Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 200

Văn bản gốc(Tây Tạng)

Trang 11 / 19 (50.000 ký tự/trang)
འོ། །ལས་ལས་སྐྱེས་པ་ནི་མི་དགེ་བའི་ལས་དེ་ཉིད་བྱང་ཞིང་ཟད་པ་
ལས་ནད་ཟད་པར་འགྱུར་རོ། །གཉི་ག་ལས་བྱུང་ཉེས་དང་ལས། །ཟད་པས་ཟད་པར་འགྱུར་བ་ཡིན། །ཞེས་བྱ་བ་ཡང་། ཚེ་གཉི་གའི་ཉེས་པ་དང་ལས་ལས་བྱུང་བའི་ནད་ནི་རྒྱུའི་ཉེས་པ་དང་། ནད་ཀྱི་རྒྱུའི་ལས་ཟད་ཅིང་འཇིག་པས་ནད་དེ་མེད་པར་འགྱུར་བ་ཡིན་ནོ། །དེ་ལྟར་རེ་ཞིག་
ནད་རྣམ་པ་གསུམ་དུ་བསྟན་ནས། ཡང་དབྱེ་བ་གཉིས་ཀྱི་དབང་དུ་བྱས་ནས་སྨྲས་པ་ནི། ནད་ནི་རང་རྒྱུད་གཞན་རྒྱུད་ལས། །གཉིས་འགྱུར། ཞེས་བྱ་བ་ཡིན་ཏེ། ནད་ནི་རང་གི་རྒྱུད་དང་གཞན་གྱི་རྒྱུད་ཀྱི་རྣམ་པ་དག་ལས་གཉིས་སུ་འགྱུར་ཏེ། དེ་ལ་རང་གི་རྒྱུད་ནི་གཙོ་བོ་སྟེ། གཞན་
གྱི་དབང་དུ་མ་གྱུར་པ་ཞེས་བྱ་བ་དང་དོན་གཅིག་གོ། །གཞན་གྱི་རྒྱུད་ནི་འཁོར་གཞན་ཡོད་པ་དང་། གཙོ་བོ་ཡིན་པ་དང་། རྗེས་སུ་འབྲང་བ་མ་ཡིན་ཞེས་བྱ་བ་མིང་གི་རྣམ་གྲངས་ཡིན་ཏེ། མཐའ་མའང་གཉིས་ཡིན་ཏེ། །སྔར་སྐྱེས་སྔ་མའི་ཚུལ་དུ་བཤད། །ཕྱི་སྐྱེས་པ་ནི་བླ་བརྣན་ཡིན།
ཞེས་བྱ་བ་ལ། མཐའ་མ་ནི་གཞན་རྒྱུད་ཅན་ཏེ། མཐའ་མར་བསྟན་པས་ན་མཐའ་མར་ཏེ། གཞན་གྱི་རྗེས་སུ་འབྲང་བའོ། །དེ་ཡང་རྣམ་པ་གཉིས་ཡིན་ཏེ། སྔར་སྐྱེས་པ་ནི་གཅིག་གོ། །གཉིས་པ་ནི་ཕྱི་ནས་སྐྱེས་པའོ། །དེ་ལས་གང་སྔོན་དུ་སྐྱེས་ཤིང་སྔར་བྱུང་བ་དེ་ནི་ནད་རྣམས་ཀྱི་སྔར་
སྐྱེས་པའི་ནད་ཀྱི་ཚུལ་དུ་བཤད་དོ། །གང་ཕྱིས་འབྱུང་ཞིང་ནད་ཀྱི་རྗེས་སུ་འབྲང་བ་ནི་ནད་ཀྱི་བླ་བརྣན་ཞེས་བྱ་བ་ཡིན་ནོ། །རང་གནས་ཅི་བཞིན་གནས་པ་ནི། །རང་རྒྱུད་ཅན་དེ་མཚན་ཉིད་གསལ། །ཞེས་བྱ་བ་ལ། གང་ཡང་རྒྱུད་དུ་སྒྲུབ་ཅིང་རང་ཉིད་གཙོ་བོར་གྱུར་པ་དེ་ནི་མཚན་ཉིད་གསལ་བ་ཡིན་ཏེ་

དེ་ནི་རང་གི་གནས་ན་གནས་ཤིང་མཚན་ཉིད་གསལ་ལ། ཇི་ལྟ་བ་བཞིན་དུ་མངོན་པ་ཉིད་ཡིན་ཏེ། དེ་ནི་ཤེས་པར་སླ་བ་ཡིན་ནོ། །གཞན་དག་དེ་ལས་གོ་བཟློག་པ། །ཞེས་བྱ་བ་ལ། གང་དེ་ལས་གཞན་པ་སྔ་མའི་ཚུལ་དང་དེ་བཞིན་དུ་བླ་བརྣན་ཞེས་བྱ་བའི་ནད་དེ་ནི་རང་རྒྱུད་ཅན་གྱི་ནད་དེ་ལས་གོ་བཟློག་
པ་སྟེ། རང་བཞིན་གོ་བཟློག་པ་ཡིན་པས། རང་གི་གནས་ན་ཇི་བཞིན་དུ་གནས་པ་ལྟར་མཚན་ཉིད་གསལ་བ་མ་ཡིན་ལ། གཞན་གྱི་དབང་དུ་གྱུར་པས་ན། །གཞན་རྒྱུད་ཅན་ཞེས་བྱ་བའོ། །ཅི་ན་ད་འབའ་ཞིག་རང་རྒྱུད་དང་གཞན་རྒྱུད་ཀྱིས་ཕྱེ་བའི་རང་གི་མཚན་ཉིད་ཇི་སྐད་དུ་བསྟན་པ་བཞིན་དུ་ཤེས་པར་
བྱའམ། འོན་ཏེ་གཞན་དག་ཀྱང་དེ་ལྟར་ཤེས་པར་བྱ་ཞེ་ན། དེའི་ཕྱིར་སྨྲས་པ། དྲི་མའང་དེ་བཞིན་ཤེས་བར་གྱིས། །ཞེས་བྱ་བ་སྟེ། ནད་འབའ་ཞིག་རང་རྒྱུད་དང་གཞན་རྒྱུད་ཅན་དུ་ཤེས་པར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི། དྲི་མའི་བར་ཡང་རླུང་དང་མཁྲིས་པ་དང་བད་ཀན་གྱི་རང་རྒྱུད་དང་
གཞན་རྒྱུད་ཅན་དུ་ཤེས་པར་བྱའོ། །དེ་ནི་ནད་རེ་ལྡང་བ་ན། །མ་ཡེངས་པས་ནི་ཤེས་བྱ་སྟེ། །ཞེས་བྱ་བ་ལ། ནད་དེ་རང་གི་གནས་ཇི་ལྟ་བ་བཞིན་དུ་གནས་པས་ཉེ་བར་གནས་པའི་རང་བཞིན་ཤེས་པར་བྱ་སྟེ། ནད་རེ་རེ་ལྡང་ཞིང་རྣམ་པར་གཡོས་པ་ན་སྨན་པས་མ་ཡེངས་ཤིང་དེ་ལ་
གཏད་པའི་སེམས་བསྡུས་པས་ལུང་དང་། མངོན་སུམ་དུ་རྗེས་སུ་དཔག་པས་ཤེས་པར་བྱའི་གཞན་དུ་སེམས་པས་ནི་མ་ཡིན་ནོ། །དེ་ལ་ནད་རང་རྒྱུད་ཅན་གྱི་རང་གི་སྐྱེ་བའི་མཚན་ཉིད་དང་། རྗེས་སུ་མཐུན་པའི་སྨན་ལ་སོགས་པས་བདེ་བར་གསོ་བ་ནི། དེའི་མཚན་ཉིད་ཀྱི་དོན་བཤད་
པ་ཡིན་ཏེ། དེ་བས་ན་དེ་ཉིད་དེའི་ཉེ་བར་ཞི་བའི་ཐབས་ཡིན་ནོ། །གཞན་རྒྱུད་ཀྱི་ནད་རྣམས་ཞི་བར་བྱེད་པའི་ཐབས་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ། དེ་རྣམས་གཙོ་བོ་ཞི་བྱས་པས། །ཞི་འགྱུར། ཞེས་བྱ་བ་སྟེ། གཞན་རྒྱུད་ཅན་གྱི་ནད་དེ་རྣམས་ནི་གཙོ་བོ་མ་ཡིན་པས་
གཙོ་བོ་རང་རྒྱུད་ཅན་ཞི་ཞིང་གསོ་བ་བྱས་པས། ཞི་བར་འགྱུར་གྱི། ལོགས་ཤིག་ཏུ་གསོ་བས་གསོ་དགོས་པ་ནི་མ་ཡིན་ནོ། །ཞི་བར་མ་གྱུར་ན། །དེ་བཞིན་ཕྱི་ནས་གསོ་བར་བྱ། །ཞེས་བྱ་བ་ལ། གལ་ཏེ་གཙོ་བོའི་ནད་གསོས་ཀྱང་གཙོ་བོ་མ་ཡིན་པའི་བླ་བརྣན་རང་རྒྱུད་ཅན་མ་ཡིན་པ་ཞི་

བར་མ་གྱུར་ན་དེའི་ཚེ་ནད་བླ་བརྣན་དེ་ཡང་སྔ་མ་གསོས་པའི་རྗེས་ལ་གསོ་བར་བྱའི། དེ་བཏང་སྙོམས་སུ་མི་བཞག་སྟེ་དེ་ནི་གསོར་མི་རུང་བ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་བླ་བརྣན་སྟོབས་ཆེ་ན། མྱུར་གསོ། །ཞེས་བྱ་བ་ལ། གལ་ཏེ་ནད་གཞན་དབང་ཅན་བླ་བརྣན་ཞེས་བྱ་
བ་ཚབས་ཆེ་ཞིང་སྟོབས་དང་ལྡན་ན། དེའི་ཚེ་བླ་བརྣན་ལས་བྱུང་བའི་ནད་ཚབས་པོ་ཆེ་དེ་མྱུར་བ་ཁོ་ནར་དང་པོར་གསོ་བར་བྱའི། ཕྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནད་ཀྱིས་གཟིར་བ། ལུས་ལ་ཤས་ཆེར་གནོད་བྱེད་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་ནད་བླ་བརྣན་དེ་ནི་སྔར་ནད་ཀྱིས་གཟིར་བའི་
སྐྱེས་བུའི་ལུས་ལ་བླ་བརྣན་ཤས་ཆེར་གནོད་པར་བྱེད་པ་ཡིན་ཏེ། བླ་བརྣན་ཕྱིས་འབྱུང་བ་ཡིན་དུ་ཟིན་ཀྱང་། ནད་ཀྱིས་ཉོན་མོངས་པའི་ལས་ལས་འབྱུང་བས་ཤིན་ཏུ་གནོད་པར་བྱེད་པ་ཡིན་ཏེ། དཔེར་ན་གཅིན་འགགས་པ་ལ་ཐོར་བུ་འབྱུང་བ་ལ་སོགས་པ་ལྟ་བུའོ། །དེ་ལྟར་ན་གཞན་དབང་གི་
ནད་གཙོ་བོ་མ་ཡིན་པ་སྟོབས་ཞན་པ་ནི་རང་དབང་ཅན་གྱི་ནད་གསོས་པས་ཞི་བར་འགྱུར་ལ། གཞན་དབང་ཅན་སྟོབས་ཆེ་ཞིང་ནད་ཚབས་ཆེ་བ་ནི་ཕྱིས་འབྱུང་བ་ཡིན་ཡང་བླ་བརྣན་དེ་སྔ་མ་གསོས་པས་ཞི་བར་མི་འགྱུར་ཏེ། དེ་མ་གསོས་ན་ཚབས་ཆེ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ནད་
ཀྱི་མཚན་ཉིད་ཤེས་པར་བྱས་ནས། གང་ནད་མ་ལུས་པའི་རྣམ་པར་འགྱུར་བ་ཐམས་ཅད་ཀྱི་མིང་ནས་བཟུང་བའི་ཚུལ་དུ་བསྡུས་ཏེ་བསྟན་མོད་ཀྱི། མིང་མེད་པའི་ནད་དག་ཀྱང་སྣང་བས་དེ་དག་གསོ་བར་བྱ་སྟེ། གང་གི་ཕྱིར་ནད་གཞི་མེད་པར་ནད་ཀྱི་རྣམ་པར་འགྱུར་བ་ཡོད་མི་སྲིད་དོ། །དེ་བས་
ན་འདིར་སྨྲས་པ། ནད་ལ་རྣམ་པར་མི་མཁས་ཞེས། །ངོ་ཚ་ནམ་ཡང་མ་བྱེད་ཅིག །ནད་ཀྱི་འགྱུར་བ་ཐམས་ཅད་ཀྱི། །མིང་གི་ངེས་བསྟན་ཡོད་མ་ཡིན། །ཞེས་བྱ་བ་ལ། ནད་ལ་རྣམ་པར་མི་མཁས་པ་ནི་སྨན་པས་ནད་ཀྱི་མིང་མི་ཤེས་པ་སྟེ། དེས་ངོ་ཚ་བར་མི་བྱ་སྟེ། བདག་ནི་ནད་
རྣམས་ཀྱི་མིང་མི་ཤེས་པའོ། །ཞེས་ངོ་ཚ་བ་ཉིད་དུ་མ་བྱེད་ཅིག་པའོ། །ཅིའི་ཕྱིར་ཞེ་ན། ནད་ཀྱི་འགྱུར་བ་ཐམས་ཅད་དེ། ནད་མ་ལུས་པ་རྣམས་ཀྱི་མིང་གི་ངེས་པ་འདི་དང་འདི་ཡིན་ཞེས་པ་བསྟན་པར་གནས་པ་ཡིན་ནོ། །ཉེས་པ་དེ་ཉིད་འཁྲུགས་ནས་ནི། །ཁྱད་པར་དུ་ནི་ལྡང་གྱུར་ནས། །

གནས་གཞན་དག་ཏུ་སོང་ནས་ནི། །ནད་ནི་མང་པོར་བྱེད་པར་འགྱུར། །དེ་བས་ནད་ཀྱི་རང་བཞིན་ནི། །རང་གནས་གཞན་དུ་འཕོས་པ་དང་། །རྒྱུ་ཡི་ཁྱད་པར་ཤེས་བྱས་ལ། །སྨན་དཔྱད་ཀྱིས་གསོ་མྱུར་དུ་བྱ། །ཞེས་བྱ་བ་ལ། གང་གི་ཕྱིར་རླུང་ལ་སོགས་པའི་ཉེས་པ་གང་ཡང་རུང་བ་ཅིག་པོ་དེ་
ཉིད་འཁྲུགས་ཤིང་རྣམ་པར་ལྡང་བའི་ཁྱད་པར་གྱིས་གནས་གཞན་དང་གཞན་དག་ཏུ་སོང་ཞིང་ཕྱིན་ནས་རང་གི་གནས་སྤངས་ཏེ། གཞན་གྱི་གནས་དེ་དང་དེར་སོང་བ་དང་། ནད་ཀྱི་རྣམ་པར་འགྱུར་བའི་རྒྱུ་རླུང་ལ་སོགས་པ་ཡིན་པར་མི་ཤེས་པས་ནི་ནད་དེ་གསོ་བར་མི་བྱའོ། །དེ་བཞིན་དུ་གཞན་དག་
ཀྱང་ཤེས་ནས་རླུང་ལ་སོགས་པ་དེ་རྣམས་འཁྲུགས་པའི་རྒྱུའི་ནད་གཞིའི་ཁྱད་པར་ཤེས་པར་བྱས་ལ། ནད་རྣམས་སྨན་དཔྱད་ཀྱིས་གསོ་ཞིང་ཞི་བ་མྱུར་ཞིང་རིངས་པ་ཉིད་དུ་བྱའི། ནད་རྣམས་མི་ཤེས་པར་ནི་ནད་དེ་གསོ་བར་མི་བྱའོ། །གལ་ཏེ་རྒྱུ་དང་རང་བཞིན་དག་ཐ་དད་པ་མ་ཡིན་མོད་ཀྱི། འོན་
ཀྱང་འདི་དག་གི་རང་གི་མཚན་ཉིད་ཀྱི་འཇུག་པ་ནི་ངེས་པར་ཁྱད་པར་ཡོད་པར་ཤེས་པར་བྱ་སྟེ། གང་གིས་རླུང་ལ་སོགས་པ་ཁྱད་པར་དུ་བྱེད་པ་དེ་ནི་དེའི་རང་བཞིན་ཡིན་ལ། རྩུབ་པ་ལ་སོགས་པས་ལྡང་བར་བྱེད་པ་དེ་ནི་རྒྱུ་ཞེས་བྱའི། རྩུབ་པ་ལ་སོགས་པ་ལ་རང་བཞིན་ཞེས་མི་བྱ་སྟེ། རིང་
བའི་རྒྱུ་ཡིན་པའི་ཕྱིར་རོ། །ཅི་དེ་ཙམ་ཞིག་ལས་སུ་བྱ་བ་ཉམས་སུ་བླངས་ནས། སྨན་པ་དག་གསོ་བར་བྱེད་ན་ཉེས་པ་མེད་པར་འགྱུར་བ་ཡིན་ནམ། འོན་ཏེ་གཞན་འགའ་ཞིག་ལ་ཡང་ལྟོས་པར་བྱ་དགོས་ཤེ་ན། དེའི་ཕྱིར་སྨྲས་པ་ནི། གནོད་བྱ་ཡུལ་དང་ཉམས་སྟོབས་དུས། །
མེ་དྲོད་རང་བཞིན་ན་ཚོད་དང་། །སྙིང་སྟོབས་གོམས་དང་ཟས་རྣམས་ཀྱིས། །གནས་སྐབས་རྣམ་པ་ཐ་དད་པ། །འདི་དག་ཕྲ་མོ་ཡན་ཆད་བརྟག །ནད་དང་སྨན་གྱི་ཚུལ་བརྟགས་པས། །གང་ཞིག་གསོ་བ་ལ་འཇུག་པ། །དེ་ནི་ནམ་ཡང་འཁྲུལ་མི་འགྱུར། །ཞེས་བྱ་བ་ཡིན་
ཏེ། འདི་དག་གི་མཚམས་སྦྱོར་མ་བྱས་པས་གནོད་བྱ་ལ་སོགས་པ་རེ་རེ་ཞིང་རང་རྒྱུད་དུ་སོ་སོར་མ་ལུས་པར་བརྟགས་ལ། ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བ་དང་། དེ་བཞིན་དུ་ནད་ཀྱང་ཤེས་པར་བྱ་བ་དང་། གནོད་བྱ་ལ་སོགས་པ་དེ་དང་དེ་རྣམས་ཕྲ་བ་དང་། ཕྲ་བའི་ཡང་ཕྲ་བ་དང་

ཤིན་ཏུ་ཕྲ་ཞིང་ཤེས་པར་དཀའ་བ་ཡན་ཆད་ཀྱི་གནས་སྐབས་ལེགས་པར་བརྟགས་པའི་ཚུལ་སྣ་ཚོགས་པ་དང་། ནད་དང་སྨན་གྱི་ཚུལ་བརྟག་ཅིང་ཡོངས་སུ་ཤེས་པར་བྱ་བས་ངེས་པར་བྱས་ནས། སྨན་པ་གང་ཞིག་གསོ་ཞིང་ནད་བསལ་བ་ལ་འཇུག་པ་དེ་ནི་དུས་ནམ་ཡང་གསོ་
བ་དང་། སྨན་གྱི་སྦྱོར་བ་དེ་ལ་འཁྲུལ་ཞིང་ཉེས་པ་དང་ལྡན་པར་མི་འགྱུར་ཏེ། འདོད་པའི་དོན་རྫོགས་པར་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ། ཡུལ་དེ་ལ་སོགས་པར་སྒྲུབ་པར་མི་འགྱུར་རོ། །དེ་ལ་གནོད་བྱ་ནི་ལུས་ཟུངས་དང་དྲི་མ་རྣམས་སོ། །ཡུལ་ནི་ས་ཕྱོགས་ཀྱི་ཡུལ་དང་ལུས་ཀྱི་ཡུལ་
ལོ། །དེ་ཡང་སྐམ་ས་དང་། རླན་ཅན་དང་། གཉི་ག་འདྲེས་པའི་དབྱེ་བས་ཕྱེ་བའོ། །ཉམས་སྟོབས་ནི་རྣམ་པ་གསུམ་སྟེ། ལྷན་ཅིག་སྐྱེས་པ་དང་། དུས་ཀྱིས་སྐྱེས་པ་དང་། སྦྱོར་བས་སྐྱེས་པའོ། །དུས་ནི་རྣམ་པ་གསུམ་སྟེ། གྲང་བ་དང་། ཚ་བ་དང་། ཆར་གྱི་དུས་སོ། །མེ་དྲོད་ནི་རྣམ་པ་བཞི་སྟེ། སྙོམས་པ་དང་། མ་སྙོམས་པ་དང་། དྲག་
པ་དང་། ཞན་པའོ། །རང་བཞིན་ནི་བདུན་ཏེ། ནད་གཞི་རེ་རེ་དང་། གཉིས་གཉིས་དང་། ཆ་མཉམ་པའོ། །ན་ཚོད་ནི་གསུམ་སྟེ། བྱིས་པ་དང་། དར་ལ་བབ་པ་དང་། རྒན་པོའོ། །སྙིང་སྟོབས་ནི་རྣམ་པ་གསུམ་སྟེ། སྙིང་སྟོབས་དང་། རྡུལ་དང་། མུན་པའི་དབྱེ་བས་སོ། །གོམས་པ་ནི་གསུམ་སྟེ། མཆོག་དང་། བར་མ་དང་།
ཐ་མའི་དབྱེ་བས་སོ། །ཟས་ནི་རྣམ་པ་གཉིས་ཏེ། ཕན་པ་དང་། གནོད་པ་ཉིད་ཀྱིས་སོ། །དེ་ལྟ་བུའི་གནས་སྐབས་རྣམ་པ་བཅུ་སོ་སོར་བརྟགས་པས་བརྟག་པ་དང་། དེ་བཞིན་དུ་བཅུ་པོ་འདི་དག་ཉིད་ཀྱིས་ཕྲ་མོ་སྟེ། ཤིན་ཏུ་ཤེས་པར་དཀའ་བའི་གནས་སྐབས་ཡན་ཆད་བརྟགས་པས་ཤེས་པར་བྱས་ན་དེ་
གསོ་བ་ལ་ནམ་ཡང་འཁྲུལ་བར་མི་འགྱུར་གྱི། གལ་ཏེ་གནས་སྐབས་དེ་དག་སྨན་པས་མ་བརྟགས་པར་བྱེད་ན་ནི་ནད་པ་གསོད་པར་འགྱུར་བ་ཡིན་ནོ། །ནད་དཀྱེལ་ཆེ་འམ་ཆུང་བ་དག །ཕོག་སྙ་ལུས་ཉམས་ཆེ་ཆུང་ལས། །གནོད་པར་བྱེད་པ་སྣང་གྱུར་པས། །དེ་ལའང་མ་ཡེངས་ཉིད་དུ་བྱ། །ཞེས་བྱ་བ་ལ། ཕོག་སྙ་ཆེ་བ་
དང་ལུས་ཀྱི་ཉམས་ཆེ་བ་ལ། དང་པོར་ནད་དཀྱེལ་ཆེ་ཞིང་སྟོབས་དང་ལྡན་པ་བྱུང་དུ་ཟིན་ཀྱང་སྟོབས་ཆུང་བ་ལྟ་བུར་ཤེས་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྙིང་སྟོབས་དང་། ལུས་ཀྱི་ཉམས་གཉིས་ཤིན་ཏུ་ཆེ་བ་ཡིན་པའི་ཕྱིར་རོ། །དེ་བཞིན་ཕོག་སྙ་ཆུང་བ་དང་། ལུས་ཀྱི་ཉམས་ཤིན་ཏུ་ཆུང་བ་ལ། ནད་ཡང་བ་ཉིད་བྱུང་དུ་

ཟིན་ཀྱང་ཆེ་བ་ལྟ་བུར་ཤེས་པར་བྱ་སྟེ། སྙིང་སྟོབས་དང་ལུས་ཀྱི་ཉམ་ཆུང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཕོག་སྙ་དང་། ལུས་ཀྱི་ཉམས་ཆེ་བ་དང་། ཆུང་བ་ལས་ནད་ཀྱི་དཀྱེལ་ཆེ་བའམ་ཆུང་བ་གནོད་པར་བྱེད་པ་གཞན་དང་གཞན་དུ་སྣང་བར་འགྱུར་གྱི། ནད་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་མ་ཡིན་ནོ། །འང་ཞེས་པའི་སྒྲས་ནི་ནད་
ཀྱི་དཀྱེལ་ཆེ་ཆུང་གཅིག་ཁོ་ནར་སྣང་བ་ནི་མ་ཡིན་ནོ། །དེ་བས་ན་ནད་ཀྱི་གནས་སྐབས་འདིར་དང་པོར་ནད་གཞི་ནས་བཟུང་སྟེ། གནས་སྐབས་ཀུན་ལ་སྨན་པས་མ་ཡེངས་པ་ཉིད་དུ་བྱ་དགོས་སོ་ཞེས་བྱ་བའི་དོན་ཏོ། །སྨན་པ་ངན་པས་ནད་རྣམས་ནི། །ལྕི་བ་ཡང་བར་ཡོངས་རྟོག་ཅིང་། །ནད་ཉུང་དག་ཏུ་བརྟགས་པ་ཡིས། །
གསོ་བ་ལོག་པ་དག་ཏུ་འགྱུར། །ཞེས་བྱ་བ་ལ། སྨན་པ་ངན་ཅིང་མི་ཤེས་པ་དེ་ནི་ནད་ཀྱི་དབྱིབས་ཙམ་མཐོང་བ་ལས་ནད་ལྕི་བ་ཡང་བ་ལྟ་བུར་རྟོག་ཅིང་ངེས་པར་བྱེད་དོ། །ནད་ཉུང་བར་བརྟགས་པས་ནད་ཀྱི་ཚད་ཆུང་བར་ངེས་པར་བྱས་པའི་ཕྱིར་གསོ་བ་ལོག་པར་བྱེད་པར་འགྱུར་ལ། ནད་ཆུང་ངུ་དག་ནད་ཆེ་བ། ནད་ཚ་བས་ལྕི་
བ་ཉེས་པ་ལྟར་བྱེད་དེ། དེ་ལྟར་ན་ནད་ཡང་བ་ནི་ལྕི་བ་ལྟ་བུར་ཉེས་པ་མང་བར་རྟོག་ལ། ལྕི་བ་ནི་ཡང་བ་ལྟ་བུར་རྟོག་པས་ནད་ཆུང་ངུ་ལ་ནད་ལྕི་བ་ལ་འོས་པའི་སྨན་སྟེར་བར་བྱེད་ལ། ནད་ལྕི་བ་ལ་ནི་ནད་ཡང་བ་ལ་འོས་པའི་སྨན་སྟེར་བས་གསོ་བ་ལོག་པ་དག་ཏུ་འགྱུར་རོ། །དེ་བས་ཆུང་བའམ་སྟོབས་ཆུང་བ། །
དཀྱེལ་ཆེན་ནད་ལ་རབ་ཏུ་སྦྱོར། །སྦྱར་བ་ཆུང་ངུར་སྦྱར་བ་ཡིས། །ནད་ནི་ཤིན་ཏུ་སློང་བ་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་དེ་ལྟར་བྱེད་པ་དེ་བས་ན་ཚད་ཆུང་བས་ཆུང་བའམ། སྟོབས་ཆུང་བའམ། ནད་ཀྱི་དཀྱེལ་ཆུང་བར་བརྟགས་པས་ནད་དཀྱེལ་ཆེན་པོ་སྟོབས་དང་ལྡན་པ་ལ་སྨན་དེ་རབ་ཏུ་སྦྱོར་ཞིང་སྟེར་བར་བྱེད་
པས་སྦྱར་བ་ཆུང་ངུར་སྦྱར་ཞིང་བཏང་བས་ནད་དེ་ཤིན་ཏུ་སློང་ཞིང་དཀྲུགས་པས་སླར་ཐུ་བར་བྱེད་པར་འགྱུར་རོ། །སྦྱོར་བའང་ལྷག་པར་སྦྱོར་བ་དང་། །ལོག་པར་སྦྱོར་བས་ཕྱིན་ཅི་ལོག །དྲི་མ་འབྱུང་བར་མ་ཟད་ཀྱི། །ལུས་ཀྱང་ཤིན་ཏུ་མ་རུངས་འགྱུར། །ཞེས་བྱ་བ་ལ། སྦྱོང་བར་བྱེད་པ་ན་ནད་ཤས་ཆེ་བར་བརྟགས་བས་
ལྷག་པར་ཤས་ཆེ་བའི་སྦྱོར་བ་བྱེད་པ་དང་། ལོག་པར་སྦྱོར་བ་སྟེ། ནད་ཆུང་ངུ་ལ་ཕྱིན་ཅི་ལོག་ཏུ་སྦྱོང་བ་ལ་སྦྱོར་བར་བྱེད་པའོ། །ཅིའི་ཕྱིར་ཕྱིན་ཅི་ལོག་ཡིན་ཞེ་ན། རང་བཞིན་ཆུང་ཞིང་སྟོབས་ཆུང་བ་ལས་ཚད་ཆེ་བ་དང་སྟོབས་ཆེ་བའི་སྦྱོར་བ་ལ་སྦྱོར་བ་ནི། ལྷག་པར་སྦྱོར་བ་ཡིན་པས་དེས་དྲི་མ་འབའ་ཞིག་འབྱུང་ཞིང་ཟད་

པར་འགྱུར་བར་མ་ཟད་ཀྱི། ལུས་ཀྱང་ཤིན་ཏུ་འཇིག་ཅིང་མ་རུངས་པ་ཉིད་དུ་འགྱུར་རོ། །དེ་བས་རྟག་ཏུ་བརྩོན་པ་དང་། །ཐམས་ཅད་ཀུན་ཏུ་ལེགས་བརྟགས་ནས། །ཅི་ནས་ནད་མེད་བརྟན་གྱུར་པ། །དེ་ལྟར་སྨན་དཔྱད་སྦྱར་བར་གྱིས། །ཞེས་བྱ་བ་ལ། གང་གི་ཕྱིར་ཚུལ་དེ་ལྟར་ནད་རྣམས་ཀྱི་
མཚན་ཉིད་རྟོགས་པ་ཤེས་པར་དཀའ་བ་ཡིན་པའི་རྒྱུ་དེ་བས་ན་སྨན་པ་ཤེས་རབ་དང་ལྡན་པས། བརྩོན་ཞིང་འབད་པ་དང་ལྡན་པས་དངོས་པོ་ཐམས་ཅད་དུས་ཀུན་ཏུ་གནོད་བྱ་ལ་སོགས་པའི་དངོས་པོ་རྣམས་ལ་ལེགས་པར་དཔྱད་ཅིང་བརྟགས་ནས། རྣམ་པ་ཐམས་ཅད་དུ་ནི་ཅི་ནས་ཀྱང་ཚེའི་རིག་བྱེད་ཀྱི་རྗེས་སུ་འབྲང་
བའམ་དེའི་བསྟན་བཅོས་ལས་བཤད་པ་བཞིན་དུ་བྱས་ལ། ནད་མེད་པ་བསྟན་པར་བྱ་བའི་ཕྱིར་སྨན་དཔྱད་དག་མཁས་ཤིང་གསལ་བས་སྦྱང་བར་བྱ་སྟེ། རྣམ་པ་དེ་ལྟ་བུས་ནད་དང་ལུས་ཟུངས་ལ་སོགས་པ་དང་། རྗེས་སུ་མཐུན་པའི་རྣམ་པ་གང་གིས་སྨན་དེ་བྱིན་པ་ན་ནད་མེད་པ་ཉིད་དུ་འགྱུར་བ་དེ་ལྟར་བྱའོ། །སྔར་ཉེས་
པ་དང་དེ་ཉིད་ནད་ཐམས་ཅད་ཀྱི་རྒྱུ་ཡིན་པར་བཤད་ནས་དེའི་འོག་ཏུ་ནད་དེ་རྣམས་གནོད་པར་བྱ་བ་ལ་སོགས་པའི་རྣམ་པར་བརྟགས་ནས་བཤད་པ་ཡིན་ནོ། །དེ་བས་ན་འདིར་སྨྲས་པ་ནི། དེ་ནས་གཞན་ཡང་ནད་རྣམས་ནི། །འཕེལ་ཟད་དབྱེ་བས་བཤད་བྱ་སྟེ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ནས་དེའི་རྗེས་ཐོགས་ལ་
ནད་དེ་རྣམས་ཀྱི་དབྱེ་བ་བཤད་ཅིང་བསྟན་པར་བྱའོ། །ཅི་ལྟར་དབྱེ་བས་ཅི་བྱ་ཞེ་ན། འཕེལ་ཟད་དབྱེ་བས་ཞེས་བྱ་བ་སྟེ། འཕེལ་བ་དང་ཟད་པ་ནི་འཕེལ་ཟད་དེ། དེ་གཉིས་ཀྱི་དབྱེ་བའི་ཁྱད་པར་དེ་ལས་བཤད་ཅིང་བསྟན་པར་བྱའོ། །ཐ་དད་པ་ལས་གསུམ་ཞེས་བྱ། །ལྡན་གསུམ་དེ་ཡང་དེ་དགུ་ཡིན། །མཉམ་པར་འཕེལ་
བས་གསུམ་ཉིད་དེ། །གཅིག་རབ་ལྷག་ལས་དྲུག་ཏུ་འགྱུར། །མ་ལུས་པ་ལས་བཅུ་གསུམ་ཡིན། །གཉིས་གཅིག་ལྷག་པ་ལས་དྲུག་སྟེ། །མཚུངས་ལས་གཅིག་ཡིན་རབ་དང་ནི། །རབ་མཆོག་བརྟགས་པ་ལས་དྲུག་ཡིན། །དེ་ལྟར་ཉི་ཤུ་རྩ་ལྔ་ནི། །འཕེལ་བའོ་ཟད་པའང་དེ་སྙེད་ཡིན། །དེ་དག་རེ་རེ་འཕེལ་
མཉམ་ཟད། །དྲུག་སྟེ་སླར་ཡང་དེ་དག་ནི། །གཅིག་ཟད་གཉིས་གཉིས་འཕེལ་བ་ནི། །གོ་བཟློག་བཅས་ལས་དྲུག་ཏུ་འགྱུར། །དབྱེ་བ་དྲུག་ཅུ་གཉིས་སུ་བསྟན། །དྲུག་ཅུ་གསུམ་པ་བདེར་གནས་རྒྱུ། །ཞེས་བྱ་བ་ལ། རླུང་ལ་སོགས་པ་གསུམ་པོ་དེ་དག་སོ་སོ་ཐ་དད་པ་ལས་གསུམ་ཡིན་ལ། རང་

གི་ཚད་ལས་ལྷག་པ་གསུམ་གསུམ་དུ་འགྱུར་བས་དགུར་ཤེས་པར་བྱའོ། །དེ་ཡང་རླུང་འཕེལ་བ་དང་། མཁྲིས་པ་འཕེལ་བ་དང་། བད་ཀན་འཕེལ་བ་དང་། དེ་ལྟར་ན་ནད་ཀྱི་དབྱེ་བ་རྣམ་པ་གསུམ་དུ་ཤེས་པར་བྱ་བ་དང་། ལྡན་པ་དང་། འདུས་པ་དང་། དེ་གཉིས་དང་གསུམ་ཟད་པ་ལས་འཁྲུགས་པ་
ལས་འགྱུར་ལ། འདུས་པ་ནི་ཉེས་པ་འདུས་པ་ལས་འགྱུར་རོ། །དེ་ལ་རེ་ཞིག་ལྡན་པ་ནི་གསུམ་སྟེ། རླུང་དང་། མཁྲིས་པ་དང་། རླུང་དང་བད་ཀན་དང་། མཁྲིས་པ་དང་བད་ཀན་ནོ། །ལྡན་པ་དེར་རྣམ་པ་གསུམ་དུ་གཞག་པའི་ནད་ཀྱི་དབྱེ་བ་རང་གི་ཚད་ལས་ལྷག་པར་གྱུར་བ་དེ་ལ་ཤེས་པར་བྱའོ་ཞེས་འདི་
ཐམས་ཅད་ལ་སྦྱར་བར་བྱའོ། །ཇི་ལྟ་ཞེ་ན། དེ་ལ་རེ་ཞིག་ལྡན་པའི་ནད་ཀྱི་དབྱེ་བ་གསུམ་པོ་ཉིད་འཕེལ་བ་ལས། གཅིག་ནི་རླུང་དང་མཁྲིས་པར་ལྡན་པ་ལྷག་པར་གྱུར་བས་ཕྱེ་བའོ། །གཉིས་པ་ནི་བད་ཀན་གྱི་ལྡན་པ་ལྷག་པར་གྱུར་བས་ཕྱེ་བའོ། །གསུམ་པ་ནི་མཁྲིས་པ་དང་བད་ཀན་གྱི་ལྡན་པ་ལྷག་པར་གྱུར་
པས་ཕྱེ་བ་སྟེ། དེ་ལྟར་ན་ལྡན་པའི་དབྱེ་བ་གསུམ་དུ་ཤེས་པར་བྱའོ། །ཤིན་ཏུ་ལྷག་པར་གཅིག་དྲུག་འགྱུར། །ཞེས་བྱ་བ་ལ་ནི་ལྡན་པ་ལ་གནས་པའི་ནད་འདི་དག་ལས་ནད་གཅིག་ཤིན་ཏུ་ལྷག་ཅིང་ཁྱད་པར་དུ་འཕེལ་བས་ལྡན་པའི་དབྱེ་བ་དྲུག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། རླུང་འཕེལ་བ་དང་། མཁྲིས་
པ་མཆོག་ཏུ་འཕེལ་བ་དང་། མཁྲིས་པ་འཕེལ་བ་དང་། རླུང་མཆོག་ཏུ་འཕེལ་བ་དང་། རླུང་འཕེལ་བ་དང་། བད་ཀན་མཆོག་ཏུ་འཕེལ་བ་དང་། བད་ཀན་འཕེལ་བ་དང་། རླུང་མཆོག་ཏུ་འཕེལ་བ་དང་། བད་ཀན་འཕེལ་བ་དང་། མཁྲིས་པ་མཆོག་ཏུ་འཕེལ་བ་དང་། མཁྲིས་པ་འཕེལ་བ་དང་། བད་ཀན་མཆོག་
ཏུ་འཕེལ་བ་སྟེ། དེ་ལྟར་ན་འཕེལ་བ་ཤས་ཆེ་ཆུང་འདྲེས་པ་ལས་ལྡན་པ་དྲུག་ཏུ་འགྱུར་རོ། །མ་ལུས་པ་ལས་བཅུ་གསུམ་ཡིན། །ཞེས་བྱ་བ་ནི་ནད་གསུམ་པོ་དེ་དག་མ་ལུས་པ་འདུས་པ་ལས་འདུས་པའི་ནད་བཅུ་གསུམ་དུ་འགྱུར་བར་ཤེས་པར་བྱ་སྟེ། ཇི་ལྟ་ཞེ་ན། ལྷག་པ་ཡིས་ཀྱང་དྲུག་གཉིས་གཅིག །
ཅེས་བྱ་བ་སྟེ། གཉིས་དང་གཅིག་ནི་གཉིས་གཅིག་སྟེ། དེ་རྣམས་ཀྱི་ལྷག་པ་ཡིན་པས་ན། ལྷག་པ་ཡིས་ནི་གཉིས་གཅིག་སྟེ། གཉིས་དང་གཅིག་གིས་ལྷག་པ་སྟེ་འཕེལ་བར་གྱུར་པས་ནད་གཉིས་ལྷག་པ་དང་གཅིག་ལྷག་པ་ལས་འདི་དག་ཏུ་འགྱུར་ཏེ། དེ་ཡང་རླུང་འཕེལ་བ་དང་། མཁྲིས་པ་དང་། བད་ཀན་གཉིས་མཆོག་

ཏུ་འཕེལ་བ་དང་། མཁྲིས་པ་འཕེལ་བ་དང་། རླུང་དང་བད་ཀན་མཆོག་ཏུ་འཕེལ་བ་དང་། བད་ཀན་འཕེལ་བ་དང་། མཁྲིས་པ་དང་རླུང་མཆོག་ཏུ་འཕེལ་བ་དང་། རླུང་དང་མཁྲིས་པ་འཕེལ་བ་དང་། བད་ཀན་མཆོག་ཏུ་འཕེལ་བ་དང་། མཁྲིས་པ་དང་བད་ཀན་འཕེལ་བ་དང་། རླུང་མཆོག་ཏུ་འཕེལ་བ་དང་། རླུང་དང་བད་
ཀན་འཕེལ་བ་དང་། མཁྲིས་པ་མཆོག་ཏུ་འཕེལ་བ་སྟེ། དེ་ལྟར་འདུས་པ་དྲུག་གི་རྣམ་པར་དབྱེ་བས་གཉིས་དང་གཅིག་ལྷག་པ་ཡིན་པར་ཤེས་པར་བྱའོ། །ལྷག་པ་མཚུངས་པས་གཅིག་ཡིན་ལ། །འདུས་པའི་ནད་གཅིག་པུའི་དབྱེ་བ་མཚུངས་པའི་ལྷག་པའི་ཉེས་པས་ཤེས་པར་བྱའོ། །དེ་ཡང་གང་ལྷག་པའི་ཉེས་པ་
མཚུངས་ཤིང་མཉམ་པར་བྱས་ནས། དེ་འདུས་པའི་ནད་ཀྱི་དབྱེ་བ་གཅིག་ཡིན་པར་ཤེས་པར་བྱའོ། །རབ་དང་རབ་མཆོག་བརྟགས་པས་དྲུག །དེ་ཡང་རབ་མཆོག་གི་དབྱེ་བས་འདུས་པའི་ནད་དེ་རྣམ་པར་བརྟག་པའི་དབྱི་བས་འཕེལ་བའི་ཚུལ་ལས་འདུས་པའི་དབྱེ་བ་དྲུག་ཏུ་ཤེས་པར་བྱ་སྟེ། རླུང་འཕེལ་བ་དང་། མཁྲིས་པ་
རབ་ཏུ་འཕེལ་བ་དང་། བད་ཀན་མཆོག་ཏུ་འཕེལ་བ་འདུས་པ་དང་། མཁྲིས་པ་འཕེལ་བ་དང་། བད་ཀན་རབ་ཏུ་འཕེལ་བ་དང་། རླུང་མཆོག་ཏུ་འཕེལ་བ་འདུས་པ་དང་། བད་ཀན་འཕེལ་བ་དང་། མཁྲིས་པ་རབ་ཏུ་འཕེལ་བ་དང་། རླུང་རབ་མཆོག་ཏུ་འཕེལ་བ་འདུས་པ་དང་། རླུང་འཕེལ་བ་དང་། བད་ཀན་རབ་ཏུ་འཕེལ་
བ་དང་། མཁྲིས་པ་རབ་མཆོག་ཏུ་འཕེལ་བ་འདུས་པ་དང་། མཁྲིས་པ་འཕེལ་བ་དང་། བད་ཀན་རབ་ཏུ་འཕེལ་བ་དང་། རླུང་རབ་མཆོག་ཏུ་འཕེལ་བ་འདུས་པ་དང་། བད་ཀན་འཕེལ་བ་དང་། རླུང་རབ་ཏུ་འཕེལ་བ་དང་། མཁྲིས་པ་རབ་མཆོག་ཏུ་འཕེལ་བ་འདུས་པ་སྟེ། དེ་ལྟར་དྲུག་གོ། །དེ་ལྟར་ཉི་ཤུ་རྩ་ལྔ་ནི་འཕེལ་
བའོ་ཞེས་བྱ་བ་ནི་ནད་འདི་དག་ནི་ནད་ཀྱི་དབྱེ་བ་ཤེས་པར་བྱ་སྟེ། དེ་ལྟར་ཇི་སྐད་དུ་བཤད་པའི་རྣམ་པ་དེ་དག་གིས་ནད་ཀྱི་གྲངས་ཉི་ཤུ་རྩ་ལྔར་ངེས་པ་ཉིད་དུ་ཤེས་པར་བྱའོ། །ཟད་པའང་དེ་སྙེད་ཡིན། ཞེས་བྱ་བ་ལ། ནད་དེ་རྣམས་ཟད་ཅིང་བྲི་བར་གྱུར་པའི་གནས་སྐབས་སུ་ཡང་གྲངས་དེ་སྙེད་ཁོ་ན་ཡིན་ཏེ། ནད་ཀྱི་
དབྱེ་བའང་ཉི་ཤུ་རྩ་ལྔར་འགྱུར་བར་ཤེས་པར་བྱའོ། །དེ་ཡང་ནད་གཞི་གསུམ་པོ་སོ་སོར་ཟད་པ་ལས་གསུམ་དུ་འགྱུར་ཏེ། རླུང་ཟད་པ་དང་། མཁྲིས་པ་ཟད་པ་དང་། བད་ཀན་ཟད་པ་སྟེ། དེ་ལྟར་ནད་ཀྱི་དབྱེ་བ་གསུམ་དུ་ཤེས་པར་བྱའོ། །ནད་ཟད་པ་གང་ཡིན་པ་འདི་དག་གི་ལྡན་པ་ནི་དགུར་ཤེས་པར་བྱ་སྟེ། ཇི་ལྟ་ཞེ་

ན། གསུམ་པོ་དེ་ཉིད་ཟད་པར་མཉམ་པ་ལ་ལྟོས་པའི་ཟད་པ་ལྷག་པར་ཤས་ཆེ་བ་སྟེ། རླུང་ཟད་པ་དང་། མཁྲིས་པ་རབ་ཏུ་ཟད་པའི་ལྡན་པ་དང་། མཁྲིས་པ་ཟད་པ་དང་། རླུང་རབ་ཏུ་ཟད་པའི་ལྡན་པ་དང་། རླུང་ཟད་པ་དང་། བད་ཀན་རབ་ཏུ་ཟད་པའི་ལྡན་པ་དང་། བད་ཀན་ཟད་པ་དང་། མཁྲིས་པ་རབ་ཏུ་ཟད་པའི་ལྡན་པ་
དང་། མཁྲིས་པ་ཟད་པ་དང་། བད་ཀན་རབ་ཏུ་ཟད་པའི་ལྡན་པ་དང་། བད་ཀན་ཟད་པ་དང་། རླུང་རབ་ཏུ་ཟད་པའི་ལྡན་པ་སྟེ། དེ་ལྟར་ནད་རབ་ཏུ་ཟད་པའི་ལྡན་པ་ལས་བྱུང་བའི་དབྱེ་བ་དྲུག་ཏུ་ཤེས་པར་བྱའོ། །ནད་གཞི་ཟད་པའི་འདུས་པ་ལས་ནད་ཀྱི་དབྱེ་བ་བཅུ་གསུམ་དུ་འགྱུར་བར་ཤེས་པར་བྱ་སྟེ། ཇི་ལྟ་ཞེ་ན།
གཉིས་དང་གཅིག་ལྷག་པར་ཤས་ཆེ་བ་དྲུག་སྟེ། ནད་གཉིས་ལྷག་པར་ཤས་ཆེ་བར་ཤིན་ཏུ་ཟད་པ་དང་། དེ་བཞིན་དུ་ནད་གཞི་གཅིག་ལྷག་པར་ཤས་ཆེ་བར་ཤིན་ཏུ་ཟད་པའི་རྣམ་གྲངས་ལས་འདུས་པའི་ནད་དྲུག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། དེ་ཡང་འདི་ལྟར་རླུང་ཟད་པ་དང་། མཁྲིས་པ་དང་། བད་
ཀན་རབ་ཏུ་ཟད་པའི་འདུས་པ་དང་། མཁྲིས་པ་ཟད་པ་དང་། རླུང་དང་བད་ཀན་རབ་ཏུ་ཟད་པའི་འདུས་པ་དང་། བད་ཀན་ཟད་པ་དང་། མཁྲིས་པ་དང་རླུང་རབ་ཏུ་ཟད་པའི་འདུས་པ་དང་། རླུང་དང་མཁྲིས་པ་ཟད་པ་དང་། བད་ཀན་རབ་ཏུ་ཟད་པའི་འདུས་པ་དང་། མཁྲིས་པ་དང་བད་ཀན་ཟད་པ་དང་། རླུང་རབ་ཏུ་ཟད་པའི་
འདུས་པ་དང་། རླུང་དང་བད་ཀན་ཟད་པ་དང་། མཁྲིས་པ་རབ་ཏུ་ཟད་པའི་འདུས་པ་སྟེ། དྲུག་དང་། རླུང་དང་མཁྲིས་པ་དང་། བད་ཀན་ཟད་པའི་འདུས་པ་གཅིག་གོ། །དེ་དག་མཆོག་རབ་ཏུ་བརྟགས་པའི་དབྱེ་བས་ནད་ཀྱི་དབྱེ་བ་དྲུག་ཏུ་འགྱུར་ཏེ། རླུང་ཟད་པ་དང་། མཁྲིས་པ་རབ་ཏུ་ཟད་པ་དང་། བད་ཀན་མཆོག་ཏུ་རབ་ཏུ་ཟད་པའི་འདུས་
པ་དང་། མཁྲིས་པ་ཟད་པ་དང་། རླུང་རབ་ཏུ་ཟད་པ་དང་། བད་ཀན་མཆོག་རབ་ཏུ་ཟད་པའི་འདུས་པ་དང་། བད་ཀན་ཟད་པ་དང་། མཁྲིས་པ་རབ་ཏུ་ཟད་པ་དང་། རླུང་མཆོག་རབ་ཏུ་ཟད་པའི་འདུས་པ་དང་། རླུང་ཟད་པ་དང་། བད་ཀན་རབ་ཏུ་ཟད་པ་དང་། མཁྲིས་པ་མཆོག་རབ་ཏུ་ཟད་པའི་འདུས་པ་དང་། མཁྲིས་པ་ཟད་
པ་དང་། བད་ཀན་རབ་ཏུ་ཟད་པ་དང་། རླུང་མཆོག་རབ་ཏུ་ཟད་པའི་འདུས་པ་དང་། བད་ཀན་ཟད་པ་དང་། རླུང་རབ་ཏུ་ཟད་པ་དང་། མཁྲིས་པ་མཆོག་རབ་ཏུ་ཟད་པའི་འདུས་པ་སྟེ། དྲུག་གོ། །དེ་ལྟར་ན་སྤྱིར་ནད་གཞི་ཟད་པ་ལས་གྱུར་པའི་ནད་ཀྱང་ཉི་ཤུ་རྩ་ལྔ་ཡོད་པར་ཤེས་པར་བྱའོ། །དེ་དག་རེ་རེ་འཕེལ་མཉམ་

ཟད། །དྲུག་སྟེ། ཞེས་བྱ་བ་ལ་ནད་ཀྱི་དབྱེ་བ་དེ་རྣམས་འོག་ནས་བཤད་པའི་ནད་ཀྱི་དབྱེ་བའི་མིང་འདིས་ནད་དྲུག་ཏུ་འགྱུར་ཏེ། དེ་ཡང་འཕེལ་བ་དང་། མཉམ་པ་དང་ཟད་པ་དག་ནི་འཕེལ་ཟད་ཅེས་བྱ་སྟེ། རླུང་ལ་སོགས་པ་གང་ཡང་རུང་བ་རེ་རེ་ཞིང་འཕེལ་བ་དང་མཉམ་པ་དང་ཟད་པ་ལས་དྲུག་ཏུ་
འགྱུར་ཏེ། འདི་ལྟར་རླུང་འཕེལ་བ་དང་། མཁྲིས་པ་མཉམ་པ་དང་། བད་ཀན་ཟད་པའི་ནད་དང་། མཁྲིས་པ་འཕེལ་བ་དང་། རླུང་མཉམ་པ་དང་། བད་ཀན་ཟད་པའི་ནད་དང་། བད་ཀན་འཕེལ་བ་དང་། མཁྲིས་པ་མཉམ་པ་དང་། རླུང་ཟད་པའི་ནད་དང་། རླུང་འཕེལ་བ་དང་། བད་
ཀན་མཉམ་པ་དང་། མཁྲིས་པ་ཟད་པའི་ནད་དང་། མཁྲིས་པ་འཕེལ་བ་དང་། བད་ཀན་མཉམ་པ་དང་། རླུང་ཟད་པའི་ནད་དང་། བད་ཀན་འཕེལ་བ་དང་། རླུང་མཉམ་པ་དང་། མཁྲིས་པ་ཟད་པའི་ནད་དེ། དེ་ལྟར་ན་རེ་རེ་ཞིང་འཕེལ་བ་དང་། མཉམ་པ་དང་ཟད་པ་ལས་དྲུག་གོ། །སླར་ཡང་དེ་
དག་ནི། །གཅིག་ཟད་གཉིས་གཉིས་འཕེལ་བ་ནི། །གོ་བཟློག་བཅས་ལས་དྲུག་ཏུ་འགྱུར། །ཞེས་བྱ་བ་ལ། ཡང་ནད་ཀྱི་དབྱེ་བ་དྲུག་པོ་དེ་རྣམས་ལས། གཅིག་གི་ཟད་པ་ནི་གཅིག་ཟད་ཅེས་བྱ་ལ། གཉིས་གཉིས་ཀྱི་འཕེལ་བ་ཡོད་པ་ལས་ནི་གཉིས་འཕེལ་ཞེས་བྱ་བ་ལ། དེ་གོ་བཟློག་དང་
བཅས་པ་ནི་གང་ལ་གོ་བཟློག་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཡང་ནད་ཀྱི་དབྱེ་བ་དྲུག་པོ་དེ་རྣམས་ལས། གཅིག་ཟད་པ་དང་གཉིས་འཕེལ་བ་དེས་བསྣན་ན་དྲུག་གོ། །དེ་ཡང་འདི་ལྟར་རླུང་དང་མཁྲིས་པ་དང་། བད་ཀན་འཕེལ་བའི་ནད་དང་། མཁྲིས་པ་ཟད་པ་དང་། རླུང་དང་བད་ཀན་འཕེལ་བའི་ནད་དང་།
བད་ཀན་ཟད་པ་དང་། རླུང་དང་མཁྲིས་པ་འཕེལ་བའི་ནད་དང་། དེ་བཞིན་དུ་གཉི་ག་འཕེལ་བའི་ནད་ཚུལ་གྱིས་ནད་ཀྱི་དབྱེ་བ་དྲུག་སྟེ། དེ་ཡང་གཉིས་གཉིས་ཟད་པ་རེ་རེ་ལ་འཕེལ་བ་དང་བཅས་པས་འགྱུར་བ་ནི། འདི་ལྟར་རླུང་དང་མཁྲིས་པ་ཟད་པ་དང་། བད་ཀན་འཕེལ་བའི་ནད་དང་། རླུང་
དང་བད་ཀན་ཟད་པ་དང་། མཁྲིས་པ་འཕེལ་བའི་ནད་དང་། མཁྲིས་པ་དང་བད་ཀན་ཟད་པ་དང་། རླུང་འཕེལ་བའི་ནད་དེ། དེ་ལྟར་ཚུལ་གཉིས་འཕེལ་བའི་རྣམ་པས་ནད་ཀྱི་དབྱེ་བ་རྣམ་པ་དྲུག་ཡིན་ལ། དེ་རྣམས་ཀྱི་རབ་དང་མཆོག་རབ་ཀྱི་དབྱེ་བས་བརྩི་བ་ཕྲ་མོ་ནི་མཐའ་ཡས་པ་ཡིན་པར་ཤེས་

པར་བྱའོ། །དབྱེ་བ་དྲུག་ཅུ་གཉིས་སུ་བསྟན། །དྲུག་ཅུ་གསུམ་པ་བདེར་གནས་རྒྱུ། །ཞེས་བྱ་བ་ལ། དེ་ལྟར་རླུང་ལ་སོགས་པ་ནད་གཞིའི་དབྱེ་བས། སྤྱིར་དྲུག་ཅུ་རྩ་གཉིས་སུ་བསྟན་ཅིང་བཤད་པའམ། དྲུག་ཅུ་རྩ་གསུམ་དུ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། །བདེར་གནས་རྒྱུ་ཞེས་བྱ་བ་སྟེ། །
བདེ་བའི་རྒྱུར་གྱུར་བ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་འདི་དག་དངས་མ་ཁྲག་སོགས་འདྲེས་པ་ལས། །ནད་ནི་ཟད་དང་མཉམ་དང་འཕེལ་བའི་དབྱེ་བ་ཡིས། །རབ་དང་རབ་མཆོག་དག་ལ་མཐའ་ཡས་ཉིད་འགྱུར་བར། །རང་བཞིན་ཅི་འདྲ་མ་ཡེངས་ཡིད་ཀྱིས་ཤེས་པར་གྱིས། །ཞེས་བྱ་བ་ལ། ནད་ཀྱི་དབྱེ་བ་
འདི་དག་དང་། དངས་མ་ལ་སོགས་པ་འདྲེས་ཤིང་འདུས་པ་དང་། དེ་བཞིན་དུ་ཟད་པ་དང་། མཉམ་པ་དང་། རྣམ་པར་འཕེལ་བའི་དབྱེ་བས་རབ་དང་རབ་མཆོག་ཏུ་སྦྱར་བ་ལས་མཐའ་ཡས་པ་ཉིད་དུ་འགྱུར་བ་ཉིད། རང་བཞིན་ཅི་འདྲ་བ་ཡིན་པ་སྨན་པས་མ་ཡེངས་ཤིང་གཞན་དུ་གཡེང་བ་མེད་པར་
སེམས་དེར་གཏོད་པས་ཤེས་ཤིང་རྟོགས་པར་གྱིས་ཤིག་པའོ། །དེ་ལ་དངས་མ་ལ་རླུང་དང་མཁྲིས་པ་དང་བད་ཀན་རེ་རེ་ཞིང་འཁྲུགས་པ་ལས་དབྱེ་བ་གསུམ་དུ་འགྱུར་ཏེ། ཐ་དད་པ་ལས་གསུམ་ཤེས་བྱ། །ཞེས་བྱ་བའི་ཚུལ་གྱིས་སོ། །དངས་མ་ལྡན་པ་བྱུང་ན། རླུང་ལ་སོགས་པ་
འཕེལ་བ་ལས་དེར་ཆ་མཉམ་པའམ། ལྷག་པ་ལས་སྔ་མ་བཞིན་དུ་དགུར་ཤེས་པར་བྱ་སྟེ། དེ་ལྟར་ཐམས་ཅད་སྔ་མ་ལས་རྗེས་སུ་དཔག་པར་བྱའོ། །འདིར་འདི་ལྟར་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནུས་པ་མི་མཐུན་པ་ཡོད་དུ་ཟིན་ཀྱང་། སེམས་ཅན་གྱི་ནང་གི་མི་དགེ་བ་ལ་སོགས་པའི་དབང་
གིས་གནོད་པ་སྐྱེད་ཅིང་འདུས་པའི་ནད་བྱེད་ཅིང་། གཅིག་ལ་གཅིག་ཉེ་བར་ཞི་བ་ཅིའི་ཕྱིར་མི་བྱེད་ཅེས་བརྟག་པར་མི་བྱ་སྟེ་འདི་དག་གི་རང་བཞིན་ཉིད་ཡིན་པའི་ཕྱིར་དང་། འབྱུང་བ་ཆེན་པོ་ལྟར་གཅིག་གིས་གཅིག་ཟིལ་གྱིས་གནོན་པ་ཡིན་ཡང་། རྫས་དང་རོ་སོགས་པའི་བྱ་བ་ལྷག་ཅིང་རྩོམ་པ་
དང་འདྲའོ། །དེ་བས་ན་འདི་དག་གི་རང་བཞིན་ནི་མི་འགྱུར་བ་ཉིད་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་བཅུ་གཉིས་པའི་རྣམ་པར་འགྲེལ་པའོ།། །།

དེ་ནས་ནད་གསོ་བའི་ཐབས་ཀྱི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། དེ་ལ་རེ་ཞིག་དབྱེ་བ་དེ་དག་ཤེས་པའི་འབྲས་བུ་ནི་གང་སྨན་རྣམས་དང་ནད་རྣམས་གསོ་བ་དེ་ཤེས་པས་ནད་གསལ་བར་དག་པར་ནུས་པ་ཉིད་ཡིན་པས། དེའི་འོག་ཏུ་ནད་གསོ་བའི་ཐབས་
ཀྱི་ལེའུའི་དབང་དུ་བྱས་ནས། དེ་དྲན་པར་བྱ་བའི་ཕྱིར། འདིར་ནད་གསོ་བའི་ཐབས་ལ་དགོས་པའི་སྣུམ་ལ་སོགས་པའི་མིང་གང་ཡིན་པ་སྟོན་པ་དེ་བཤད་པར་བྱའོ། །དེ་ལ་རླུང་ནི་ཐམས་ཅད་ཀྱི་གཙོ་བོ་ཡིན་པས། རླུང་ནད་གསོ་བ་སྣུམ་དང་ནི། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་
བཅད་པ་གསུམ་གྱིས། རླུང་ནད་གསོ་བའི་ཐབས་སྨྲས་པ་ཡིན་ཏེ། རླུང་འཁྲུགས་ཤིང་ལྡང་བར་གྱུར་ན། སྣུམ་ནས་འཇམ་རྩི་བཏང་བའི་བར་གསོ་བའི་ཐབས་ཡིན་ཏེ། རླུང་དེ་ལ་གསོ་བ་ཐམས་ཅད་ཀྱི་ནང་ན་གསོ་བའི་མཆོག་ནི་སྣུམ་ཡིན་ལ། དེ་ཡང་རྣམ་པ་དུ་མ་ཡོད་དོ། །དེའི་
འོག་ཏུ་དུགས་བྱའོ། །དེ་ཡང་གང་གི་ཕྱིར་རླུང་ནི་ཟས་དང་སྐོམ་དང་སྨན་རྩུབ་པ་དང་། གྲང་བས་ཅི་ལྟར་མྱུར་དུ་འཁྲུགས་པར་འགྱུར་བ་དེ་ལྟར་ཡང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའམ། ཡོན་ཏན་མཉམ་པས་འཁྲུགས་པར་མི་འགྱུར་རོ། །དེ་བས་ན་རླུང་འཁྲུགས་པར་གྱུར་པ་ལ་ནི་
གསོ་བའི་ཐབས་གཞན་དག་ལས་དང་པོར་སྣུམ་པ་དང་། དུགས་ཀྱི་རྣམ་པ་དུ་མས་དེ་ཞི་བར་བྱ་བའི་དོན་དུ་བྱའི། གསོ་བ་གཞན་དག་ནི་དེ་ལྟ་མ་ཡིན་ནོ། །རླུང་ནད་གསོ་བ་སྣུམ་དང་ནི། །དུགས་དང་སྦྱང་བ་འཇམ་རྩི་དང་། །མངར་སྐྱུར་ལན་ཚྭ་བྲོ་བ་ཡི། །ཟས་དང་བསྐུ་ཞིང་མཉེ་བ་དང་། །
དཀྲི་སྣུམ་སྨན་ཆུ་བླུགས་པ་དང་། །གྲོ་ཆང་འབྲས་ཆང་བུ་རམ་ཆང་། །ཞེས་བྱ་བ་ལ། དེ་ལ་རླུང་ནད་གསོ་བ་ལ་ནི་སྣུམ་ཆོས་དང་། དུགས་བྱས་ནས་སྦྱང་བ་བྱ་ལ། དེ་ཡང་འཇམ་པས་བྱའི། རྣོ་ཞིང་དྲག་པས་ནི་མི་བྱ་སྟེ། རྣོ་བ་ནི་རླུང་སྐྱེད་པར་བྱེད་པ་ཡིན་པས་བཀག་པ་ཡིན་ནོ། །དེ་བཞིན་དུ་
བཟའ་བར་བྱ་བའི་ཟས་ཀྱང་མངར་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། རྣོ་བས་བྱའི། རོ་གཞན་བཟའ་བར་མི་བྱའོ། །བསྐུ་ཞིང་མཉེ་བ་ཞེས་བྱ་བ་ནི་བསྐུ་བ་སྔོན་དུ་བྱས་པ་མཉེ་བར་བྱ་དགོས་པས་ན་བསྐུ་ཞིང་མཉེ་བའོ། །དཀྲི་བ་ནི་ཡན་ལག་རས་ལ་སོགས་པས་དཀྲི་བའོ། །སྣུམ་འཇམ་པའི་རྩ་

ལ་སོགས་པ་བརྡེག་པ་སྟེ། གསོ་བའི་ཐབས་འདི་ནི་རླུང་ནད་ཅན་ཁ་ཡོ་བ་ལ་སོགས་པ་ལ་བྱའི། གཞོགས་ཕྱེད་ན་བ་ལ་སོགས་པའི་རླུང་ནད་ལ་ནི་མི་བྱའོ། །སྨན་ཆུ་བླུགས་པ་ནི་རླུང་སེལ་བའི་སྨན་བསྐོལ་བ་དང་། སྣུམ་དང་འོ་མ་ལ་སོགས་པའི་ཆུས་བླུགས་པའོ། །གྲོ་དང་འབྲས་
ལས་བྱས་པའི་ཆང་ནི་གྲོ་དང་འབྲས་ཆང་ངོ་། །བུ་རམ་ཆང་ནི་བུ་རམ་ཆང་ལས་བྱས་པ་སྟེ་སྦྱར་བའི་ཆང་ངོ་། །སྣུམ་དྲོ་འཇམ་རྩི་གཏང་བ་ནི། །འཇམ་རྩི་ངེས་པ་བདེ་དགའ་དང་། །ཞེས་པ་ལ། རྩུབ་པ་དང་གྲང་བ་བཀག་པ་ཡིན་ནོ། །འཇམ་རྩི་སྨོས་པ་ནི་ངེས་པར་འཇམ་རྩི་བྱ་དགོས་པའོ། །
འཇམ་རྩི་ངེས་པ་ཞེས་བྱ་བ་ནི། ལས་དང་དུས་དང་སྦྱོར་བ་ལས་འཇམ་རྩི་ལྔ་བཅུ་རྩ་གསུམ་བྱ་བ་ནི་འཇམ་རྩི་ངེས་པའོ། །བདེ་དགའ་ནི་མྱ་ངན་ལ་སོགས་པ་བློ་འཁྲུགས་པར་བྱེད་པའི་དངོས་པོ་སྤངས་ལ་ཡིད་དུ་འོང་བའི་ཡུལ་བསྟེན་པའི་བདེ་བས་གནས་པའོ། །སྐྱེ་གནས་དུ་མའི་སྣུམ་
དག་ནི། །ཞེས་བྱ་བ་ནི། སེམས་མེད་པ་དང་སེམས་ཡོད་པའི་དབྱེ་བས་ཕྱེ་བའོ། །དེ་ཡང་། །དྲོད་ཆེ་འཇུ་བར་བྱེད་གཡོས་སྦྱར། །ཁྱད་པར་དུ་ནི་ཤ་ཚོན་དང་། །ཏིལ་མར་དང་སྦྱར་འཇམ་རྩི་བྱ། །ཞེས་བྱ་བ་ལ། སྨན་དྲོད་ཆེ་ཞིང་འཇུ་བར་བྱེད་པ་དང་། ལྷན་ཅིག་བཙོས་ཤིང་གཡོས་སུ་སྦྱར་
བའོ། །ཡང་རླུང་དེ་འཁྲུགས་པར་གྱུར་པ་ལ་གསོ་བ་ཐམས་ཅད་ཀྱི་ནང་ན། ཁྱད་པར་མཆོག་ཏུ་གྱུར་པ་ནི། ཤ་ཚོན་པོའི་ཁུ་བ་སྟོབས་སྐྱེད་པར་བྱེད་ནུས་པ་སྟེ་ཤ་ཁུ་དང་། དེ་བཞིན་དུ་ཏིལ་མར་དང་སྦྱར་བའི་འཇམ་རྩི་གཏང་བ་གསོ་བའི་ཐབས་ནི་མཆོག་ཡིན་ནོ། །མཁྲིས་པ་མར་སར་བླུད་པ་དང་། །
མངར་ཞིང་བསིལ་བའི་འཁྲུ་སྨན་དང་། །མངར་དང་ཁ་དང་བསྐ་བ་ཡི། །ཟས་དང་སྨན་ནི་སྦྱིན་པ་དང་། །དྲི་བཟང་བསིལ་ཞིང་ཡིད་འོང་བའི། །དྲི་ནི་ཉེ་བར་བསྟེན་པ་དང་། །མགུལ་དུ་དོ་ཤལ་སེ་མོ་དོ། །ནོར་བུ་བྲང་དུ་གདགས་པར་བྱ། །ག་པུར་ཙནྡན་ཨུ་ཤི་རའི། །བྱུག་པས་སྐད་ཅིག་རེ་རེ་བསྐུ། །
སྲོད་ལ་རྡོ་ཐལ་ཅན་ཟླ་ཟེར། །ཡིད་འོང་གླུ་དང་སེར་བསིལ་བསྟེན། །བག་ཕེབས་མཛའ་བོ་བདེ་བ་དང་། །ཞེས་བྱ་བ་ལ། སོགས་པའི་སྒྲས་ཚིགས་སུ་བཅད་པ་དྲུག་གིས་ནི་མཁྲིས་པ་འཁྲུགས་པར་གྱུར་ན་མར་སར་བླུད་པ་ལ་སོགས་པས་གསོ་བར་བྱ་བ་དང་། དེ་བཞིན་དུ་མངར་བ་དང་། བསིལ་

བའི་ནུས་པ་དང་ལྡན་པའི་སྨན་གྱི་བཀྲུ་སྨན་བཏང་བས་ནད་ཐུར་དུ་དབྱུང་བ་ནི་གསོ་བའི་ཐབས་ཡིན་ནོ། །དེ་བཞིན་དུ་ཁ་ཟས་ཀྱང་མངར་བ་དང་ཁ་བ་དང་བསྐ་བའི་བཟའ་བ་དང་། སྨན་ཡང་མངར་བ་དང་ཁ་བ་དང་བསྐ་བ་ཉིད་ཀྱིས་སྦྱིན་པར་བྱའོ། །དེ་བཞིན་དུ་དྲི་བཟང་ཞིང་
བསིལ་བ་དང་། ཡིད་དུ་འོང་བའི་ཙནྡན་ལ་སོགས་པའི་དྲི་ཉེ་བར་བསྟེན་པས་གསོ་བ་དང་། དེ་བཞིན་དུ་མགུལ་དུ་རྒྱན་གྱི་རྣམ་པ་གསེར་ལ་སོགས་པ་ལས་བྱས་པའི་དོ་ཤལ་སེ་མོ་དོ་གདགས་པ་དང་། དེ་བཞིན་དུ་མུ་ཏིག་གི་དོ་ཤལ་བྲང་དུ་འཕྱང་བར་གདགས་པར་བྱ་བ་དང་། དེ་བཞིན་དུ་
ནོར་བུ་སྟེ་བཻ་ཌཱུརྱ་དང་། པདྨ་རཱ་ག་དང་། ཆུ་ཤེལ་དང་། ཚོན་ཤེལ་ལ་སོགས་པའི་ཆུན་འཕྱང་བྲང་དུ་གདགས་པ་ནི་མཁྲིས་པ་གསོ་བའི་ཐབས་ཡིན་ནོ། །དེ་བཞིན་དུ་ག་བུར་དང་ཙནྡན་དང་། ཨུ་ཤི་རའི་བྱུག་པས། སྐད་ཅིག་མ་རེ་རེ་ཞིང་བསྐུ་བ་ནི་མཁྲིས་པ་གསོ་བའི་ཐབས་ཡིན་ནོ། །དེ་
བཞིན་དུ་སྲོད་ལ་སྟེ། མཚན་མོའི་དང་པོའི་ཆ་ལ་རྡོ་ཐལ་ཅན་ཏེ། རྡོ་ཐལ་དཀར་པོས་བྱུགས་པའི་ཁྱིམ་དུ་འདུག་སྟེ། ཟླ་བའི་འོད་ཟེར་བསྟེན་ཅིང་ཡིད་དུ་འོང་ཞིང་རྣར་སྙན་པའི་གླུ་དང་། སེར་བུ་བསིལ་བ་བསྟེན་པ་ཡང་མཁྲིས་པ་གསོ་བའི་ཐབས་ཡིན་ནོ། །དེ་བཞིན་དུ་བག་ཕེབས་ཤིང་
ཉམས་རངས་སུ་གནས་པའི་མཛའ་བོའི་བདེ་བ་ཆ་ལུགས་དང་སྤྱོད་པ་མཐུན་པ་ཡིད་ཚིམ་པར་བྱེད་པ་དང་དེ་བཞིན་དུ། བུ་ལ་གཞོན་སྐད་ཉམས་རངས་སྨྲ། །ཆུང་མ་ཡིད་མཐུན་ལས་བྱེད་ཅིང་། །སྡུག་ཅིང་ཡོན་ཏན་རྣམས་ཀྱིས་བརྒྱན། །ཁང་པ་ཉིས་རིམ་ཆུ་བསིལ་བླུགས། །སྐྱེད་མོས་ཚལ་རྫིང་
བཟང་པོ་ནི། །རྒྱ་ཆེ་དང་ནི་སྟེགས་བཅས་པ། །ཆུས་བརླན་བྱེ་མ་བསིལ་བ་དང་། །སྤྱིལ་བུ་ལུས་ཚད་ཤིང་ཁེབས་དང་། །ཆུ་འགྲམ་པདྨར་བཅས་པ་ནི། །བདེར་གནས་ཁྱད་པར་འོ་མ་དང་། །མར་སར་བཟའ་དང་བཀྲུ་སྨན་བྱ། །ཞེས་པ་གང་བུ་ཆུང་བ་དང་། །མི་གསལ་ཞིང་གསང་དམའ་
བར་སྨྲ་ཞིང་དགའ་བས་གནས་པ་དང་། དེ་བཞིན་དུ་ཆུང་མ་ཡིད་དང་མཐུན་པའི་ལས་བྱེད་པ་དང་། སྡུག་ཅིང་ཡིད་དུ་འོང་བ་དང་། ཡོན་ཏན་གྱི་ངང་ཚུལ་བཟང་པོའི་སྤྱོད་པས་བརྒྱན་པ་དང་། འགྲོགས་པ་ནི་མཁྲིས་པ་གསོ་བའི་ཐབས་ཡིན་ནོ། །ཁང་པ་ཡང་ཉིས་རིམ་དུ་བྱས་ཤིང་

བསིལ་བ་དང་། ཆུ་རྒྱུན་བསིལ་བའི་རྒྱུན་འབབ་པ་བླུགས་པ་དང་། སྐྱེད་མོས་ཚལ་རྫིང་བུ་བཟང་པོ་དང་ལྡན་པར་གནས་པ་ཡང་མཁྲིས་པ་ལ་ཕན་ནོ། །དེ་བཞིན་དུ་རྒྱ་ཆེ་ཞིང་ཡངས་པའི་སྟེགས་དང་བཅས་པ་ཆུ་དངས་བས་བརླན་ཞིང་གཤེར་བའི་བྱེ་མ་བསིལ་བར་བྱེད་པར་གནས་པས་
མཁྲིས་པ་ལ་ཕན་ནོ། །ཡང་ཆུ་འགྲམ་དེར་སྤྱིལ་བུ་ལུས་ཀྱི་ཚད་ཙམ་འོད་མ་ལ་སོགས་པ་ལས་བྱས་པ་དང་། ཤིང་བཟང་པོ་སྐྱེ་བ་དང་། ཆུའི་འགྲམ་ན་པདྨ་དང་བཅས་པ་གང་ཡིན་པ་དེ་ལྟ་བུར་གནས་པ་དང་། དེ་བཞིན་དུ་བདེ་བར་གནས་པ་སྟེ། ལུས་དང་སེམས་དགའ་བར་བྱེད་པ་དེ་
དག་ནི་མཁྲིས་པ་གསོ་བའི་ཐབས་ཡིན་ནོ། །ཁྱད་པར་དུ་ནི་འོ་མ་དང་མར་གསར་བཟའ་བ་དང་། བཀྲུ་སྨན་བཏང་བ་ནི་མཆོག་ཐམས་ཅད་ཀྱི་ནང་ནས་གསོ་བའི་མཆོག་ཡིན་ནོ། །བད་ཀན་ཆོ་གར་ལྡན་པ་ཡི། །སྐྱུགས་སྨན་བཀྲུ་སྨན་རྣོན་པོ་བཏང་། །ཟས་ནི་རྩུབ་ཆུང་རྣོ་ཞིང་དྲོ། །ཚ་
ཞིང་ཁ་དང་བསྐ་བ་བཟའ། །ཆང་ནི་ཡུན་རིང་ལོན་པ་བཏུང་། །རྩེ་དགའ་དང་ནི་གཉིད་མི་ལོག །རྩོལ་བའི་ཚུལ་ནི་སྣ་ཚོགས་དང་། །སེམས་ལས་རྩུབ་པས་མཉེ་བ་དང་། །ཁྱད་པར་སྨན་ཁུ་སྐྱུགས་སྨན་བཏང་། །སྦྲང་རྩི་ཚིལ་འཇོམས་སྨན་བསྟེན་བྱ། །སྨྱུང་བ་དུད་བདུག་མཁུར་བཀང་
དབོ། །བདེ་བ་མེད་གཉིད་བདེ་ཕྱིར་བྱ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་གྱིས་བད་ཀན་གྱི་རྒྱུ་སོགས་པ་དང་། དེ་བཞིན་དུ་འཕེལ་བས་ནད་སྐྱེད་པར་ནུས་པ་དག་ལ་སྐྱུགས་སྨན་ལ་སོགས་པས་གསོ་བར་བྱའོ། །དེ་ལ་སྐྱུགས་སྨན་ནི་ནད་གྱེན་དུ་དྲང་བའོ། །དེ་ཡང་
ཆོ་ག་དང་ལྡན་པར་བྱ་བ་སྟེ། གསོ་དཔྱད་ཀྱི་བསྟན་བཅོས་ལས་ཇི་སྐད་བཤད་པའི་ཆོ་གས་གཏང་བར་བྱ་ཞིང་སྦྱར་བར་བྱ་ལ། དེ་ཡང་རྣོ་བས་བྱ་དགོས་ཏེ། སྨན་རྣོ་བ་ལས་སྦྱར་བ་བཏང་ངོ་། །དེ་བཞིན་དུ་བཀྲུ་སྨན་ཡང་རྣོན་པོས་བཀྲུ་བ་ནི་བད་ཀན་གསོ་བའི་ཐབས་ཡིན་ནོ། །དེ་བཞིན་དུ་ཟས་ཏེ་
འབྲས་ཆན་ལ་སོགས་པ་རྩུབ་པ་དང་། ཆུང་བ་དང་། རྣོ་བ་དང་། དྲོ་བ་དང་། རོ་ཚ་བ་དང་། ཁ་བ་དང་། བསྐ་བ་བཟའ་བར་བྱའོ། །དེ་བཞིན་དུ་ཆང་དུས་ཡུན་རིང་པོར་ལོན་པ་བཏུང་བ་ཡང་བད་ཀན་ལ་ཕན་ནོ། །དེ་བཞིན་དུ་རྩེ་བ་དང་དགའ་བ་སྟེ་ཡིད་ལ་འདོད་པའི་དགའ་བ་ལ་བརྟེན་ཅིང་བུད་མེད་ལ་

བརྟེན་པ་དང་། གཉིད་མི་ལོག་པ་སྟེ། མེལ་ཙེའི་ཚུལ་དུ་གནས་པ་ཡང་བད་ཀན་གསོ་བའི་ཐབས་ཡིན་ནོ། །དེ་བཞིན་དུ་རྩོལ་བའི་ཚུལ་སྣ་ཚོགས་ཤིང་རྣམ་པ་ཐ་དད་དུ་ལུས་དུབ་པར་བྱེད་པ་ལག་སྟོབས་འགྱེད་པ་དང་། རྟ་འདུལ་བ་ལ་སོགས་པ་ཡང་བད་ཀན་གསོ་བའི་
ཐབས་ཡིན་ནོ། །དེ་བཞིན་དུ་སེམས་ལས་ཏེ་དངོས་པོ་རྗེས་སུ་དྲན་ཞིང་དཔྱོད་པ་དང་། དེ་བཞིན་དུ་རྩུབ་པ་དང་། ཕལ་ཆེར་རྫས་རྩུབ་པས་མཉེ་བ་ཡང་བད་ཀན་གསོ་བའི་ཐབས་ཡིན་ནོ། །དེ་ལ་བད་ཀན་གྱི་གསོ་བ་ཐམས་ཅད་ལས་ཁྱད་པར་དུ་ཕན་པའི་ཐབས་ནི་སྨན་ཁུ་དང་སྐྱུགས་སྨན་གཏང་
བ་ཡིན་ནོ། །སྨན་ཁུ་ནི་འབྲུའི་ཁུ་བ་ལས་བྱས་པའོ། །ཚིལ་འཇོམས་པའི་སྨན་ནི་གུ་གུལ་ལ་སོགས་པའོ། །སྨྱུང་བ་ནི་ཟས་བཅད་པའོ། །དུད་པ་ནི་འོག་ནས་བཤད་པའི་མཚན་ཉིད་ཅན་ནོ། །མཁུར་བ་དགང་ཞིང་དབོ་བ་ནི་སྨན་ཁུས་བ་བཀང་ཞིང་དབོ་བའོ། །བདེ་བ་མེད་པ་ནི་བདེ་བ་ཉིད་
འགེགས་པ་སྟེ། བདེ་བ་དང་མི་ལྡན་པའམ། སྡུག་བསྔལ་བའི་ཚུལ་ཅན་གྱིས་ལུས་དང་སེམས་ཀྱི་ལས་ཤིན་ཏུ་བསྟེན་པས་གང་སྡུག་བསྔལ་སྐྱེ་བར་འགྱུར་བ་དེ་ནི་བདེ་བ་མེད་པ་སྟེ། དེ་ནི་བད་ཀན་གྱི་བདེ་བ་སྐྱེད་པར་བྱེད་པའི་ཕྱིར་བདེ་བའི་དོན་རྫོགས་པར་འགྱུར་རོ། །ནད་རྣམས་སོ་སོར་
གསོ་བ་དག །ནད་ལས་དཔགས་ཏེ་བཤད་པ་ཡིན། །ལྡན་པ་དང་ནི་འདུས་པ་དག །དེ་ནི་སོ་སོའི་ཚུལ་གྱིས་བརྟག །ཅེས་བྱ་བ་ལ། གང་གིས་གསོ་བ་གང་ཡིན་པ་ནད་རྣམས་སོ་སོའི་མཚན་ཉིད་ལས་དཔགས་ཏེ་བཤད་པ་དེ་ཉིད་ནི། རིམ་པ་ཇི་ལྟ་བ་བཞིན་དུ་བྱ་ལ། ལྡན་པ་
དང་འདུས་པའི་ནད་དག་ལ་ནི་སོ་སོའི་ཚུལ་ཇི་ལྟ་བ་ལས་བརྟག་པར་བྱ་སྟེ། དཔེར་ན་རླུང་དང་མཁྲིས་པའི་ནད་ལྡན་པ་ལ། རླུང་དང་མཁྲིས་པ་གསོ་བའི་ཐབས་འདྲེན་མ་བརྟག་པར་བྱ་ལ། དེ་བཞིན་དུ་རླུང་དང་བད་ཀན་གྱི་ལྡན་པ་ཡང་རླུང་དང་བད་ཀན་འདྲེན་མའི་གསོ་བའི་ཐབས་
བརྟག་པར་བྱའོ། །མཁྲིས་པ་དང་བད་ཀན་གྱི་ལྡན་པ་ཡང་མཁྲིས་པ་དང་བད་ཀན་གྱི་གསོ་བའི་ཐབས་འདྲེན་མ་བརྟག་པར་བྱའོ། །དེ་བཞིན་དུ་འདུས་པ་ལ་ཡང་གསོ་བ་གསུམ་ཅི་རིགས་པར་དུས་གཅིག་ཏུ་བརྟག་པར་བྱའོ། །ཡང་ལྡན་པ་གསུམ་པོ་འདི་དག་ལ་སྒོ་གཞན་དག་ནས་

གསོ་བའི་ཐབས་བསྒྲེ་བ་གསལ་བར་བྱ་བའི་ཕྱིར་སྨྲས་པ་ནི། རླུང་ནི་ཟུང་དུ་འཇུག་པས་ན། །རླུང་མཁྲིས་ཕལ་ཆེར་སོ་གའི་བྱ། །བད་ཀན་རླུང་ལ་དཔྱིད་ཀྱི་བྱ། །བད་ཀན་མཁྲིས་ལ་སྟོན་གྱི་བྱ། །ཞེས་བྱ་བ་ལ། རླུང་དང་མཁྲིས་པའི་ཚུལ་ལ་ནི་ཕལ་ཆེར་སོ་གའི་ཆོ་ག་བྱ་སྟེ། སོ་གའི་
དུས་ཀྱི་ཆོ་ག་དུས་སུ་སྤྱད་པའི་ལེའུ་ལས་བཤད་པའི་སྣུམ་པ་དང་། བསིལ་བའི་ཆོ་ག་སྦྱར་བར་བྱའོ། །དེ་བཞིན་དུ་བད་ཀན་དང་། རླུང་གི་ལྡན་པ་ལ་ནི་དཔྱིད་ཀྱི་ཞེས་བྱ་བ། དཔྱིད་ཀྱི་སྤྱོད་པའི་ཆོ་ག་དྲོ་བ་དང་། རྩུབ་པ་ཞེས་བྱ་བའི་ཆོ་ག་སྦྱར་བར་བྱའོ། །དྲིས་པ་སོ་གའི་ཚེ་ནི་ཕལ་ཆེར་བསིལ་བའི་ཆོ་ག་
བཤད་ལ། དཔྱིད་ཀྱི་དུས་སུ་སྤྱད་པའི་ལེའུ་ལས་བཤད་པའི་སྣུམ་པ་དང་། རླུང་སྐྱེ་བ་ཆེས་མཐུན་པ་སྟེ། གསོ་བར་ཇི་ལྟར་རིགས་ཏེ། རླུང་གི་རང་གི་མཚན་ཉིད་ནི་གྲང་བ་དང་རྩུབ་པ་ཡིན་པའི་ཕྱིར་རོ་ཞེ་ན། རླུང་ནི་ཟུང་དུ་འཇུག་པས་ན་ཞེས་སྨོས་པ་ཡིན་ནོ། །གང་གི་ཕྱིར་རླུང་ནི་ཟུང་དུ་
འཇུག་པ་ཡིན་པས། གང་གིས་འདྲེས་ཤིང་ལྡན་པར་གྱུར་པ་དེ་ཉིད་ཀྱི་སྦྱོར་བའི་འཇུག་པ་གཅིག་པ་ཉིད་ཀྱིས་ན། བད་ཀན་དང་མཁྲིས་པ་ཆ་འདྲེས་པས་གསོ་བ་དེ་ལ་ཕན་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དེ་ཡང་གཞུང་ལས། ཟུང་དུ་འཇུག་པ་རླུང་གི་མཆོག །ཡང་དག་འདྲེས་པས་
གཉིས་བདག་ཅན། །མེ་དང་ལྡན་པས་སྲེག་པར་བྱེད། །ཟླ་བ་ལྡན་པས་བསིལ་བར་བྱེད། །ཅེས་བཤད་པ་ཡིན་ནོ། །དེ་ལྟར་ན་རང་གི་མཚན་ཉིད་ཀྱི་གནས་སྐབས་ན་ཟུང་དུ་འཇུག་པ་ཉིད་དུ་བྱ་བར་རིགས་སོ། །དེ་བས་ན་རླུང་མཁྲིས་པ་དང་ལྷན་ཅིག་གནས་སུ་ཟིན་ཀྱང་། མཁྲིས་པའི་
གསོ་བ་བྱར་རུང་སྟེ། དེ་གཉིས་ཟུང་དུ་འཇུག་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བད་ཀན་དང་ལྷན་ཅིག་གནས་པ་ཡང་བད་ཀན་གྱི་གསོ་བས་གསོ་བར་བྱར་རུང་ངོ་། །བད་ཀན་དང་མཁྲིས་པར་ལྡན་པའི་ལྡན་པ་ལ་ནི་སྟོན་གྱི་ཞེས་བྱ་བ་སྟོན་གྱི་དུས་སུ་བྱ་བའི་སྤྱོད་པ་བཤད་པ་དག་གིས་གསོ་བར་
བྱའོ། །ད་ནི་གསོ་བའི་ཐབས་ཀྱི་དུས་སྨྲས་པ་ནི། ནད་ནི་དཀྱེལ་སོགས་དུས་སུ་བསལ། །ལྡང་ན་གཞན་གནོད་མེད་པར་གསོ། །ཐམས་ཅད་ལྡན་ན་ཚབས་ཆེ་བ། །ནད་གཞན་གནོད་པ་མེད་པར་གསོ། །ཞེས་བྱ་བ་ལ། རླུང་དང་མཁྲིས་པ་དང་བད་ཀན་ཞེས་བྱ་བའི་ནད་ནི་དཀྱེལ་སོགས་

པའི་དུས་ཉིད་ཀྱི་གནས་སྐབས་ན་བསལ་ཞིང་གསོ་བར་བྱའི། ལྡང་བར་གྱུར་པའི་དུས་ཀྱི་བར་དུ་བསྡང་བར་མི་བྱའོ། །གང་གི་ཚེ་སོགས་པའི་དུས་སུ་བཏང་སྙོམས་སུ་བྱས་པས་ལྡང་བར་གྱུར་པ་དེའི་ཚེ་ནད་དེ་ལྡང་བས་ན་ནད་གཞན་ལ་གནོད་ཅིང་ལྡང་བར་འགྱུར་བ་མེད་པའི་
ཚུལ་གྱིས་གསོ་བར་བྱའོ། །དེ་ནི་འདི་སྐད་སྟོན་པ་སྟེ། ནད་དེ་ལྡང་བ་ན་དེ་དང་མི་མཐུན་པའི་ཁ་ཟས་ལ་སོགས་པ་དང་། དེ་དང་ཆ་འདྲ་བས་ན་ནད་གཞན་དག་ཅི་ནས་སློང་བར་མི་འགྱུར་བ་དེ་ལྟ་བུར་གསོ་བར་བྱའོ། །ཡང་གང་གི་ཚེ་ནད་ཐམས་ཅད་དུས་གཅིག་ཏུ་ལངས་ན་དེའི་ཚེ་ཚབས་ཆེ་
བའི་ནད་སྟོབས་དང་ལྡན་པ་ལྡང་བར་འགྱུར་བ་སྟེ། དང་པོར་གསོ་བར་བྱ་ལ། དེ་ཡང་ནད་གཞན་ལ་གནོད་པ་མེད་པར་གསོ་བ་སྟེ། ཅུང་ཟད་ལྡང་བའི་ནད་དག་ལ་མི་གནོད་ཅིང་མི་མཐུན་པ་མེད་པའི་ཚུལ་གྱིས་གསོ་བར་བྱ་ལ། གལ་ཏེ་མཉམ་པར་འཁྲུས་ན། རླུང་སྟོབས་དང་
ལྡན་པ་མ་ཡིན་ལ་ཆ་མཉམ་པར་གྱུར་པ་ལས་གང་གང་ཞིག་ལས་རང་བཞིན་གྱིས་འཕེལ་བར་འགྱུར་བ་དེ་ཚབས་ཆེ་བ་ཡིན་པས། ནད་གཞན་དག་ལ་གནོད་པ་མེད་པའི་ཚུལ་ཉིད་ཀྱིས་གསོ་བར་བྱའོ། །ནད་ནི་སྦྱོང་བས་ཞི་བྱ་བ། །གང་གཞན་ལྡང་བར་བྱེད་པ་དག །དེ་ནི་དག་མིན་གཞན་
དག་ནི། །ལྡང་བར་མི་འགྱུར་རྣམ་དག་ཡིན། །ཞེས་བྱ་བ་ལ། ནད་ཞི་བར་བྱ་བའི་སྦྱོར་བ་སྨན་དང་ཁ་ཟས་ལ་སོགས་པ་སྦྱོར་བའི་ཚུལ་གང་གིས་ནད་གཅིག་ཞི་བར་བྱས་ནས་གཞན་གཉིས་པ་ལྡང་བར་བྱེད་པའི་སྦྱོར་བ་དེ་ནི་རྣམ་པར་དག་པ་མ་ཡིན་ཏེ། བཟང་པོ་མ་ཡིན་ལ། གང་གཅིག་ཞི་བར་
བྱས་ནས་གཞན་དག་ལྡང་བར་མི་བྱེད་པ་དེ་ནི་དག་པ་དམ་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གནོད་པ་མེད་པའི་བྱ་བ་བཟང་པོ་བྱེད་པའི་ཕྱིར་རོ། །རྩོལ་དྲགས་ཚ་བ་རྣོ་བ་དང་། །གནོད་པར་འགྱུར་བ་སྤྱད་པས་ཀྱང་། །ཁོང་པ་ཡན་ལག་རུས་པ་དང་། །གནད་དུ་རླུང་ནི་འཇུག་པར་འགྱུར། །དེ་
བཞིན་དེ་ལ་རྩ་སྒོ་ནི། །རྣམ་པར་སྦྱངས་པས་འབྱུང་བར་འགྱུར། །སྨིན་བྱས་རླུང་ནི་ཚར་བཅད་པས། །ཁོང་པའི་ནང་དུ་འདུ་བར་འགྱུར། །ཞེས་བྱ་བ་ལ། རྩོལ་བ་དྲགས་པ་ནི་ལུས་ལ་སོགས་པ་ལ་གནོད་པར་འགྱུར་བའི་ལས་དྲགས་པ་དང་། ཚ་བ་རྣོ་བའི་མེ་ཆེན་པོ་ལ་བརྟེན་པ་དང་།

གནོད་པར་འགྱུར་ཞིང་ལོག་པའི་ལས་སྤྱད་པ་ལས་ཀྱང་། ཁོང་པ་སྟེ་ཟས་ཞུ་བ་དང་མ་ཞུ་བའི་གནས་ཞེས་བྱ་བ་ལ། ཡན་ལག་དང་རུས་པ་དང་གནད་དུ་རླུང་ལ་སོགས་པའི་ནད་མྱུར་དུ་འཇུག་པར་འགྱུར་རོ། །དེ་ལ་ཡན་ལག་ནི་ཁྲག་ལ་སོགས་པའི་ལུས་ཟུངས་རྣམས་དང་པགས་པའོ། །
རུས་པ་ནི་རུས་པའི་ཚིགས་རྣམས་སོ། །གནད་ནི་སྙིང་དང་མགོ་བོ་ལ་སོགས་པ་སྟེ། དེ་དག་ཏུ་རླུང་མྱུར་བའི་བདག་ཅན་ཡིན་པས་ན་ནད་འཇུག་ཅིང་ལྡང་བར་བྱེད་དོ། །དེ་བཞིན་དུ་ཡན་ལག་དང་རུས་པ་དང་། གནད་རྣམས་ལ་ཡང་ཁོང་པའི་ནང་དུ་ཞུགས་པར་འགྱུར་ཏེ། ཅིའི་ཕྱིར་
ཞེ་ན། རྩ་རྣམས་ཀྱི་སྒོ་གང་ཡིན་པ་དེ་རྣམ་པར་སྦྱངས་པས་རྣམ་པར་དག་པའི་ཕྱིར། དེ་ཁོང་པར་འབྱུང་བར་འགྱུར་བ་དང་། དཀྱེལ་སོགས་ཤིང་འཕེལ་བས་འབྱུང་བར་འགྱུར་བ་དང་། དེ་བཞིན་དུ་འཛགས་ཤིང་ཞུ་བ་སྟེ། ལན་ཚྭ་དང་འོ་མ་ལ་སོགས་པ་འཛག་པར་འགྱུར་བའི་ཟས་ཟོས་པས་
འབྱུང་བར་འགྱུར་བ་དང་། དེ་བཞིན་དུ་སྨིན་པ་སྟེ། སྨིན་པར་བྱ་བ་ལ་སོགས་པ་སྟེ། མ་ཞུ་བ་མེད་པར་བྱས་པས་ཁོང་པའི་ནང་དུ་ཞུགས་པར་འགྱུར་རོ། །ཞེས་བྱ་བར་སྦྱར་བ་དང་། དེ་བཞིན་དུ་རླུང་འཐོར་བ་དང་། སྡུད་པར་བྱེད་པ་ཚར་བཅད་ཅིང་ཞུ་བར་བྱེད་པ་ཁོང་པའི་ནང་དུ་ནད་དེ་འདུ་
ཞིང་འབྱུང་བར་འགྱུར་བ་ཡིན་ནོ། །དེར་གནས་ནས་ཀྱང་རྒྱུ་དག་ལ། །སྡོད་ཅིང་རིང་དུ་ཐོགས་པ་ཡིན། །དེ་ནི་དུས་སོགས་སྟོབས་ཐོབ་ནས། །གཞན་ལ་བརྟེན་ཀྱང་ལྡང་བར་བྱེད། །ཅེས་བྱ་བ་ལ། ཁོང་པའི་ནང་དེར་གནས་ནས་ནད་དེ་ལྷན་ཅིག་བྱེད་པའི་རྒྱུ་དག་དང་མ་ཕྲད་ན་སྡོད་ཅིང་རིང་དུ་
ཐོགས་ཏེ། རང་གི་ཤུགས་འབྱིན་པར་བྱེད་དེ། དེ་ལྡང་བའི་རྒྱུ་གང་ཡིན་ཚེ་མ་ཚང་བས་ནད་སྐྱེད་པའི་ནུས་པ་དང་མི་ལྡན་པ་ཚེ་འགྱུར་བའི་རྒྱུ་གཞན་དག་ལ་སྡོད་ཅིང་རྒྱུ་མང་པོ་ལ་བཞེས་པས་ན་དེ་ལྡང་བས་ན་འགོར་བ་ཡིན་ནོ། །དེ་ནས་དེ་དུས་དང་གནོད་བྱ་དང་། ཡུལ་དང་རང་བཞིན་
གྱིས་སྟོབས་ཀྱི་ནུས་པ་ཐོབ་ཅིང་སྐྱེས་ནས་ལྡན་པར་བྱེད་དོ། །དེའི་ཚེ་གཞན་དག་ལ་བརྟེན་ཀྱང་ཞེས་བྱ་བ་ལ། ཕ་རོལ་པོ་དག་ལ་བརྟེན་ཀྱང་གནས་ཀྱང་རྒྱུའི་ཚོགས་པ་རྙེད་ན་ལྡང་བར་འགྱུར་རོ། །དེ་ལ་གནས་གཞན་གནས་པ་ནི། །དེ་ཉིད་སྟོབས་ནི་མེད་ཉིད་ལ། །གསོ་བར་བྱ་བ་རང་གི་ནི། །

སྟོབས་ཀྱིས་གཞན་ཟིལ་གནོན་བྱེད་ནའོ། །ཞེས་བྱ་བ་ལ་དེ་ལ་ནད་རྣམས་ལངས་ནས་གཞན་དག་ན་གནས་པའི་ཚེ་དེ་ཉིད་གསོ་བར་བྱའོ། །ཞེས་བྱ་བར་སྦྱར་རོ། །དེ་ལ་ཞེས་བྱ་བ་ནི། ངེས་པར་བཟུང་བ་སྟེ། ནད་དེ་རྣམས་ཀྱི་ནང་ན་གཞན་ན་གནས་པ་དེ་ཉིད་ཅེས་པ་དེ་དང་
འབྲེལ་བའི་བླ་ཐབས་སུ་ཞུགས་པ་དང་། འབྲེལ་པ་དེ་ནི་གཞན་གྱི་གནས་ན་གནས་པའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། སྟོབས་ནི་མེད་ཅེས་བྱ་བ་སྟེ། སྔ་ན་ཡོད་པའི་ནད་སྟོབས་ཆུང་བ་གཞན་དག་ལ་གནས་པའི་བླ་བརྣན་ལ་གསོ་བ་བྱའི། ནད་སྔ་མ་སྟོབས་དང་ལྡན་པ་ལ། བླ་ཐབས་སུ་
བྱུང་བ་ལ་བླ་བརྣན་དང་པོ་གསོ་བ་ནི་ངེས་པར་བཟུང་བ་སྟེ། གནས་གཞན་དང་འབྲེལ་པ་དེ་ཉིད་བླ་བརྣན་དུ་གྱུར་པ་ཡིན་ནོ། །ཡང་ན་སྔ་མ་སྟོབས་ཆུང་བ་གཞན་དག་ལ་གནས་པ་དང་ལྡན་པ་ལ་གནས་ན་ཅི་ཞིག་བྱ་ཞེ་ན། རང་གི་ནི། སྟོབས་ཀྱིས་གཞན་ཟིལ་གནོན་བྱེད་ནའོ། །ཞེས་བྱ་བ་
ཡིན་ཏེ། རང་ཉིད་གཞན་གྱི་གནས་ན་གནས་པ་ན་གསོ་བ་བྱའི། གཞན་གྱི་གནས་དང་འབྲེལ་བའི་ནི་མ་ཡིན་ཏེ། ཇི་ལྟ་བུ་ཞེ་ན། སྟོབས་ཀྱི་རང་གི་ནུས་པས་ནད་གཞན་ཟིལ་གྱིས་གནོན་ཅིང་རྒྱལ་བར་ནུས་པ་དེ་གསོ་བར་བྱ་སྟེ། གང་སྟོབས་དང་ལྡན་པ་གསོ་བའི་དོན་ནོ། །ཅི་གསོ་བའི་ངེས་
པར་འདིར་ཟད་དམ། རྣམ་པ་གཞན་དག་ཀྱང་འདི་ལ་ཡོད་ཅེ་ན། དེའི་ཕྱིར་སྨྲས་པ་ནི། བླ་བརྣན་ནད་ནི་ཞི་བྱས་ན། །རང་གནས་གནས་པ་གསོ་མི་དགོས། །ཞེས་བྱ་བ་སྟེ། ནད་བསལ་བའི་ཆོ་ག་ཇི་སྐད་བཤད་པས་བླ་བརྣན་ནད་སྟོབས་ཆུང་བ་ཡིན་ནོ། །ཞི་བར་བྱ་ཞིང་རྣམ་པར་བསལ་ན་རང་
གི་གནས་ན་གནས་པ་ཡང་གསོ་མི་དགོས་ཏེ། བླ་བརྣན་སྟོབས་ཅན་ལ་ནི་རང་གི་གསོ་བ་དང་འདྲ་བར་གསོ་དགོས་སོ། །དེས་ན་གཞན་གྱི་གནས་སུ་སོང་བའི་ནད་ནི་སྟོབས་ཆུང་བ་ཡིན་ཡང་དེ་ཉིད་གསོ་བར་བྱའོ། །ཡང་ན་རང་གི་གནས་ན་གནས་པའི་ནད་གསོས་ནས། དེའི་འོག་ཏུ་བླ་བརྣན་གསོར་
ཡང་རུང་ངོ་། །སྟོབས་དང་ལྡན་པའི་ནད་གཞན་གྱི་གནས་ན་གནས་པ་ལ་ནི་རང་གི་དང་འདྲ་བར་གསོ་བར་བྱའོ། །ད་ནི་གཞན་གྱི་རྩིབ་ལོགས་སུ་འགྲོ་བའི་ནད་རྣམས་ལ་མཆོག་ཏུ་གསོ་བར་བྱ་བ་བསྟན་པའི་ཕྱིར་སྨྲས་པ་ནི། ཕལ་ཆེར་རྩིབ་ལོགས་འགྲོ་བའི་ནད། །ནད་པ་ཡུན་རིང་ཉོན་མོངས་བྱེད། །

ལུས་མེའི་སྟོབས་ནི་ཤེས་པ་ཡིས། །དེ་ལ་རིངས་ཐབས་དག་མི་བྱ། །དེ་ནི་སྦྱོར་བས་ཞི་བའམ། །ཁོང་དུ་བདེ་བར་བསྡུ་བར་བྱ། །ཁོང་དུ་འདུས་པར་ཤེས་ནས་ནི། །ཇི་ལྟར་ཉེ་བ་བཞིན་དུ་བསལ། །ཞེས་བྱ་བ་ཡིན་ཏེ། ཕལ་ཆེར་ཞེས་པ་མང་དུ་རྩིབ་ལོགས་སུ་འགྲོ་ཞིང་རྩིབ་ལོགས་
གཡས་གཡོན་ན་རྒྱུ་བའི་ནད་རླུང་ལ་སོགས་པ་ནི་ནད་པ་སྡུག་བསྔལ་བ་དང་ལྡན་པ་ཡུན་རིང་ཞིང་དུས་རིང་དུ་ཉོན་མོངས་ཤིང་སྡུག་བསྔལ་བར་བྱེད་དོ། །ནད་རྩིབ་ལོགས་སུ་འགྲོ་བ་དེ་རྣམས་ལ་དེ་ནི་ལུས་ཀྱི་མེ་སྟོབས་ཤེས་ཤིང་རྟོགས་པའི་སྨན་པས་ནད་དེ་ལས་མྱུར་བ་རིངས་ཐབས་སུ་དེའི་གསོ་བ་
དག་མི་བྱའོ། །འོ་ན་ཅི་ཞིག་བྱ་ཞེ་ན། ནད་སྦྱོར་བར་ཤེས་པ་རིགས་པ་དང་ལྡན་པས་ཞི་བར་བྱ་བའམ། ཁོང་པའི་ནང་དུ་བདེ་བར་བསྡུ་ཞིང་ནང་དུ་ཆུད་པར་བྱས་ལ། དེའི་འོག་ཏུ་གཟོད་གསོའོ། །དེ་ཡང་ནད་དེ་ཁོང་དུ་འདུས་ཤིང་ཆུད་པར་ཤེས་ནས་རྩིབ་ལོགས་སུ་འགྲོ་བའི་ནད་དེ་ནང་དུ་
བསྡུས་ནས། སྣའམ་ཁའམ་བཤང་བའི་སྒོ་ལ་སོགས་པ་ནད་གང་དང་ཉེ་བའི་ལམ་དེ་ནས་སྐྱུག་སྨན་ལ་སོགས་པས་བསལ་བར་བྱ་ཞིང་ཕྱིར་གདོན་པར་བྱའོ། །རླུང་ལ་སོགས་པའི་དྲི་མ་རྩེ་མ་ཞིལ་ཞིང་མེ་ཞུ་བའི་བུ་ག་འགགས་པ་ལ་སོགས་པའི་སྤྱིའི་མཚན་ཉིད་བསྟན་པའི་ཕྱིར་སྨྲས་པ་ནི།
བུ་ག་འབྱུང་འགགས་སྟོབས་ཉམས་ཤིང་། །ལྕི་ཞིང་རླུང་ནི་ཁུང་དུ་འཁྲུལ། །ཁོང་སྙོམ་མི་འཇུ་མཆིལ་མ་མང་། །བཤང་གཅི་སྲི་དུབ་ཟས་མི་ལེན། །ནད་རྩེ་མ་ཞིལ་སྤྱི་ཡི་རྟགས། །རྩེ་ཞིལ་དེ་ལས་བཟློག་པ་ཡིན། །ཞེས་བྱ་བ་ལ། བུ་ག་འབྱུང་བ་འགགས་པ་ནི། །ནད་གྱེན་
དུ་མི་འབྱུང་བའོ། །སྟོབས་ཉམས་པ་ནི་སྟོབས་བཅོམ་པའོ། །ལྕི་བ་ནི་ལུས་དང་ཡན་ལག་ལྕི་བའོ། །རླུང་ཁུང་དུ་འཁྲུལ་བ་ནི་རླུང་གསལ་བར་མི་རྒྱུ་བའོ། །ཁོང་སྙོམ་པ་ནི་སྤྲོ་བ་ཆུང་བའོ། །མི་འཇུ་བ་ནི་ཟས་འཇུ་བར་མི་བྱེད་པའོ། །མཆིལ་མ་མང་བ་ནི་མཆིལ་སྣབས་འཛག་པའོ། །བཤང་
གཅི་སྲི་བ་ནི་བཤང་བ་ལ་སོགས་པ་འགགས་པའོ། །དུབ་པ་ནི་ཉམས་བྲི་བའོ། །ཟས་འབྲི་བ་ནི་ཟས་ལ་སྲེད་པ་མེད་པའོ། །དེ་ལྟ་བུའི་རྟགས་རྣམས་ནི། ནད་རྩེ་མ་ཞི་ལ་ཞིང་གཏིང་མ་ཕྱིན་པའི་སྤྱིའི་རྟགས་ཡིན་ནོ། །རྩེ་ཞིལ་དེ་ལས་བཟློག་པ་ཡིན། །ཞེས་བྱ་བ་ནི། རྩེ་བཅིལ་

ཞིང་ནད་ཞི་བའི་རྟགས་ནི་བཤད་མ་ཐག་པའི་ལས་གོ་བཟློག་པ་སྟེ། དེ་ཡང་རྩ་སྦུབས་དག་པ་དང་སྟོབས་སྐྱེ་བ་དང་། ཡང་བ་ཉིད་དང་། རླུང་ལུགས་སུ་འབྱུང་བ་དང་། ཁོང་སྙོམ་པ་མེད་པ་དང་། ཟས་འཇུ་བ་དང་མཆིལ་མ་ཉུང་བ་དང་། དྲི་མ་རྣམས་བདེ་བར་འབྱུང་
བ་དང་། ཟས་ཡི་གར་འོང་བ་དང་། སྤྲོ་བ་དང་ལྡན་པ་སྟེ། འདི་དག་ནི་ནད་མེད་པའི་མཚན་ཉིད་ཡིན་ནོ། །ཡང་མ་ཞུ་བའི་མཚན་ཉིད་ཅི་ཞིག་དང་ལྡན་ན། རླུང་ལ་སོགས་པ་ལ་མ་ཞུ་བའམ། ནད་ཀྱི་ལྷག་མ་དང་བཅས་པ་ཞེས་བྱ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། ཁོང་པའི་དྲོད་སྟོབས་ཆུང་ཉིད་
ཀྱིས། །ལུས་ཟུངས། དང་པོ་མི་འཇུ་བ། །ནད་ནི་ཕོ་བར་ཞུགས་པ་དག །དངས་མ་མ་ཞུ་ཡིན་པར་བཤད། །ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། ལུས་ཟུངས་ཀྱི་དང་པོ་དང་། དངས་མ་ཆེན་པོ་ཞེས་བྱ་བ་སྟེ་ཁོང་པའི་དྲོད་ཆུང་བ་ཉིད་ཀྱིས་འཇུ་ཞིང་སྨིན་པར་མ་གྱུར་པ་རླུང་ལ་སོགས་པའི་ནད་དང་འདྲེས་པ་རང་
གི་གནས་ཕོ་བར་ཞུགས་པ་གནོད་པར་འགྱུར་པ་དེ་ནི་དངས་མ་མ་སྨིན་ཅིང་མ་ཞུ་བ་ཡིན་ནོ། །ཞེས་ལ་ལ་དག་འདོད་དོ། །གཞན་དག་ནད་ཉིད་རབ་འཁྲུགས་པ། །རབ་གདུག་ཕན་ཚུན་འདོམ་ལས་བྱུང་། །ཀོ་དྲ་བ་ཡི་དུག་བཞིན་དུ། །ནད་ཚབས་ཆེན་པོ་འབྱུང་བར་བཤད། །ཅེས་བྱ་བ་ལ།
སློབ་དཔོན་གཞན་དག་ནི་མ་ཞུ་བའི་འབྱུང་བའི་ཚུལ་དུ་འདོད་དེ། རླུང་ལ་སོགས་པའི་ནད་ཉིད་རབ་ཏུ་འཁྲུགས་ཤིང་ཤིན་ཏུ་སོགས་པ་ལས་དུས་ཕྱིས་ཞིག་ན་ཁ་ཟས་མང་བ་རབ་ཏུ་གདུག་པ་ཕན་ཚུན་གཅིག་ལ་གཅིག་འདོམ་ཞིང་འདྲེས་པར་གྱུར་པ་ཉིད་ལས་མ་ཞུ་བ་འབྱུང་བར་འདོད་དེ། དེ་ཡང་དཔེར་ན་
ཀོ་དྲ་ཞེས་བྱ་བའི་འབྲུ་ལས་དུས་དང་ཡུལ་གྱི་རྒྱུ་ལ་ལྟོས་ན་དུག་ཏུ་འགྱུར་བར་བཤད་དོ། །དེས་ན་འདི་སྐད་སྟོན་པར་འགྱུར་ཏེ། དཔེར་ན་ཀོ་དྲ་བ་ཉིད་དུག་ཏུ་འགྱུར་བ་བཞིན་དུ་ནད་རྣམས་ཀྱང་ཚབས་ཆེན་པོར་འཁྲུགས་པ་ལས་རང་ཉིད་ཆ་ལས་མ་ཞུ་བ་འབྱུང་བར་འགྱུར་རོ། །དེ་བས་ན་ལུས་ལ་
སོགས་པ་ལས་མ་ཞུ་བའི་དོན་གཞན་དག་ཡིན་པར་ཤེས་པར་བྱ་བའི་ཕྱིར་སྨྲས་པ་ནི། ནད་ཚབས་དེ་དང་འདྲེས་པ་དང་། །གནོད་པ་གནོད་བྱ་གནོད་འགྱུར་དང་། །ནད་གཞན་གང་དག་དེ་ལས་བྱུང་། །མ་ཞུ་བ་དང་བཅས་པར་བཤད། །ཅེས་བྱ་བ་ལ། ཇི་སྐད་བཤད་པའི་མ་ཞུ་བ་དེ་དང་།

རླུང་ལ་སོགས་པའི་ནད་འདྲེས་ཤིང་། གཅིག་ཏུ་གྱུར་པ་ལ་མ་ཞུ་བ་དང་བཅས་པ་ཞེས་བཤད་དོ། །དེ་བཞིན་དུ་གནོད་བྱ་སྟེ་དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་དང་བཤང་བ་ལ་སོགས་པའི་དྲི་མ་དེ་རྣམས་དང་མ་ཞུ་བ་དེ་ཉིད་ཀྱིས་གནོད་པར་གྱུར་པ་ལ་མ་ཞུ་བ་དང་
བཅས་པ་ཞེས་བྱའོ། །དེ་བཞིན་དུ་ནད་གཞན་གང་དག་རླུང་ཁོང་དུ་འཁྱིལ་པ་ལ་སོགས་པ་དེ་ལས་བྱུང་བ་དེ་རྣམས་ནི་ནད་མ་ཞུ་བ་དང་བཅས་པར་བཤད་དོ། །ཅི་དེ་དག་བཀྲུ་སྨན་དང་སྐྱུག་སྨན་ལ་སོགས་པས་མོད་ལ་འབྱུང་བར་བྱའམ། འོན་ཏེ་བསལ་བར་མི་བྱ་
ཞེ་ན། དེའི་ཕྱིར་སྨྲས་པ་ནི། དེ་ནི་ལུས་ཀུན་ཞུགས་གྱུར་པ། །ནད་ནང་ཞུགས་ཏེ་རྩེ་མ་བཅིལ། །མ་སྨིན་དབྱུང་བར་མི་བྱ་སྟེ། །མ་སྨིན་ཤིང་ཐོག་ཁུ་བར་མཚུངས། །ཞེས་བྱ་བ་ལ། མ་ཞུ་བ་དང་འདྲེས་ཤིང་ལྷན་ཅིག་གནས་པའི་ནད་དེ། ལུས་
ཀུན་ཏུ་ཁྱབ་ཅིང་མགོ་ནས་རྐང་པའི་བར་དུ་ཞུགས་པས་ཁྱབ་པར་བྱས་པ། ནད་ནང་དུ་ཞུགས་པ་རྩ་དང་རྒྱུས་པ་ཕྲ་མོ་ཡན་ཆད་ཀྱི་ཚིགས་ལ་ཁྱབ་ཅིང་ཞུགས་པ་དངས་མ་ལ་སོགས་པའི་ལུས་ཟུངས་ལ་ཞེན་ཅིང་དབྱུང་དཀའ་བ། གནས་ལས་མ་འགུལ་བ་དེ།
སྨིན་ཅིང་སྙི་བར་མ་བྱས་པར་སློན་སྨན་ལ་སོགས་པས་དབྱུང་བར་མི་བྱ་སྟེ། དེ་ནི་སྨིན་པའི་ཆོ་ག་མ་བྱས་པར་ཕྱུང་ན་གནོད་པ་ཆེན་པོ་ཉིད་དུ་འགྱུར་རོ། །འདི་ཉིད་དཔེས་བསྟན་པར་བྱ་བའི་ཕྱིར། མ་སྨིན་ཤིང་ཏོག་ཁུ་བར་མཚུངས། །ཞེས་བྱ་བ་སྨོས་པ་
ཡིན་ཏེ། མཚུངས་ཞེས་བྱ་བའི་སྒྲ་ནི་འདྲ་བའི་དོན་ཏེ། དཔེར་ན་མ་དུ་ལུང་ཀ་དང་། སྐྱུ་རུ་ར་དང་རྒུན་འབྲུམ་སོགས་པའི་ཤིང་ཏོག་མ་སྨིན་ཅིང་མ་ཚོས་པ་ལས། ཁུར་བ་བཙིར་བ་ན་ཁུ་བ་ཐམས་ཅད་འབྱུང་བར་མི་ནུས་ཀྱི། འབྲས་བུ་ཉིད་རླག་པར་འགྱུར་ཏེ།
དུས་ལ་མ་བབ་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་དཔེ་བསྟན་པའི་དོན་གསལ་བར་བཤད་པའི་ཕྱིར་སྨྲས་པ་ནི། དེ་ནི་དབྱུང་བར་དཀའ་བས་ན། །རྟེན་ནི་འཇིག་པར་བྱེད་པར་འགྱུར། །ཞེས་བྱ་བ་ཡིན་ཏེ། གང་གི་ཕྱིར་ནད་མ་སྨིན་པ་དེ་གནོད་པར་བྱེད་ཅིང་། ལུས་ཀུན་ལ་

ཁྱབ་པ་ལུས་ཟུངས་ལ་ཞེན་ཞིང་འདྲེས་པས་སྨིན་པའི་ཆོ་ག་མ་བྱས་པར་དབྱུང་དཀའ་བ་ཡིན་ཏེ། དེས་ན་རྟེན་ཞེས་བྱ་བ་ལུས་ཉིད་འཇིག་ཅིང་ཉམས་པར་བྱེད་པར་འགྱུར་ཏེ། ཤིན་ཏུ་དཀའ་བས་ཅུང་ཟད་ཙམ་ཡང་དབྱུང་བར་མི་ནུས་པ་ཡིན་ནོ། །དེ་དག་གི་སྨན་ཅི་
ཞིག་ཡིན་པ་བསྟན་པའི་ཕྱིར་སྨྲས་པ་ནི། དེ་ནི་སྨིན་དང་དྲོད་སྐྱེས་སྣུམ། །དུགས་བྱ་རྩེ་བཅིལ་དེ་བསིལ་བ། །ཇི་ལྟར་ཉེ་དང་སྟོབས་ཇི་བཞིན། །སྦྱང་བའི་དུས་སུ་བསལ་བར་བྱ། །ཞེས་བྱ་བ་ལ། ཉེས་པ་དེ་སྨིན་པ་ལ་སོགས་པ་བྱ་སྟེ། ནད་རྣམས་སྨིན་ཅིང་ཞུ་བར་བྱེད་པས་
ནི་སྨིན་བས་ཏེ། དེའི་ཕྱིར་སྨྲས་པ་མ་སྨིན་པ་ལུས་ཟུངས་ལ་ཞེན་པ་དབྱུང་བར་དཀའ་བ་སྟེ། སྨིན་པ་ལ་སོགས་པའི་རིམ་གྱིས་གནས་པར་བྱ་ལ། དེའི་འོག་ཇི་ལྟར་ཉེ་བ་དང་སྟོབས་ཇི་ལྟ་བ་བཞིན་དུ་སྦྱང་བའི་དུས་ལ་བབ་པ་དང་། སྦྱང་བའི་སྨན་གྱིས་བསལ་བར་བྱའོ། །དེ་ལ་ཇི་
ལྟར་ཉེ་བ་ནི་ནད་གང་ལམ་གང་དང་ཉེ་བ། ནད་དེ་ལམ་དེ་ཉིད་ནས་བསལ་བར་བྱའོ། །དེ་ཡང་མ་ཞུ་བའི་གནས་ལ་གནས་པ་ནི་སྐྱུག་སྨན་གྱིས་བསལ་བར་བྱའོ། །ཞུ་བའི་གནས་ལ་གནས་པ་ནི་མས་གཏོང་བས་བསལ་བར་བྱའོ། །མགོ་བོ་ལ་གནས་པ་ནི་སྣ་ནས་བཏང་བས་སོ། །སྟོབས་
ཇི་ལྟ་བ་བཞིན་ཞེས་བྱ་བ་སྟོབས་དང་ནད་ཚབས་ཤིན་ཏུ་ཆེ་བ་ནི། སྨན་རྣོ་བ་དང་ཚད་ཆེ་བས་བསལ་བར་བྱའོ། །སྟོབས་འབྲིང་ཙམ་ནི་འབྲིང་ཙམ་གྱིས་སོ། །སྟོབས་ཆུང་བ་ནི་འཇམ་པོས་སོ། །དེ་དག་ཉིད་བསལ་བར་བྱ་བའི་ཕྱིར་སྨྲས་པ་ནི། ཁ་ནས་རིགས་པར་སྨན་བཏང་བས། །མ་ཞུའི་
གནས་ལས་ནད་མྱུར་བསལ། །ནམ་ཚོང་ཡན་ཆད་སྣ་སྨན་གྱིས། །ཞུ་བའི་གནས་ཡོད་མས་གཏོང་བསལ། །ཞེས་བྱ་བ་ཡིན་ཏེ། ཁ་ནས་ཅི་རིགས་པར་སྨན་བཏང་བས་མ་ཞུ་བའི་གནས་ལས་ནད་མྱུར་དུ་བསལ་ཞིང་གདོན་པར་བྱའོ། །ནམ་ཚོང་ཡན་ཆད་ཀྱི་ནད་ནི་སྣ་ནས་སྨན་བཏང་
བས་བསལ་བར་བྱའོ། །ཞུ་བའི་གནས་ལྟེ་བ་མན་ཆད་ན་གནས་པ་དག་ནི་མས་གཏོང་བ་སྟེ། བཤང་སྒོ་ནས་སྨན་བཏང་བས་ནད་མྱུར་དུ་བསལ་བར་བྱའོ། །ནད་འབྱུང་བར་རྩོམ་པའི་མ་སྨིན་པར་ནི་རང་ཉིད་འབྱུང་ཡང་དགག་པར་མི་བྱ་སྟེ། ཁྲག་མཁྲིས་དང་ཚད་པར་འཁྲུ་བ་

དང་པོར་འབྱུང་བ་ན། དགག་པར་མི་བྱ་སྟེ། དེ་ནི་ནད་དུ་མའི་རྒྱུར་འགྱུར་རོ། །ཞེས་བསྟན་པའི་ཕྱིར། སྟེང་ངམ་འོག་ཏུ་འབྱུང་བར་རྩོམ། །ནད་ནི་རང་ཉིད་འབྱུང་བས་ན། །སྨན་གྱིས་ནད་ནི་མི་དགག་སྟེ། །བཀག་ན་དེ་ཉིད་ནད་སྐྱེད་འགྱུར། །ཞེས་བྱ་བ་ལ། སྟེང་གི་ལམ་
ཁ་དང་སྣ་ཞེས་བྱ་བ་ལ། འོག་གི་ལམ་བཤང་སྒོ་དང་གཅི་སྒོ་ལས་ནད་རྣམས་འབྱུང་བར་རྩོམ་ཞིང་ཕྱིར་ཕྱོགས་པར་སྨྲས་ནས་འཐགས་པ་མ་སྨིན་པར་གྱུར་བ་དེ། རང་ཉིད་འབད་མི་དགོས་པར་འབྱུང་ཞིང་འབད་པས་ན། སྨན་གྱིས་གཅད་པའི་ཚུལ་གྱིས་ནད་དེ་མི་གཞག་ཅིང་དགག་པར་
མི་བྱའོ། །དེ་ཡང་གང་གི་ཕྱིར་སྨིན་པའི་ནད་རང་ཉིད་འབྱུང་བར་རྩོམ་པ་སྟེ། ནན་གྱིས་བཀག་ན་དེ་ཉིད་ནད་སྐྱེ་བའི་རྒྱུར་འགྱུར་རོ། །དེ་བས་དང་པོར་ནད་འབྱུང་ལ། །བསྡད་དེ་ཕན་པ་བཟའ་བར་བྱ། །ཞེས་བྱ་བ་ལ། དེ་བས་རྒྱུ་དེའི་ཕྱིར་དང་པོར་ནད་འབྱུང་བ་ལ་ནན་གྱིས་བཀག་
པ་ནི་ཤུགས་བཀག་པའི་རྒྱུར་འགྱུར་བས་སྨན་གྱིས་མི་བཟློག་པར་བཏང་སྙོམས་སུ་བྱ་ཞིང་བསྡད་པར་བྱའོ། །གང་གིས་ཤེ་ན། ཕན་པ་བཟའ་ཞེས་བྱ་བ་སྟེ། ནད་པ་ཟས་སུ་མཐུན་པའི་ཁ་ཟས་ཕན་ཞིང་བསོད་པ་བཟའ་ཞིང་ལོངས་སྤྱད་པར་བྱའི། དེར་ནི་དགག་པར་ཡང་མི་བྱ་ལ།
སྦྱང་བར་ཡང་མི་བྱ་སྟེ། རང་ཉིད་འབྱུང་བ་ཡིན་པའི་ཕྱིར། བཏང་སྙོམས་སུ་སྡོད་པ་ཉིད་འདིར་སྨན་ཡིན་ནོ། །འཁྱིལ་ལ་སྨིན་པ་དེ་དང་དེས། །སྨིན་བྱས་དེ་བཞིན་བསལ་བར་བྱ། །ཞེས་བྱ་བ་ལ། མ་སྨིན་པའི་ནད་དེ་འཁྱིལ་ཞིང་འགགས་ན། སྨིན་པར་བྱེད་པའི་སྨན་དེ་དང་
དེས་སྨིན་པར་བྱས་ཤིང་དབྱུང་དུ་རུང་བར་བྱས་ནས། དེ་བཞིན་དུ་སྔར་ཇི་སྐད་བསྟན་པའི་ལམ་ནས་འབྱུང་ཞིང་བསལ་བར་བྱའོ། །སྔར་ནད་ཀྱི་དཀྱེལ་སོགས་དུས་སུ་བསལ་ཞེས་སྨོས་ན། དེ་ཅི་ལྟར་བསལ་བར་བྱ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། དབྱར་སྟོན་ཐ་ཆུངས་དཔྱིད་ཟླ་
འབྲིང་། །ཐུན་མོང་དུས་སུ་རིམ་བཞིན་དུ། །སོ་ག་དབྱར་དང་དགུན་བསགས་པའི། །རླུང་སོགས་ནད་ནི་མྱུར་དུ་བསལ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སོ་ག་ལ་སོགས་པ་དུས་གསུམ་ནི་གསོ་བར་བྱ་བ་བསགས་པར་འགྱུར་བའི་ནད་ནི་དབྱར་ཟླ་ཐ་ཆུངས་དང་། སྟོན་ཟླ་

ཐ་ཆུངས་དང་། དཔྱིད་ཟླ་འབྲིང་པོ་དག་ཐུན་མོང་གི་དུས་ཡིན་པས། རིམ་བཞིན་དུ་བསལ་བར་བྱ་སྟེ། སོ་གའི་དུས་སུ་བསགས་པའི་རླུང་དབྱར་ཟླ་ཐ་ཆུངས་ལ་བསལ་བར་བྱའོ། །དབྱར་བསགས་པའི་མཁྲིས་པ་སྟོན་ཟླ་ཐ་ཆུངས་ལ་བསལ་བར་བྱའོ། །དགུན་
བསགས་པའི་བད་ཀན་དཔྱིད་ཟླ་འབྲིང་པོ་ལ་བསལ་བར་བྱའོ། །སོ་ག་དབྱར་དང་དགུན་གྱི་ཚེ། །རབ་ཚ་ཆར་དང་གྲང་བའི་དུས། །ཞེས་བྱ་བ་ལ། གང་གི་ཕྱིར་སོ་ག་དང་དབྱར་དང་དགུན་གྱི་ཚེ་ནི་རིམ་པ་བཞིན་དུ་རབ་ཏུ་ཚ་བ་དང་། ཆར་འབབ་པ་དང་གྲང་བའི་དུས་ཡིན་ནོ། །
དེ་ལ་རབ་ཏུ་ཚ་བ་ནི་སོ་གའི་དུས་སོ། །རབ་ཏུ་ཆར་པ་འབབ་པ་ནི་དབྱར་གྱི་དུས་སོ། །རབ་ཏུ་གྲང་བ་ནི་དགུན་གྱི་དུས་སོ། །དེ་རྣམས་དུས་མཚུངས་ཐུན་མོང་སྟེ། །དེ་ཚེ་ནད་ནི་མི་བཟད་བསལ། །ཞེས་བྱ་བ་ལ་རབ་ཏུ་ཚ་བ་དང་། ཆར་འབབ་པ་དང་། གྲང་བའི་དུས་སོ་ག་དང་དགུན་
ཞེས་བྱ་བ། དྲོ་བ་དང་ཆར་འབབ་པ་ཆ་མཉམ་པའི་དུས་དེའི་ཚེ། རླུང་ལ་སོགས་པའི་ནད་མི་བཟད་ཅིང་གནོད་པ་བསལ་ཞིང་སྦྱང་བར་བྱའོ། །ཐ་མལ་བདེར་གནས་དབང་བྱས་ཀྱི། །ནད་པ་ནད་ཀྱི་དབང་དུ་ནི། །གྲང་ཚ་ཆར་གྱི་དུས་དག་གི ། གཉེན་པོ་ཅི་བཞིན་བྱས་ནས་ནི། །
སྦྱོར་བའི་དུས་སུ་བབ་པ་ན། །བྱ་བ་དུས་ལ་མི་སྡོད་དོ། །ཞེས་བྱ་བ་ལ། ངས་དེ་ལྟར་བཤད་པ་ནི། ཐ་མལ་པར་བདེ་བར་གནས་པའི་དབང་དུ་བྱས་ཤིང་། དེ་ལ་དམིགས་ནས་ཐུན་མོང་གི་ཉིན་ཞག་རྣམས་ལ། སློན་སྨན་ལ་སོགས་པ་བཏང་བ་བཤང་བ་ཡིན་གྱི། ནད་
པའི་དབང་དུ་བྱས་ནས་སྨྲས་པ་ནི་མ་ཡིན་ཏེ། དེའི་ནད་ནི་གནོད་པར་བྱེད་དྲགས་པ་ཡིན་པས་བཏང་སྙོམས་སུ་གཞག་སྟེ། གསོར་རུང་བ་ཡང་གསོར་མི་རུང་བར་འགྱུར་རོ། །དེ་ལ་ནད་པ་ལ་ནི་ནད་སྐྱེད་པར་གྱུར་པའི་ནད་ཀྱི་དབང་དུ་བྱས་ནས། ནད་དང་རྗེས་སུ་མཐུན་པར་
གྲང་བ་དང་ཚ་བ་དང་། ཆར་གྱི་དུས་དག་གི་གཉེན་པོ་ཇི་ལྟ་བ་བཞིན་དུ་བཅོས་མ་མ་ཡིན་པ་ལེགས་པར་བྱ་ཞིང་དུས་ཀྱི་ཡོན་ཏན་ཇི་ལྟ་བ་ལས་གོ་བཟློག་པ་དང་། སྦྱོར་བ་དང་ལས་བྱ་བ་དང་། ཚད་བརྟགས་པས་སྨན་གྱི་ལས་ཉེ་བར་སྦྱར་ཞིང་། མ་ཡེངས་པ་ཁོ་ནར་ཉེ་བར་

སྦྱང་བར་བྱའོ། །དེ་ཡང་གཉེན་པོ་ཇི་ལྟ་བ་བཞིན་དུ་བྱ་བ་སྟེ། གྲང་བ་དང་དྲོ་བ་དང་། དྲོ་ལ་གྲང་བར་བྱ་བ་དང་། སྦྱོར་བའི་དུས་ཏེ། ནད་ཀྱི་དབང་གིས་གསོ་བར་བྱ་བའི་དུས་སུ་བབ་པ་ན། བྱ་བའི་དུས་དེ་ལ་མི་བསྡད་ཀྱི། དུས་ལས་མི་འདའ་བར་བྱའོ། །སྨན་ནི་
ཟས་མ་ཟོས་སྔོན་དང་། །དབུས་དང་མཐའ་དང་ཁམ་གྱི་བར། །ཟས་བར་ཙེག་བུ་ཟས་བཅས་དང་། །ཟས་མནན་མཚན་མོ་བཏུང་བའོ། །ཞེས་བྱ་བ་ལ། སྨན་དུས་སྐབས་བཅུར་སྦྱར་ཞིང་གཏང་བར་བྱའོ། །དེ་ལ་ཟས་མ་ཟོས་པ་ནི་གང་དུ་སྨན་གཅིག་པུ་དགོས་པ་དེ་ལ་
ནི་ཟས་མ་ཟོས་པ་ཞེས་བྱའོ། །སྔོན་དང་ཞེས་པ་ནི་ཟས་ཟ་བའི་སྔོན་དུ་སྨན་ཟོས་ན། དེའི་རྗེས་ཐོགས་ཉིད་ལའོ། །དབུས་ནི་གང་ཟས་ཀྱི་བར་དུའོ། །ཐ་མ་ནི་ཟས་ཟོས་པའི་རྗེས་ཐོགས་ལའོ། །ཁམ་གྱི་བར་ཞེས་བྱ་བ་ནི་སྨན་གྱི་ཁམ་ཟས་དང་འདྲེས་མར་བཟའ་བའོ། །
ཟས་བར་དུ་ཞེས་བྱ་བ་ནི་གང་ཟས་ཀྱི་བར་བར་དུ་བཟའ་བའོ། །ཙེག་བུ་ནི་ཡང་ཡང་སྐད་ཅིག་རེ་རེ་ཞིང་ཟས་ཟོས་པའམ། མ་ཟོས་པའི་སྐབས་སུ་ཟ་བའོ། །ཟས་བཅས་ནི་ཟས་དང་ལྷན་ཅིག་བཅོས་པའམ། ཕྱིས་བསྲེས་ཏེ་བཟའ་བའོ། །ཟས་མནན་ནི་ཁ་སྦྱར་གྱི་ཚུལ་དུ་
སྔར་སྨན་ཟོས་ནས་བར་དུ་ཟན་ཟ་བ་སྟེ། ཕྱིས་ཀྱང་སྨན་གྱིས་མནན་པའོ། །བད་ཀན་བདོ་འདས་ནད་པ་ནི། །ཉམས་སྟོབས་ལྡན་ལ་མ་ཟོས་གཏང་། །ཞེས་བྱ་བ་ལ། བད་ཀན་གྱི་ཤས་ཆེ་ཞིང་བདོ་བའི་དུས་འདས་ཤིང་བད་ཀན་ལྡང་བའི་དུས་ཚོད་ཡོལ་བའི་ནད་དང་། ནད་པ་
ཉམས་སྟོབས་དང་ལྡན་པ་ལ། ཟས་མ་ཟོས་པའི་སྔར་ཟས་མེད་པར་གཏང་བར་བྱའོ། །ཐུར་སེལ་རླུང་ལ་ཟས་སྔར་གཏང་། །མཉམ་གནས་ལྡང་ལ་བར་དུ་ཡིན། །ཞེས་བྱ་བ་ལ། ཐུར་དུ་སེལ་བ་ཞེས་བྱ་བའི་རླུང་གི་ནད་ལྡང་བར་གྱུར་ན། ཟས་ཀྱི་དང་པོ་ཉིད་དུ་སྨན་བཏང་ལ།
དེའི་རྗེས་ཐོགས་ཁོ་ན་ལ་ཟས་བཟའ་བར་བྱའོ། །རླུང་མེ་དང་ལྷན་ཅིག་གནས་པ་ཞེས་བྱ་བ་ལྡང་བར་འགྱུར་ལ། ཟས་ཀྱི་བར་དུ་སྨན་བཟའ་བར་བྱ་སྟེ། ཟས་ཀྱི་ཕྱེད་ཟོས་པ་དང་། བར་དུ་སྨན་ཟོས་པ་དང་། དེའི་འོག་ཏུ་ཟས་ལྷག་མ་རྣམས་བཟའ་བར་བྱའོ། །ཁྱབ་བྱེད་ནང་པར་ཟས་

ཟའི་མཐའ། །གྱེན་རྒྱུའི་རླུང་ལ་དགོངས་ཀའོ། །ཞེས་བྱ་བ་ལ། རླུང་ཁྱབ་བྱེད་ཅེས་བྱ་བ་ལྡང་བར་གྱུར་པ་ན། ནང་པར་ན་སྔ་དྲོ་ཟས་ཟ་བའི་མཐའ་མ་རྫོགས་ཀར་སྨན་གཏང་བར་བྱའོ། །གྱེན་དུ་རྒྱུ་བ་ཞེས་བྱ་བ་ལ། དགོངས་ཀའི་ཟས་བཟའ་བའི་
མཐའ་མར་སྨན་བཟའ་བར་བྱའོ། །སྲོག་ཅེས་བྱ་བའི་རླུང་ལྡང་ལ། །ཁམ་གྱི་བར་དང་ཟས་བར་བཟའ། །ཞེས་བྱ་བ་ལ། སྲོག་ཅེས་བྱ་བའི་རླུང་ལྡང་ཞིང་། འཁྲུགས་པ་ལ་ཁམ་གྱི་བར་དང་། དེ་བཞིན་དུ་ཟས་ཀྱི་བར་ཏེ། དབུས་སུ་སྨན་བཟའ་བར་བྱ་སྟེ། ཡང་ཁམ་སྤག་
ཅིང་བཟའ་བར་བྱའོ། །བཟའ་བའི་བར་བར་དུ་བཟའ་བའོ། །དུག་དང་སྐྱུག་ལུད་དབུགས་མི་བདེ། །སྐོམ་དད་སྐྱེ་ལ་ཙེག་བུའོ། །ཞེས་བྱ་བ་ལ། དུག་འཐུངས་པ་དང་སྐྱུགས་པ་དང་། ལུད་པ་དང་དབུགས་མི་བདེ་བ་དང་། སྐོམ་དད་སྐྱེ་བ་ལ་ཙེག་བུར་ཡང་ཡང་བཟའ་བ་ཟས་
ཟོས་སམ། མ་ཟོས་པའི་སྐབས་སུ་བྱའོ། །ཡི་ག་འཆུས་ལ་སྣ་ཚོགས་ཟས། །སྨན་དང་ཟས་བཅས་སྦྱར་བར་བྱ། །ཞེས་བྱ་བ་ལ། བད་ཀན་གྱི་ཤས་ཆེ་བ་ཟས་མི་འདོད་པ་ལ། སྨན་སྦྱིན་པར་བྱ་བ་ནི། སྣ་ཚོགས་པའི་ཟས་དུ་མ་དག་དང་། ལྷན་ཅིག་སྨན་སྦྱིན་པར་བྱ་བ་ཡིན་
པས་ན། ཟས་དང་བཅས་པར་སྦྱར་བར་བྱའོ། །སྐྱིགས་བུ་ལུས་འདར་ལག་འདར་དང་། །ཟས་ཉུང་ཟ་ལ་མནན་པ་གཏང་། །ཞེས་བྱ་བ་ལ། སྐྱིགས་བུ་ལ་སོགས་པའི་ནད་རྣམས་དང་། ཟས་ཉུང་ངུ་ཟ་བ་ལ་སྨན་གྱིས་མནན་པ་གཏང་བར་བྱ་སྟེ། སྨན་གྱིས་མནན་པ་
ཞེས་བྱ་བ་ནི་གང་ཟས་ཀྱི་སྔོན་དང་ཕྱི་ནས་སྨན་བཏང་ལ། གང་གིས་ཟས་དེ་ཟ་མ་ཏོག་གི་ནང་དུ་བཅུག་པ་ལྟར་སྨན་གྱིས་སྟེང་འོག་ནས་བཏབ་སྟེ། གནས་པ་དེ་ལ་མནན་པ་ཞེས་བྱའོ། །ནམ་ཚོང་ཡན་ཆད་ནད་ལ་ནི། །མཚན་མོའི་དུས་སུ་བཏང་བ་བསྔགས། །ཞེས་བྱ་བ་ལ།
ནམ་ཚོང་ཡན་ཆད་ཀྱི་ནད་མིག་དང་གདོང་འགྱུར་བ་ལ་སོགས་པའི་ནད་ལ་མཚན་མོ་ཉལ་ཁར་སྨན་བཏང་བ་རབ་ཏུ་བསྔགས་ཤིང་མཆོག་ཏུ་འདོད་པར་བྱ་བ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ་སློབ་དཔོན་ཟླ་བ་ལ་དགའ་བས་

རྣམ་པར་སྦྱར་བ་ལས་ལེའུ་བཅུ་གསུམ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་གསོ་བའི་ཐབས་རྣམ་པ་གཉིས་བསྟན་པའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། རླུང་ལ་སོགས་པའི་ནད་རྣམས་ཀྱི་གསོ་བའི་ཐབས་སྣུམ་ཆོས་བྱ་བ་ལ་སོགས་པ་རྣམ་པ་དུ་མ་ཞིག་བཤད་པ་
ཡིན་ཏེ། རྣམ་པ་དུ་མ་ཞིག་ཡོད་དུ་ཟིན་ཀྱང་ཉམས་བརྟ་བ་དང་། ཉམས་སྨད་པའི་ཚུལ་རྣམ་པ་གཉིས་ལས་མི་འདའ་བ་ཡིན་ནོ། །དེ་བས་ན་དེའི་འོག་ཏུ་གསོ་བ་རྣམ་པ་གཉིས་ཀྱི་ལེའུ་བརྩམས་པ་ཡིན་ལ། གསོ་བ་རྣམ་པ་གཉིས་པོ་དེ་སྟོན་ཅིང་གང་དུ་གསོ་བ་གཉིས་པོ་དེའི་ངེས་པ་
བསྟན་པའི་ལེའུ་ལ་ནི་གསོ་བའི་ཐབས་གཉིས་བསྟན་པའི་ལེའུ་ཞེས་བྱ་སྟེ། དེ་བཤད་པར་བྱའོ། །ཞེས་པའོ། །གསོ་བ་གཉིས་པའི་རིགས་པ་བསྟན་པར་བྱ་བའི་ཕྱིར། གསོ་བ་རྣམ་པ་གཉིས་ཡིན་ཕྱིར། །གསོ་ཐབས་རྣམ་པ་གཉིས་སུ་འདོད། །ཅེས་བྱ་བ་ཡིན་ཏེ། གསོ་བ་རྣམ་
པ་གཉིས་ཁོ་ན་སྟེ། གཅིག་ནི་ཉམས་བརྟ་བའི་ཚུལ་གྱིས་གསོ་བའོ། །གཉིས་པ་ནི་ཉམས་སྨད་པའི་ཚུལ་གྱིས་གསོ་བར་བྱ་བ་ཡིན་ཏེ། གང་གི་ཕྱིར་གསོ་བར་བྱ་བའི་ནད་དམ། ཡང་ན་དེ་ལྡན་པའི་སྐྱེས་བུ་ནི་ཉམས་བརྟ་བས་གསོ་བར་བྱ་བའམ། ཉམས་སྨད་པས་གསོ་བར་བྱ་
བ་ཡིན་གྱི། དེ་ལས་གཞན་པའི་ཕྱོགས་གསུམ་པོ་ཡོད་པ་མ་ཡིན་ནོ། །དེ་བས་ན་གསོ་བའི་ཐབས་ནི་རྣམ་པ་གཉིས་ཁོ་ན་ཡིན་ལ། གསོ་བ་དང་ནད་གསོ་བའི་ཐབས་དང་བྱ་བའི་རིམ་པ་ཞེས་བྱ་བ་ནི་དོན་གཅིག་ཡིན་ནོ། །དྲང་སྲོང་ཙ་ར་ཀའི་གཞུང་ལ་བརྟེན་པ་གཞན་དག་ནི་གསོ་བའི་
ཐབས་སྨྱུང་བ་ལ་སོགས་པ་བཞིར་འདོད་མོད་ཀྱི། སྨྱུང་བ་ལ་སོགས་པ་ནི་འདི་ཉིད་ཀྱི་ནང་དུ་འདུས་པ་ཡིན་ནོ། །ཁོ་ན་ཞེས་བྱ་བ་ནི་ངེས་པར་བཟུང་བ་སྟེ། དེ་ཉིད་ཀྱི་ཕྱིར་སྨྲས་པ་ནི། དེ་གཅིག་བརྟ་བར་བྱ་བ་ཡིན། །གཉིས་པ་ཉམས་ནི་སྨད་པའོ། །ཞེས་བྱ་བ་ཡིན་ཏེ། གསོ་
བ་དེ་གཉིས་ལས་གསོ་བ་གཅིག་ནི་ཉམས་བརྟ་བའི་ཚུལ་ཡིན་ལ། །གཉིས་པ་ནི་ཉམས་བཙག་པ་ཡིན་ནོ། །དེ་དག་རྒྱས་བྱ་སྨྱུང་བ་ཞེས། །རྣམ་གྲངས་དག་ཏུ་བཤད་པ་ཡིན། །ཞེས་བྱ་བ་ལ། ཉམས་བརྟ་བ་དང་། ཉམས་སྨད་པ་དེ་དག་ནི་གོ་རིམས་བཞིན་དུ་རྒྱས་པར་བྱ་བ་

དང་། སྨྱུང་བ་ཞེས་བྱ་བའི་སྒྲས་མིང་གི་རྣམ་གྲངས་དག་ཏུ་བཤད་ཅིང་བསྟན་པ་དག་ལུང་ཤེས་པ་དག་གིས་བྱས་པ་ཡིན་ཏེ། དེ་དག་གི་དཀྱིལ་མིང་གི་རྣམ་གྲངས་བསྟན་པ་ཙམ་དུ་ཟད་དེ། ཞེས་བྱ་བའི་དོན་ཏོ། །ལུས་ཤ་རྒྱས་ཕྱིར་རྒྱས་བྱ་སྟེ། །ཡང་
བ་ཉིད་ཕྱིར་སྨྱུང་བར་བྱ། །ཞེས་བྱ་བ་ནི། དེ་ལ་རྒྱས་པར་བྱ་བ་ནི་ལུས་ཀྱི་ཤ་འཕེལ་ཞིང་རྒྱས་པར་བྱ་བའི་དོན་བྱེད་པ་སྟེ། དཔེར་ན་ཤ་དང་འོ་མ་ལ་སོགས་པ་ལྟ་བུའོ། །གང་ལུས་ཀྱི་ཡང་ཞིང་སྲབ་པ་ཉིད་དུ་གང་གིས་བྱེད་པ་དེ་ནི་སྨྱུང་བར་བྱ་བ་ཞེས་བྱ་བའོ། །དེ་དག་ཀྱང་ཅི་
ལྟ་བུའི་བདག་ཉིད་ཅན་ཡིན་ཞེ་ན། དེའི་ཕྱིར་སྨྲས་པ་ནི། དེ་ནི་ཕལ་ཆེར་ས་ཆུ་དང་། །ཅིག་ཤོས་ལས་ནི་གྱུར་པ་ཡིན། །ཞེས་བྱ་བ་ཡིན་ཏེ། རྒྱས་པར་བྱ་བ་དང་སྨྱུང་བ་དེ་གཉིས་ནི། ས་དང་ཆུ་དང་ཅིག་ཤོས་ལས་ནི་གྱུར་པ་ཡིན་ཏེ། དེ་ཡང་ས་དང་བཅས་པའི་ཆུ་
ཡིན་ན་ས་ཆུའོ། །དེས་ནི་འདི་སྐད་སྟོན་ཏེ། ས་དང་ཆུའི་རང་བཞིན་ཅན་གྱི་རྫས་ནི་རྒྱས་པར་བྱེད་པ་ཡིན་ཏེ། དེ་གཉིས་ཀྱི་ངོ་བོ་ཉིད་དེ་ཡིན་པའི་ཕྱིར་རོ། །སྨྱུང་བ་ནི་དེ་ལས་གཞན་པ་ཅིག་ཤོས་ཏེ། གང་ཅིག་ཤོས་ཤེ་ན། འདིར་དེའི་སྐབས་ཡིན་པས། ས་དང་ཆུ་
ལས་ཅིག་ཤོས་མེ་དང་རླུང་དང་ནམ་མཁའི་བདག་ཉིད་ཅན་ཡིན་ནོ། །ཕལ་ཆེར་ཞེས་སྨོས་པས་ནི་ཤིན་ཏུ་རྒྱས་པར་བྱེད་པ་ནི་ས་དང་ཆུ་ཡིན་ལ། ཤིན་ཏུ་སྨྱུང་བར་བྱེད་པ་ནི་ཅིག་ཤོས་མེ་དང་རླུང་དང་ནམ་མཁའ་ཡིན་པས་ན་དེ་སྐད་ཅེས་བྱའོ། །མེ་དང་རླུང་དང་ནམ་མཁའ་
ལ་རྒྱས་ཤིང་འཕེལ་བར་འགྱུར་བ་ཡེ་མེད་པ་མ་ཡིན་ལ། ས་དང་ཆུ་ལ་ཡང་སྨྱུང་བ་ཡེ་མེད་པ་མ་ཡིན་ཏེ། སྨན་རྣམས་ནི་འབྱུང་བ་ལྔའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །སྦྲེལ་གཞིར་གནས་པ་ཡང་སྲིད་དོ། །ལས་གང་སྣུམ་དང་དགག་པ་དང་། །དུགས་དང་ཁོང་
རྩུབ་བྱ་བ་སྟེ། །འབྱུང་བ་དེ་ཡང་གཉིས་ཡིན་ཕྱིར། །གཉིས་ལས་འདའ་བར་མི་བྱེད་དོ། །ཞེས་བྱ་བ་ལ། གསོ་བའི་ཐབས་མེད་དུ་སྨྲས་པ་དག་ཡོད་པའི་ཕྱིར། འདིར་སྨྲས་པ་ཡིན་ཏེ། འདི་ཉིད་ཀྱིས་ལས་སྣུམ་བག་ལ་སོགས་པ་བཞི་པོ་བཤད་པ་གང་ཡིན་པ། འདིའི་

ལས་ཡིན་གྱི། བརྟ་བར་བྱ་བ་དང་ཉམས་སྨད་པར་བྱ་བ་ལྟར་སྣུམ་ལ་སོགས་པ་བཞི་པོ་འདི་དག་དོན་ཐ་དད་པ་མ་ཡིན་ནོ། །འབྱུང་བའི་ལས་བཞི་པོ་དེ་དག་ཀྱང་བརྟ་བ་དང་ཉམས་སྨད་པ་གཉིས་ཀྱི་ཚུལ་ཅན་ཡིན་པའི་ཕྱིར་གཉིས་པོ་དེ་ལས་འདའ་བར་མི་བྱེད་དོ། འབྱུང་བ་རྣམས་
བརྟ་བ་དང་ཉམས་སྨད་པའི་རང་བཞིན་གཉིས་ཀྱིས་རྣམ་པ་གཉིས་ཡིན་པའི་ཕྱིར་དང་། དེ་བཞིན་དུ་མེ་དང་ཟླ་བའི་རང་བཞིན་རྣམ་པ་གཉིས་དང་ལྡན་པ་ཡིན་པས། དེ་ལས་རྒྱས་པའམ། འཕེལ་བ་དང་། སྨྱུང་བ་གཉིས་ལས་འདའ་བར་མི་བྱེད་དོ། །དེ་