Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 181

Văn bản gốc(Tây Tạng)

Trang 20 / 21 (50.000 ký tự/trang)
ི་ལྡོག་པ་བསྟན་པ་ནི་གཞན་ལས་ནི་མ་ཡིན་ནོ་ཞེས་བྱ་བའོ། །རང་རིག་པ་ཡིན་པར་བསྟན་པ་ནི་དེ་ལྟར་ཡང་ཞེས་བྱ་བའོ། །སྔར་གྱི་ཞེས་བྱ་བ་ནི་རྒྱུ་
འདས་པ་ནའོ། །དེ་མ་ཐག་ཉིད་དུ་ནི་གཞན་དུ་མི་འཐད་པ་ལ་སོགས་པའི་དཔྱད་པ་མེད་པར་རོ། །དེ་མེད་ན་ཞེས་བྱ་བ་ནི་རྒྱུ་མེད་ནའོ། །དེ་མེད་ན་འབྲས་བུ་མེད་པ་ནི་རྟོགས་བཞིན་པ་རྣམས་སོ། །སྔར་གྱི་ཞེས་བྱ་བ་ནི་ལྡོག་པ་ལས་སོ། །དེ་མེད་པ་ཡང་གཞན་མེད་པ་སྟེ་རྒྱུ་མེད་པ་ན་མེད་པ་ཞེས་བྱ་བ་ནི་རྗེས་སུ་
འགྲོ་བའི་སྟེ་རྟོགས་པ་ཞེས་བྱ་བར་སྦྱར་རོ། །གཞན་ལས་མི་འབྱུང་བའི་ཕྱིར་འབྲས་བུ་ཡིན་ན་གཞན་པ་ཙམ་མེད་ཀྱང་ཁྱད་པར་ཅན་གཞན་ལས་མེ་ལས་བཞིན་དུ་བ་ལས་ཀྱང་དུ་བ་འབྱུང་བའི་ཕྱིར་འབྲས་བུ་ཉིད་ལ་མེད་ན་མི་འབྱུང་བའི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་མེད་དོ་སྙམ་དུ་སེམས་པ་ནི་གལ་ཏེ་གཞན་
ལས་ཞེས་བྱ་བའོ། །ལྡོག་པ་མེད་དོ་ཞེས་བྱ་བ་ནི་ངེས་པར་གཟུང་བའམ་རྗེས་སུ་འགྲོ་བ་ཙམ་ལས་ཁྱད་པར་དུའོ། །ལྡོག་པ་ཡང་ཞེས་བྱ་བ་ནི་མེད་ན་མི་འབྱུང་ན་ཡང་ངོ་། །མ་མཐོང་བ་ལ་ཡང་ཞེས་བྱ་བ་ནི་ཤ་ཟ་ལ་སོགས་པ་གཞན་ལ་ཡང་ངོ་། །རྒྱུ་མེའི་དུས་ན་ཡོད་པའི་དུ་བ་ལས་མེ་ངེས་པར་བྱེད་པས་
ངེས་པ་ཅན་གྱི་དུ་བས་ཁས་བླང་བར་བྱ་བ་ཡིན་པར་བརྗོད་པ་ན་ཡང་བརྗོད་པ་ནི་དེ་ངེས་པ་ཉིད་ཡིན་པར་བརྗོད་པ་ཉམས་པར་འགྱུར་རོ་ཞེས་བྱ་བས་བསྟན་པ་ནི་ཁྱོད་ཀྱི་གཏན་ཚིགས་ཞེས་བྱ་བའོ། །གཞན་ལྟོས་པ་ཡིན་ན་དེའི་དེ་མ་ཐག་ཏུ་འདི་འབྱུང་བར་མི་འགྱུར་བར་བསྟན་པ་ནི་དེ་མ་ཐག་ཏུ་ཡོད་མིན་ནའོ་
ཞེས་བྱའོ། །འབྲས་བུ་སོ་སོ་ལ་ནི་བྱ་བ་སོ་སོ་ལའོ། །ངེས་པ་ཅན་གྱི་ལྡོག་པ་ཡིན་པ་ནི་བདེན་ཏེ། འབྲེལ་པ་ཡོད་པ་ཉིད་ན་དེ་རྟོགས་པས་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པ་ཡིན་གྱི་དེའི་ཡན་ལག་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ་རང་བཞིན་བདག་གམ་ཞེས་བྱ་བ་སྟེ། ལྡོག་པ་ཡང་འབྲེལ་པའི་

ཤེས་པ་ཡིན་ན་ཤེས་པར་འགྱུར་ལ་དེ་ཤེས་པའི་ཡུལ་ཡང་རྗེས་སུ་འགྲོ་བའི་ཡུལ་གྱི་དཔེ་ཡིན་ཏེ། གཞན་དུ་ན་བསྒྲུབ་བྱ་མ་ངེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་ནི་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའོ། །ཅིའི་ཕྱིར་ལྡོག་པ་མེད་ཅེས་ཟེར་བ་ལ་རྗེས་སུ་འགྲོ་ཡོད་མ་ཡིན་
ཞེས་བྱ་བའོ། །ལྡོག་པའི་ངེས་པ་མ་ཤེས་ན་འབྲལ་བའི་ཤེས་པ་ཡན་ལག་མ་ཡིན་པ་ཉིད་དུ་བསྟན་པ་བཤད་པ་ནི་དེའི་བདག་ཉིད་ལ་ངེས་པ་མ་ཡིན་པ་ཞེས་བྱ་བའོ། །རྣམ་པ་དེ་ཉིད་ཀྱང་ཞེས་བྱ་བ་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བའི་འབྲེལ་པའོ། །དེ་ལྟར་ཡང་མ་གྱུར་ཏེ་ཞེས་བྱ་བ་ནི་སྲོག་ལ་སོགས་པ་
རྟོགས་པའོ། །དེ་ལྟར་སློབ་དཔོན་གྱིས་ངེས་པར་ལྡོག་པའི་ཕྱིར་གཅིག་ཏུ་ལྡོག་པའི་ངོ་བོ་ཡིན་པར་ཇི་ལྟར་གསུངས་ཞེས་ཟེར་བ་ལ་མ་མཐོང་བ་ཙམ་ཞེས་བྱ་བའོ། །འདི་ཅི་ལས་ཤེ་ན་གཞན་ནི་མ་ངེས་པ་ཡིན་ནོ་ཞེས་བྱ་བས་མ་ངེས་པ་ཉིད་དུ་གསུངས་པའི་ཕྱིར་རོ་ཞེས་བསྟན་པ་ནི་དེའི་ཕྱིར་ན་མ་ངེས་པ་ཞེས་བྱ་བའོ། །
ལྡོག་པ་ངེས་པ་ཡིན་ན་གཏན་ཚིགས་ཁོ་ནར་འགྱུར་བ་ཡིན་ཏེ། དེ་ལས་བཟློག་པ་ལ་མེད་པ་གཏན་ཚིགས་ཡིན་ཞེས་བྱ་བ་གསུངས་པའི་ཕྱིར་ཞེས་བསྟན་པ་ནི་གཞན་དུ་ན་ཞེས་བྱ་བའོ། །དངོས་པོ་དག་བཞིན་དུ་དངོས་པོ་མེད་པ་དག་ཁོ་ན་འབྲེལ་པ་ཡིན་གྱི་དེ་སྔོན་དུ་འགྲོ་བ་ཅན་ནི་མ་ཡིན་པ་མ་ཡིན་ནམ་
ཞེས་ཟེར་བ་ལ་གལ་ཏེ་བདག་ནི་ཞེས་བྱ་བ་སྟེ། སྲོག་སོགས་མེད་པས་ཞེས་བྱ་བ་ནི་སྒྲུབ་བྱེད་དོ། །ལྡོག་འགྱུར་ན་ཞེས་བྱ་བ་ལ་སོགས་པ་ནི་བསྒྲུབ་བྱའོ། །དེ་ཡང་ཡོད་མ་ཡིན་ཞེས་བྱ་བ་ནི་ལན་ནོ། །ཁྱབ་པར་བྱ་བ་མ་ཡིན་པའི་ཞེས་བྱ་བ་ནི་སྒྲུབ་པའི་ངོ་བོས་སྲོག་ལ་སོགས་པའིའོ། །དངོས་པོ་ནི་དེའི་
བདག་ཉིད་དམ་དེའི་འབྲས་བུ་ཡང་རུང་བ་དེས་ཁྱབ་པ་ཡིན་གྱི་མེད་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་བསྟན་པ་ནི་གཞན་ལྡོག་པར་ཞེས་བྱ་བ་སྟེ། དངོས་སུ་བའམ་བརྒྱུད་པས་ཀྱང་སྲོག་ལ་སོགས་པ་དང་བདག་ཡོད་པ་དང་འབྲེལ་པ་མེད་དེ་གང་གི་ཕྱིར་བདག་མེད་ལས་གཞན་པ་ཁྱབ་བྱེད་མ་ཡིན་པ་ལས་ལོག་པས་
གཞན་ཏེ། སྲོག་ལ་སོགས་པ་ཁྱབ་བྱ་མ་ཡིན་པ་ལྡོག་པར་མི་རིགས་སོ། །དེ་སྟེ་སྲོག་ལ་སོགས་པ་རྣམས་ཀྱི་བདག་ཉིད་དེ་ངོ་བོའོ། །དེ་ལས་ཏེ་བདག་ལས་བྱུང་བ་ནི་སྐྱེས་པའོ་སྙམ་དུ་སེམས་པ་ནི་བརྒྱུད་པའི་འབྲེལ་པས་གྲུབ་པའི་དོན་དུའོ། །དེ་སྟེ་བདག་གི་བདག་ཉིད་དེ་ངོ་བོའོ། །སྲོག་ལ་སོགས་པ་གང་གི་

ཡིན་པ་དེའི་བདག་ཉིད་དོ་ཞེས་བྱ་བ་ནི་འགྲེལ་པར་རོ། །འདུ་བ་ཅན་གྱི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྩོལ་བ་ལ་སོགས་པའི་རྒྱུ་མཚན་གྱི་འདུ་བ་ཅན་གྱི་རྒྱུ་ནི་སྲོག་ལ་སོགས་པ་འབྲས་བུ་ལ་ཡང་དེ་ལྟར་བརྗོད་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཞེས་བྱ་བ་ནི་བདག་གི་འབྲས་བུ་ཉིད་ཡིན་པས་
རྒྱུའི་ཁྱད་པར་གྱི་བསྐྱེད་བྱ་ཉིད་ཡིན་གྱི་སྐྱེད་བྱེད་ཉིད་ཙམ་ནི་མ་ཡིན་ནོ། །རེས་འགའ་བ་ཉིད་དུ་གྲུབ་པའི་ཕྱིར་དེ་སྟེ་སྲོག་ལ་སོགས་པ་མ་རྟོགས་ན་བདག་རྟོགས་ཀྱང་སྲོག་ལ་སོགས་པ་དམིགས་པ་དང་མི་དམིགས་པ་དག་གིས་གྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདག་དང་ལྷན་ཅིག་མ་དམིགས་པ་མ་ཡིན་ནོ་ཞེས་
བྱ་བར་སྦྱར་རོ། །དེའི་བདག་ཉིད་ནི་བདག་དམིགས་པ་ཡོད་ན་ཞེས་བྱ་བར་སྦྱར་ནས། དེའི་འབྲས་བུ་ཉིད་མ་ཡིན་པ་ལ་ཡང་འཇུག་པ་རིག་པ་རྒྱུ་དང་འབྲས་བུའི་ངོ་བོར་ནི་ཞེས་བྱ་བའོ། །བདག་དམིགས་པ་དང་མ་དམིགས་པ་དག་རྒྱུ་ཉིད་ཡིན་པ་དང་། སྲོག་ལ་སོགས་པ་འབྲས་བུ་ཉིད་ནི་དབང་པོ་ལས་
འདས་པ་ལ་སྒྲུབ་པ་མ་ཡིན་ལ་དབང་པོའི་ཡུལ་ལ་ཡང་དེ་དག་མེད་ན་འབྲས་བུ་ཉིད་ལ་སོགས་པར་མི་འགྱུར་བར་བསྟན་པ་ནི་ཤིན་ཏུ་ཞེས་བྱ་བའོ། །དགག་པའི་དུས་ན་ཐམས་ཅད་ལྐོག་ཏུ་གྱུར་པ་ཁོ་ན་མ་ཡིན་ནམ། གཞན་དུ་མཐོང་བ་ནི་ཅུང་ཟད་ཀྱང་ཁྱད་པར་ཅན་དུ་མཐོང་བ་མ་ཡིན་ནམ་སྙམ་དུ་སེམས་པ་ལ་
གཞན་པ་སྟེ་ཡུལ་དང་དུས་ལ་ཡང་ངོ་། །མ་མཐོང་བ་ཙམ་ལས་མེད་པ་ཡིན་ན་བུམ་པ་ལ་སོགས་པ་བཞིན་དུ་སྔོན་པོའི་ལུས་ལ་ཡང་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །མཐོང་དུ་རུང་བ་ནི་མཐོང་བ་མེད་པར་འགྱུར་ཏེ། དེས་ཁྱབ་པའི་ཕྱིར་ཡིན་ལ། གསོན་པོའི་ལུས་ལ་བདག་ནི་དེ་ལྟར་མ་ཡིན་པར་བུམ་པ་ལ་
སོགས་པ་དང་མཚུངས་པ་ཡིན་ནོ། །གང་གི་ཕྱིར་དམིགས་པ་ལོག་ན་ཁྱབ་བྱ་ལྡོག་པར་བྱེད་པ་ཡིན་གྱི་དངོས་པོ་ཙམ་ནི་མ་ཡིན་ཏེ། དམིགས་པ་མེད་པ་རྣམས་ཀྱང་ཡོད་པའི་ཕྱིར་རོ། །དེའི་ཕྱིར་བདག་མི་དམིགས་པ་ཁྱབ་པར་བྱེད་པ་མི་དམིགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བུམ་པ་ལ་
སོགས་པ་ལ་བདག་མེད་པར་མ་ངེས་པ་ན་མི་མཐུན་པའི་ཕྱོགས་ལ་ངེས་པ་མེད་པ་ཡིན་ལ་མི་མཐུན་པའི་ཕྱོགས་ལས་ལོག་པ་ལ་ངེས་པ་མེད་པའི་སྲོག་ལ་སོགས་པ་ལྡོག་པ་ནི་མི་མཐུན་པའི་ཕྱོགས་བདག་མེད་པ་ལ་ཁྱབ་པ་ཅན་མ་ཡིན་པ་ཉིད་དུ་བསྟན་པ་ནི་ལྡོག་པ་ཤེས་པ་མེད་པའི་ཞེས་བྱ་བ་སྟེ། མེད་

པར་མ་ངེས་པའི་བདག་མེད་པའི་མེད་པ་ཡོད་པའི་ཕྱིར་སྲོག་ལ་སོགས་པ་མེད་པ་ལྡོག་པ་མེད་ན་ཁྱབ་པ་ཅན་དུ་མི་འགྱུར་རོ། །དེའི་བདག་ཉིད་ཀྱི་སྲོག་ལ་སོགས་པ་ཁྱབ་པ་ཅན་ཡིན་ན། དེའི་མེད་པ་ཡང་བདག་གི་མེད་པ་ལ་འགྱུར་རོ། །དེའི་མེད་པ་ནི་བདག་སྲོག་ལ་སོགས་པ་
མེད་པའི་མེད་པ་སྟེ། སྲོག་ལ་སོགས་པ་ལའོ་ཞེས་བྱ་བ་ནི་འགྲེལ་པར་རོ། །དེ་བསྟན་པ་ནི་སྲོག་ལ་སོགས་པ་ནི་མེད་པ་ལྡོག་པ་ལ་བདག་གིས་ཁྱབ་པར་ཇི་ལྟར་འགྱུར་ཞེས་བྱ་བའོ། །གང་ཞིག་ཅེས་བྱ་བ་ནི་བདག་གིའོ། །གང་ལྡོག་པས་ཞེས་བྱ་བ་ནི་སྲོག་ལ་སོགས་པ་ལྡོག་པས་སོ། །དེ་ལྡོག་
པས་ཞེས་བྱ་བ་ནི་ཁྱད་པར་ཅན་གྱི་ལྡོག་པ་དེའིའོ། །ལྡོག་པ་ནི་ཞེས་བྱ་བ་ནི་སྲོག་ལ་སོགས་པའོ། །དེས་ཞེས་བྱ་བ་ནི་བདག་གིས་སོ། །ལྡོག་པ་ལོག་པས་མེད་པའི་མེད་པ་ཡོད་པའི་ཕྱིར་འདི་ནི་ཁྱབ་པར་བྱ་བ་དང་ཅིག་ཤོས་ཀྱི་ངོ་བོ་བདག་གི་མེད་པ་མ་ངེས་པ་སྲིད་པ་མ་ཡིན་པར་བསྟན་པ་ནི་
བདག་ལྡོག་པ་མ་གྲུབ་པས་ཞེས་བྱ་བའོ། །གལ་ཏེ་བུམ་པ་ལ་བདག་མ་དམིགས་པས་མེད་པར་གྲུབ་པ་མི་བྱེད་པ་དེ་ལྟ་ན་ཡོད་པར་འགྱུར་རོ་ཞེས་ཟེར་བ་ལ་སྲོག་ལ་སོགས་ཞེས་བྱ་བའོ། །ཁ་ཅིག་ཏུ་མཐོང་བ་ནི་མཐོང་བ་དང་མཐོང་བ་དག་གིས་ཡོད་པ་དང་མེད་པ་ཉིད་དུ་ངེས་པར་བྱེད་དེ་སྲོག་ལ་སོགས་པ་ལྟ་
བུའོ། །བདག་ནི་མ་ཡིན་ཏེ་མཐོང་བ་མེད་པའི་ཕྱིར་དང་། ཉམས་སུ་མྱོང་བ་ནི་སྐད་ཅིག་མ་ཉིད་ཀྱིས་དེ་ཉིད་ཀྱི་ཤེས་པ་ལ་གནོད་པའི་ཕྱིར་རོ། །སྲོག་ལ་སོགས་པ་ཡོད་པ་དང་མེད་པ་ཉིད་དག་གིས་བདག་ཡོད་པ་དང་མེད་པ་ནི་ལུས་དང་བུམ་པ་དག་ལ་རྟོགས་པ་མ་ཡིན་ནམ། མཐོང་བ་དང་མ་མཐོང་བ་དག་
གིས་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ་སྲོག་ལ་སོགས་པ་ཡོད་པ་དང་མེད་པ་དག་གིས་རྒྱུ་བློ་ལ་སོགས་པ་ཡོད་པ་དང་མེད་པ་རྟོགས་པ་ཡིན་གྱི་བདག་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་བསྟན་པ་ནི་རྒྱུ་གང་ཞིག་ཅེས་བྱ་བ་སྟེ། གཞན་དུ་ཡང་འཐད་པའི་ཕྱིར་རོ། །སྲོག་ལ་སོགས་པ་མེད་པས་ཆོས་མི་མཐུན་པ་
ཉིད་ཡིན་ན་ཡང་ཞེས་བྱ་བ་ནི་སྲོག་ལ་སོགས་པ་མེད་པ་ནི་ཆོས་མི་མཐུན་པ་ཉིད་ཀྱིས་སོ། །བདག་དང་བཅས་པར་ཞེས་བྱ་བ་ནི་ཆོས་མི་མཐུན་པ་ཉིད་དུ་འགྱུར་རོ། །ལུས་བདག་མེད་པ་ཉིད་ཡིན་ན་བུམ་པ་བཞིན་དུ་སྲོག་ལ་སོགས་པ་དང་མི་ལྡན་པ་ཉིད་དུ་ཐལ་བར་འགྱུར་རོ་སྙམ་དུ་སེམས་པ་ལ་མི་འདོད་པར་

ཐལ་བར་འགྱུར་བར་བསྟན་པ་ནི། གལ་ཏེ་ཅུང་ཟད་ཅེས་བྱ་བ་སྟེ་ཐ་དད་པ་ཡང་ཞེས་བྱ་བ་ནི་བུམ་པ་ལས་ལུས་སོ། །བློ་ལ་སོགས་པ་དང་ལྡན་པ་ཉིད་ཀྱིས་ཅུང་ཟད་ཆོས་མཐུན་པའི་ཕྱིར་ནི་བདག་མེད་པ་ཉིད་དུ་ཆོས་མཐུན་པའི་ཕྱིར་རོ། །དེ་ཉིད་ཅེས་བྱ་བ་ནི་སྲོག་ལ་སོགས་པ་དང་མི་ལྡན་པ་ཉིད་དོ། །གཞལ་
བྱ་ཉིད་ཕྱིར་ནི་ལུས་བཞིན་དུ་བུམ་པ་ལ་སོགས་པ་བདག་དང་བཅས་པར་འགྱུར་བ་ཞིག་ན། བུམ་པ་ལ་སོགས་པ་འདི་བདག་མེད་པ་མ་ཡིན་ཏེ་གཞལ་བྱ་ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མོ་གཤམ་གྱི་བུ་ལ་སོགས་མི་མཐུན་པའི་ཕྱོགས་ཀྱི་ཤེས་བྱ་ཉིད་ལས་གཞལ་བྱ་
ཉིད་ལས་ལོག་པ་ཡིན་ཞིང་མཐུན་པའི་ཕྱོགས་ལ་ཡང་ཡོད་པ་མ་ཡིན་ཏེ། དེ་མེད་པའི་ཕྱིར་སྲོག་ལ་སོགས་པ་བཞིན་ལྡོག་པ་ཅན་ཡིན་ནོ། །ཚད་མའི་སྟོབས་ཀྱིས་མི་འདོད་ཀྱང་འོངས་པ་སྤང་བར་མི་རིགས་པར་བསྟན་པ་ནི་མི་འདོད་ཅེ་ན་ཞེས་བྱ་བའོ། །ཚད་མས་བསྒྲུབ་པ་ཡང་རང་གི་རྒྱུད་
འཇོམས་པ་དོར་བྱ་མ་ཡིན་ནམ། དེའི་ཕྱིར་འདོད་པ་ཉིད་ཀྱིས་དེ་ཡང་རྣམ་པར་འཇོག་པར་བྱེད་པ་ཡིན་ནོ་ཞེས་ཟེར་བ་ལ་དངོས་པོ་དང་དངོས་མེད་རྣམ་གཞག་སྟེ་ངེས་པའོ། །ཚེར་མ་ལ་སོགས་པ་དོར་བྱར་ཚད་མས་གྲུབ་ཀྱང་འདོད་པས་འདོར་བ་ཡིན་པ་ཡང་བདག་ལ་སོགས་པ་བླང་བར་བྱ་བ་ནི་དེ་ལྟ་
མ་ཡིན་ཏེ་དེ་ལྟ་ཡིན་ན། བདག་ཅག་གིས་བདག་ལ་སོགས་པ་འདོར་ལ་ཁྱེད་ཀྱིས་ཀྱང་བདག་མེད་པ་ཉིད་བོར་བའི་ཕྱིར་རྣམ་པར་གཞག་པར་མི་འགྱུར་ཏེ། ཚད་མའི་ནུས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདོད་པས་དངོས་པོ་ཡོད་པ་དང་མེད་པ་འདོར་བར་བྱེད་ཅེས་བྱ་བར་སྦྱར་རོ། །མ་
འཆོལ་བ་མེད་པ་ནི་འཆོལ་བ་ཉིད་དོ། །གཞན་ཉིད་ཅེས་བྱ་བ་ནི་དྲན་པ་དང་འདོད་པ་ལ་སོགས་པ་རྣམས་སོ། །བུམ་པ་དང་ལུས་བདག་མེད་པ་ཉིད་དུ་ཁྱད་པར་མེད་ན་སྲོག་ལ་སོགས་པ་ཇི་ལྟར་ཡོད་ཅེས་ཟེར་བ་ལ་སྲོག་དང་མིག་འབྱེད་ཅེས་བྱ་བའོ། །རླུང་འབྱིན་པ་དང་འདྲེན་པ་ནི་འབད་རྩོལ་མེད་
པས་གང་ལས་ཡིན་ཞེས་བྱ་བས་སྲོག་ལ་སོགས་པ་ནི་རྩོལ་བ་ལས་བྱུང་བ་ཡིན་ལ་དེ་ཡང་འདོད་པ་ལས་སོ། །འདོད་པ་ཡང་ཉམས་སུ་མྱོང་བ་དྲན་པ་ཡིན་ན་དྲན་པ་དེ་ཡང་ཡུལ་དང་དབང་པོ་དང་བློ་དག་ལས་ཡིན་ཏེ། །ཡུལ་དང་དབང་པོ་འཛིན་པ་ནི་བདག་དང་དབང་ཕྱུག་ལ་སོགས་པ་འདོར་

བའི་ཆེད་དུའོ། །ཉམས་སུ་མྱོང་བའི་བག་ཆགས་ལས་བྱུང་བའི་དྲན་པ་ནི་དྲན་པར་བྱེད་པ་ཡིན་ནོ། །དེ་མེད་ན་གཞན་ཡང་དེ་ཉིད་དུ་མི་རིགས་པའི་ཕྱིར་རོ། །དེ་དག་ཅེས་བྱ་བ་ནི་ཡུལ་དང་དབང་པོ་དང་བློ་རྣམས་ཏེ་ཡུལ་དང་དབང་པོ་དང་བློའི་སྐད་ཅིག་རྣམས་ནི་སྔ་མའི་
རང་གི་རིགས་རྣམས་ཡིན་པ་དེ་ལས་འབྱུང་བའོ། །ཕན་ཚུན་རྐྱེན་ཉིད་དུ་ལྟོས་པ་ཡིན་གྱི་དེ་ལ་ཡང་བདག་རྒྱུ་ཉིད་ཀྱི་རྗེས་སུ་ཞུགས་པ་མ་ཡིན་ནོ། །བདག་ཉིད་ནི་བདག་གི་དངོས་པོ་འདིའོ་ཞེས་བྱ་བ་ཐ་སྙད་བྱེད་པ་པོའི་སྐྱེས་བུའི་མངོན་སུམ་མོ། །འདི་ནི་རང་ཉིད་གསལ་བ་ཉིད་དོ་ཞེས་བྱ་བ་ཡང་འདི་ཉིད་
ལ་ཡིན་ཏེ། གཞན་ལ་ཚད་མ་མེད་པའི་ཕྱིར་ལུང་ཙམ་གྱིས་གོ་བྱར་འགྱུར་ཏེ། མི་སྣང་བའི་ཕྱིར་རོ། །དེ་མཐོང་བ་ལས་བྱང་གྲོལ་ཡང་མ་ཡིན་ནོ། །གདོལ་པའི་བར་ལའང་མ་བཙལ་བཞིན། །ལུང་ཉིད་ལས་ནི་སྣང་བ་ཡིན། །ཞེས་བྱ་བ་ནི་རིགས་པ་མ་ཡིན་ནོ། །དེའི་ཕྱིར་དེ་ཙམ་ལ་ནི་ཞེས་བྱ་བ་
ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་ཆ་ལ་ཡིན་ནོ། །དེ་ཙམ་ལས་བྱུང་བ་ནི་མཐར་ཐུག་པ་ཡིན་ཏེ་རྒྱུ་གཞན་མེད་པའི་ཕྱིར་ཐུག་པ་མེད་པར་བསྟན་པ་ནི། དྲན་པ་ལས་མཐོང་བའི་ཐ་དད་པ་ཉམས་སུ་མྱོང་བ་ཡིན་ལ། དྲན་པ་པོ་དང་མཐོང་བ་པོ་དག་གི་ཡང་། དེའི་ངོ་བོ་དང་འབྲེལ་པ་ཅན་ཉིད་ཡིན་ན། དེ་དང་
འབྲེལ་པ་ཅན་ཉིད་མ་ཡིན་ན་དེ་ཉིད་མ་ཡིན་པར་བསྟན་པ་ནི། དྲན་པ་གཅིག་ལ་ཞེས་བྱ་བའོ། །གཞན་གྱི་ཁྱད་པར་གྱིས་ཞེས་བྱ་བ་ནི་དྲན་པས་སོ། །ཉམས་སུ་མྱོང་བའི་བག་ཆགས་ཀྱིས་བསྐྱེད་པའི་ཕྱིར་དྲན་པ་ཉམས་སུ་མྱོང་བའི་ཡུལ་ཇི་ལྟར་ཡིན་པ་དེ་བཞིན་དུ་དེའི་ཁྱད་པར་གྱིས་བསྐྱེད་པའི་
ཕྱིར་དེའི་ཁྱད་པར་གྱི་ཡུལ་མ་ཡིན་པར་བསྟན་པ་ནི། རང་གི་རྒྱུ་ལས་ཞེས་བྱ་བའོ། །དེ་ཉིད་དྲན་པའི་རྒྱུ་ཞེས་བྱ་བ་ནི་དྲན་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཅི་ལས་ཤེ་ན། རྒྱུ་ཉིད་ལ་ནི་གཟུང་བར་ཤེས། །ཞེས་པའི་རིགས་པས་བསྟན་པ་ནི། །རྒྱུ་དང་འབྲས་བུ་རིགས་པའི་ཕྱིར་རོ་ཞེས་བྱ་བ་སྟེ། གཟུང་བ་
དང་འཛིན་པ་ཉིད་ཀྱིས་སོ་ཞེས་བྱ་བའི་དོན་ཏོ། །བདག་སྨྲ་བ་པོས་ཀྱང་ཉམས་སུ་མྱོང་བའི་བག་ཆགས་ཀྱི་ངེས་པ་ནི་དྲན་པ་ངེས་པའི་རྒྱུར་ཁས་བླང་བར་བྱ་བ་ཁོ་ན་ཡིན་པར་བསྟན་པ་ནི། བདག་ཡོད་པ་ཉིད་ཀྱིས་ནི་ཞེས་བྱ་བའོ། །བདག་གི་ནུས་པས་དྲན་པ་ཉིད་ཡིན་ནོ་ཞེས་བྱ་བར་འགྱུར་བ་ཞིག་ན་འགྱུར་བ་ནི་

མ་ཡིན་ནོ། །དེའི་ཕྱིར་ཉམས་སུ་མྱོང་བའི་བག་ཆགས་ལས་བྱུང་བ་ཁོ་ན་ཡིན་པར་བསྟན་པ་ནི། དེར་འགྱུར་ན་ནི་འགྱུར་ཕྱིར་དང་། །ཞེས་བྱ་བ་སྟེ་ཉམས་སུ་མྱོང་བ་དང་བག་ཆགས་དག་གི་རྣམ་པར་འགྱུར་བས་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་ཁྱད་པར་རོ། །རྗེས་འགྲོ་ལྡོག་པའི་ཞེས་བྱ་བ་སྟེ། ཉམས་
སུ་མྱོང་བ་པོ་མེད་ན་ཞེས་བྱ་བར་སྦྱར་རོ། །མི་འགྱུར་རོ་ཞེས་བྱ་བ་ནི་རྒྱུ་ཉིད་ཡིན་པར་ཐལ་བར་འགྱུར་བ་ཞེས་བྱ་བར་སྦྱར་རོ། །སྔ་མ་དང་ཕྱི་མའི་དུས་དང་འབྲེལ་པ་ཅན་གྱི་གནས་པ་པོའོ། །མངོན་སུམ་མ་ཡིན་ཏེ། རིམ་པ་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་ལ། གང་གི་ཕྱིར་གནས་སྐབས་ཞེས་བྱ་
བ་སྟེ། གནས་སྐབས་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ལུས་གཞན་ཞེས་བྱ་བ་ནི་གནས་སྐབས་ལའོ། །ངེད་ཀྱི་ཕྱོགས་གྲུབ་པ་ལ་ནི་ཞེས་བྱ་བ་ནི་བདག་མེད་པ་གྲུབ་པའོ། །དྲན་པ་དང་ཉམས་སུ་མྱོང་བ་ཐ་དད་པ་དེ་ལ་དྲན་པ་པོ་ཉིད་ལ་སོགས་པ་མེད་པར་བསྟན་པ་ནི། རྟག་པའི་རང་བཞིན་
ཞེས་བྱ་བའོ། །འདུ་བ་ཡིན་ཡང་རྣམ་པར་འགྱུར་བ་མ་ཡིན་པའི་ཕྱིར་ཤེས་པའི་ངོ་བོའི་རྣམ་པར་འགྱུར་བ་ཡང་འདི་ལ་རྟག་པ་ཉིད་དུ་འགལ་བ་མེད་པ་ཡིན་ལ། དྲན་པ་དང་ཉམས་སུ་མྱོང་བའི་ངོ་བོ་རྣམ་པར་འགྱུར་བ་ཐ་དད་པ་མ་ཡིན་པ་དེའི་ཕྱིར་མི་རྟག་པ་ཡང་ཡིན་ཞིང་དེ་ཉིད་རྟོགས་པའི་ཕྱིར་རྟོག་པ་
ཡང་ཡིན་ནོ་སྙམ་དུ་སེམས་པ་ལ། གལ་ཏེ་དེ་དྲན་བྱེད་ཅེས་བྱ་བ་སྟེ། གལ་ཏེ་དེ་ཉིད་རྟོགས་པ་པོ་དྲན་པ་པོ་ཉིད་ཡིན་ན་ཉམས་སུ་མྱོང་བ་པོར་མི་འགྱུར་ལ། གལ་ཏེ་དེ་ལྟར་ན་དྲན་པ་པོར་མི་འགྱུར་ཏེ། དངོས་པོའི་དབྱེ་བ་ནི་ངོ་བོའི་དབྱེ་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ཞེས་བྱ་བ་ནི་རྟག་ཏུ་
གནས་པ་པོའི་དྲན་པ་གཞན་དུ་མི་འཐད་པ་ནི་ཉམས་སུ་མྱོང་བ་ཙམ་ལ་ཉམས་པ་ཡིན་གྱི་དེ་ལས་བདག་གྲུབ་པ་མ་ཡིན་པར་བསྟན་པ་ནི། གང་ཕྱིར་དྲན་པ་ཞེས་བྱ་བའོ། །ཉིན་ཞག་སྔ་མ་ལ་མཐོང་བ་རྣམས་ལ་ཉིན་ཞག་ཕྱི་མ་ལ་བདག་གིས་འདི་མཐོང་ངོ་ཞེས་བྱ་བའི་ཤེས་པ་སྐྱེ་བ་མ་ཡིན་ནམ། ཤེས་
པ་དེ་ལས་བདག་གཞན་ཡོད་དོ་སྙམ་དུ་སེམས་པ་ནི། འོན་ཏེ་ང་ཞེས་ཞེས་བྱ་བའོ། །རྣམ་ཤེས་པ་ཞེས་བྱ་བ་ནི་དབང་པོ་ལས་སྐྱེས་པ་མ་ཡིན་པ་མངོན་སུམ་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ། །སྐད་ཅིག་མ་དང་ཐམས་ཅད་མཁྱེན་པ་ལ་སོགས་པ་ལ་ཡང་ཡིད་ལས་བྱུང་བའི་ཤེས་པ་དགག་པ་མེད་པ་

ཡིན་པར་བསྟན་པ་ནི། སྔོན་མཐོང་དྲན་ཞེས་བྱ་བའོ། །ཀུན་རྫོབ་པ་ཙམ་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མ་མཐོང་བ་དག་གི་རང་རིག་པའི་བྱེད་པའི་རྗེས་སུ་འབྲངས་ནས་བརྡ་ཇི་ལྟ་བ་བཞིན་དུ་མངོན་པར་ཞེན་པར་བྱེད་ཅིང་། ཤེས་པ་སྦྱོར་བར་བྱེད་པ་ནི་བདག་ཤེས་པ་དང་ལྡན་པ་ཡིན་ནོ་
ཞེས་བྱ་བའི་དོན་ཏོ། །དེ་ནི་འདི་ལྟར་བསྒྲུབ་བྱ་ལ་རྗེས་སུ་འཇུག་པ་མེད་པ་ལས་མི་མཐུན་པའི་མཚན་ཉིད་ཀྱི་འཁྲུལ་པ་ནི་མཉན་པར་བྱ་བ་བཞིན་དུ་སྲོག་ལ་སོགས་པ་ལ་ཡང་ཡིན་པར་བསྟན་པ་ནི། འཁྲུལ་པ་ཉིད་ཀྱིས་ཞེས་བྱ་བའོ། །ཇི་ལྟར་སྒྲུབ་མིན་ཉིད་ལས་དེ། །ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་
ཉིད་ལས་སོ། །ལྡོག་པ་ནི་ཐ་དད་པའོ། །འོན་ཀྱང་བསྒྲུབ་བྱ་ལས་ཀྱང་སྟེ་མཐུན་པའི་ཕྱོགས་ལས་ཀྱང་ངོ་། །དེ་ནི་མཉན་པར་བྱ་བ་ཉིད་ཅེས་བྱ་བ་ནི་རྒོལ་བའོ། །འོ་ན་ཞེས་བྱ་བ་ནི་བསྒྲུབ་བྱ་ལས་ཀྱང་ངོ་། །དོན་གྱིས་ནི་ཤུགས་ཀྱིས་སོ། །དེ་ཞེས་བྱ་བ་ནི་ཤུགས་ཀྱིས་སོ། །གཞན་ལ་ཡང་ཞེས་བྱ་བ་ནི་
སྲོག་ལ་སོགས་པ་ལ་ཡང་ངོ་། །འདི་ནི་ཞེས་བྱ་བ་ནི་བསྒྲུབ་བྱ་ལ་འཇུག་པ་མེད་པའོ། །མཚུངས་ཞེས་བྱ་བ་ནི་བསྒྲུབ་བྱ་ཡོད་དམ་མེད་པ་ལ་ཡང་ཁྱད་པར་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བའི་དོན་ཏོ། །མཉན་པར་བྱ་བ་ཉིད་ནི་བསྒྲུབ་བྱ་རྣམ་པར་གཅོད་པ་ཡིན་གྱི་སྲོག་ལ་སོགས་པ་ནི་མ་ཡིན་ཏེ། བསྒྲུབ་བྱ་མ་
ཡིན་པ་ཉིད་ལས་རྣམ་པར་བཅད་པའི་ཕྱིར་ཞེས་བྱ་བ་འདི་ཁྱད་པར་མ་ཡིན་ནམ་སྙམ་དུ་སེམས་པ་ལ་བསྒྲུབ་མིན་ཉིད་ལ་ཞེས་བྱ་བའོ། །ཁྱད་པར་གྱི་སྒྲུབ་པ་ནི་ཁྱད་པར་དགག་པ་ལ་བརྟེན་པ་ཡིན་པའི་ཕྱིར་སྒྲ་དང་དོན་དག་ལས་གཅིག་གིས་གཉི་ག་སྟོན་པ་ཡིན་ཏེ། གཞན་དུ་ན་མཉན་པར་བྱ་བས་འདི་ལས་
ཁྱད་པར་མེད་དོ། །དེ་བསྟན་པ་ནི་དོན་གོ་བས་ཞེས་བྱ་བའོ། །ཡང་ལྡོག་པའི་ངག་གིས་རྗེས་སུ་འགྲོ་བ་སྟོན་པ་དང་། རྗེས་སུ་འགྲོ་བའི་ངག་གིས་ཀྱང་ལྡོག་པ་ཡིན་ནོ་ཞེས་བསྟན་པ་ནི། དེ་ཉིད་ཕྱིར་ན་དོན་གོ་བས། །ཞེས་བྱ་བའོ། །འདི་འདྲའི་ཞེས་བྱ་བ་ནི་མཉན་པར་བྱ་བ་ཉིད་དང་མཚན་ཉིད་མི་མཐུན་
པ་སྟེ། བསྒྲུབ་མིན་ཉིད་ལས་ཞེས་བྱ་བ་ནི་ངེས་པར་གཟུང་བའི་མཚན་ཉིད་ཅན་ནམ་མེད་ན་མི་འབྱུང་བའོ། །སློབ་དཔོན་གྱིས་མ་གསུངས་སོ་ཞེས་བྱ་བ་འདི་ལ་ཡང་ཐམས་ཅད་གསུངས་པ་ཡིན་ཏེ། གསལ་བར་མ་རྟོགས་ཀྱང་གསུངས་པ་ལ་གསུངས་པ་ཁོ་ནར་གོ་བ་ཡིན་ཏེ་གཞན་དུ་ན་ཁྱད་པར་དུ་

དགག་པ་ལ་དོན་མེད་དོ། །དེ་བཞིན་དུ་མེད་ན་མི་འབྱུང་བ་དགག་པས་ཡོད་ན་ཡོད་པ་འཕངས་པ་ཡིན་པའི་ཕྱིར་དེ་ཉིད་ཡིན་ནོ། །འདི་ནི་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་མ་ལུས་པ་འཛིན་པ་སྔོན་དུ་འགྲོ་བ་ཅན་ནོ། །ལྡོག་པ་འཛིན་པ་ནི་མཐའ་ཡས་པའི་ཕྱིར་ནུས་པ་མ་ཡིན་གྱི་དེ་དང་འབྲེལ་པ་ཅན་
ཉིད་ན་དེ་ཉིད་གཞན་དུ་མི་འགྱུར་རོ་ཞེས་བྱ་བས་གཞན་ལས་མེད་པར་བྱ་སླ་བ་ཡིན་པར་བསྟན་པ་ནི། བདག་ཉིད་ལ་ནི་འབྲེལ་པའི་ཕྱིར། །ཞེས་བྱ་བའོ། །འོ་ན་མེད་པ་ཡིན་པར་འགྱུར་བས་ཞེས་བྱ་བས་མཉན་པར་བྱ་བ་ཉིད་ལས་ཁྱད་པར་མེད་པའོ། །ངས་ནི་སྲོག་ལ་སོགས་པ་བདག་གི་རྗེས་སུ་
འགྲོ་བར་སྨྲས་པ་མ་ཡིན་པ་ཁོ་ནའོ་སྙམ་དུ་སེམས་པ་ལ། བཀག་པར་འགོག་པར་བྱེད་པ་ནི་ཞེས་བྱ་བའོ། །བསྒྲུབ་བྱ་མ་ཡིན་པ་ཉིད་ལས་རྣམ་པར་བཅད་པ་བསྒྲུབ་བྱ་ལ་མ་ཡིན་པར་བདེན་མོད་ཀྱི་བསྒྲུབ་བྱ་ཡོད་ན་བསྒྲུབ་པ་ཡིན་གྱི་མེད་པ་ལ་ནི་མ་ཡིན་ཏེ་འགལ་བའི་ཕྱིར་འགོག་པ་ཡང་རྟེན་ཉིད་
ལ་སོགས་པས་བློའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཉེ་བར་བརྗོད་པ་མ་ཡིན་པ་ལ་འཐད་པ་མ་ཡིན་ནོ་སྙམ་དུ་སེམས་པ་ནི་བསྒྲུབ་བྱ་ཉིད་ལས་ཞེས་བྱ་བའོ། །སྲོག་ལ་སོགས་པ་དང་ལྡན་པའི་གཏན་ཚིགས་ནི་བསྒྲུབ་བྱ་མེད་པ་ལས་ཏེ་མཐུན་པའི་ཕྱོགས་ལས་སོ། །བསྒྲུབ་མིན་ཉིད་ལ་ཞེས་བྱ་བ་ནི་མི་མཐུན་པའི་
ཕྱོགས་ཉིད་ལའོ། །མེད་ཅེས་བྱ་བའི་གཏན་ཚིགས་སོ། །བློའི་ཡུལ་མ་ཡིན་པའི་བསྒྲུབ་བྱ་ལས་གཏན་ཚིགས་ལྡོག་པ་མ་ཡིན་ནོ་ཞེས་བྱ་བ་འདི་ཉིད་ལྡོག་པའི་ལྡོག་པ་ཡིན་ནོ། །གཏན་ཚིགས་དང་དེ་ལྡོག་པའི་ལྡོག་པ་ཡིན་པས་ཅུང་ཟད་ཀྱང་ཁྱད་པར་མེད་པ་ཇི་ལྟར་ཡིན་ཞེས་བསྟན་པ་ནི་དེ་ཉིད་ནི་
ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་ལྡོག་པ་ལྡོག་པའོ། །ལྡོག་པའི་གཞི་གང་ཡིན་པ་ནི་ལྡོག་པའིའོ། །ལྡོག་པའི་འབྱུང་ཁུངས་ཞེས་བྱ་བ་ནི་གཏན་ཚིགས་ལྡོག་པའིའོ། །གང་དང་ལྡན་པ་ཞེས་བྱ་བ་ནི་གཏན་ཚིགས་གང་དང་ངོ་། །གང་དང་ཞེས་བྱ་བ་ནི་ལན་ནོ། །མེད་པ་ལ་གདོན་མི་ཟ་བར་བྲལ་བ་
ཡིན་པར་བསྟན་པ་ནི་བྲལ་བ་ཙམ་ཞེས་བྱ་བའོ། །རྟག་ཏུ་སྡིག་པ་ལས་ལྡོག་པ་ཞེས་བྱ་བ་ནི་ཕྲད་པ་སྔོན་དུ་འགྲོ་བ་ཅན་ཉིད་ཡིན་ན་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་བློ་ལ་ཡོད་པའི་མེད་པ་ལ་གཏན་ཚིགས་ལྡོག་པ་དགག་པའི་ཕྱིར་རོ། །ལྡོག་པ་ནི་ལྷན་ཅིག་པ་ཡིན་ཏེ་འགལ་བ་མེད་

པའི་ཕྱིར་རོ་ཞེས་བསྟན་པ་ནི་ལྡོག་པ་མེད་པ་ཞེས་བྱ་བའོ། །སྒྲུབ་པ་ཉིད་ཀྱི་བཤད་པ་ནི་དངོས་ཡོད་ཅེས་བྱ་བའོ། །འགལ་བ་ཅན་ནི་ཡོད་ལ་འགལ་བ་མེད་པ་ནི་མེད་དོ་ཞེས་བྱ་བ་ནི་བླུན་པོ་ཉིད་དོ། །བཟློག་ཀྱང་ཞེས་བྱ་བ་ནི་ཡོད་ཀྱང་ངོ་། །ཅིག་ཤོས་ནི་མེད་པ་སྟེ་འཐད་པའི་རང་
བཞིན་ཡིན་ཡང་མེད་དོ་ཞེས་བྱ་བར་སྦྱར་རོ། །མེད་པ་ལ་ནི་མེད་པ་དང་། ཡོད་པ་དང་མེད་པ་ལའོ། །དེ་ལ་མེད་བཞིན་པ་ཉིད་ཁོ་ན་དེ་ལས་ལྡོག་པ་ཉིད་དུ་ཐ་སྙད་འདོགས་པ་ཡིན་པར་བསྟན་པ་ནི་དེ་ལ་མེད་པ་ནི་ཞེས་བྱ་བའོ། །ཕན་ཚུན་སྤངས་པའི་རང་བཞིན་ཅན། །ཞེས་བཤད་པ་ནི་དངོས་པོའི་ངོ་བོ་གཞན་མ་
ཡིན་ནོ་ཞེས་བྱ་བའོ། །དེ་ལྡོག་པ་ལ་ཞེས་བྱ་བ་ནི་མེད་པ་ལྡོག་པའོ། །སྡུད་པར་ནི་འདི་ལྟར་གལ་ཏེ་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་དངོས་པོ་ཡང་ངོ་། །ཚད་མ་གཅིག་འཇུག་པ་ཉིད་ཀྱིས་ཞེས་བྱ་བ་ནི་དངོས་པོ་འཛིན་པར་བྱེད་པ་སྟེ་རང་གི་ཡུལ་ལས་བཟློག་པ་དགག་པར་བྱེད་ན་རྣམ་པར་གཞག་པར་བྱེད་
པ་མ་ཡིན་ཏེ། གཞན་དུ་མི་རིགས་པའི་ཕྱིར་རོ། །རྣམ་པ་གཞན་ལ་ཞེས་བྱ་བ་ནི་ཡུལ་ལས་ཟློག་པ་ལའོ། །རྣམ་པ་གཞན་གྱི་ངོ་བོར་ཞེས་བྱ་བ་ནི་བཟློག་པ་ཉིད་དོ། །རྣམ་པ་གཞན་ནི་གཉི་གའི་ངོ་བོ་ལས་བཟློག་པའོ། །ཕྱི་རོལ་གྱི་ངོ་བོ་ལས་རྣམ་པར་གཞག་པ་ཅིའི་ཕྱིར་ཡིན་ཞེས་ཟེར་བ་ལ་གང་ཞིག་ཅེས་
བྱ་བའོ། །དེར་མ་ཆུད་པ་ནི་ཁོང་དུ་ཆུད་པར་གྱུར་པ་མ་ཡིན་པའོ། །དངོས་པོ་མེད་པ་ནི་མེད་བཞིན་པའི་མཐུན་པའི་ཕྱོགས་ལའོ། །མེད་པ་ཉེ་བར་བརྗོད་པ་མ་ཡིན་པ་ལ་གཏན་ཚིགས་འབྲེལ་པ་མ་ཡིན་ནམ། ཇི་ལྟར་ལྡོག་པ་བརྗོད་པས་སྒྲུབ་པ་ཇི་ལྟར་ཡིན། འབྲེལ་པ་མེད་པ་ཉིད་ལྡོག་པ་བཞིན་ནོ་ཞེས་
བྱ་བ་ནི་ཡོན་པོའི་ཚིག་གིས་བསྟན་པ་ནི། གལ་ཏེ་དེ་ལ་ལྡོག་མེད་ན། ཅེས་བྱ་བའོ། །མ་འབྲེལ་པའི་ངོ་བོའི་འཇུག་པ་ནི་འབྲེལ་པའི་ངོ་བོ་ཡིན་ཏེ། འབྲེལ་པའི་ངོ་བོ་འདི་ཉིད་བཀག་པ་ཡིན་ན་ལྡོག་པ་ཅི་སྟེ་ལྡོག་ཅེས་བྱ་བ་ནི་ལྡོག་པ་མེད་དོ་ཞེས་བྱ་བས་ཇི་སྟེ་འགོག་ཅེས་བྱ་བར་སྦྱར་ཏེ་ལྡོག་པ་མ་ཡིན་པས་ཞེས་
བྱ་བས་ནི་ཡོད་དོ་ཞེས་བྱ་བའི་དོན་ཏོ། །འབྲེལ་པའི་ངོ་བོ་མ་ཡིན་པ་ཉིད་ལྡོག་པ་ཡིན་ཏེ་གཞན་དུ་ན་མཐུན་པའི་ཕྱོགས་ལ་མེད་པ་ཞེས་བྱ་བ་ཡང་ཐ་སྙད་དུ་མི་འགྱུར་བར་བསྟན་པ་ནི། བསྒྲུབ་བྱ་དང་དགག་པ་ཞེས་བྱ་བའོ། །མེད་པ་ལ་འབྲེལ་པ་མེད་པས་དགག་པ་མ་ཡིན་ན་མེད་དེ་ཞེས་བྱ་བར་མི་འགྱུར་རོ། །དེ་

བསྟན་པ་ནི་མཐུན་པའི་ཕྱོགས་མེད་པ་ལ་ཞེས་བྱ་བའོ། །དེ་བཞིན་ཁོ་ནར་ཞེས་བྱ་བ་ནི་མི་སྨྲ་བ་ཉིད་དུའོ། །ལྡོག་པའི་དངོས་པོ་ཁོ་ན་ཁྱེད་ཅག་གི་མེད་པ་ཡིན་གྱི་གཞན་མ་ཡིན་པ་མ་ཡིན་ནམ། ཅི་ཞེས་གང་དུ་འགོག་པར་བྱེད་སྙམ་དུ་སེམས་པ་ལ། ཡོད་པ་རྣམས་ལ་ཞེས་བྱ་བ་སྨོས་སོ། །བུམ་
པ་བཞིན་དུ་དེའི་མེད་པ་ཡང་ཡོད་ན་དགག་པའི་ཡུལ་མ་ཡིན་ནོ། །བུམ་པའི་མེད་པ་འདི་ཡིན་ནོ་ཞེ་ན་ཞིག་པའི་བུམ་པ་ལྡོག་པ་མ་ཡིན་ནམ་གཞན་ནི་འགའ་ཡང་མ་ཡིན་ནོ། །བུམ་པ་ལོག་བཞིན་པ་ཁོ་ན་མེད་པ་ཡིན་ཏེ། དེ་གནས་སྐབས་ཁ་ཅིག་བུམ་པ་ལས་གཞན་པ་མ་ཡིན་ཏེ། མེད་
པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དངོས་པོ་ལྡོག་པ་ན་མེད་པའི་ཐ་སྙད་དུ་འཇིག་རྟེན་ལ་གྲགས་པར་མི་འགྱུར་བར་བསྟན་པ་ནི། དེ་ལྟ་མེད་ལ་ཞེས་བྱ་བ་སྟེ། ཡོད་པ་བཀག་པ་ནི་ཡོད་པ་ཁོ་ན་བཀག་པ་ཡིན་གྱི་གཞན་ཉེ་བར་བརྗོད་པ་མེད་པ་སྐྱེད་པ་ནི་མ་ཡིན་པའི་ཕྱིར་མེད་པ་བརྗོད་དེ་དགག་
བྱས་སྟོང་པའི་མེད་པ་ཙམ་མོ། །ངེས་པར་རྟོགས་པ་མེད་པའི་ཡུལ་ལ་ཞེས་བྱ་བ་ནི་ངེས་པར་རྟོགས་པའི་དགག་བྱ་ལའོ། །ཐམས་ཅད་ལ་ཁོ་བོའི་དང་འགྲེལ་པ་པོའི་བཤད་པ་བསྡུས་པ་ཡིན་ནོ། །འོན་ཏེ་རྟོགས་པ་ནི་རྣམ་པ་གཞན་དུ་ཞེས་བྱ་བ་ནི་ཡུལ་དང་དུས་ལ་སོགས་པས་
སོ། །ཡོད་པ་རྣམས་ལ་དགག་པ་མེད་པ་ནི་བདེན་མོད་ཀྱི་དངོས་པོ་དགག་པ་ཉེ་བར་བརྗོད་པ་མེད་པ་ལ་ཡང་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཡོད་པ་ཁོ་ན་ཡུལ་གཞན་ལ་ལམ་དུས་གཞན་དུ་དགག་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་ཡུལ་གང་ན་དེ་རྣམས་ཡོད་པ་ནི་དགག་པའི་ཡུལ་མ་ཡིན་ཞིང་
ཡུལ་དང་དུས་གཞན་ལ་ཡང་དེ་དག་གཏན་མ་བྱུང་བ་ཡིན་པས་མེད་པའི་ཕྱིར་དགག་བྱ་མ་ཡིན་པ་ཁོ་ན་ཡིན་པར་བསྟན་པ་ནི། གལ་ཏེ་ཡུལ་དུས་འགོག་ཅེ་ན། །ཞེས་བྱ་བའོ། །དངོས་པོ་ལས་ཐ་དད་པར་ཉེ་བར་བརྗོད་པ་མེད་པ་ནི་གཞི་ཉིད་དུ་མི་རིགས་པའི་ཕྱིར་རྟོགས་པར་མི་ནུས་པས་དགག་
པའི་ཡུལ་མ་ཡིན་ནོ་ཞེས་བྱ་བ་ནི་འགྲེལ་པའི་དོན་ཏོ། །དེའི་ཕྱིར་དངོས་པོ་ཉིད་ཉམས་པ་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་གྱི་ཉམས་པ་ཙམ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཚད་མའི་དོན་ཏོ། །ཡོད་པ་དང་མེད་པའི་ཐ་སྙད་ཀྱི་དུས་དག་ལ་ཁྱད་པར་ཅུང་ཟད་ཡོད་པ་མ་ཡིན་ནམ། བདེན་ཏེ་འཇུག་པ་དང་ལྡོག་པ་

ཡང་ཞེས་བྱ་བ་ཡིན་གྱི་ལྡོག་པ་གཞན་པ་ནི་མ་ཡིན་ནོ། །མེད་པར་ཇི་ལྟར་འགྱུར་ཞེས་བྱ་བ་ནི་གཞི་མེད་པའོ། །དགག་པར་བྱ་བ་སྒྲོ་འདོགས་པའི་གཞི་མ་ཡིན་ནམ། དགག་པ་ནི་མ་ཡིན་ནོ་ཞེས་ཟེར་བ་ནི། འོན་ཏེ་དགག་པར་བྱ་བ་ཞེས་བྱ་བའོ། །དགག་པར་བྱ་བ་བཞིན་
དུ་དེའི་ཡུལ་ཡང་མཐུན་པའི་ཕྱོགས་ལ་སྒྲོ་འདོགས་པ་ཡིན་པར་བསྟན་པ་ནི། དེ་ལྟ་ཡིན་ན་མཐུན་པའི་ཕྱོགས་ཞེས་བྱ་བའོ། །འོན་ཏེ་མེད་པར་ཞེས་བྱ་བ་ནི་བུམ་པའི་སྒྲས་ཡོད་པར་གཟུང་ན་ཞེས་བྱ་བར་སྦྱར་རོ། །གལ་ཏེ་ཡོད་པར་ཞེས་བྱ་བ་ནི་ཉེ་བར་བསྡུ་བའོ། །གལ་ཏེ་བུམ་པ་ཉིད་ལྡོག་པ་དེའི་
ལྡོག་པ་ལ་མ་ཡིན་ན། མེད་པ་ལ་ཞེས་བྱ་བའི་ཐ་སྙད་གང་དུ་བྱས། ཡུལ་མེད་པ་ལ་ནི་ཡུལ་ལ་སོགས་པའི་ངེས་པས་དེ་འབྱུང་བ་མ་ཡིན་ནོ་སྙམ་དུ་སེམས་པ་ལ། དེའི་ཕྱིར་དངོས་དངོས་མི་རྟེན་པ། །ཞེས་བྱ་བ་སྨོས་སོ། །ལྡོག་པའི་དངོས་པོ་རྟོགས་ནས་བག་ཆགས་ཀྱི་རྗེས་སུ་འབྲང་བའི་རྣམ་པར་རྟོག་
པ་ནི་དངོས་པོ་ལྡོག་པ་ཡིན་པའི་ཕྱིར་དེས་བསྟན་པ་ལ་བརྟེན་ནས་མེད་དོ་ཞེས་བྱ་བའི་དགག་པའོ། །དེ་ལྟར་ན་སྒྲ་དང་རྣམ་པར་རྟོག་པའི་ཡུལ་དེའི་ཕྱིར་ཕྱི་རོལ་ཁོ་ན་དགག་པ་ཡིན་ནོ་ཞེ་ན། དངོས་དང་དངོས་མེད་རྟེན་པ་ཞེས་བྱ་བ་སྟེ། དངོས་པོ་དང་དངོས་པོ་མེད་པ་ལ་ཐུན་མོང་བའོ། །མེད་དོ་ཞེས་བྱ་བས་
མེད་པ་ཁོ་ན་མ་ཡིན་ཏེ་ཡོད་པ་ལ་ཡང་ཐོགས་པའི་ཕྱིར་རོ། །དེ་བཞིན་དུ་ཡོད་པ་ལ་ཡང་ངོ་། །སྒྲ་ལས་བྱུང་བ་དང་ཕྱི་རོལ་དག་ལ་སྣང་བའི་ཁྱད་པར་འདི་ཡིན་ནོ། །དེའི་ཕྱིར་ཕྱི་རོལ་རྟེན་མིན་ཞེས་བྱ་བ་ནི་ཉེ་བར་བསྡུ་བའོ། །ཕྱི་རོལ་དུ་ལྷག་པར་ཞེན་པར་བྱས་ཀྱང་སོ་སོར་སྣང་བའི་དབྱེ་བས་དེ་ལྟར་བརྗོད་པ་
ཡིན་ནོ། །སོ་སོར་སྣང་བའི་དབྱེ་བ་ཉིད་བཤད་པ་ནི་ཚད་མའི་དོན་ཡང་ཞེས་བྱ་བའོ། །གཞན་དང་ཞེས་བྱ་བ་ནི་སྒྲའི་དོན་ལ་ངེས་པའོ། །སྒྲའི་དོན་ངེས་པ་ཅན་མ་ཡིན་པར་བསྟན་པ་ནི། སྒྲ་ལས་ཞེས་བྱ་བའོ། །ཐམས་ཅད་ནི་ཚད་མ་མ་ཡིན་ཞེས་བྱ་བ་ནི་ཟླ་བ་གཉིས་ལ་སོགས་པའི་ཤེས་པའོ། །སྒྲུབ་
པ་དང་དགག་པའི་ཐ་སྙད་ཀྱང་ཡུལ་བསྟན་པ་ནི། གལ་ཏེ་ཚད་མ་མ་ཡིན་པར་ཞེས་བྱ་བའོ། །བསྒྲུབ་པའི་ཚུལ་དུ་ཞུགས་ན་གལ་ཏེ་ཚད་མ་ཡིན་ན་ཞེས་བྱ་བར་སྦྱར་རོ། །དགག་པའི་ཚུལ་གྱིས་ཞེས་བྱ་བའི་རྗེས་ཐོགས་སུ་འཇུག་པ་ཞེས་བྱ་བ་ལ་སོགས་པར་འབྲེལ་ཏོ། །སྒྲུབ་པའི་ཚུལ་དུ་ཞུགས་

པ་ན་དེ་ཉིད་ཀྱིས་ཚད་མ་མ་ཡིན་ནམ། རང་རིག་པ་ཡིན་པས་དེ་ལ་ཡང་དགག་པས་ཅི་ཞིག་བྱ་སྙམ་དུ་སེམས་པ་ནི། གལ་ཏེ་འདི་ཞེས་བྱ་བའོ། །ངོ་བོ་གཞན་དུ་སྣང་བ་ཡིན་ཡང་དེ་ཉིད་རང་རིག་པ་ཡིན་པར་བསྟན་པ་ནི། རྣམ་པ་གཞན་དུ་སྣང་ཡང་ཞེས་བྱ་བའོ། །འོན་ཏེ་དེ་ལ་དངོས་པོའི་ཉེ་བར་ལེན་པ་
ཉིད་འགོག་པ་ཡོད་པ་ཡིན་ནོ་ཞེས་ཟེར་བ་ནི། རང་གི་ངོ་བོར་ཞེས་བྱ་བའོ། །དངོས་པོའི་ཉེ་བར་ལེན་པ་ཉིད་གང་གི་དགག་པ་ཡིན་པའི་ཆོས་གྲུབ་པ་ཁོ་ན་ཡིན་ན་ཇི་ལྟར་འདིའི་དགག་པ་ཡིན་ཏེ། དེའི་ཉེ་བར་ལེན་པ་ཉིད་དེའི་རང་བཞིན་ཡིན་པའི་ཕྱིར་གཞན་མི་སྣང་བའི་ཕྱིར་རོ། །དེ་ཇི་ལྟར་སྒྲུབ་པ་དང་
དགག་པ་སྒྲའི་དོན་ལ་བརྟེན་པ་ཇི་ལྟར་ཡིན་ཞེས་ཟེར་བ་འདི་ལ་བསྟན་པ་ནི། དེ་དག་དང་ཞེས་བྱ་བ་སྟེ། སྒྲུབ་པ་དག་དང་ངོ་། །ཆོས་ཅན་དེ་ཞེས་བྱ་བ་ནི་སྒྲའི་དོན་ཏོ། །ཞེན་པར་བྱ་བའི་འབྲེལ་པ་ཅན་རང་རིག་པ་ཡིན་ན་དགག་པར་བྱ་བ་དང་བསྒྲུབ་པར་བྱ་བ་ཇི་ལྟར་ཡིན་ཞེ་ན། དེ་རིག་པ་ཡང་མ་ཡིན་ལ་ཡོད་
པ་ཡང་མ་ཡིན་པར་བསྟན་པ་ནི། དེ་འདྲ་མེད་ན་ཡང་ཞེས་བྱ་བའོ། །ཞེན་པ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་མ་ཡིན་ཏེ། ཞེན་པར་བྱ་བ་ནི་ཚད་མས་རྟོགས་བྱ་མ་ཡིན་ཞིང་རང་རིག་པ་ཡང་མ་ཡིན་ལ་བར་མ་ཡང་མ་ཡིན་ནོ། །དེ་ལྟ་བུར་སྣང་བ་དང་མེད་དོ་ཞེས་བྱ་བ་འགལ་བ་མ་ཡིན་ནམ། མ་ཡིན་ཏེ་སྒྲ་འཇུག་
པ་ཉིད་ལས་ཏེ་རྣམ་པར་རྟོག་པའི་བྱེད་པ་ལས་སྣང་བ་ཡིན་ནོ། །ཡོད་པ་དང་མེད་པ་ཐུན་མོང་བའི་ཕྱིར་ཡོད་པ་སྟེ། བསྒྲུབ་པ་དང་དགག་པ་དག་ལ་རུང་བ་ཡིན་པར་བསྟན་པ་ནི། དེ་ཡང་ཞེས་བྱ་བའོ། །དངོས་པོ་ནི་རྣམ་པར་རྟོག་པ་ལ་རང་གི་ངོ་བོར་མི་སྣང་བ་གཞན་ལས་ལོག་པར་སྣང་བ་ཡིན་པའི་ཕྱིར་ཐུན་
མོང་བ་དང་མ་ངེས་པར་རྣམ་པར་གཞག་པར་བྱེད་པ་ཡིན་ཏེ། དེ་བསྟན་པ་ནི་གཞན་སེལ་བ་ལ་བརྟེན་ཏོ་ཞེས་བྱ་བའོ། །དེ་འདྲ་བའི་ཕྱི་རོལ་དང་ནང་གི་བ་ཡང་ཞེས་བྱ་བ་ནི་དངོས་དངོས་མེད་རྟེན་པ། ཕྱི་རོལ་རྟེན་མིན་ཞེས་བྱ་བ་འདི་ཉིད་ཀྱིས་འདི་ལས་གཞན་པ་བསལ་བ་ཡིན་ནོ། །སྒྲོ་བཏགས་པ་ནི་རྟོགས་པའོ། །
ཕྱི་རོལ་ནི་ཤེས་པ་ལས་སོ། །རང་བཞིན་དེ་ངོ་བོ་གང་གི་ཡིན་པ་དེ་དེ་བཞིན་ཏེ་ཞེན་པར་བྱ་བ་སྟེ་ཤེས་པར་བྱ་བའི་ཐ་ཚིག་གོ། །དེའི་ཞེས་བྱ་བ་ནི་ཆོས་ཅན་གྱིའོ། །ཤེས་པ་དང་ཤེས་བྱ་མ་གཏོགས་པ་ཞེས་བྱ་བ་ནི་གཟུང་བ་དང་། འཛིན་པའི་རང་གི་མཚན་ཉིད་མ་གཏོགས་པ་བར་ན་གནས་པ་ལས་སོ། །ནང་

ཡང་མ་ཡིན་ཕྱི་རོལ་ཡང་མ་ཡིན་ཞེས་བྱ་བ་ཤེས་པ་ལས་སམ་ཤེས་བྱ་ལས་ཀྱང་གཞན་དུ་བརྟགས་པ་ཕྱི་རོལ་གྱི་འདྲ་བ་ཉིད་ལས་ཕྱི་རོལ་དུ་སྒྲོ་བཏགས་པ་དང་གཟུང་བའི་རྣམ་པ་ཡང་དེ་ལས་གཞན་མ་ཡིན་ཏེ། མ་ངེས་པའི་ཕྱིར་རྟོག་པ་མ་ཡིན་ནོ། །ཕྱི་རོལ་གྱི་རྣམ་པ་ལས་རང་རིག་པ་
ནི་ཕྱི་རོལ་གྱི་རང་གི་མཚན་ཉིད་ཉིད་དུ་ཞེན་པ་ཡིན་གྱི་འདི་ཉིད་ཕྱི་རོལ་མ་ཡིན་ནོ། །བདེ་བ་ལ་སོགས་པ་ལ་ལྟོས་ནས་ཕྱི་རོལ་ཁོ་ན་ཡིན་ནོ་ཞེ་ན་མ་ཡིན་ཏེ། མངོན་སུམ་གཞན་བཞིན་དུ་རྟོག་པ་མེད་པ་ཐོབ་པའི་ཕྱིར་དེ་ཉིད་ཕྱི་རོལ་ཉིད་དུ་རྟོགས་པ་དང་འགལ་བ་ཡིན་ནོ། །མེའི་ཞེས་བྱ་བ་ནི་ཕྱི་རོལ་གྱི་རང་གི་
མཚན་ཉིད་དུ་ཞེན་པ་ཡིན་ནོ། །དེ་ནི་འཁྲུལ་པ་ཡིན་ནོ་ཞེ་ན། དེ་ལ་ཡང་གཞན་དུ་སྒྲོ་བཏགས་པ་ཡིན་པའི་ཕྱིར་ཐུག་པ་མེད་དོ། །དེའི་ཕྱིར་རང་གི་སྣང་བ་གཟུང་བའི་རྣམ་པ་དོན་མ་ཡིན་པ་ཕྱི་རོལ་གྱི་རང་གི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ཉིད་ལ་ཚད་མ་འཇུག་པ་ཡིན་ནོ། །དེ་ཉིད་གཞན་གྱི་ངོ་བོས་རྟོགས་པ་
ཡིན་ཕྱིར་དེ་ཉིད་ཡིན་ནོ་ཞེས་ཟེར་བ་ལ་ཐུག་པ་མེད་དོ་ཞེས་བྱ་བའོ། །དེ་ལ་ཡང་གཞན་གྱི་ངོ་བོ་འཐོབ་པའི་ཕྱིར་དོན་ལ་མ་རེག་པ་ཞེས་བྱ་བ་ནི་དགོས་པ་ལ་མ་རེག་པ་ཉིད་དོ། །རང་གི་རང་བཞིན་ལ་ཞེས་བྱ་བ་ནི་བར་ན་གནས་པའི་རང་གི་ཡུལ་ལའོ། །དེའི་ཕྱིར་རྣམ་པར་རྟོག་པ་ཉིད་གཟུང་བའི་རྣམ་པ་དང་ལྡན་
པ་རང་རིག་པ་ཡིན་གྱི་འདིའི་ཤེས་བྱ་གཞན་མ་ཡིན་པར་བསྟན་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །ཐ་སྙད་ལས་ཞེས་བྱ་བ་ནི་རང་རིག་པ་ལས་མ་ཡིན་གྱི་འོ་ན་ཅི་ཞེ་ན། རྣམ་པར་རྟོག་པའི་བྱེད་པ་ལས་རྟོགས་པའོ། །གལ་ཏེ་ཅུང་ཟད་ཅེས་བྱ་བ་ནི་རང་རིག་པའི་བྱེད་པའི་རྗེས་སུ་འབྲང་བར་མི་བྱེད་ན་སྐྱོན་ཡིན་
པའོ། །རྣམ་པར་རྟོག་པའི་བྱེད་པ་ལས་འདི་ཡིན་ནོ་ཞེས་རྟོག་པ་ཁོ་ན་ཡིན་པར་བསྟན་པ་ནི། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །དེ་ལྟར་མ་ཡིན་ན་ཞེས་བྱ་བ་ནི་རང་རིག་པའི་བྱེད་པར་རོ། །ཐ་སྙད་པའི་ཡང་མངོན་པར་འདོད་པ་ལས་རང་རིག་པ་གཞན་མ་ཡིན་པར་བསྟན་པ་ནི། སྒྲ་ལས་གཞན་ནི་ཞེས་བྱ་བའོ། །
རྟོག་པ་རྣམས་ཀྱི་རྒྱུད་པ་འབའ་ཞིག་ཡིན་གྱི་གཞན་བརྗོད་བྱ་མེད་དོ། །འདི་ཉིད་བཤད་པ་ནི་མེ་འོན་ཅིག་ཅེས་བརྗོད་པ་ན་ཞེས་བྱ་བའོ། །དངོས་པོ་བརྗོད་བྱ་ཡིན་ཞིང་ཆོས་དང་ཆོས་ཅན་ཐ་མི་དད་པ་ཡིན་ན་མངོན་སུམ་བཞིན་དུ་ཐུན་མོང་མ་ཡིན་པའི་ཡུལ་ཉིད་དང་། གཅིག་གིས་རྣམ་པ་ཐམས་ཅད་

བརྗོད་ན་གཉིས་ལ་སོགས་པ་མེད་པར་བསྟན་པ་ནི། དེ་ལྟ་མིན་ན་ཞེས་བྱ་བའོ། །བདག་ཐ་དད་མེད་ཕྱིར་ཞེས་བྱ་བ་ནི་དབྱེ་བ་མེད་པའི་ཕྱིར་རོ། །ཆོས་དང་ཆོས་ཅན་དག་ལ་དབྱེ་བ་ཡོད་ན་སྲིད་པ་དང་འཁྲུལ་པ་དག་གིས་རྣམ་པར་བཅད་པར་བྱ་བ་དང་རྣམ་པར་གཅོད་པར་བྱེད་པའི་ངོ་བོས་འབྲེལ་པ་
ཡིན་ནོ་སྙམ་དུ་སེམས་པ་ལ། ཐ་དད་ཡིན་ན་གཞན་དང་གཞན། །དགག་པ་དང་ནི་སྒྲུབ་པ་བཞིན། །ཞེས་བྱ་བ་སྟེ། བ་ལང་དང་རྟ་དང་མི་དང་གླང་པོ་ཆེ་བཞིན་དུ། ཆོས་ཅན་གཅིག་ལ་འདུ་མི་འགྱུར། །ཞེས་བྱ་བ་སྟེ་གཞི་མཐུན་པ་མེད་པའོ། །དེ་བཞིན་ཞེས་བྱ་བ་ནི་དེ་བཀག་ན་དེའི་བདག་ཉིད་
དགག་པ་མ་ཡིན་པ་མེད་པའོ། །མ་བཀག་པ་ཞེས་བྱ་བ་ནི་དེ་ཡང་མ་བཀག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྒྲ་དང་རྣམ་པར་རྟོག་པ་རྣམས་ཀྱི་ཁྱད་པར་མེད་པའི་བདག་ཉིད་ལ་ནུས་པ་མེད་པའི་ཕྱིར་མེད་པ་ཉིད་བཟློག་པར་བྱ་བ་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ་ཐ་དད་པ་མེད་པས་དུམ་བུ་མེད་པའི་ཕྱིར་རོ། །
འོ་ན་ཐམས་ཅད་ཅེས་བྱ་བ་ནི་རྣམ་པར་རྟོག་པ་དང་ངེས་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ངེས་པའི་བདག་ཉིད་ཅན་གྱི་མངོན་སུམ་ལ་ནི་ངེས་པ་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་ཡོད་པ་ཡིན་ནོ་ཞེས་ཟེར་བ་ལ། རྣམ་པར་དབྱེ་བ་ཡོད་ན་ཞེས་བྱ་བའོ། །དེ་ངེས་པ་ཡིན་ན་མ་ངེས་པ་དེ་ལས་ཐ་དད་པ་ཉིད་
ཡིན་པར་བསྟན་པ་ནི། དེ་རྣམ་པར་དབྱེ་བས་ཞེས་བྱ་བ་སྟེ། ངེས་པའི་དབྱེ་བས་སོ། །སྔོན་པོའོ་ཞེས་བྱ་བས་སྔོན་པོར་ངེས་ཀྱང་ཐ་དད་པ་ཡིན་ཡང་སྐད་ཅིག་མ་ཉིད་དུ་མ་ངེས་པ་མ་ཡིན་ནམ་སྙམ་དུ་སེམས་པ་ནི། གལ་ཏེ་སྐད་ཅིག་མ་ཉིད་དུ་མ་ངེས་ཀྱང་ཞེས་བྱ་བའོ། །འགལ་བའི་ཕྱིར་ཞེས་བྱ་བ་ནི་ངེས་པ་དང་
མ་ངེས་པ་དག་ཐ་དད་པའི་ཕྱིར་རོ། །སྔོན་པོ་ལས་སྐད་ཅིག་མ་ཉིད་ཐ་དད་པ་མ་ཡིན་པ་མ་ཡིན་ནམ། དེ་ཇི་ལྟར་འདི་ཡིན་ཞེས་ཟེར་བ་ལ། ངེས་པར་གལ་ཏེ་ཞེས་བྱ་བའོ། །སྔ་མ་དང་ཕྱི་མར་གྱུར་པའི་ཡུལ་ཉིད་ལས་འདི་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་མཐོང་བས་བསྒྲིབས་པ་ཉེ་བར་
རྟོག་པའི་བྱེད་པ་ནི་རང་གི་བྱེད་པའི་རྗེས་སུ་འབྲེང་བ་ཅན་གྱི་ངེས་པ་བསྐྱེད་པ་ནི་མཐོང་བ་ཉིད་བྱེད་པ་ཞེན་ནས་ལྷག་པར་རྗེས་སུ་འགྲོ་བ་མིན་པ་དེའི་ཕྱིར་སྐད་ཅིག་མ་ལ་གནོད་པ་མེད་པ་ཡིན་ཏེ། འགལ་བ་ཅན་གྱི་ཡུལ་ཅན་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། འོན་ཏེ་གལ་ཏེ་སྔོན་པོར་ངེས་པ་ཞེས་

བྱ་བའོ། །སྔོན་པོ་ཙམ་མཐོང་བའི་རྗེས་སུ་འབྲེང་བའི་ངེས་པ་ནི་སྐད་ཅིག་མ་ཉིད་མ་གཏོགས་པར་ངེས་པ་ཉིད་ནི་ཚད་མའི་བྱེད་པ་ཡིན་ལ། དེས་ན་མཐོང་བ་ཡང་ངེས་པ་དང་ཚུལ་མཚུངས་པ་ཡིན་པའི་ཕྱིར་མཐོང་བ་དང་ལྷན་ཅིག་པའི་ངེས་པ་ནི་སྐད་ཅིག་མ་ཉིད་དང་འགལ་བ་
ཅན་མ་ཡིན་གྱི་མཐོང་བ་ཡང་བདག་ཉིད་ཐམས་ཅད་འཛིན་པ་མ་ཡིན་ཏེ་དགོས་པ་ཅན་ལ་ངེས་པ་གཙོ་བོ་ཡིན་པར་བསྟན་པ་ནི། གནོད་པའི་མཚན་ཉིད་དེ་ལྡན་ཕྱིར། །ཞེས་བྱ་བའོ། །མངོན་སུམ་གྱི་ཚད་མའི་རྗེས་སུ་འབྲངས་ནས་ཞེས་བྱ་བ་ནི་སྔོན་པོར་ངེས་པའི་བདག་ཉིད་ཀྱི་མངོན་སུམ་གྱི་ཚད་མའི་རྗེས་
སུ་འབྲེང་བའི་གནས་སྐབས་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་སྔོན་པོར་ངེས་པའི་བདག་ཉིད་ཀྱིས་སོ། །འདིར་ནི་ཞེས་བྱ་བ་ནི་སྐད་ཅིག་མ་ཉིད་ལའོ། །གཞན་དུ་ནི་ཞེས་བྱ་བ་ནི་སྔོན་པོར་རོ། །ཡང་ན་འདིར་ནི་ཞེས་བྱ་བ་ནི་ཁྱེད་ཀྱི་འདོད་པ་ལའོ། །གཞན་དུ་ནི་ཞེས་བྱ་བ་ནི་ཁོ་བོ་ཅག་གི་འདོད་པ་
ལའོ། །ཐ་དད་མེད་པས་དུམ་བུ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་ཉིད་ཀྱི་ཉེ་བར་བསྡུ་བ་ནི། དེས་ན་གཅིག་བསྒྲུབས་པས་ཞེས་བྱ་བའོ། །སྔོན་པོ་ཡོན་ཏན་ནི་བུམ་པ་དང་སྣམ་བུ་བཞིན་དུ་རྫས་ལས་རྣམ་པར་གཅོད་པ་མ་ཡིན་པ་མ་ཡིན་ནམ། དེས་ན་འདྲེས་པའི་ཕྱིར་གཞི་མཐུན་པ་ཡིན་ནོ་སྙམ་དུ་
སེམས་པ་ནི། འོན་ཏེ་སྔོན་པོ་ཡན་གར་བ་ཞེས་བྱ་བ་སྟེ། ཐ་དད་པ་ཡང་བུམ་པ་ལ་གནས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕན་ཚུན་སྤངས་པ་མ་ཡིན་པས་འདྲེས་པ་ནི་གཅིག་རྟོགས་ན་གཞན་རྟོགས་པ་ཁོ་ན་ཡིན་པར་བསྟན་པ་ནི། དེ་ལྟ་ཡིན་ན་སྔོན་པོའི་ཞེས་བྱ་བའོ། །རྫས་དང་ཡོན་ཏན་
བརྗོད་པ་བསྟན་ནས་རིགས་དང་ཡོན་ཏན་བརྗོད་པ་བསྟན་པ་ནི། འོན་ཏེ་རིགས་དང་ཡོན་ཏན་ཡིན་ན་ཞེས་བྱ་བའོ། །འོན་ཏེ་སྔོན་པོའི་རྫས་ཉིད་ཅེས་བྱ་བ་ནི་གཉི་ག་སྔོན་པོར་བརྗོད་པའོ། །འོན་ཏེ་སྔོན་པོ་ཡན་གར་བ་མ་ཡིན་པ་ཞེས་བྱ་བ་འདྲེས་པའི་ཕྱིར་རོ། །མངོན་པར་བརྗོད་པ་བཞིའམ་ཞེས་བྱ་
བ་ནི་སྒྲ་གཉིས་པོས་རེ་རེ་ཞིང་གཉིས་བརྗོད་པའི་ཕྱིར་རོ། །གསུམ་ཞེས་བྱ་བ་ནི་སྔོན་པོ་རྫས་ཉིད་ཡིན་པའི་ཕྱོགས་ལ་སྔོན་པོའི་སྒྲས་གཉིས་བརྗོད་པ་དང་། ཨུཏྤ་ལའི་སྒྲས་རིགས་བརྗོད་པ་ཡིན་ནོ། །ཡོན་ཏན་སྔོན་པོ་དང་རིགས་དང་རྫས་རྣམས་འདུས་པ་ཉིད་ཁོ་ན་རེ་རེ་ཞིང་མངོན་སུམ་གྱིས་རྟོགས་

པར་མི་ནུས་པ་ནི་བདེན་མོད་ཀྱི་དེ་ལ་བུམ་པ་དང་སྣམ་བུ་བཞིན་དུ་གཞི་མཐུན་པ་མ་ཡིན་ནོ་ཞེས་ཟེར་བ་ནི་འོན་ཏེ་སྔོན་པོ་ལ་སོགས་པ་ཞེས་བྱའོ། །སྒྲའི་ཐ་སྙད་གཞི་མཐུན་པ་ཡིན་ནོ་ཞེས་ཟེར་བ་ནི། སྔོན་པོ་ལ་སོགས་པ་དེ་དག་ནི་ཞེས་བྱ་བ་སྟེ་ཡོན་ཏན་རྣམས་སོ། །སྒྲ་གཞན་སྦྱར་རོ་ཞེས་བྱ་བ་ནི་སྒྲ་
དུ་མ་སྦྱོར་བའོ། །སྒྲ་ནི་དངོས་པོའི་ཡུལ་མངོན་སུམ་བཞིན་དུ་འཛིན་པ་ཡིན་ཏེ། གཞན་དུ་ན་དངོས་པོ་མེད་པའི་ཕྱིར་རོ་ཞེས་ཟེར་བ་ལ་གལ་ཏེ་སྔོ་སོགས་ཞེས་བྱ་བའོ། །སྒྲ་དང་ཤེས་པ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་འཛིན་པས་ཞེས་བྱ་བའོ། །ཅི་ཡང་ཉམས་པར་མི་བྱེད་དོ། །ཞེས་བྱ་བ་ནི་རང་
བཞིན་དུ་རྟོགས་ན་ཞེས་བྱ་བ་སྟེ་གནས་སྐབས་པའོ། །ཕན་ཚུན་རྣམ་པར་གཅོད་པའི་ཕྱིར། །ཞེས་བྱ་བ་ནི་སྔོན་པོའི་ཞེས་བྱ་བས་སྔོན་པོ་མ་ཡིན་པ་བཅད་པ་དང་ཨུཏྤལ་ཞེས་བྱ་བས་ནི་ཨུཏྤ་ལ་མ་ཡིན་པའོ། །འདིའི་ཤུགས་ཀྱིས་ཨུཏྤ་ལ་སྔོན་པོར་རྟོགས་པའོ། །སྔོན་པོ་ནི་ཨུཏྤ་ལ་དང་ཨུཏྤ་
ལ་མ་ཡིན་པ་དང་། ཨུཏྤ་ལ་ཡང་སྔོན་པོ་དང་སྔོན་པོ་མ་ཡིན་པ་གཉི་ག་ལ་ཡོད་ཀྱང་གཞན་དུ་ཇི་ལྟར་འགྱུར་ཞེས་ཟེར་བ་ལ། ཟིན་པ་གཞན་དང་གཞན་ལས་ནི། །ཞེས་བྱ་བ་སྟེ། གཞན་ཡོད་པས་སྒྲའི་ནུས་པ་གཞན་དུ་འགྱུར་ན་མི་རྟག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྔོན་པོ་ཨུཏྤ་ལ་ཡིན་པ་ལ་ཐེ་
ཚོམ་ཟ་བ་ནི་དེ་རྣམ་པར་གཅོད་པའི་ཕྱིར་སྒྲ་གཉིས་སྦྱོར་བར་བསྟན་པ་ནི། འོ་ན་སྒྲ་གཞན་ལས་ཞེས་བྱ་བའོ། །རྣམ་པར་བརྟག་པ་ཞེས་བྱ་བའི་ནི་ཐེ་ཚོམ་ཟ་བའོ། །དེའི་སྒྲ་ལས་ཞེས་བྱ་བ་ནི་ཅི་ཨུཏྤ་ལ་སྔོན་པོའམ་འོན་ཏེ་གཞན་ཡིན་ཞེས་བྱ་བའི་སྒྲ་ལས་སོ། །ཨུཏྤ་ལ་སྔོན་པོ་ཞེས་བྱ་བ་ནི་མཐའ་གཅིག་
དང་འོན་ཏེ་གཞན་ཞེས་བྱ་བ་སྔོན་པོ་མ་ཡིན་པ་ནི་གཉིས་པ་སྟེ། སྒྲ་ལས་རྟོགས་པའི་སྤྱི་བཞིན་དུ་ཐེ་ཚོམ་ཟ་བ་ཡང་བསྡུས་པར་བཟློག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་ཉིད་ནི་བཟློག་པར་བྱ་བ་མ་ཡིན་པའོ། །མ་ངེས་པར་བཟློག་པར་བྱ་བ་ཉིད་དུ་ཞེས་བྱ་བ་ནི་འཁྲུལ་པ་ཉིད་ཙམ་མོ། །
སྤྱི་བརྗོད་པ་ལས་སྒྲ་གཞན་བརྗོད་པ་ན་ཁྱད་པར་རྟོགས་པ་བཟློག་པར་བྱ་བ་མ་ཡིན་པ་མ་ཡིན་ནམ། དོན་མེད་པ་ཉིད་ནི་སྒྲའི་ནུས་པའི་རྗེས་སུ་འབྲེངས་ནས་རྟོགས་པར་བྱ་བ་སྔ་མ་དང་ཕྱི་མ་ཡང་ཞེས་བྱ་བ་ནི་རིགས་པ་ཡིན་ནོ་ཞེས་ཟེར་བ་ལ། སྤྱི་ཙམ་བརྗོད་པ་ཞེས་བྱ་བ་སྟེ་དེའི་ཕྱིར་ཕྱི་མ་ཐེ་ཚོམ་ཟ་

བའི་གནོད་བྱེད་མ་ཡིན་པའོ། །སྒྲ་ནི་འབྲེལ་པ་མེད་པའི་ཕྱིར་གནོད་བྱེད་མ་ཡིན་དུ་ཟིན་ཀྱང་རྗེས་སུ་དཔག་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་ཟེར་བ་ནི། འོན་ཏེ་རྗེས་སུ་དཔག་པ་ཞེས་བྱ་བའོ། །རྗེས་སུ་དཔག་པ་ལ་ཡང་ཞེས་བྱ་བ་ལ་ཐེ་ཚོམ་ཟ་བ་ཉིད་ཡིན་པར་བསྟན་པ་ནི་མ་ཡིན་ཏེ། དེ་
ལ་ཡང་མངོན་སུམ་གྱིས་གནོད་པའི་ཕྱིར་ཏེ་གནོད་པར་བྱེད་པ་ཉིད་དུ་མཐོང་བའི་ཕྱིར་རོ། །སྤྱི་ལ་ཞེས་བྱ་བ་ནི་མེ་མ་ཡིན་པ་ལས་ལྡོག་པ་ལའོ། །ཐམས་ཅད་ཁོ་ན་ཐེ་ཚོམ་ཡིན་ཏེ་ཐ་ན་ཡོད་པ་ཉིད་དོ་ཞེས་བྱ་བ་ཡང་རྣམ་པ་གསུམ་པ་གཞན་ལས་ལྡོག་པ་ཁོ་ན་ཡིན་ལ། དེ་དག་ཙམ་གྱིས་ཀྱང་ཁྱད་པར་ལ་ངེས་
པ་མ་ཡིན་པར་བསྟན་པ་ནི། མ་ཡིན་ཏེ་སྤྱི་རྟོགས་པ་ནི་ཞེས་བྱ་བའོ། །ཁྱད་པར་ལ་སྤྱིའི་རྟོགས་པ་མ་ཡིན་པ་འབའ་ཞིག་དེ་ལས་ངེས་པ་ཅན་ཡང་མ་ཡིན་པར་བསྟན་པ་ནི་སྤྱི་ལ་ནི་རྣམ་པར་ངེས་པ་ཞེས་བྱ་བའོ། །ངེས་པ་མེད་པར་བསྟན་པ་ནི་ཤེས་པ་ཐམས་ཅད་བསླད་པ་ཉིད་ཅེས་བྱ་བ་སྟེ། ཁྱད་པར་ལ་མ་
ངེས་པའོ། །ཁྱད་པར་ལ་མ་ངེས་པ་ཉིད་ཀྱི་བསླད་པ་བཤད་པ་ནི་སྤྱི་རྟོགས་ཀྱང་ཞེས་བྱ་བའོ། །རྟོགས་པ་བསླད་པ་ནི་ཐེ་ཚོམ་ཟ་བའོ། །ཆོས་མཚུངས་པ་གང་གི་ཡིན་པ་དེ་ནི་ཆོས་མཚུངས་པའི་ཆོས་ཅན་ཉིད་མཐོང་བ་ལས་དེའི་ཁྱད་པར་ལ་ཐེ་ཚོམ་ཟ་བ་ཡིན་གྱི་སྤྱི་ལ་ནི་མ་ཡིན་པ་མ་ཡིན་ནམ་ཞེས་ཟེར་བ་ལ། ཇི་སྟེ་ཡང་སྲིད་པ་ཉིད་
ཅེས་བྱ་བའོ། །གང་ཞིག་ཅེས་བྱ་བ་ནི་ཁྱད་པར་རོ། །གང་ལ་ཞེས་བྱ་བ་ནི་སྤྱི་ལའོ། །དེ་ཞེས་བྱ་བ་ནི་ཁྱད་པར་རོ། །དེ་མཐོང་བས་ནི་སྤྱི་མཐོང་བས་སོ། །དེ་ཉིད་ལ་ཐེ་ཚོམ་ཞེས་བྱ་བ་ནི་ཁྱད་པར་ལའོ། །གང་མཐོང་བ་ལས་ཐེ་ཚོམ་ཟ་བར་ཆོས་མཚུངས་པའི་ཆོས་ཅན་དེ་མ་ཡིན་གྱི་འོ་ན་ཅི་ཞེ་ན་ཆོས་ཅན་ཉིད་ཐེ་ཚོམ་ཟ་
བ་ཡིན་པར་བསྟན་པ་ནི། ཁྲ་བོ་ལ་སོགས་ཞེས་བྱ་བའོ། །དེ་མ་ངེས་ན་དེ་ལ་ཐེ་ཚོམ་ཟ་བ་མི་རིགས་པའི་ཕྱིར་ཐེ་ཚོམ་ཟ་བ་ཉིད་ལས་ངེས་པ་ཡིན་ནོ་ཞེ་ན། ཐེ་ཚོམ་གྱི་ཡུལ་ཉིད་དུ་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་འགལ་བ་ཡིན་ལ་རྣམ་པར་རྟོག་པའི་ངེས་པ་ཡིན་ན་ཐེ་ཚོམ་ཟ་བ་ཁོ་ན་ལས་ངེས་པ་ཡིན་ན་ཞེས་བྱ་བ་ལས་
ཁྱད་པར་མེད་དོ། །སྒྲ་ཙམ་མཚུངས་པ་ཡིན་གྱི་གཞན་པའི་བ་ལང་ཉིད་མེད་པར་བསྟན་པ་ནི་སྒྲ་ཙམ་ཞིག་ནི་ཞེས་བྱ་བའོ། །བ་ལང་ནི་ཁྲ་བོའམ་གཞན་ཞེས་བྱ་བའི་ཐེ་ཚོམ་ཟ་བས་བ་ལང་ཉིད་དུ་རྟོགས་པ་ཁོ་ན་མ་ཡིན་ནམ་སྙམ་དུ་སེམས་པ་ལ། དེ་ལྟ་བུའི་རྣམ་པ་ཅན་གྱི་རྟོགས་པ་ཉིད་བག་ཆགས་ལས་བྱུང་

བ་ཡིན་གྱི་གཞན་ནི་མ་ཡིན་ཏེ། མངོན་སུམ་གྱིས་མ་རྟོགས་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཡང་ན་ཐོག་མེད་ཅེས་བྱ་བའོ། །རྣམ་པར་རྟོག་པ་ནི་ཐེ་ཚོམ་ཟ་བའོ། །རྟགས་ཀྱང་ཞེས་བྱ་བ་ནི་ཁྱད་པར་གཅིག་གིས་ངེས་ན་མངོན་སུམ་བཞིན་དུ་བདག་ཉིད་ཐམས་ཅད་ཀྱིས་སོ། །འོན་ཏེ་ཞེས་བྱ་བ་ནི་ཁྱད་པར་གཅིག་
ཏུ་རྣམ་པར་བཅད་པ་ཙམ་ཡིན་གྱི་ཁྱད་པར་གཞན་གྱིས་ཁྱད་པར་དུ་བྱས་པ་ནི་མ་ཡིན་ནོ། །གཞན་ཞེས་བྱ་བ་ནི་ཁྱད་པར་གཞན་གྱིས་ཁྱད་པར་གཞན་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །སྔོན་པོའི་ཁྱད་པར་གྱིས་རྣམ་པར་བཅད་པ་ནི་ཨུཏྤ་ལ་གཞན་དུ་སྒྲུབ་པར་ནུས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་སྒྲོ་འདོགས་པ་ཙམ་
ཡིན་ནོ་ཞེས་ཟེར་བ་ནི་འོན་ཏེ་གཞན་གྱིས་ཞེས་བྱ་བའོ། །དེ་ལྟ་ན་ཨུཏྤ་ལ་མ་ཡིན་པ་ལས་ལོག་པ་ཇི་ལྟར་ཡིན་ཟེར་ན་ཡང་། དེ་ལས་གཞན་བཟློག་པ་ནི་ཞེས་བྱ་བའོ། །ཇི་ལྟར་ཨུཏྤ་ལ་ཉིད་དང་ལྡན་པ་མེད་པ་དེ་བཞིན་དུ་ཨུཏྤ་ལ་མ་ཡིན་པ་ཉིད་དང་ལྡན་པ་ཡང་སྲིད་པ་མ་ཡིན་ཏེ། མི་སྲིད་པར་
ངེས་པའི་ཕྱིར་རོ། །མི་སྲིད་པར་ངེས་པ་གང་ལས་མི་སྲིད་པ་ཁོ་ན་ཡིན་པ་དེའི་ཚེ་ཆོས་དང་ལྡན་པ་ནི། སྔོན་པོའི་ཆོས་དང་ལྡན་པའོ། །དེ་ལས་གཞན་པའི་ཆོས་དང་ལྡན་པ་ནི་ཨུཏྤ་ལ་མ་ཡིན་པའི་ཆོས་དང་ལྡན་པའོ། །ཡང་ན་སྒྲོ་བཏགས་པའི་ཨུཏྤ་ལ་ཉིད་དང་ལྡན་པའམ་དེ་ལས་གཞན་པ་
སྟེ། ཨུཏྤ་ལ་ལས་གཞན་པ་ཉིད་དང་ལྡན་པ་ལའོ། །བ་ལང་ངོ་ཞེས་བྱ་བ་ནི་བརྗོད་པར་འདོད་པ་མ་ཡིན་པའི་དབྱེ་བ་ཅན་གྱི་ཁྱད་པར་རྣམས་ནི་སྤྱི་ཡིན་ལ་ཐམས་ཅད་ཐོབ་པས་གཞན་ལ་ཡང་དེས་ཉེ་བར་མཚོན་པའི་གསལ་བ་ཙམ་ཡིན་ནོ། །སྔོན་པོའི་ཚིག་ཉེ་བ་དེ་ཇི་ལྟར་བསྡུས་པ་ཡིན་ཏེ། བརྗོད་
པའི་དུས་ན་དེ་མེད་པའི་ཕྱིར་རོ། །མ་འོངས་པ་ལ་ནི་ཐམས་ཅད་དུ་འགྱུར་རོ། །དེ་དང་བྲལ་བའི་ངག་ལ་ཇི་ལྟར་ལྟོས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་བརྗོད་པའི་དུས་ཐམས་ཅད་དུ་ལྟོས་པ་མེད་པའི་ཕྱིར་རོ། །དེ་བརྗོད་པ་ཙམ་གྱི་སྒྲའི་བྱེད་པ་ལ་སྔ་མ་དང་ཕྱི་མའི་རྗེས་སུ་འགྲོ་བ་བརྗོད་པ་རྣམས་ཁོ་ན་ཡིན་ཏེ།
སྐྱེས་བུའི་བློ་ལས་བྱུང་བ་ནི་དོན་ཏོ། །དེ་ལྟ་ན་དོན་གཞན་ལ་རུང་བ་ཉིད་ཀྱི་དབང་གིས་རུང་བ་ཉིད་འཛིན་པ་ནི་རྗེས་སུ་དཔག་པའམ་གལ་ཏེ་མ་བཟུང་ན་སྐྱེས་བུའི་བློའི་ནུས་པ་མིན་ནོ་ཞེས་བསྟན་པ་ནི། གལ་ཏེ་ཕྱོགས་གཞན་འཐོབ་ན་ནི། །ཞེས་བྱ་བའོ། །འོན་ཏེ་གཞན་རྣམས་ཐོབ་མེད་ན། །ཞེས་བྱ་བ་ནི་

དོན་དང་ལྡན་པ་ཉིད་ཀྱི་བརྗོད་བྱའོ། །ཁྱད་པར་གཞན་གྱིས་ཅི་བྱ་སྟེ། །ཞེས་བྱ་བ་ནི་དེའི་དོན་ཏེ་ཉིད་ཀྱིས་བརྗོད་པའི་ཕྱིར་རོ། །མི་མཚོན་པའི་མཚོན་པ་ལས་ནི་མཚོན་པ་ཉིད་མེད་ཀྱང་ཁྱད་པར་དང་ལྡན་པ་ཡིན་ནོ་ཞེས་ཟེར་བ་ནི་འོན་ཏེ་ཁྱད་པར་ཞེས་བྱ་བའོ། །ནམ་ཡང་ཞེས་བྱ་
བ་ནི་ཐག་རིང་བ་དང་ཉེ་བ་ལ་ཡང་མི་འཛིན་པའི་ཕྱིར་རོ། །རྫས་ལ་བརྟེན་པའི་དབྱིབས་ལ་སོགས་པ་འཛིན་ན་ཡང་ཁྱད་པར་གཅིག་གིས་བདག་ཉིད་ཐམས་ཅད་འཛིན་པའི་ཕྱིར་ཁྱད་པར་གཞན་ལ་དོན་མེད་པར་བསྟན་པ་ནི། འོན་ཏེ་དབྱིབས་ནི་ཞེས་བྱ་བ་སྟེ། རྫས་མ་ཡིན་པ་གཞན་མངོན་སུམ་མ་ཡིན་
པའམ། སྒྲ་ཡང་བདག་ཉིད་ཐམས་ཅད་འཛིན་པ་ཇི་ལྟར་ཡིན་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པའི་ཡུལ་ཉིད་ཡིན་ན་བདག་ཉིད་ཐམས་ཅད་འཛིན་པ་དང་། གཞི་མཐུན་པ་མ་ཡིན་པ་རྣམས་སུ་ཐལ་བར་འགྱུར་བ་མ་ཡིན་པར་བསྟན་པ་ནི། སྣ་ཚོགས་ཆོས་ཀྱི་ཞེས་བྱ་བའོ། །དེ་དག་ཙམ་གྱི་ཡུལ་ཅན་གྱི་
རྟོགས་པས་བསྟན་པའི་ཆོས་ཅན་ནི་དངོས་སུ་དེ་ལྟ་བུ་ཡིན་པར་བསྟན་པ་ནི། སྣ་ཚོགས་ཆོས་ཀྱི་ཞེས་བྱ་བའོ། །མི་རྟག་པ་གྲུབ་པ་ནི་ཡོད་པ་དང་མེད་པའི་ཆོས་གཞན་གྱི་སེམས་པ་དང་བྲལ་བ་ནི་ཆོས་གཞན་རྣམས་ལ་ལྟོས་པ་ཡིན་ཏེ། ཆོས་མེད་པའི་ཆོས་ཅན་མི་སྲིད་པའི་ཕྱིར་རོ། །ཡང་ན་དངོས་པོ་
གྲུབ་པ་ན་དེ་ལས་གཞན་པ་རྣམས་ཏེ། སྔོན་པོ་མ་ཡིན་པ་རྣམས་བཏང་སྙོམས་ཏེ་འགོག་པར་བྱེད་པའོ། །འགོག་ན་ཞེས་བྱ་བ་ནི་ཨུཏྤ་ལའོ་ཞེས་བྱ་བས་ཨུཏྤ་ལ་མ་ཡིན་པའི་སྔོན་པོ་ལ་སོགས་པ་འགོག་པ་ནའོ། །དེ་ལས་ཀྱང་གཞན་ལ་ཞེས་བྱ་བ་ནི་ཨུཏྤ་ལ་དང་སྔོན་པོ་རྣམས་ལ་ལྟོས་པ་དེ་བཞིན་དུ་ཨུཏྤ་ལ་
གྲུབ་པ་ལ་ཡང་བརྗོད་པར་བྱ་བའོ། །ཡང་ན་གཅིག་གྲུབ་པ་ནི་ཞེས་བྱ་བ་ནི་འདྲེས་པ་ནའོ། །གཞན་རྣམས་བཏང་སྙོམས་ཞེས་བྱ་བ་ནི་དབྱེ་བ་ཡོད་དོ་ཞེས་བྱའི་དོན་ཏོ། །འགོག་པ་དང་དེས་དབེན་པ་དག་གི་དོན་ཡིན་ན་ཡང་དེ་ལས་གཞན་ལ་ལྟོས་པ་སྟེ་འདྲེས་པ་ལའོ། །ཐ་སྙད་དང་ཐ་སྙད་ཀྱི་ཡུལ་ཤུགས་ཀྱིས་
བསྟན་ནས་ཇི་ལྟར་ཞེས་བྱ་བ་ནི་གནས་སྐབས་ཀྱི་རྣམ་པའོ། །དབེན་པ་ཡང་ཡིན་ལ་དོན་ཡང་ཡིན་པ་དེ་མ་ཡིན་པ་དེ་ནི་མངོན་སུམ་མ་ཡིན་ཏེ། རྟོག་པའི་ཇི་ལྟ་བ་བཞིན་དུ་མ་མཐོང་བའི་ཕྱིར་རོ། །མ་བརྟགས་པར་ཞེས་བྱ་བ་ནི་མ་དཔྱད་པའོ། །ཐ་དད་དོན་ཞེས་བྱ་བ་ལྡོག་པ་ནི་རྟེན་དེ་སྐྱེད་བྱེད་ཡིན་པའི་ཕྱིར་

གང་ཡིན་པ་དེ་ལ་མ་བརྟགས་པར་བརྟེན་པ་ནི་ཐ་སྙད་པ་རྣམས་སོ། །མི་བདེན་པའི་དོན་ནི་རྟོག་པའི་ཡུལ་ལ་བློས་ཇི་ལྟར་བརྟགས་པ་དེ་བཞིན་དུ་དེ་ལྟ་བུར་ཆོས་ཅན་ལ་གནོད་མི་འགྱུར་ཞེས་བྱ་བར་སྦྱར་རོ། །རྣམ་པར་རྟོག་པ་ལས་བྱུང་བ་རྣམས་ལ་གནོད་པ་ཁོ་ན་ཡིན་ཏེ། ཚད་མ་མི་བཟོད་པའི་ཕྱིར་རོ། །བློ་དེ་
ཡང་ཚད་མ་མ་ཡིན་ཏེ། མི་བདེན་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་ལྟ་དེ་ལྟར་ཆོས་ཅན་དུ་བློ་ཉིད་རྟོགས་པར་བྱེད་ཀྱི་མངོན་སུམ་གྱིས་མ་ཡིན་པར་བཤད་པ་ནི་སྒྲུབ་པ་དགག་པ་ཞེས་བྱ་བ་སྟེ། དངོས་པོ་མངོན་སུམ་གྱི་ཡུལ་མ་ཡིན་ནོ། །དེ་ལ་ཇི་ལྟར་འཇུག་པར་འགྱུར་བ་ཡིན་ཟེར་བ་ལ། འབའ་ཞིག་
ནི་མེད་པ་སྟེ་གཞན་སེལ་བའོ། །དེ་ལྟ་བུ་ཞེས་བྱ་བ་ནི་ཇི་ལྟར་རྟོགས་པའོ། །མི་འགྱུར་བ་ནི་གཞན་དང་གཞན་དུ་འགྱུར་བ་མ་ཡིན་པའོ་ཞེས་བྱ་བའི་འཛིན་པར་བྱེད་པའི་ངག་གཉིས་ཡིན་ལ། རྟོགས་པ་ཞེས་བྱ་བ་བཤད་པ་ནི་འདི་ནི་ཁོ་ན་ཡིན་དུ་ཁོ་བོས་ཞེས་བྱ་བ་སྟེ། ངེས་པར་གཟུང་བའི་དོན་ཡིན་ཏེ། དེ་ལ་
ནི་མ་ཡིན་པའོ། །འབའ་ཞིག་ཁོ་ན་ཞེས་བྱ་བ་ལ་སོགས་པ་བཤད་པ་ནི། དེ་ཉིད་ཀྱི་ཞེས་བྱ་བའོ། །འཁྲུལ་པ་ཙམ་སེལ་བའི་ཕྱིར་རོ་ཞེས་བྱ་བ་ནི་བ་ལང་ངམ། མེའམ་ཡོད་པའམ་མེ་མ་ཡིན་ནམ་ཞེས་བྱ་བའི་ཐེ་ཚོམ་ཟ་བས་སམ། མེ་མ་ཡིན་པའི་ཆ་ལ་སྒྲོ་བཏགས་པ་འཁྲུལ་པ་ཡིན་པའི་ཕྱིར་ཡིད་གཉིས་
མེད་ན་འཁྲུལ་པའི་འཇུག་པ་མེད་དོ། །འཇུག་མིན་ཡུལ་དང་ཞེས་བྱ་བ་ནི་ཡལ་བར་འདུག་པའི་ཡུལ་ཡིན་པའི་ཕྱིར་རོ། །མ་ངེས་པ་ནི་ཞེས་བྱ་བས་ནི་འཇུག་པའི་ཡུལ་བསྟན་པ་ཡིན་ནོ། །གཞན་དུ་རྟོགས་པ་ཞེས་བྱ་བ་ནི་སྤྱིས་རྟོགས་པའོ། །སྒྲ་ལས་བྱུང་བའི་རང་གི་ཡུལ་ལ་འཁྲུལ་པ་བཟློག་པ་ནི་མངོན་སུམ་
ལས་བྱུང་བའི་རྟོག་པ་མ་ཡིན་ཏེ། དེ་དང་ལྷན་ཅིག་པའི་དོན་ཉིད་དང་གྲུབ་པ་དང་བདེ་བ་ཐ་མི་དད་པའི་ཕྱིར་རོ་ཞེས་བསྟན་པ་ནི། མངོན་སུམ་གྱི་དུས་ཕྱིས་འབྱུང་བའི་ཞེས་བྱའོ། །དེ་འདིའི་ཞེས་བྱ་བ་མངོན་སུམ་ལས་བྱུང་བ་ལྔ་ཡང་སྔ་མ་དང་ཕྱི་མའི་ངོ་བོ་ཡུལ་ཅན་མ་ཡིན་ནམ་སྙམ་དུ་སེམས་པ་ལ་དེ་འདིའི་
ཞེས་བྱ་བའོ། །མངོན་སུམ་ལས་བྱུང་བའི་ཕྱིར་དེའི་ཡུལ་ཡང་སྔ་མ་དང་ཕྱི་མ་ནི་མངོན་སུམ་བཞིན་དུ་རྒྱུ་ཁོ་ན་ཡིན་ནོ་ཞེས་ཟེར་བ་ནི་འོན་ཏེ་དེ་སྐད་ཅིག་མ་ཉིད་ཅེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་མངོན་སུམ་ཉིད་སྐད་ཅིག་མ་ཉིད་ཅེས་བྱ་བར་སྦྱར་རོ། །འཐད་དེ་ཞེས་བྱ་བ་ནི་སྐྱོན་མེད་པའོ། །དངོས་པོ་ཐ་མི་

དད་པས་དེ་ལས་ལྡོག་པ་རྣམས་གཞི་མཐུན་པ་ཉིད་ཡིན་ན་ཕན་ཚུན་ཐ་མི་དད་པའི་ཕྱིར་རྣམ་གྲངས་པར་འགྱུར་ཞེས་ཟེར་བ་ནི། གལ་ཏེ་ལྡོག་པ་རྣམས་ཞེས་བྱ་བའོ། །ཐ་དད་པའི་ཕྱིར་རྣམ་གྲངས་མ་ཡིན་ཏེ་ཀུན་རྫོབ་ཏུ་ནི་རྣམ་རྟོག་ལའོ། །སྒྲ་དོན་ཞེས་བྱ་བ་ནི་རྣམ་རྟོག་གི་གོ་ཆའོ། །
ཐ་དད་ཐ་དད་མེད་པ་དག་ནི་རྣམ་གྲངས་མ་ཡིན་པ་དང་ཅིག་ཤོས་དག་གི་རྒྱུ་མཚན་ནོ། །གཉི་གའི་རང་བཞིན་ཉིད་དོ་ཞེས་བྱ་བ་ནི་རྣམ་གྲངས་མ་ཡིན་པ་དང་ཅིག་ཤོས་ཉིད་དོ། །ལྡོག་པ་རྣམས་རྣམ་པར་རྟོག་པས་སོ་སོ་བར་བྱས་པས་རྣམ་གྲངས་མ་ཡིན་པ་དང་ཅིག་ཤོས་ཉིད་ཀྱི་དབྱེ་བ་ཡིན་ནོ་ཞེས་
བྱ་བ་ནི་ལྷུར་ལེན་པའོ། །དོན་གྱི་དབྱེ་བའི་རྟེན་ཆོས་ཅན་ལ་བརྟེན་ནས་དོན་གྱི་དབྱེ་བ་དོན་ལས་ཐ་མི་དད་པས་ཐ་མི་དད་པ་ཡིན་ན་རྣམ་གྲངས་ཉིད་དུ་འགྱུར་རོ་སྙམ་དུ་སེམས་པ་ལ་དེ་འབྲེལ་ཅན་ཞེས་བྱ་བའོ་སྟེ། དེའི་འབྲས་བུ་ནི་བུམ་པའོ། །དེ་དེ་ཞེས་བྱ་བ་ནི་ཡོད་པ་ནི་མེད་པ་ལས་དང་དཀར་པོ་ནི་དཀར་
པོ་མ་ཡིན་པ་ལས་ཐ་དད་པའོ། །དེ་དེ་ལས་ཞེས་བྱ་བ་ནི་དེ་དང་དེ་ལས་ཐ་དད་པ་ཙམ་ལས་བྱུང་བའི་ཉེ་བར་བསླད་པ་སྟེ། རྣམ་པར་རྟོག་པ་རྣམས་ཀྱིས་སོ། །བྱེད་པ་སྟེ་འཕེལ་བར་བསྒྲུབས་པ་དང་ཞེས་བྱ་བ་ནི་ཡོད་པའོ། །འགྲིབ་པ་ནི་དཀར་པོ་གང་དག་གི་ཡིན་པ་དེ་དག་གི་ནི་དེ་ལྟ་བུ་མ་ཡིན་པའོ། །
ལྟ་བུར་ཞེས་བྱ་བའི་དོན་ནི་སྒྲོ་བཏགས་ཡིན་གྱི་རྟོག་པ་རྣམས་རང་རིག་པ་ཙམ་ཡིན་པའི་ཕྱིར་དེ་ཉིད་ནི་མ་ཡིན་ཏེ། གང་གིས་རྟོགས་པར་བརྗོད་པ་དེས་ཞེས་བྱ་བའི་དོན་ཏོ། །ཕྱི་རོལ་ཡང་དེའི་སྟོན་པའི་ངོ་བོ་ཉིད་དུ་བསྟན་པ་ནི། དེ་ལྡན་ཉིད་མིན་ཡང་ཞེས་བྱ་བ་ལ་རྣམ་པར་རྟོག་པས་བསྟན་པའི་
ངོ་བོ་དང་བྲལ་བ་ཡང་སྟེ། མངོན་སུམ་གྱིས་མ་རྟོགས་པའི་ཕྱིར་རོ། །འབྲེལ་པ་འགའ་ལས་ཞེས་བྱ་བ་ནི་དེ་དང་དེ་ཐ་དད་པའི་དོན་ཉམས་སུ་མྱོང་བའི་བག་ཆགས་ཀྱི་འབྲེལ་ལས་སོ། །འགྲེལ་པར་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བའི་རྟགས་ཀྱི་འགྲེལ་པ་ལས་སོ། །མཐོང་བར་སྦྱར་ཞེས་
བྱ་བ་ནི་རང་གི་བྱེད་པ་སྟེ་སྒྲོ་བཏགས་པ་ཞེན་པར་བྱ་བ་ལའོ། །ཅི་ལས་ཤེ་ན་ཐ་དད་རྟེན་ཅན་ཞེས་བྱ་བ་སྨོས་ཏེ་གང་གིས་ཏེ་དག་དབྱེ་བ་ལ་བརྟེན་པ་ཡིན་པའོ། །མི་སླུ་བ་ཞེས་བྱ་བ་ནི་འགྲེལ་པར་རོ། །དེ་ལས་ནི་མི་སླུ་བ་ལས་སོ། །བསླད་པ་ཡང་ཤེས་མ་ཡིན་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དེ་དག་བསླད་

པ་ཉིད་དུ་མི་ཤེས་པ་སྟེ་མི་སླུ་བ་ལ་དགའ་བས་དེ་ཉིད་དམ་ཅིག་ཤོས་ལ་ལྟོས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྡོག་པ་རྣམས་ཐ་དད་པའི་ཕྱིར་རྣམ་གྲངས་མ་ཡིན་པ་ཉིད་དང་ཉམས་སུ་མྱོང་བ་དང་འབྲེལ་པའི་ཕྱིར་དོན་གྱི་ཡུལ་ཅན་ཡིན་ཏེ་གནོད་པ་མེད་པའི་ཕྱིར་ཐ་སྙད་ཀྱི་རྒྱུ་ཉིད་དང་དེའི་རྒྱུ་
མཚན་ཡང་བསྟན་པ་ཡིན་ནོ། །དེ་འབྲས་མེད་པ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དེ་ཉིད་མ་ཡིན་པའི་ཡུལ་ཉིད་ལ་གནོད་པ་ཁོ་ན་ཡིན་ཏེ། ཐག་པ་ལ་སྦྲུལ་གྱི་བློ་ལྟ་བུའོ་ཞེས་ཟེར་བ་ལ་ནི། གལ་ཏེ་ཐ་སྙད་འདི་ཞེས་བྱ་བའོ། །རྒྱུ་མཚན་མཐོང་བ་ལ་སྦྱོར་བ་ཞེས་བྱ་བའི་བཤད་པ་ནི་མི་
སླུ་བའི་ཕྱིར་ཞེས་བྱ་བའོ། །རྣམ་པར་རྟོག་པས་ལྡོག་པ་ནི་ཐ་སྙད་པར་ཉེ་བར་བསྟན་པ་ཡིན་ཡང་ཐ་དད་པ་ཐོབ་པ་མ་ཡིན་པའི་ཕྱིར་ཐ་དད་པ་དང་ཐ་མི་དད་པ་འདོད་པ་ཐོབ་པ་ལ་ལྟོས་པ་མ་ཡིན་ཏེ། འབྲས་བུ་ཞིག་པ་དང་སྐྱུར་བའི་རྒྱུ་ཉིད་དུ་ཐ་མི་དད་པར་བརྗོད་ཀྱང་། བུ་རམ་དང་མངར་བ་ཉིད་ཐ་མི་
དད་པས་དོན་གྱི་བྱ་བ་མཐོང་བའི་ཕྱིར་རོ་ཞེས་བསྟན་པ་ནི། ཐ་དད་ཐ་དད་མེད་སླུ་བ། །ཞེས་བྱ་བའོ། །དེ་འབྲས་ཅན་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི། ཆོས་ཀྱི་དབྱེ་བ་ནི་ཞེས་བྱ་བ་སྟེ། དེ་འབྲས་བུ་ཡིན་པ་ལ་དེ་མ་ཡིན་པའི་འབྲས་བུ་ཅན་མཐར་ཐུག་པ་དང་། དེ་འབྲས་བུ་ཅན་མ་
ཡིན་པ་ནི་ཅིག་ཤོས་སོ། །བརྟགས་པ་ཞེས་བྱ་བ་ནི་དེ་ཉིད་མ་ཡིན་པའོ། །དངོས་པོ་དང་འབྲེལ་པ་ལས་ཞེས་བྱ་བས་འབྲེལ་པ་འགའ་ལ་ཞེས་བྱ་བ་བཤད་པའོ། །དཔྱོད་པ་ལས་ཞེས་བྱ་བ་རྣམ་པར་རྟོག་པའོ། །ཐ་སྙད་ནི་མངོན་པར་བརྗོད་པ་ལ་སོགས་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་དངོས་
པོ་ལ་དངོས་པོ་ལྡོག་པའི་རྒྱུ་མཚན་ནི་མེད་པའི་ཐ་སྙད་གཞན་གྱི་རྒྱུ་མཚན་མ་ཡིན་པའི་ཕྱིར་རོ། །མཐུན་པའི་ཕྱོགས་ལ་མཐོང་བ་ནི་གཞན་ལ་མི་མཐོང་བའི་ཕྱིར་མེད་དོ་ཞེས་བྱ་བར་འགྱུར་རོ། །གཞན་དུ་ནི་འདིའི་ངོ་བོ་ཁོ་ན་བསྒྲུབ་བྱ་ཐམས་ཅད་ལ་ཐེ་ཚོམ་ཟ་བར་འགྱུར་བར་བསྟན་པ་ནི་
ཡོད་པ་ཉིད་སྒྲུབ་བྱེད་འཇུག་པའི་ཕྱིར་ཞེས་བྱ་བའོ། །གསོན་པོའི་ལུས་ལ་ཡོད་པ་དང་བུམ་པ་ལ་སོགས་པ་ལ་མེད་པ་ནི་བདག་ཡིན་ནོ་ཞེས་བྱ་བའི་ལུང་ལས་དབྱེ་བ་གྲུབ་པ་ཡིན་ནོ་སྙམ་དུ་སེམས་པ་ལ། ཁས་བླངས་ཚད་མར་མིན་པ་ལས་མེད་པ་ཞེས་བྱ་བའོ། །ཐེ་ཚོམ་མི་ཟ་བར་ཇི་ལྟར་

འགྱུར་ཞེས་བྱ་བ་ནི་མེད་པ་ཉིད་ཀྱིས་སོ། །མཐུན་པའི་ཕྱོགས་མེད་པས་དེ་ལས་གཏན་ཚིགས་མེད་པར་ངེས་པ་ན་མཉན་པར་བྱ་བ་ཉིད་དང་མཚུངས་པར་བསྟན་པ་ཡིན་གྱི་མ་ངེས་པ་ཡིན་ན་ཐེ་ཚོམ་ཟ་བ་ནི་མཐུན་པའི་ཕྱོགས་མ་ཡིན་པ་ལ་འགྱུར་ཏེ། ངོ་བོ་ལས་ཐེ་ཚོམ་ཟ་
བའི་ཕྱིར་རོ་ཞེས་བསྟན་པ་ནི། མེད་ལས་ལྡོག་པ་མེད་ན་ཡང་། །ཞེས་བྱ་བའོ། །གལ་ཏེ་སངས་རྒྱས་པས་ཁས་བླངས་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པས་ནི་ཁས་བླངས་ཚད་མ་ཡིན་པ་ལས། མེད་པ་ཞེས་བཤད་པ་ཡིན་ནོ། །གཞན་དུ་མི་འཐད་པ་ཉིད་ཀྱི་ཕྱིར་གཏན་ཚིགས་ཡིན་གྱི་མཐུན་
པའི་ཕྱོགས་ལ་ཡོད་པས་མ་ཡིན་པ་མ་ཡིན་ནམ་སྙམ་དུ་སེམས་པ་ལ་ཕུང་པོ་གཉིས་ལས་ཞེས་བྱ་བའོ། །གཞན་དུ་མི་འཐད་པ་ཉིད་ནི་ངེས་པ་ཡིན་ལ་དེ་ཡང་གང་དུ་གཟུང་བ་དེ་ཁོ་ན་མཐུན་པའི་ཕྱོགས་ཡིན་གྱི་གཞན་དུ་མ་མཐོང་བ་ཡིན་ཡང་སྟེ་མི་མཐུན་པའི་ཕྱོགས་ལ་ནི་མཐོང་བ་འབའ་ཞིག་མ་ཡིན་གྱི་
མ་མཐོང་ཡང་ལྡོག་པར་འགྱུར་རོ། །འདི་གཉིས་ཀྱང་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཡོད་པ་དང་མེད་པའི་ཕུང་པོ་གཉིས་ཡིན་ན་ཡིན་གྱི་གཞན་དུ་མ་ཡིན་པར་བསྟན་པ་ནི། མཐོང་མེད་དག་ལ་ཞེས་པ་སྟེ། གཉི་ག་མེད་ན་མཐུན་པའི་ཕྱོགས་དང་། ཅིག་ཤོས་དག་ལ་ཡོད་པ་
དང་མེད་པ་མ་མཐོང་བ་རྣམས་ལ་མཐོང་བར་མ་ངེས་པའི་ཕྱིར་ཐེ་ཚོམ་ཟ་བ་སྟེ་མ་ངེས་པ་ཉིད་ཡིན་ནོ། །ལུས་དང་བུམ་པ་དག་ལ་བདག་མེད་པར་ཁྱད་པར་མེད་པ་མ་ཡིན་ན་སྲོག་ལ་སོགས་པ་ཡོད་པ་དག་ཅིག་ཤོས་ཀྱི་རྣམ་པར་དབྱེ་བས་དབྱེ་བ་དང་ལྡན་པ་བདག་མ་ཡིན་ནམ་ཞེས་ཟེར་བ་ལ་གསལ་བ་ཁྱབ་
བྱེད་མ་ཡིན་ན་ཞེས་བྱ་བ་སྨོས་སོ། །ཡང་གི་སྒྲས་ནི་བློ་ལ་སོགས་པ་གཅིག་པོ་ཡོད་པ་དང་མེད་པ་ཉིད་དུ་རྣམ་པར་དབྱེ་བའི་རྒྱུ་ཡིན་པར་ཡང་བསྟན་པའོ། །བདག་མེད་པ་ཉིད་ཀྱི་རིགས་པ་ལ་ཡོད་པའི་སྲོག་ལ་སོགས་པ་རྣམས་ནི་གསལ་བ་ཐམས་ཅད་ལ་ཁྱབ་པ་མ་ཡིན་ཏེ། མཁྲེགས་པའི་
རིགས་ཀྱི་གསལ་བ་རྣམས་བུམ་པ་དང་རྡོ་རྗེ་ཕ་ལམ་ལ་སོགས་པ་ཡང་རྣམ་པར་དབྱེ་བ་མེད་ཀྱང་མཚོན་གྱིས་ཆོད་པ་དང་མི་ཆོད་པའི་རྣམ་པར་དབྱེ་བ་ལྟ་བུའོ། །དེའི་ཕྱིར་ཁ་ཅིག་ཏུ་མཐོང་བས་མ་མཐོང་བའི་བདག་དང་སྲོག་ལ་སོགས་པ་ལ་ཡང་ངེས་པ་མེད་དོ། །དེའི་ཕྱིར་བདག་མེད་པ་ཉིད་ཀྱང་ཡིན་ལ་སྲོག་

ལ་སོགས་པ་ཡོད་པ་ལ་འགལ་བ་ཅི་ཞིག་ཡོད་ཅེས་བསྟན་པ་ནི་དངོས་པོ་ལ་བདག་མེད་པའི་སྲོག་ལ་སོགས་པ་ལ་ཡང་ཐེ་ཚོམ་གང་ལས་ལྡོག་པར་འགྱུར་ཞེས་བྱ་བའོ། །ཅི་ལས་ཤེ་ན། འགལ་བ་མ་མཐོང་ན་ཞེས་བྱ་བ་སྟེ། འགལ་བའི་འབྲས་བུ་མ་མཐོང་ནའོ། །འགལ་བ་ནི་འགལ་བའི་འབྲས་བུའོ། །འགལ་
བ་ཁྱབ་པ་ཉིད་ཁོ་ན་སྲོག་ལ་སོགས་པ་དང་འགལ་བ་ཡིན་གྱི་གཞན་མ་ཡིན་པར་བསྟན་པ་ནི། ལ་ལར་ངེས་པ་ལས་གཞན་ཅི་ཡོད་ཅེས་བྱ་བ་ནི་འགལ་བ་སྟེ། འགལ་བ་ཁྱབ་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཅེས་བྱ་བ་ནི་ངེས་པ་ཡིན་ལ་དེའི་འབྲས་བུ་ཉིད་མེད་ན་དེའི་ངེས་པ་མེད་པས་དེ་དང་
འགལ་བ་ཅན་ཡིན་པའི་མི་མཐུན་པའི་ཕྱོགས་དང་ཡང་འགལ་བ་ཡིན་པར་ཐེ་ཚོམ་ཟ་བར་བསྟན་པ་ནི། དེས་ནི་བདག་མེད་པ་ལ་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་འབྲེལ་པ་སྔོན་དུ་འགྲོ་བ་ཅན་གྱི་འགལ་བ་མ་ཡིན་ན་གཞན་ནི་འགལ་བ་མེད་པ་ཁོ་ན་ཡིན་པ་དེས་སོ། །དེ་སྔོན་དུ་འགྲོ་བ་ཅན་
གྱི་འབྲེལ་པ་མ་ཡིན་པར་བསྟན་པ་ནི། ལྡོག་ཏུ་ཆུག་པ་ཞེས་བྱ་བ་སྟེ། མེད་པའི་མེད་པ་ཡོད་པ་ཉིད་དུ་ཁས་མི་ལེན་པའི་ཕྱིར་བདག་མེད་པ་མེད་པའི་ཕྱིར་སྲོག་ལ་སོགས་པ་ལས་བདག་གྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྡོག་པ་ཞེས་བྱ་བ་ནི་མེད་པའོ། །མེད་པའི་མེད་པ་གང་དུ་ཡོད་པ་
མི་འདོད་པ་ཡིན་ཞེས་ཟེར་བ་ལ། དཔེར་ན་སྲོག་ལ་སོགས་མཐུན་པའི་ཕྱོགས་ལ་ཞེས་བྱ་བ་སྟེ། མེད་པའི་མེད་པ་ལའོ། །མེད་པའི་མེད་པ་གལ་ཏེ་ཡོད་པ་འདོད་ན་དེ་ལྟར་ན་སྲོག་ལ་སོགས་པའི་རྗེས་སུ་འགྲོ་བ་ཅན་ཡིན་པར་བསྟན་པ་ནི། མཐུན་པའི་ཕྱོགས་ལས་ལྡོག་པ་མེད། །ཅེས་བྱ་བའོ། །
རྗེས་སུ་འགྲོ་བ་ཉིད་མེད་ན་བདག་མེད་པ་ཉིད་ཀྱང་བདག་ཏུ་མི་འགྱུར་བར་བསྟན་པ་ནི། རྗེས་འགྲོ་ཅན་ཡིན་ཞེས་བྱ་བའོ། །མེད་པའི་མེད་པ་ཡང་ཡོད་པ་མ་ཡིན་ཏེ། ཆོས་ཅན་ལ་ཡོད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི་མཐུན་པའི་ཕྱོགས་ལ་ཞེས་བྱ་བའོ། །མེད་པའི་མེད་པ་ཡོད་པ་ཉིད་ཀྱི་སྟོབས་
ཀྱིས་མཐུན་པའི་ཕྱོགས་མེད་པ་མི་འགྲུབ་པར་བསྟན་པ་ནི་མ་ཡིན་ཏེ། མེད་པ་ཉིད་དུ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བའོ། །ཕྱི་ལྟར་མཐུན་པའི་ཕྱོགས་མེད་པར་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་མེད་པའོ། །གལ་ཏེ་ཡོད་པ་མི་སྲིད་ན་དེ་ཉིད་མེད་པ་མི་སྲིད་པར་བསྟན་པ་ནི། འོ་ན་མེད་པ་ཉིད་ཅེས་བྱ་བའོ། །

ཇི་ལྟར་མཐུན་པའི་ཕྱོགས་ལ་ཡོད་པ་མེད་པ་བཞིན་དུ་སྲོག་ལ་སོགས་པ་ལ་ཡང་ཡིན་པར་བསྟན་པ་ནི་ཇི་ལྟར་མཐུན་པའི་ཕྱོགས་ཞེས་བྱ་བའོ། །གལ་ཏེ་མེད་ན་བདག་མེད་པ་ལྡོག་པ་ཡིན་ཡང་བདག་མེད་པ་ཉིད་ལྡོག་པ་མ་ཡིན་ནོ་ཞེས་བྱ་བའི་ཉེ་བར་བསྡུ་བ་ནི། དེ་ལྟ་ཡིན་ན་
གསོན་པོའི་ལུས་ལ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་གསོན་པོའི་ལུས་སོ། །གཞན་ཡོད་པ་ཡིས་ཞེས་བྱ་བ་ནི་གསོན་པོའི་ལུས་ཡོད་པས་སོ། །འཁྲུལ་ཅན་ཞེས་བྱ་བ་ནི་ཡོད་པ་མེད་པ་སྟེ་མེད་པ་ལས་འཁྲུལ་པར་གྱུར་པ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པ་ཞེས་བྱ་བ་འདི་ལས་གཞན་པ་ལའོ། །
མེད་པ་རྟེན་ཉིད་མ་ཡིན་པ་བཞིན་དུ་བརྟེན་པ་ཉིད་ཀྱང་མེད་པར་བསྟན་པ་ནི། མེད་པ་ཡང་ཞེས་བྱ་བ་སྟེ་མཐུན་པའི་ཕྱོགས་ལ་བཞིན་དུ་མི་མཐུན་པའི་ཕྱོགས་ལ་ཡང་མེད་པ་དེའི་ཕྱིར་ལྡོག་པ་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མཐོང་བའི་དངོས་པོ་ཁ་ཅིག་ལས་ལྡོག་པ་ན་མེད་པ་ཡིན་གྱི་བདག་ནི་མཐོང་
བ་མ་ཡིན་པའི་ཕྱིར་མེད་པ་ཙམ་ནི་བུམ་པ་ལ་སོགས་པ་ལས་ཡིན་ཏེ། དེ་ལོག་ཀྱང་ལུས་ལ་མེད་པ་ཙམ་གྲུབ་པ་ཡིན་པར་བསྟན་པ་ནི། སོ་སོར་ངེས་པའི་རང་བཞིན་མ་མཐོང་བར་ཞེས་བྱ་བའོ། །སྒྲོ་བཏགས་པ་ཁྱད་པར་ཅན་ཡིན་ན་མཐུན་པའི་ཕྱོགས་ལ་ཡང་ཡིན་པར་བསྟན་པ་ནི་དེའི་ཕྱིར། གལ་
ཏེ་གཏན་ཚིགས་མཐུན་ཕྱོགས་ལས། །ཞེས་བྱ་བའོ། །བདག་མེད་པ་ཉིད་མེད་ན་ཡང་བདག་མི་འགྲུབ་ན་སྲོག་ལ་སོགས་པ་དང་ལྡན་པ་ཉིད་མེད་པར་ཐལ་བར་འགྱུར་བ་ཉིད་མ་ཡིན་ནམ་ཞེས་ཟེར་བ་ལ་འཇུག་པ་གང་གི་ཞེས་བྱ་བ་སྟེ། ངེས་པ་ཅན་ནི་ངེས་པར་བྱེད་ལ་ལོག་པས་ལྡོག་པ་ཡིན་ལ། བདག་
ནི་སྲོག་ལ་སོགས་པའི་ངེས་པར་བྱེད་པ་པོར་མཐོང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་རང་བཞིན་གྱིས་ལོག་པར་ངེས་པར་བྱེད་པའི་ལྡོག་པར་བྱེད་པ་ཡིན་ན། དེ་ལ་མཐོང་བ་ཅི་ཞིག་བྱ་སྙམ་དུ་སེམས་པ་ལ། མེད་ན་མི་འབྱུང་དེ་ཡང་ནི། །ཞེས་བྱ་བའོ། །འཇུག་པར་བྱེད་པ་དང་ལྡོག་པར་བྱེད་པ་ཞེས་
བྱེད་པའི་ངེས་པ་ཡང་ཚད་མ་མེད་པ་མ་ཡིན་ལ། སྒྲུབ་པར་བྱེད་པའི་ཚད་མ་ཡང་དེ་མཐོང་བ་ཁོ་ནས་མཐོང་བ་ཡིན་པའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་མཐོང་བ་དག་ཏུ་གྲུབ་པའི་ངོ་བོ་ལ་ཡིན་ནོ། །དེ་དག་གཞན་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་དག་རྒྱུ་དང་འབྲས་བུ་ཉིད་དེ་མཐོང་བ་དང་མ་མཐོང་བའོ། །

དེ་ཙམ་མཐོང་ནས་འདི་ནི་འབྲས་བུ་ཡིན་པ་དང་གཞན་ཞེས་བྱ་བ་ཡང་ངེས་པའི་ཕྱིར་འདི་ལ་སྒྲུབ་བྱེད་ཡིན་ནོ་ཞེས་ཉེས་པར་བཏགས་པ་མཐོང་བ་ལ་ཡང་ངོ་ཞེས་བྱ་བའོ། །མེད་ན་མི་འབྱུང་བ་ཉིད་དུ་ངེས་པ་འགྲུབ་པ་མ་ཡིན་ཏེ་སྒྲུབ་བྱེད་མེད་ན་སྟེ་རྗེས་སུ་འགྲོ་བ་དག་མེད་ནའོ། །སྒྲུབ་པར་བྱེད་པ་
ནི་རྟགས་རྒྱུ་མཚན་ཏེ་སྒྲུབ་བྱེད་གཞན་གྱིའམ་ཚད་མའི་དེ་ཞེས་བྱ་བ་ལྡོག་པའི་དབྱེ་བས་དེ་ལྟར་བརྗོད་པ་ཡིན་ནོ། །ཐ་དད་པ་དག་གིས་ཞེས་བྱ་བ་ནི་དེའི་བདག་ཉིད་དགག་པ་སྟེ། འབྲས་བུ་ལ་སོགས་པའི་ནུས་པ་ཀུན་དུ་སྟོན་པའི་ཕྱིར་ཏེ། སྔ་མ་ལས་དེ་མ་ཐག་པ་རྣམ་པར་གཅོད་པས་དེ་མ་ཐག་ཏུ་འབྱུང་
བའི་འབྲས་བུ་ཉིད་ཡིན་པ་དང་། ཕྱི་མ་རྣམ་པར་གཅོད་པས་སྔ་མ་རྒྱུ་ཉིད་ཡིན་པར་ངེས་པའི་རྒྱུ་མཚན་ཡིན་ཏེ། གཞན་མཐོང་བ་དང་མཐོང་བ་དག་གིས་ཞེས་བྱ་བའི་དོན་ཏོ། །ཡོད་པ་དང་མེད་པ་ཙམ་ནི་འབྲས་བུ་ཉིད་མ་ཡིན་ཏེ། སྐྱེ་བའི་ཁྱད་པར་ཡང་འདིའི་དེ་མ་ཐག་ཏུ་མཐོང་བ་དང་དེ་ལྟ་བུའི་རྣམ་པ་ཅན་
དུ་བྱུང་བ་ཡང་དེ་ལྟར་མཐོང་བར་བརྗོད་ཀྱི་གཞན་ཡོད་པ་དང་མེད་པ་ཡང་དམིགས་པ་དང་དམིགས་པ་དག་མ་ཡིན་ཏེ། སྐྱེ་བའི་ཁྱད་པར་ཡང་འབྲས་བུ་ལ་སོགས་པ་ཉིད་དེའི་གོ་བྱ་མ་ཡིན་པར་བསྟན་པ་ནི། མཐོང་བ་དང་མཐོང་བ་དེ་དག་ཅེས་བྱ་བའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་
ཞེས་བྱ་བ་ནི་ཡོད་པ་དང་མེད་པ་དག་ལས་སོ། །དོན་གཞན་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དང་འབྲེལ་བའི་འབྲེལ་པ་ཅན་གྱི་མེད་ན་མི་འབྱུང་བ་ཉིད་དོ། །དེའི་སྒྲུབ་བྱེད་པ་མེད་པ་ཞེས་བྱ་བ་ནི་ཚད་མ་མེད་པའོ། །དེ་ཡོད་གང་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དང་བྲལ་བ་ཡོད་ན་
ཡང་ངོ་། །གཞན་ཡོད་པའི་ངེས་པ་མ་ཡིན་པ་ནི་ཁྱད་པར་མེད་པ་མ་ཡིན་པ་ཉིད་མེད་ན་མི་འབྱུང་བ་ཅན་དུ་ངེས་པ་མ་ཡིན་པའོ། །འབྲས་བུ་ལ་འབྲས་བུ་ཡོད་པ་ཉིད་ནི་དེ་ལ་གནས་པ་ཁོ་ན་སྒྲུབ་པར་བྱེད་པའི་རྒྱུ་མཚན་ལ་ལྟོས་པ་མ་ཡིན་ལ། འབྲས་བུ་ཉིད་དེ་ཡང་མཐོང་བ་དང་མ་མཐོང་བ་ཡོད་པ་དང་
མེད་པ་དག་ལ་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་དུ་མཐོང་ངོ་། །བདག་ཡོད་པ་ཁོ་ན་ལ་སྲོག་ལ་སོགས་པ་ཡོད་པ་ཡིན་ཏེ་ཁྱབ་བྱེད་ཡིན་པའི་ཕྱིར་རོ། །དེ་མེད་ན་མེད་ཅེས་བྱ་བ་ཡང་དེ་ཡོད་ན་ཡོད་པ་ཁོ་ན་མ་ཡིན་ནམ་སྙམ་དུ་སེམས་པ་ལ། རྟག་ཏུ་ཡོད་པ་ཞེས་བྱ་བའོ། །དེ་ཡོད་

ན་གཞན་ལ་ཡང་ཡོད་པ་སྲིད་ན་དེ་ཁོ་ནས་ནུས་པ་ཅན་རྟག་པ་ཁྱབ་བྱེད་ཡོད་ན་འབྱུང་བ་ཁོ་ན་ཡིན་ནོ་ཞེས་བྱ་བར་འགྱུར་ཏེ། ངོ་བོ་ལ་ཁྱད་པར་མེད་པའི་ཕྱིར་རོ། །འདི་ལྟ་བུའི་ནི་བདག་ཁྱབ་བྱེད་ཉིད་ལས་མ་ཡིན་ཏེ། འབྲས་བུ་ཅིག་ཅར་བ་མ་ཡིན་པའི་ཕྱིར་དང་སྲོག་ལ་སོགས་
པ་དེ་རྣམས་མེད་པ་མི་སྲིད་པར་འགྱུར་བའི་ཕྱིར་རོ། །གང་གི་ཚེ་ཞེ་ན་རྟག་དུ་ཡོད་པ་སྟེ་ཐེར་ཟུག་ཏུ་གནས་པ་མ་མཐོང་བས་མེད་པའི་ཕྱིར་རྒྱུ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མཐོང་བའི་རྗེས་སུ་འགྲོ་བ་མ་ཡིན་ནོ་ཞེས་བྱ་བ་ཡང་རྒྱུ་ཉིད་མ་ཡིན་ཏེ། ཁྱབ་པ་ཅན་གྱི་ཡུལ་དང་དུས་ལ་ངེས་པ་ཅན་མ་
ཡིན་པའི་ཕྱིར་ངེས་པ་ཅན་མ་ཡིན་པའི་འབྲས་བུར་འགྱུར་བ་ཞིག་ན་ངེས་པ་ཅན་ཡིན་པར་བསྟན་པ་ནི། འབྲས་བུའི་རང་བཞིན་ཐ་དད་རྣམས། །ཞེས་བྱ་བ་ནི་ཡུལ་དང་དུས་དང་ངོ་བོའི་ཁྱད་པར་རྣམས་སོ། །རྒྱུ་རྣམས་ནི་ཞེས་བྱ་བ་ནི་ཁྱད་པར་རྣམས་སོ། །ཁྱབ་པ་ཅན་མ་ཡིན་པ་ནི་དེ་དག་ཡོད་པའི་ཕྱིར་དེ་དག་
མེད་པར་ཞེས་བྱ་བ་ཡིན་ནོ། །གཞན་ལས་ཞེས་བྱ་བ་ནི་བློ་ལ་སོགས་པ་རྣམས་སོ། །ཁྱད་པར་ཅན་ལས་ཁྱད་པར་མེད་པར་འབྱུང་ན་དེས་བསྐྱེད་དེ་ཁྱད་པར་ཅན་གྱི་བསྐྱེད་བྱ་ཁྱད་པར་མེད་པར་འབྱུང་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་འགྲོ་བ་ཙམ་གྱི་རྒྱུ་ཉིད་ཡིན་ན་ཁྱབ་པ་ཅན་མ་ཡིན་པའི་འབྲས་
བུ་དེ་མེད་ཀྱང་གཞན་ལས་ཀྱང་འབྱུང་བར་འགྱུར་ཏེ། མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཡིན་པར་འགྲེལ་པར་རོ། །ཡིན་དུ་ཟིན་མོད་ཅེ་ན་ཡང་མི་རིགས་པར་བསྟན་པ་ནི་དེ་དག་མེད་པར་ཞེས་བྱ་བའོ། །དེས་བསྐྱེད་པའི་ཞེས་བྱ་བ་ནི་རྗེས་སུ་འགྲོ་བའི་བསྐྱེད་བྱའི་ཁྱད་པར་མེད་པའོ། །དེ་བཞིན་དུ་ཁྱད་
པར་ཅན་གྱི་ངོ་བོ་ཡང་མི་རིགས་པར་བསྟན་པ་ནི། ཚོགས་པའི་ནུས་པ་ཐ་དད་མིན། །ཞེས་བྱ་བའོ། །ཁྱད་པར་ཅན་ཉིད་ཀྱི་ཡིན་གྱི་ཁྱད་པར་ཅན་གྱི་མ་ཡིན་པ་ནི་མ་ཡིན་ལ། ཁྱད་པར་ཅན་གྱི་ཁྱད་པར་ཡིན་གྱི་ཁྱད་པར་མ་ཡིན་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འགྲེལ་པར་རོ། །གལ་ཏེ་དེ་ཞེས་བྱ་བ་ནི་ཚོགས་
པའི་ནུས་པའོ། །ཐ་དད་བྱེད་མིན་ནི་དབྱེ་བ་མ་ཡིན་ན་དེའི་འབྲས་བུ་ཡང་དེ་ལྟར་འགྱུར་ཏེ། ཁྱད་པར་མེད་ན་ཡང་ཐམས་ཅད་ཁྱད་པར་མེད་པར་འགྱུར་བ་ཞེས་བྱ་བའི་དོན་ཏོ། །ཐ་དད་པར་ནི་རེ་ཞིག་དམིགས་ན་ཞེས་བྱ་བ་ནི་དམིགས་པ་ཙམ་དོན་དུ་གཉེར་བ་མ་ཡིན་པ་དེས་ན་གཞན་ཚོལ་བ་

ཡིན་པ་དེ་ཡང་དེ་དང་འབྲེལ་པའི་ཕྱིར་འདུ་བའི་འབྲེལ་པ་ཇི་ལྟར་ཡིན་པ་བསམ་པར་བྱ་བ་ཡིན་ནོ། །དེ་བསྟན་པ་ནི་སྲོག་སོགས་འབྲེལ་པ་ཞེས་བྱ་བའོ། །ངེས་པ་ཞེས་བྱ་བ་ནི་དུས་དང་ཡུལ་ལ་སོགས་པའིའོ། །འབྲེལ་པ་ཅན་མ་ཡིན་པ་ལས་གྲུབ་པ་ངེས་པ་ཅན་གྱི་མ་ཡིན་པར་བསྟན་པ་
ནི་ཇི་ལྟར་བདག་ཀྱང་ཞེས་བྱ་བའོ། །འོན་ཏེ་སྲོག་ལ་སོགས་པ་སྐུལ་བར་བྱེད་པ་བསྐུལ་བར་བྱ་བ་ཉིད་ཀྱིས་སྐུལ་བྱེད་དུ་གོ་བར་བྱེད་ཀྱི་ནམ་མཁའ་ལ་སོགས་པ་ནི་མ་ཡིན་ཏེ། སེམས་པ་ཅན་མ་ཡིན་ནོ་ཟེར་བ་ནི་འོན་ཏེ་སྐུལ་བར་བྱེད་པའི་ཞེས་བྱ་བའོ། །བསྐུལ་བར་བྱ་བ་ཉིད་ཡིན་པས་གོ་བར་བྱེད་ན།
སྐུལ་བྱེད་ལ་ཡིན་གྱི་ཁྱབ་པ་ཅན་ནི་མ་ཡིན་ཏེ། སྒྲོ་གདགས་པར་བྱ་བའི་ཁྱད་པར་མ་ཡིན་པ་ཉིད་ཀྱིས་འབྱུང་བ་ལ་དེ་ཉིད་དུ་མ་རྟོགས་པའི་ཕྱིར་རོ་ཞེས་བསྟན་པ་ནི་བྱ་མེད་ཁྱབ་པ་ཞེས་བྱ་བ་སྟེ། ཁྱབ་པ་ཅན་བྱ་བ་མེད་པ་ལ་སྲོག་ལ་སོགས་པ་འགལ་བའི་འབྲས་བུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟོགས་པ་
ངེས་པ་ཡིན་ན་ཞེས་བྱ་བ་ནི་སྔོན་པོའི་རྣམ་པར་ཤེས་པའི་རྒྱུ་སྔོན་པོ་ནི་ཡུལ་ཡིན་ནོ་ཞེས་བྱ་བའི་རིགས་པས་སོ། །རྟོགས་བཞིན་པའི་དབྱེ་བ་མ་ཡིན་དུ་ཟིན་ཀྱང་རྟོགས་པའི་དབྱེ་བ་ནི་ཐ་སྙད་ཀྱི་ཆེད་དུ་ཡིན་ནོ་ཞེས་ཟེར་བ་ནི་འོན་ཏེ་སྣང་བ་ཞེས་བྱ་བའོ། །དེའི་མཚན་ཉིད་ལ་སྣང་བ་ཙམ་ཞེས་བྱ་བ་ནི་ཐ་སྙད་ལ་
དེ་ལྟར་འགྱུར་ཞིང་རྒྱུ་མཚན་དུ་འགྱུར་རོ། །བླང་བྱ་དང་དོར་བྱ་མ་ཡིན་ནོ་ཞེས་བྱ་བ་ནི་འཁྲུལ་པ་མེད་པ་དང་ཅིག་ཤོས་ཀྱི་དབྱེ་བའོ། །སོ་སོར་སྣང་བའི་དགོས་པ་ལ་ཉེ་བར་མཁོ་བ་དངོས་པོ་བཞིན་དུ་བཤད་བྱ་ཡིན་པར་བསྟན་པ་ནི། དེའི་ཕྱིར་ཐ་དད་པ་དང་། ཐ་དད་པ་མེད་པ་ཞེས་བྱ་བའོ། །དོན་འདི་ཡང་
ཚིགས་སུ་བཅད་པ་ཉིད་དུ་ཡིན་པར་བསྟན་པ་ནི། ཚོགས་པའི་ནུས་པ་ཐ་དད་ཕྱིར། །ཞེས་བྱ་བ་སྟེ། རྒྱུ་ཐ་དད་པའི་ཕྱིར་རོ། །དངོས་རྣམས་ཞེས་བྱ་བ་ནི་ཕྱི་རོལ་རྣམས་སོ། །སྣ་ཚོགས་ངོ་བོ་ཉིད་དུ་ནི་འཇུག་པ་དང་ཅིག་ཤོས་ཀྱི་ཡུལ་ཉིད་དོ། །འཁྲུལ་པ་དང་ཅིག་ཤོས་ཉིད་ཀྱིས་ཀྱང་ཐ་དད་པའོ། །དེ་མེད་
ན་སྣང་བ་ཙམ་གཉིས་སུ་མེད་པ་ཡིན་པར་བསྟན་པ་ནི་གལ་ཏེ་དེ་ཞེས་བྱ་བའོ། །བདག་འདིའི་འབྲས་བུའི་དབྱེ་བས་ཐ་དད་པའི་ངོ་བོ་ཡང་ཡོད་པ་མ་ཡིན་ནམ་ཞེས་ཟེར་བ་ལ་འདི་ཐ་དད་བྱེད་ཐ་དད་བྱེད་ཅེས་བྱ་བའོ། །ཐ་དད་པའི་ངོ་བོ་འབྲས་བུའི་དབྱེ་བ་བྱེད་ཀྱང་ཐ་མི་དད་པ་ཐ་དད་པར་བྱེད་པ་མ་ཡིན་པ་ནི་བྱེད་པ་པོ་མ་ཡིན་པའི་ཕྱིར་

མེད་པ་ཁོ་ནའོ། །ཡོད་ན་ཡང་སྣ་ཚོགས་པ་ཉིད་གཅིག་ཉིད་དང་འགལ་བ་ཡིན་ཏེ། མེ་དང་མེ་མ་ཡིན་པ་ལྟ་བུའོ་ཞེས་བསྟན་པ་ནི་གཅིག་ནི་རང་བཞིན་དུ་མ་ན། །ཞེས་བྱ་བའོ། །མེ་མ་ཡིན་པའི་གྲོག་མཁར་ལ་སོགས་མེའི་ངོ་བོ་ཉིད་ཀྱིས་དུ་བ་སྐྱེད་པ་ཡིན་སྙམ་དུ་སེམས་པ་ལ། དེ་ལྟ་ཉིད་མ་ཡིན་ན་དུ་བ་
མེ་མ་ཡིན་པ་ལས་བྱུང་བ་མ་ཡིན་ནོ་ཞེས་བྱ་བ་ནི་འགྲེལ་པར་ཏེ། དུ་བ་འབྱུང་བ་གཞན་དུ་མི་འཐད་པ་ཁོ་ནས་མེ་མ་ཡིན་པ་ལ་མེའི་ངོ་བོར་རྟོགས་པས་ཐ་དད་པ་ཡིན་པར་བསྟན་པ་ནི། དངོས་པོ་ཐ་དད་པའི་མཚན་ཉིད་ནི་ཞེས་བྱ་བ་སྟེ། ཐ་མི་དད་པའི་ངོ་བོ་གཞན་ཡང་དེ་ལས་ཐ་དད་པའི་ཕ