན་དུ་རྐོ་བ་བས་ནི་ཉ་རྣམས་སོ། །དེ་བཞིན་དུ་རིམ་གྱིས་གཅིན་མང་བ་དང་། རོ་ཙ་བ་དང་། སྟོབས་སྐྱེད་པ་དང་། རླུང་དང་བད་ཀན་འཕེལ་ཞིང་སྐྱེད་པར་བྱེད་པ་ཡིན་ནོ། །དེ་ལས་རི་དྭགས་ཆེན་པོའི་བསིལ། །ཞེས་བྱ་བ་ནི། སྡེ་ཚན་ལྔ་པོ་དེ་རྣམས་ཀྱི་ནང་ནས་རི་དྭགས་ཆེན་པོ་ནི་བསིལ་བ་སྟེ། བསིལ་བའི་ནུས་པ་དང་ལྡན་པ་ཡིན་ནོ། །རྩལ་མཐུས་ཤ་རློན་ཟ་བའི་ཡང་། །རོ་རྗེས་ལན་ཚྭ་བྲོ་ ཞུ་རྗེས། །ཚ་ཞིང་ཤ་ནི་འཕེལ་བར་བྱེད། །གཞང་འབྲུམ་རྙིང་པ་ཕོ་བ་གྲང་། །སྐེམ་ནད་ཉེན་ལ་མཆོག་ཏུ་ཕན། །ཞེས་བྱ་བ་ལ། ཤ་རློན་ཟ་ཞེས་བྱ་བ་ནི། །ཤ་རློན་པ་གཅོད་ཅིང་ཟ་བར་བྱེད་པས་ན་ཤ་ཟ་བའོ། །དེ་ལ་ཡང་རྣམ་པ་གཉིས་ཏེ། གཅན་གཟན་དང་བྱའོ། །དེ་ ལས་ཀྱང་ཤ་རློན་པ་ཟ་བ་ལ་ལའི་མཚན་ཉིད་འདི་ཡིན་ནོ། །དེ་ཡང་རོ་རྗེས་ལན་ཚྭ་བྲོ་བ་སྟེ། རོ་གང་དག་གི་རྗེས་ལ་ཅུང་ཟད་མི་གསལ་བར་ལན་ཚྭ་བྲོ་བ་སྟེ། གཙོ་བོའི་རོས་ཟིལ་གྱིས་མནན་པས་ན། ཅུང་ཟད་མི་གསལ་བར་བྲོ་བའི་ཕྱིར་རོ། ། རྗེས་ཞེས་བྱ་བ་སྟེ། རོའི་གཙོ་བོ་ཐ་དད་པ་ཡོད་པར་མཚོན་པ་ཡིན་ནོ། །དེ་བཞིན་དུ་ཞུ་རྗེས་ཚ་བ་སྟེ། ཞུ་བའི་རྗེས་ཚ་བ་ཉིད་དུ་སྨིན་པའོ། །དེ་བཞིན་དུ་ཤ་འཕེལ་བར་བྱེད་པ་སྟེ། ཤ་སྐྱེད་པར་བྱེད་པའོ། །དེ་བཞིན་དུ་གཞང་འབྲུམ་རྙིང་པ་དང་། ཕོ་བ་གྲང་ཞིང་དྲོད་ ཆུང་བ་དང་། སྐེམ་ནད་ཀྱིས་ཉེན་པའི་མི་ལ་མཆོག་ཏུ་ཕན་པ་ཡིན་ནོ། །དེ་ལ་གཞང་འབྲུམ་རྙིང་པ་ཞེས་བྱ་བ་ནི་ཡུན་རིང་པོ་ལོན་པའི། །ར་ཤ་ཤིན་ཏུ་བསིལ་མིན་ཞིང་། །ལྕི་སྣུམ་མ་ཡིན་ཉེས་མེད་མིན། །ལུས་དང་ཁམས་ནི་མཉམ་པས་ན། །བད་ཀན་མི་སྐྱེད་ལུས་ བརྟས་བྱེད། །ཅེས་བྱ་བ་ལ། ཤིན་ཏུ་བསིལ་མིན་ཞེས་བྱ་བའི་སྒྲ་ནི་ཅུང་ཟད་ཀྱི་དོན་ལ་སྙེགས་ཏེ། དེས་ན་རའི་ཤ་ནི་ཅུང་ཟད་ཙམ་བསིལ་བ་དང་། ཅུང་ཟད་ཙམ་སྣུམ་པ་ཡིན་ནོ་ཞེས་པའོ། །ཉེས་མེད་མིན་ཞེས་པ་མེད་པའི་དོན་ནི་ཆུང་བའི་དོན་ཏེ། དཔེར་ན་ ལུག་སྤུ་མེད་ཅེས་བྱ་བའམ། བུ་མོ་རྐང་མེད་ཅེས་ཟེར་བ་དང་འདྲའོ། །དེས་ན་ཅུང་ཟད་ཙམ་ཉེས་པ་ཡོད་ཅིང་། ཅུང་ཟད་བད་ཀན་སྐྱེད་པ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་ལུས་དང་ཁམས་མཉམ་པས་ཀྱང་རྣམ་པ་ཐམས་ཅད་དུ་ཉེས་པ་མེད་པ་ཡིན་ཏེ། མི་ རྣམས་ཀྱི་ལུས་དང་། ལུས་ཟུངས་ཀྱི་ཚུལ་ཇི་ལྟ་བུ་ཡིན་པ། རའི་ལུས་དང་ཁམས་ཀྱང་དེ་དང་འདྲ་བ་ཡིན་ཏེ། དེ་བས་ན་ལུས་དང་ལུས་ཟུངས་མཚུངས་ཤིང་མཉམ་པས་ན། ཤ་དེ་ནི་ཉེས་པ་ཅུང་ཟད་ཀྱང་མི་སྐྱེད་པ་ཡིན་ནོ། །དེ་བས་ན་སྐྱེས་བུའི་ལུས་དང་ལུས་ཟུངས་ མཐའ་དག་དང་དེ་མཉམ་སྟེ། མིའི་ལུས་ཟུངས་ཅི་འདྲ་བར་ཡང་དེ་དང་འདྲ་བར་དོན་གྱིས་སྟོན་པ་ཡིན་ཏེ། འདི་སྐད་བཤད་པས་ནི་མིའི་ཤའི་རང་བཞིན་ཅི་འདྲ་བ་ཡིན་པ་ཡང་བཤད་པ་ཡིན་ནོ། །བད་ཀན་མི་སྐྱེད་ཅེས་བྱ་བ་ནི་རའི་ཤ་དེ་བད་ཀན་ཡིན་ཡང་ཤས་ཆེར་སྐྱེད་པར་མི་ བྱེད་པའོ། །ལུས་བརྟས་པར་བྱེད་པ་ནི་ཤ་འཕེལ་བར་བྱེད་པའོ། །ལུག་ཤ་དེ་ལས་བཟློག་པ་སྟ། ལུས་བརྟས་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་ལ། ལུག་གི་ཤ་ནི་ར་ཤ་དེ་ལས་བཟློག་པར་ཤེས་པར་བྱ་སྟེ། དེས་ན་རའི་ཤ་ནི་ཤིན་ཏུ་བསིལ་བ་མ་ ཡིན་ལ། འདི་ནི་ཤིན་ཏུ་བསིལ་བ་དང་། དེ་ནི་ཤིན་ཏུ་ལྕི་བ་མ་ཡིན་ལ། །འདི་ནི་ཤིན་ཏུ་ལྕི་བ་དང་། །དེ་ནི་ཤིན་ཏུ་སྣུམ་པ་མ་ཡིན་ལ། འདི་ནི་ཤིན་ཏུ་སྣུམ་པ་དང་། །དེ་ནི་ལུས་པར་བྱེད་པ་ཡིན་ལ། འདི་ཡང་བརྟས་པར་བྱེད་པ་ཡིན་པས། འདི་ ལ་ནི་གོ་བཟློག་པ་མེད་དོ། །བ་ལང་ཤ་ནི་ལུད་སྐམ་དང་། །ངལ་དང་ཚོ་ཆེས་མ་སྙོམས་རིམས། །ཆམ་པ་དང་ནི་སྐེམ་པ་དང་། །རླུང་ནད་གཅིག་པུ་ན་བ་སེལ། །ཞེས་བྱ་བ་ལ། བ་ལང་དག་གི་ཤ་ཡིན་པས་ན་བ་ལང་ཤ་སྟེ། དེས་ནི་ལུད་པ་ སྐམ་པ་ལ་སོགས་པ་སེལ་ཞིང་བཟློག་པ་ཡིན་ནོ། །ཚིག་གི་དོན་ནི་གོ་སླའོ། །མ་ཧེའི་ཤ་ནི་ལྕི་ཞིང་ཚ། །གཉིད་ཆེ་བརྟན་བྱེད་ཤ་ཆེར་སྐྱེད། །ཅེས་བྱ་བ་ལ། དེ་ལ་མ་ཧེའི་ཤ་ནི་ཤིན་ཏུ་ལྕི་བ་དང་། ཚ་བ་དང་། གཉིད་ཆེ་ཞིང་མཐུག་ལ་བརྟན་པར་ བྱེད་པ་དང་། ཤ་སྐྱེ་བར་བྱེད་པ་ཡིན་ནོ། །ཕག་རྒོད་ཤ་ནི་དེ་འདྲ་ཞིང་། །ངལ་སེལ་ཟས་ལེན་ཁུ་སྟོབས་སྐྱེད། །ཅེས་བྱ་བ་ལ། ཕག་རྒོད་ཀྱི་ཤ་ནི་དེ་འདྲ་ཞེས་པ་མ་ཧེའི་ཤ་དང་ཡོན་ཏན་འདྲ་བ་ལས་དེ་ནི་ངལ་བ་སེལ་བ་དང་། དེ་བཞིན་དུ། ཁ་ཟས་ ལེན་ཞིང་ཡི་ག་འབྱེ་བ་དང་། ཁུ་བ་དང་སྟོབས་རབ་ཏུ་སྐྱེད་པར་བྱེད་པ་ཡིན་ནོ། །ཉ་ནི་མཆོག་ཏུ་བད་ཀན་སྐྱེད། །ཅེས་བྱ་བ་ནི། རོ་ཧི་ཏ་དང་། པ་ཐི་ན་ལ་སོགས་པའི་ཉ་ཤ་ནི་ཤིན་ཏུ་ཡང་བད་ཀན་སྐྱེད་པར་བྱེད་པ་ཡིན་ནོ། །ཙི་ལི་ཙི་མ་ཉེས་གསུམ་སྐྱེད། ། ཅེས་བྱ་བ་ནི། ཉ་རྣམས་ཀྱི་ནང་ནས་ཙི་ལི་ཙི་མ་ཞེས་བྱ་བའི་ཉའི་ཁྱད་པར་ཅིག་ཡོད་པ་ནི་རླུང་ལ་སོགས་པའི་ཉེས་པ་གསུམ་སྐྱེད་པ་ཡིན་ནོ། །ལ་ཝ་རོ་ཧི་ཏ་སྐྱིན་གོར། །ཤ་བ་རང་རང་སྡེ་ཚན་མཆོག །ཅེས་བྱ་བ་ནི། ལ་ཝ་ལ་སོགས་པའི་ཤ་ནི་རང་རང་གི་སྡེ་ཚན་ ལས་མཆོག་ཡིན་ཏེ། དེས་ན་ཁྲོན་དུ་རྐོ་བའི་ནང་ན་ནི། ལ་བ་མཆོག་ཡིན་ལ། ཉ་རྣམས་ཀྱི་མཆོག་ནི་རོ་ཧི་ཏ་ཡིན། ཁུང་ན་གནས་པ་རྣམས་ཀྱི་མཆོག་ནི་སྐྱིན་གོར་ཡིན། རི་དྭགས་ཀྱི་ནང་ན་ཤ་བ་མཆོག་ཡིན་ནོ། །ཤ་ནི་འཕྲལ་བསད་ བདག་དང་། །དར་ལ་བབ་པའི་བསྟེན་པར་བྱ། །ཞེས་བྱ་བ་ལ། ཤ་ཐམས་ཅད་ནི་འཕྲལ་བསད་པ་སྟེ། དུས་དེའི་ཚེ་ཉིད་བསད་པ་དང་། དེ་བཞིན་དུ་དག་པ་སྟེ། དུག་ལ་སོགས་པ་དང་། མ་འབགས་པ་དང་། དར་ལ་བབ་པ་སྟེ། རྒན་པ་དང་གཞོན་པ་ མ་ཡིན་གྱི་རང་རང་གི་ན་ཚོད་དར་ལ་བབ་པའོ། །དེ་ལྟ་བུའི་ཤ་དེ་ནི་ཕན་པར་འགྱུར་བ་ཡིན་པས་བསྟེན་པར་བྱ་བ་ཉིད་ཡིན་ནོ། །རང་ཤི་རིད་དང་ཤིན་ཏུ་ཚོ། །ནད་ཆུ་དུག་གིས་ཤི་བ་སྤང་། །ཞེས་བྱ་བ་ལ། ཤ་ཐམས་ཅད་ལས་རང་ཉིད་ཤི་བ་སྤང་བ་དང་། དེ་བཞིན་དུ་ རིད་ཅིང་སྦེག་པ་དང་། ཤིན་ཏུ་ཚིལ་ཆེ་ཞིང་ཚོ་དྲགས་པ་སྤང་བ་དང་། དེ་བཞིན་དུ་ནད་དམ་ཆུའམ་དུག་གིས་ཤི་བའི་ཤ་སྤང་ཞིང་དོར་བར་བྱའོ། །ཕོ་དང་མོ་ཡི་སྟོད་སྨད་ཕྱེད། །ལྕི་སྟེ་སྦྲུམ་མའི་ཐམས་ཅད་ལྕི། །ཞེས་བྱ་བ་ལ། སྲོག་ཆགས་ཐམས་ཅད་ཀྱི་ཕོ་དང་མོ་ ལས་གོ་རིམས་ཇི་ལྟ་བ་བཞིན་དུ་ཕོའི་མགོ་བོ་ནས་བརྩམས་ཏེ། ལྟེ་བའི་བར་གྱི་ལུས་ཀྱི་ཕྱེད་ཀྱི་ཤ་ལྕི་བ་ཡིན་ལ། མོའི་ལྟེ་བ་མན་ཆད་ཀྱི་རོ་སྨད་ཀྱི་ཕྱེད་ཀྱི་ཤ་ལྕི་བ་ཡིན་ནོ། །སྦྲུམ་མར་གྱུར་པའི་ཤ་ནི་མ་ལུས་པ་ཐམས་ཅད་ལྕི་བ་ཡིན་ནོ། །རྐང་བཞི་མོ་ཡི་ཡང་བ་ཡིན། །བྱ་རྣམས་ ཀྱི་ནི་ཕོ་ཡི་ཡང་། །ཞེས་བྱ་བ་ལ་རྐང་བཞི་སྟེ། རི་དྭགས་དང་ར་ལུག་དང་མ་ཧེ་ལ་སོགས་པའི་ནང་ནས་ནི་མོའི་ཤ་ཡང་བ་ཡིན་ལ། བྱ་རྣམས་ཏིལ་བ་དང་། ངང་པ་དང་། རྨ་བྱ་དང་། ཁྱིམ་བྱ་ལ་སོགས་པ་གཤོག་པ་ཅན་རྣམས་ཀྱི་ཤ་ཡང་བ་ཡིན་ནོ། །མགོ་བོ་རོ་སྟོད་བྲང་དང་ རྒྱབ། །རྐེད་པ་དཔྱི་ཡི་ལྕི་བ་ཡིན། །དེ་བཞིན་ཕོ་བ་རྒྱུ་མ་སོགས། །གོ་རིམས་བཞིན་དུ་ལྕི་བ་ཡིན། །ཞེས་བྱ་བ་ལ། མགོ་བོ་ལ་སོགས་པའི་ཡན་ལག་གི་ཆ་ཤས་ལས་ནི་གོ་རིམས་བཞིན་དུ་ཞེས་པ་གོ་རིམས་འཆོལ་བར་ལྕི་བ་ཉིད་ཡིན་པར་བསྟན་ཏོ། །དེས་ན་ དཔྱིའི་ཤ་བས་ནི་རྐེད་པའི་ཤ་ལྕི་ལ། རྐེད་པའི་ཤ་བས་ནི་རྒྱབ་ཀྱི་ཤ་ལྕི། རྒྱབ་ཀྱི་ཤ་བས་ནི་བྲང་གི་ཤ་ལྕི་ལ། བྲང་བས་ནི་རོ་སྟོད་ལྕི། རོ་སྟོད་ཀྱི་ཤ་བས་ནི་མགོའི་ཤ་ཤིན་ཏུ་ལྕི་བ་ཡིན་ནོ། །དེ་བཞིན་དུ་ཞུ་བའི་གནས་རྒྱུ་མ་ལ་སོགས་ པའི་ཤ་བས་ནི་མ་ཞུ་བའི་གནས་ཕོ་བའི་ཤ་ལྕི་བ་ཡིན་ཏེ། དེས་ཟས་ཞུ་བ་རྣམས་ཀྱི་གནས་ནི་ཞུ་བའི་གནས་ཏེ། ལྟེ་བ་མན་ཆད་དོ། །ཟས་མ་ཞུ་བའི་གནས་ནི་མ་ཞུ་བའི་གནས་ཏེ། ལྟེ་བ་ཡན་ཆད་དོ། །དེ་ཡང་དྲང་སྲོང་གིས་བཤད་པ། འགྲོ་བའི་ལྟེ་བ་ནུ་མ་བར། །མ་ཞུ་བ་ཡི་གནས་སུ་བཤད། །ལྟེ་བ་ནས་ནི་ཆུ་སོའི་བར། །ཞུ་བའི་གནས་སུ་ཤེས་པར་བྱ། །ཞེས་བཤད་པ་ཡིན་ནོ། །ཁྲག་ལ་སོགས་པའི་ལུས་ཟུངས་རྣམས། །ཕྱི་མ་ཕྱི་མ་ལྕི་བ་ཡིན། །ཞེས་ བྱ་བ་ནི། ཁྲག་ལ་སོགས་པའི་ལུས་ཟུངས་དྲུག་པོ་རྣམས་ཕྱི་མ་ཕྱི་མ་ལྕི་བ་ཡིན་པར་བཤད་དོ། །དེས་ན་ཁྲག་བས་ནི་ཤ་ལྕིའོ། །ཤ་བས་ནི་ཚིལ་ལོ། །ཚིལ་བས་ནི་རུས་པའོ། །རུས་པ་བས་ནི་རྐང་ངོ་། །རྐང་བས་ནི་ཁུ་ཆུ་ཆེས་ལྕི་བ་ཡིན་ནོ། །ཤ་ལས་ རླིག་པ་ཕོ་མཚན་དང་། །མཁལ་མ་མཆེར་པ་གཞང་དག་ལྕི། །ཞེས་བྱ་བ་ལ། ལུས་ཐམས་ཅད་ལས་བྱུང་བའི་ཤ་རྣམས་ལས་ནི་རླིག་པ་ལ་སོགས་པའི་ཤ་ཤིན་ཏུ་ལྕི་བ་ཡིན་ནོ། །འདི་ལ་རླིག་པ་ཞེས་བྱ་བ་ནི་འབྲས་བུ་ཤུབས་ཅན་ཞེས་མིང་གི་རྣམ་པར་གྲགས་པའོ། ། ཕོ་མཚན་ནི་མཇེའོ། །མཁལ་མ་ནི་ལྟོ་བའི་ཆ་ལ་གནས་པའོ། །མཆེར་པ་ནི་གསུས་པའི་གཡོན་ལོགས་ན་གནས་པ་ནག་པོ་ཅན་ཞེས་མིང་གི་རྣམ་པར་གྲགས་པའོ། །གཞང་ནི་བཤང་བའི་ལམ་སྟེ། དེ་དག་ནི་ལྕི་བ་ཡིན་ནོ། །འདིར་ཤ་ རྣམས་ཕོ་དང་མོའི་ཁྱད་པར་དུ་བྱས་པ་དང་། རིགས་གཅིག་པ་དང་། རིགས་ཐ་དད་པ་དེ་རྣམས་ཀྱི་སྤྱི་དང་ཁྱད་པར་དུ་གནས་པ་ལས་སྟོབས་ཆེ་ཆུང་ཡོད་པ་བརྟག་པར་བྱ་བ་ནི། ཅི་རིགས་པར་རང་གི་བློ་ཉིད་ཀྱིས་རྣམ་པར་དཔྱད་པར་བྱའོ། །ཤའི་སྡེ་ཚན་ནོ།། །། སྔར་ཚོད་མར་བསྟན་པ་དེ་རྣམས་ཀྱི་ལྷག་མ་དེ་བརྩམས་པ་ནི་འདི་དག་ཡིན་ཏེ། ཚོད་མ་པ་ཐ་ཤ་ཏི་དང་། །སུ་ཤ་སུ་ནི་ཤ་ན་དང་། །ས་ཏི་ན་ཛ་རྒྱ་སྣེའུ་སོགས། །ཉེས་པ་གསུམ་འཇོམས་རྟུག་སྲ་ཡང་། །ཞེས་བྱ་བ་ལ། པ་ཐ་ལ་སོགས་པའི་ཚོད་མ་རྣམས་ནི་ ཉེས་པ་གསུམ་སེལ་བར་བྱེད་པ་ཡིན་པས། ཉེས་པ་གསུམ་འཇོམས་ཞེས་བྱ་བ་ལ། དེ་བཞིན་དུ་རྟུག་པ་སྲི་ཞིང་མཁྲེགས་པ་དང་ཡང་བ་ཡིན་ནོ། །དེ་ལ་བ་ཐ་ནི་མིང་གི་རྣམ་གྲངས་བ་པ་ཙ་ལི་ཀ་ཞེས་བྱ་བའོ། །སུ་ནི་ཤ་ན་ནི་སུ་ལ་ཞེས་བྱ་བ་འདབ་མ་བཞི་བ་བཙོང་གི་དྲི་འདྲ་བ་ཞིག་ ཆུའི་ནང་ན་སྐྱེའོ། །ས་ཏི་ན་ཛ་ཞེས་བྱ་བ་ནི་ཛཀྵ་པ་ནི། མིང་གི་རྣམ་གྲངས་བཀྲེས་བྱེད་ཅེས་བྱ་བར་གྲགས་པའོ། །དེ་ལས་སུ་ནི་ཤ་ན་དྲོ། །རོ་ཙ་ཞེས་བྱ་བ་ཚོད་མ་དེ་རྣམས་ཀྱི་ནང་ནས་སུ་ནི་ཤ་ན་ནི་དྲོད་སྐྱེད་པ་དང་རོ་ཙ་བར་བྱེད་པའོ། །ར་ཛཀྵ་པ་ཏི། ཕོ་བ་གཞང་འབྲུམ་ནད་སེལ་ མཆོག །ཅེས་བྱ་བ་ལ། པ་ཏ་ལ་སོགས་པ་དེ་རྣམས་ནང་ན་ར་ཛཀྵ་པ་ཞེས་བྱ་བ་ནི་ཕོ་བ་དང་གཞང་འབྲུམ་གྱི་ནད་སེལ་བའི་མཆོག་ཡིན་ནོ། །རྒྱ་སྣེའུ་རྟུག་སྐམ་འཇོམས་པ་ཡིན། །ཞེས་བྱ་བ་ལ། ཚོད་མ་འདི་རྣམས་ཀྱི་ནང་ནས་རྒྱ་སྣེའུའི་ཚོད་མ་ནི་རྟུག་སྐམ་འཇོམས་ཤིང་ འཁྲུ་བ་ཡིན་ནོ། །མོན་སྣེའུ་དམེ་རུ་ཉེས་གསུམ་འཇོམས། །མཛེ་སེལ་རོ་ཙ་བཅུད་ལེན་དྲོ། །འཁྲུ་ཞིང་མགུལ་པ་སྙན་པར་བྱེད། །ཅེས་བྱ་བ་ལ། མོན་སྣེའུ་དམེ་རུ་ཀ་ཀ་མ་ཙ་ཞེས་བྱ་བ་ནི་ཉེས་པ་གསུམ་པོ་ནི་རླུང་དང་མཁྲིས་པ་བད་ཀན་ཞེས་བྱ་བ་འཇོམས་པ་དང་། དེ་བཞིན་ དུ་མཛེ་ནད་སེལ་བ་དང་། རོ་ཙ་ཞིང་ཁུ་བ་འཕེལ་བ་དང་། བཅུད་ཀྱིས་ལེན་དུ་འགྱུར་ཞིང་ཚེ་འཕེལ་བ་དང་ཅུང་ཟད་དྲོད་སྐྱེད་པ་དང་། འཁྲུ་ཞིང་བཤང་བ་སླ་བར་བྱེད་པ་དང་། མགུལ་བ་གསལ་ཞིང་སྙན་པར་བྱེད་པ་ཡིན་ནོ། །ཙང་གི་རི་སྒྱུར་མེ་དྲོད་སྐྱེད། །ཕོ་བ་གཞང་ འབྲུམ་བད་ཀན་རླུང་། །དྲོད་ཆེ་འཁྲུ་གཅོད་ཡང་བ་ཡིན། །ཞེས་བྱ་བ་ལ། ཙང་གི་རི་ནི་རོ་སྐྱུར་བ་དང་། དེ་བཞིན་དུ་ཕོ་བའི་མེ་དྲོད་སྐྱེད་པ་དང་ཕོ་བ་ལ་སོགས་པ་ལ་ཕན་པ་ཡིན་ནོ། །པ་ཏོ་ལ་དང་ས་པ་ཏ་ལ། །ནིམ་པ་ཤང་གཤྠ་སླེ་ཏྲེས། །ཨ་བལ་གུ་ཟ་རྩྭའི་མྱུ་གུ། ། བྲི་ཧ་ཏི་དང་བཱ་ཤ་དང་། །ཏི་ལ་པརྞི་ཀུ་ཏ་ལ། །མན་དུ་ཀའི་འདབ་ཀར་ཀོ་ཏ། །ཀར་བེེ་ལ་པར་བ་ཏ། །ཎ་ཏི་དང་ནི་ཀ་ཏ་ཡ། །གོ་ཛི་ཧ་དང་བར་ད་ཀ། །བ་ན་ཏིག་ཏ་ཀ་རི་རམ། །ཀུ་ལི་ཀ་དང་ནན་ཏི་དང་། །ཀུ་ཙེ་ལ་ཤག་ཀུན་ད་ནི། །ཀ་ཏི་ལ་དང་ཀེའུ་ཀམ། །ཤོ་ཏམ་ཀོ་ ཤ་ཏ་ཀ་དང་། །ཀར་ཤ་འཇམ་བསིལ་ཁ་ཞིང་ཚ། །བཤང་སྲི་རླུང་སྐྱེད་བད་མཁྲིས་སེལ། །ཞེས་བྱ་བ་ལ། པ་ཏོ་ལ་ནས་ཀར་ཤ་དང་བཅས་པའི་བར་གྱི་ཚོད་མ་རྣམས་ནི་བསིལ་བའི་ནུས་པ་དང་ལྡན་པ་དང་། རོ་ཁ་བ་དང་འཇུ་བའི་རྗེས་ཚབ་དང་། བཤང་བ་ལ་སོགས་པ་ མཁྲེགས་ཤིང་སྲི་བ་དང་། རླུང་སྐྱེད་པ་དང་། བད་ཀན་དང་མཁྲིས་པ་དག་སེལ་བར་བྱེད་པ་ཡིན་ནོ། །དེ་ལ་པ་ཏོ་ལ་ནི་ཁ་བ་ཞིག་གོ། །སབ་ཏ་ནི་ས་ཏ་ལ་ཞེས་བྱའོ། །ནིམ་པ་ནི་ཨ་རི་སྟའོ། །ཤང་གཤྠ་ནི་ཨང་ཀ་ར་བ་ལི་གའོ། །ཨ་བལ་གུ་ཟ་ནི་སོ་མར་ཛའོ། །རྩྭའི་ མྱུ་གུ་ནི་རྩྭ་གཞོན་ནུའི་རྩེ་མོའོ། །བྲི་ཧ་ཏི་ནི་སིང་ཧི་འོ། །བ་ཤ་ནི་བྲི་ཤའོ། །ཏིལ་པརྞི་ནི་རྒྱ་ཤུག་གི་ལོ་མའམ། ཡང་ན་ཏིལ་གྱི་ལོ་མའོ། །མན་དུ་ཀའི་འདབ་མ་ནི་མན་དུ་ཀི་ཞེས་བྱའོ། །ཀར་ཀ་ཏ་ནི་ལུག་གི་ར་འདྲའོ། །ཀར་བེ་ལ་ནི་ཀ་དུ་ཀ་བི་ལའི་འབྲས་བུའོ། ། པར་པ་ཏ་ནི་ལྡུམ་བུ་སྐྲ་བཟངས་སོ། །ཎ་ཏི་ཀ་ནི་སྲན་མའི་སྦུར་རོ། །གོ་ཛི་ཧཱ་ནི་གླ་སྒང་གི་ལྕེ་འདྲ་བ་སྟེ། ཀྲོ་ཤ་ཀ་མུ་ལ་ཞེས་བྱའོ། །བན་ཏི་ག་ཏ་ནི་བད་ཚ་ཀའོ། །ཀུ་ལི་ཀ་ནི་ཀཱ་ཀཱ་ཏིན་དུ་ཀའོ། །ནན་ཏི་ནི་མེ་ཏོག་ཛཱ་ཏིའི་ཤིང་ངོ་། །ཤག་ཀུ་ནད་ནི་ཀ་རུ་ཀའོ། །ཀ་ཏི་ལ་ནི་ མེ་ཏོག་དམར་བའི་པུརྞ་རྣ་བའོ། །ཀོ་ཤ་ཏ་ཀ་ནི་སྦུབས་ཅན་ནོ། །ཀར་ཤ་ནི་གྲགས་པར་ཟད་དོ། །པ་ཏོ་ལ་ཞིམ་སྲིན་ནད་སེལ། །ཞུ་རྗེས་མངར་ཞིང་ཡི་ག་འབྱེད། །ཅེས་བྱ་བ་ནི། པ་ཏོ་ལ་སོགས་པའི་སྡེ་ཚན་གྱི་ངེས་པར་བཟུང་བ་སྟོན་ཏེ། པ་ཏོ་ལ་ནི་ཞིམ་ཞིང་ཚིམ་ པར་བྱེད་པ་དང་། སྲིན་ནད་སེལ་ཞིང་འཇོམས་པ་དང་། ཞུ་རྗེས་མངར་བ་སྟེ། ཞུ་བའི་རྗེས་མངར་བ་དང་། ཤིན་ཏུ་ཡི་ག་འབྱེ་བར་བྱེད་པ་ཡིན་ནོ། །བྲི་ཧ་ཏི་གཉིས་མཁྲིས་སྐྱེད་འཁྲུ། །དྲོད་སྐྱེད་རླུང་ནི་འཇོམས་པ་ཡིན། །ཞེས་བྱ་བ་ལ། བྲི་ཧ་ཏི་གཉིས་ལ་ གཅིག་ནི་སྦོམ་མོ། །བྲི་ཧ་ཏི་ཞེས་བྱ་བ་ཡིན་ལ། གཉིས་པ་ནི་ཀཎྜཱ་ཀཱ་རི་ཞེས་བྱ་བ་སྟེ། མིང་གཞན་ཀྴུ་ཏ་ཞེས་བྱའོ། །བྲི་ཧ་ཏི་གཉི་ག་ཡང་མཁྲིས་པ་འཁྲུགས་ཤིང་སྐྱེད་པར་བྱེད་པ་དང་། དེ་བཞིན་དུ་མེའི་དྲོད་སྐྱེད་པ་དང་། ཁོང་འཁྲུ་བ་དང་རླུང་འཇོམས་ ཤིང་སེལ་བ་ཡིན་ནོ། །བྲི་ཤན་རླུང་དང་ལུད་པ་འཇོམས། །ཁྲག་མཁྲིས་སེལ་བའི་དམ་པ་ཡིན། །ཞེས་བྱ་བ་ལ། བྲི་ཤན་ནི་བ་ཤ་ཀ་སྟེ། དེ་ནི་སློན་ཞིང་སྐྱུག་བྲོ་བ་དང་། ལུད་པ་འཇོམས་པ་དང་། དེ་བཞིན་དུ་ཁྲག་དང་མཁྲིས་པ་ཤིན་ཏུ་སེལ་བའི་མཆོག་དམ་ པ་ཡིན་ནོ། །ཀ་ར་བེལ་ལ་ཁ་བ་དང་། །དྲོད་སྐྱེད་བད་ཀན་སེལ་མཆོག་ཡིན། །ཞེས་བྱ་བ་ལ། ཀ་ར་བེལ་ལ་ནི་ཁ་བ་སྟེ། ཅུང་ཟད་ཁ་བ་དང་། ཕོ་བའི་མེ་དྲོད་སྐྱེད་པ་དང་། དེ་བཞིན་དུ་བད་ཀན་སེལ་ཞིང་འཇོམས་པའི་མཆོག་ཡིན་ནོ། །བར་ཏ་ཀའི་རོ་ཚ་ཞིང་ཁ། ། མངར་བྲོ་བད་ཀན་རླུང་དག་སེལ། །ལན་ཚྭར་བཅས་པ་མེ་དྲོད་སྐྱེད། །ཡིད་འོང་ཟས་ལེན་མཁྲིས་མི་སྐྱེད། །ཅེས་བྱ་བ་ལ། བར་ཏ་ཀ་ཞེས་བྱ་བ་མིང་གཞན་བེན་དང་ཞེས་བྱ་བའི་ཚོད་མ་ནི་རོ་ཚ་ཞིང་ཁ་བ་དང་། མངར་བ་དང་དྲོ་བའི་ནུས་པ་དང་ལྡན་པ་དང་། བད་ཀན་དང་རླུང་ འཇོམས་ཤིང་སེལ་བ་དང་། ལན་ཚྭར་བཅས་པ་སྟེ། ཅུང་ཟད་ལན་ཚྭ་བྲོ་བ་དང་། མེའི་དྲོད་སྐྱེད་པར་བྱེད་པ་དང་། ཡིད་དུ་འོང་ཞིང་དགའ་བར་བྱེད་པ་དང་། ཟས་ལེན་ཅིང་ཡི་ག་འབྱེད་པར་བྱེད་པ་ཡིན་པ་དང་། མཁྲིས་པ་མི་སྐྱེད་ཅེས་པ་མཁྲིས་པ་ལ་མི་གནོད་པ་ཡིན་ནོ། ། ཀ་རི་ར་ནི་སྦོས་བྱེད་ཅིང་། །རོ་བསྐ་མངར་ཞིང་ཁ་བ་ཡིན། །ཞེས་བྱ་བ་ལ། ཀ་རི་རའི་ཚོད་མ་ནི་ལྟོ་སྦོས་པར་བྱེད་པ་དང་། དེ་བཞིན་དུ་རོ་བསྐ་བ་དང་། མངར་བ་དང་ཁ་བ་ཡིན་ནོ། །ཀོ་ཤ་ཏ་ཀ་བལ་གུ་ཟ། །འཁྲུ་ཞིང་དྲོད་ནི་སྐྱེད་བྱེད་ཡིན། །ཞེས་བྱ་བ་ལ། ཀོ་ཤ་ཏ་ཀ་ནི་ ཨ་པ་མརྒའོ། །བལ་གུ་ཟ་ནི་སོ་མ་ར་ཛའོ། །དེ་དག་ནི་བཤང་གཅི་སླ་ཞིང་འཁྲུ་བར་བྱེད་པ་དང་། དྲོད་སྐྱེད་པར་བྱེད་པ་ཡིན་ནོ། །ཏན་དུ་ལི་བསིལ་རྩུབ་པ་དང་། །རོ་མངར་ཞུ་རྗེས་མངར་ཞིང་ཡང་། །ཆང་ནད་མཁྲིས་ནད་དུག་ཁྲག་སེལ། །ཞེས་བྱ་བ་ལ། ཏན་དུ་ལི་ནི་ བེའུ་ལི་སྟེ། དེ་ནི་བསིལ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །མུན་ཛ་ལས་བྱུང་རླུང་མཁྲིས་སེལ། །སྣུམ་བསིལ་ལྕི་ཞིང་མངར་བ་དང་། །ལུས་བརྟས་ཁུ་བ་འཕེལ་བའི་མཆོག །ཅེས་བྱ་བ་ནི། རྩྭ་མུན་ཛ་ལས་བྱས་པའི་ཚོད་མ་ནི་རླུང་ལ་སོགས་པ་སེལ་བའི་ མཆོག་ཡིན་ནོ། །པ་ལག་ཀྱ་ལྕི་འཁྲུ་བར་བྱེད། །ཅེས་བྱ་བ་ལ། པ་ལག་ཀྱའི་ཚོད་མ་ནི་ལྕི་བའི་ཡོན་ཏན་དང་ལྡན་པས་ན་ཁོང་འཁྲུ་བར་བྱེད་པའོ། །ཨུ་ཕོ་ད་ཀ་ཆང་ནད་འཇོམས། །ཞེས་བྱ་བ་ལ། ཨུ་པོ་ད་ཀ་ར་ནི་པོ་ཏ་ཀི་སྟེ་དེས་ནི་ཆང་གིས་མྱོས་པ་འཇོམས་ཤིང་ལྕི་ བ་དང་འཁྲུ་བ་ཡིན་ནོ། །ཙུ་ཙུ་པ་ལག་ཀྱ་འདྲ་ལས། །དེ་ནི་འཁྲུ་གཅོད་བདག་ཉིད་ཅན། །ཞེས་བྱ་བ་ལ། ཙུ་ཙུའི་ཚོད་མའི་ཡོན་ཏན་ནི་པ་ལག་ཀྱ་དང་འདྲ་ལ།