Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 181

Văn bản gốc(Tây Tạng)

Trang 21 / 21 (50.000 ký tự/trang)
ྱིར་ཐ་དད་པར་བྱེད་པའི་ངོ་བོ་ཐ་མི་དད་པའི་
ངོ་བོ་གང་གི་ཡིན་པ་དེ་ནི་ཐ་དད་པའི་དངོས་པོ་ནི་ཐ་དད་པ་ཉིད་ཀྱི་ངོ་བོ་གང་གི་ཡིན་པ་ཡོན་ཏན་ནི་དངོས་པོ་ཡིན་ནོ་ཞེས་བྱ་བའི་དོན་རིགས་པས་སོ། །དེའི་ཚེ་འབྲེལ་པ་ཅན་གཞན་ཡང་ཐ་དད་པ་ཁོ་ན་ཡིན་པར་བསྟན་པ་ནི་དེས་ན་གཞན་ནི་ཞེས་བྱ་བའོ། །དེ་ནི་ཐ་དད་པའི་ངོ་བོ་ཉིད་ཁོ་ནའོ། །དེའི་ངོ་བོ་མེད་ན་དེ་དེའི་འབྲས་བུ་དང་
ལྡན་པ་མ་ཡིན་པར་བསྟན་པ་ནི། དེ་ལས་ཞེས་བྱ་བ་སྟེ། ཐ་དད་པའི་ངོ་བོའི་འབྲེལ་པ་ཅན་དེའི་ནི་ཐ་མི་དད་པའི་ངོ་བོ་ཉིད་ཀྱིས་མ་ཡིན་ནོ། །རྒྱུའི་དེ་སྐྱེད་པའི་ངོ་བོ་སྟེ་དུ་བ་དེ་ཉིད་ཅེས་བྱ་བ་ནི་ཚོགས་པ་ལའོ། །གལ་ཏེ་གཞན་གྱི་ཞེས་བྱ་བ་ནི་འབྲེལ་པ་ཅན་ཡིན་ན་དེའི་ཚེ་དེ་ཉིད་ནི་ཚོགས་པའོ། །དེ་མེད་ན་གཞན་ལས་བསྐྱེད་བྱའི་
འབྲས་བུ་ཇི་ལྟར་འབྱུང་ཞེས་བྱ་བ་ནི་འགྲེལ་པར་རོ། །དེའི་སྐྱེད་བྱེད་ཀྱི་རང་བཞིན་དེ་ཉིད་ཀྱིས་ཁྱབ་པ་ཡིན་ཏེ། གཞན་དུ་ན་འགལ་བ་ཁྱབ་པ་ཡིན་པ་དེའི་ཕྱིར་དེའི་སྐྱེད་བྱེད་གཞན་ཡང་སྐྱེད་པར་བྱེད་དོ་ཞེས་བྱ་བའི་གོ་སྐབས་མེད་དོ། །དེའི་བསྐྱེད་བྱའི་འབྲས་བུའི་ཡང་གཞན་གྱི་བསྐྱེད་བྱ་ཡིན་ན་དེ་ཁོ་ན་གཞན་དུ་འགྱུར་བར་བསྟན་
པ་ནི་དེའི་ཕྱིར་ཞེས་བྱ་བའོ། །དེའི་སྐྱེད་བྱེད་དེ་ཉིད་དུ་ངེས་པ་ནི་དངོས་སུ་འབྲས་བུ་དེ་ཁོ་ན་ལ་ཡིན་པ་དེ་བཞིན་དུ་འབྲས་བུ་ཡང་ངོ་ཞེས་བསྟན་པ་ནི་ཕན་ཚུན་ཞེས་བྱ་བའོ། །ངེས་པ་ཅན་བཟུང་ཡང་བསྒྲུབ་བྱ་ལ་རྟོགས་པ་ཉིད་སྐྱེད་པར་བྱེད་པ་འདིས་ནི་ངེས་པ་ཅན་མ་ཡིན་པ་ལ་ཡང་མཚུངས་པ་ཡིན་ནོ་སྙམ་དུ་སེམས་པ་ལ་དེ་ཉིད་ཀྱི་དེ་ལ་ངེས་
པ་མཐོང་བ་ཡང་དེའི་ངོ་བོའི་ཁོངས་སུ་གཏོགས་པར་བྱེད་ཀྱི་གཞན་གྱི་ནི་མ་ཡིན་པར་བསྟན་པ་ནི། དེས་ན་དེའི་ཕྱིར་རང་ཉིད་ཀྱི་ངོ་བོ་མཐོང་བ་བཞིན་དུ་དེ་སྟེ་བསྒྲུབ་བྱའོ། །འབྲས་བུ་ནི་ངེས་པ་ཅན་ནོ། །འབྲས་བུ་ཉིད་ནི་ངེས་པ་ཅན་ཉིད་མ་ཡིན་པ་མ་ཡིན་ནམ། གཞན་ལ་ཡང་ཡོད་པའི་ཕྱིར་རོ་ཞེས་ཟེར་བ་ནི་གཅིག་ཅེས་བྱ་བ་སྟེ་ཐ་མི་དད་

པའོ། །དུ་མ་ལས་ཞེས་བྱ་བ་ནི་ཐ་མི་དད་པ་ལས་སོ། །ཆུས་ཞེས་བྱ་བ་ནི་འབྲས་ལ་སོགས་པ་ཚོས་པ་ནི་འོ་མ་ལས་ཀྱང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དུ་མ་ནི་མ་ཡིན་ཏེ་འོ་མ་དང་ཆུ་དག་གི་འཇུག་པའི་ནུས་པ་ཐ་མི་དད་པར་བསྟན་པ་ནི་གཤེར་ནུས་ཞེས་བྱ་བའོ། །ཐ་དད་པ་ལས་ནི་ཚོས་པ་མ་ཡིན་ཏེ་འོ་ན་ཅི་ཞེ་ན། མེ་མ་ཡིན་
པ་ལས་ལོག་པ་ལས་དུ་བ་བཞིན་དུ་ཞུ་བ་མ་ཡིན་པ་ལས་ལྡོག་པ་ལས་ཡིན་པར་བསྟན་པ་ནི། དེར་གཉི་ག་ལའང་ཞེས་བྱ་བའོ། །འོ་མ་དང་ཆུ་དེ་ཉིད་ཀྱིས་ཐ་དད་པ་ཡང་ཡིན་ལ་ཞུ་བའི་བདག་ཉིད་ཀྱིས་ཐ་མི་དད་པར་ཡང་ཡིན་ན། དེ་ཉིད་ཐ་དད་པ་དང་ཐ་མི་དད་པ་གཅིག་ཡིན་པར་ཐལ་བར་འགྱུར་བ་མ་ཡིན་ནམ་ཞེས་
ཟེར་བ་ལ། ཐ་དད་གཅིག་པའི་ཞེས་བྱའོ། །ཐ་དད་པ་གཅིག་པའི་ཕྱོགས་ལ་དེར་གཉི་གའང་ཞེས་བྱ་བའོ། །གཅིག་ཉིད་བྱ་བར་མི་རིགས་པ་ཡིན་པར་བསྟན་པ་ནི། ཐ་དད་གཤེར་ཉིད་ཇི་ལྟར་ཡིན། །ཞེས་བྱ་བའོ། །ཐ་དད་མེད་ཕྱིར་གཅིག་ཅེས་བརྗོད། །ཅེས་བྱ་བ་ནི་ཐ་དད་པའི་ཕྱོགས་ལ་ཡང་དེ་མ་ཡིན་པ་ལས་བྱུང་
བའི་བློའི་བྱེད་པ་ཐ་མི་དད་པའི་ཕྱིར་ཐ་མི་དད་པར་གནས་པ་མ་ཉམས་པ་ཁོ་ན་ཡིན་པར་བསྟན་པ་ནི། དེ་ཡི་རང་བཞིན་ཅན་གྱི་བློ། །ཞེས་བྱ་བའོ། །ཆུ་དང་འོ་མ་འབའ་ཞིག་ནི་ཐ་མི་དད་པས་རྒྱུ་ཉིད་མ་ཡིན་གྱི་མེ་ཡང་ངོ་ཞེས་བསྟན་པ་ནི་དེ་བཞིན་ཞེས་བྱ་བ་སྟེ། འོ་མ་དང་ཆུ་བཞིན་ནོ། །གང་གིས་ཞེས་བྱ་བ་ནི་སྲེག་བྱེད་ཀྱི་ཤེས་
པ་ལ་བརྟེན་པ་ཉིད་ཀྱིས་ཏེ། སྲེག་བྱེད་མ་ཡིན་པ་ལས་ལོག་པས་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེད་པ་ནི་བྱས་པའོ། །དེས་ནི་ཞེས་བྱ་བ་ནི་ཆ་དེས་སོ། །དེས་ན་ཞེས་བྱ་བ་ནི་དུ་བས་སོ། །དེ་ལྟར་ནི་འབྲེལ་པ་ཅན་ཉིད་དུ་སྟེ་དུ་བ་མ་ཡིན་པ་ལས་ལོག་པས་དེ་གོ་བྱེད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཐ་དད་པ་ཁོ་ན་བསྐྱེད་བྱ་
དང་སྐྱེད་བྱེད་མ་ཡིན་ནམ། དེ་བཞིན་དུ་འབྲེལ་པ་ཇི་ལྟར་ཡིན་ཞེས་ཟེར་བ་ལ་བསྟན་པ་ནི་མེར་ཤེས་ཡན་ལག་ཅེས་བྱ་བ་སྟེ་ཐ་དད་པ་ཡང་དེ་མ་ཡིན་པ་ལས་ལྡོག་པར་བྱེད་པས་བསྐྱེད་བྱ་དང་སྐྱེད་བྱེད་དུ་བཟུང་བ་ཡིན་ནོ། །དེ་བཞིན་ཞེས་བྱ་བ་ནི་ཞུ་བ་བཞིན་དུའོ། །འབྲས་གཞན་ཞེས་བྱ་བ་ནི་དུ་བའི་ངོ་བོའོ། །དེ་ལྟར་ཞེས་བྱ་བ་ནི་མེ་མ་ཡིན་པ་
ཅན་ལས་ལྡོག་པར་བྱེད་པས་བསྐྱེད་བྱ་ཅན་བཞིན་དུ་བ་མ་ཡིན་པ་ལས་ལྡོག་པ་ཅན་ཡིན་ནོ་ཞེས་བྱའི་དོན་ཏོ། །དེ་བཞིན་མེ་ནི་ཐ་དད་ཀྱི། །ཞེས་བྱ་བའི་བཤད་པ་ནི་དེ་བཞིན་ཞེས་བྱ་བ་ནི་ཞེས་བྱ་བའོ། །དེ་ལས་གཞན་དག་ལས་ལྡོག་པས་ན་ཞེས་བྱ་བ་ནི་ཞུ་བའི་ཤེས་པ་ལ་བརྟེན་པ་བཞིན་དུ་ཞེས་བྱ་བར་སྦྱར་རོ། །ཐ་དད་ཀྱང་ཞེས་

བྱ་བ་ནི་ཆུ་དང་འོ་མ་ཉིད་ཀྱིས་སོ། །ཐ་དད་ཀྱང་ཞེས་བྱ་བ་ནི་རྩྭ་དང་ལོ་མ་ལ་སོགས་པ་ལས་བྱུང་བ་ཉིད་ཀྱིས་སོ། །མེ་ནི་མ་ཡིན་པ་ལས་ལོག་པས་སྐྱེད་པར་བྱེད་པའི་མེའི་ཤེས་པ་ཐ་དད་པ་གང་ཡིན་སྙམ་དུ་སེམས་པ་ལ་དུ་བས་བུད་ཤིང་འགྱུར་བ་སྟེ་ཞེས་བྱ་བ་སྟེ་དུ་བ་དང་བུད་ཤིང་གི་འགྱུར་བ་དང་།
ལུས་དྲོ་བ་ཡང་སྟེ་དེ་རྣམས་བྱེད་པའོ། །ཡང་ན་དེ་རྣམས་ཀྱི་ཡན་ལག་སྟེ་དེ་བྱེད་པ་ནི་ཁྱད་པར་རྣམས་ཀྱི་ངོ་བོ་མེའི་ཤེས་པའི་ཡན་ལག་ཉིད་དོ། །དེ་བྱེད་པ་མ་ཡིན་པ་རྣམ་པར་གཅོད་པའི་ཡུལ་ཉིད་མེ་མ་ཡིན་པའི་དུ་བ་ལ་རྒྱུ་འགལ་བའམ་འགལ་བ་ཁྱབ་པ་ཡིན་པར་བསྟན་པ་ནི། གལ་ཏེ་མ་ཡིན་ཞེས་བྱ་བའོ། །དུ་བ་
ཡང་མེ་མ་ཡིན་པ་ལ་འབྲས་བུ་འགལ་བ་སྲིད་པར་བསྟན་པ་ནི། གལ་ཏེ་དེ་དུ་བ་ཞེས་བྱ་བ་སྟེ། མཐོང་བའི་རྗེས་སུ་འབྲངས་ནས་སྲིད་པ་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་དང་གཞན་དུ་ཞེས་བྱ་བ་ནི་གཞན་དུ་སྲིད་པ་ལས་ཏེ་སྔོན་པོ་ཉིད་གཞན་དུ་སྟེ་སེར་པོར་མི་འགྱུར་རོ་ཞེས་བྱ་བ་ཅི་ལས་ཡིན་ཞེས་བྱ་བར་སྦྱར་རོ། །
དུ་བ་ཉིད་མི་འགྱུར་རོ་ཞེས་བྱ་བ་ནི་དུ་བའི་བྱ་བ་མི་བྱེད་པའི་ཕྱིར་དང་མེའི་བསྐྱེད་བྱ་མ་ཡིན་པའི་ཕྱིར་ཡང་ངོ་། །འདི་གང་ལས་ཞེས་བྱ་བ་ནི་བསྐལ་པ་ལས་ཚད་མ་མེད་པའི་ཕྱིར་རོ། །རང་བཞིན་ཙམ་དངོས་པོའི་འབྲས་བུའི་བྱེད་པ་པོ་མ་ཡིན་ཞེས་ཟེར་བ་ནི་རང་གི་མཚན་ཉིད་མེད་ན་ཞེས་བྱ་བའོ། །འབྲས་བུ་ཉིད་ལ་ངེས་པ་
ཡིན་ན་རང་བཞིན་ངེས་པ་ཅན་དུ་མི་འགྱུར་རོ་སྙམ་དུ་སེམས་པ་ལ་ཇི་ལྟར་རང་རྒྱུ་ཞེས་བྱ་བ་སྟེ་མེད་ན་མི་འབྱུང་བར་ཞེས་བྱ་བ་ནི་ངེས་པའོ། །རང་བཞིན་གྱི་རང་བཞིན་ཉིད་ནི་འབྲས་བུའི་འབྲས་བུ་ཉིད་བཞིན་དུ་ངེས་པ་ཅན་ཡིན་ཏེ། སྤྱི་མངོན་པར་བརྗོད་པའི་ཕྱིར་གཏན་ཚིགས་ལ་ལྟོས་པ་ཡིན་ཏེ་ཚད་མ་ལ་ལྟོས་
པས་སོ། །ཡང་ན་གཏན་ཚིགས་ཏེ་སྒྲུབ་བྱེད་ཀྱི་ཆོས་ལ་ལྟོས་ནས་རང་བཞིན་ཏེ་བསྒྲུབ་བྱ་མེད་ན་མི་འབྱུང་བ་ཉིད་དེ་ངེས་པར་བྱ་བ་ཉིད་ཀྱང་གཏན་ཚིགས་ལས་སོ། །ཇི་ལྟར་རང་རྒྱུ་ཞེས་བྱ་བ་ནི་ཐམས་ཅད་ཐམས་ཅད་ཀྱི་མ་ཡིན་པའོ། །རྒྱུ་མ་ཡིན་པ་ཉིད་ལ་རིགས་པ་འདི་ཁོ་བོས་སྲོག་ལ་སོགས་པའི་ཡུལ་དུ་བརྗོད་པའི་
ཕྱིར་སློབ་དཔོན་གྱིས་གསུངས་པའི་མཉན་པར་བྱ་བ་ཉིད་ཡང་ཤེས་པར་བྱ་བ་ཡིན་ཏེ། ལྡོག་པ་ཅན་ཐམས་ཅད་ཀྱི་རིགས་པ་མཚུངས་པའི་ཕྱིར་རོ་ཞེས་བསྟན་པ་ནི། ལྡོག་ཅན་མཚུངས་པར་བསྟན་པའི་ཕྱིར། །ཞེས་བྱ་བའོ། །ལྡོག་པ་ཅན་དང་མ་ངེས་པ་དག་འགལ་བ་ཅན་ཡིན་ནོ་སྙམ་དུ་སེམས་པ་ལ། མཐུན་ཕྱོགས་

ལས་ཞེས་བྱ་བ་སྟེ། ལྡོག་པ་ཅན་ཞེས་བྱ་བའི་དོན་ཏོ། །འདིའི་ལྡོག་པ་པ་ན་མ་ཡིན་ཉིད་འཐད་པ་དང་བཅས་པར་བསྟན་པ་ནི་རྟག་པ་དང་མི་རྟག་པ་ཞེས་བྱ་བའོ། །ལྡོག་པ་ལ་ནི་རང་ཉིད་ཀྱིས་མེད་པའི་ཕྱིར་ཐེ་ཚོམ་ཟ་བ་ལ་གཏན་ཚིགས་ཡིན་ཏེ། ཐེ་ཚོམ་ཟ་བ་ལ་སྒྲུབ་པར་བྱེད་པ་མ་ཡིན་ཏེ་མ་ངེས་པའི་ཕྱིར་རོ་ཞེས་
བསྟན་པ་ནི། སྒྲ་རྟག་མི་རྟག་ཐེ་ཚོམ་ནི། །ཞེས་བྱ་བའོ། །ཐེ་ཚོམ་ཟ་བ་ཡིན་ན་གཏན་ཚིགས་ནི་མ་ངེས་པས་གཅིག་ཏུ་ཉེ་བར་སྦྱོར་བར་མི་བྱེད་ན་ཐེ་ཚོམ་ལྡོག་པར་བྱེད་པ་མ་ཡིན་ལ་དེའི་གཏན་ཚིགས་ཐམས་ཅད་སྔར་མཐོང་བ་ལས་མ་ཡིན་པར་བསྟན་པ་ནི། མཐོང་བ་བསྒྲུབ་པའི་ཚུལ་གྱིས་ནི། །ཞེས་བྱ་བ་སྟེ། རིགས་
པའི་རྣམ་པས་རང་གི་ཕྱོགས་ཡོངས་སུ་འཛིན་པ་ནི་ཁྱད་པར་རོ། །རྟག་པའམ་མི་རྟག་པ་ཡང་མཐོང་བ་ནི་གཞན་ལ་ངེས་པར་མི་བྱེད་ཀྱང་དེ་ལ་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་ནམ། ངེས་པ་ནི་ཤེས་པ་ཡིན་ནོ་ཞེས་བྱ་བ་ཉིད་རིགས་པ་མ་ཡིན་ཏེ། སྔ་མའི་ངོ་བོ་མ་མཐོང་བ། །དེ་ཚེ་གང་ཞིག་དམིགས་པ་ནི། །དེ་ནི་
གར་ཡང་ཤེས་བྱེད་མིན། །ཐེ་ཚོམ་ཟ་བར་རྟོགས་པ་ཡིན་སྙམ་དུ་སེམས་པ་ནི། གལ་ཏེ་མཉན་བྱ་ཉིད་ཅེས་བྱ་བའོ། །འགལ་བ་ཅན་གཉིས་པོའི་འཇུག་པ་དང་མི་འཇུག་པ་དག་མི་རིགས་ཏེ། དེ་ལས་གཅིག་ལོག་པ་ནི་གཞན་འཇུག་པ་མེད་ན་མི་འགྱུར་བའི་ཕྱིར་རོ་ཞེས་བསྟན་པ་ནི། གཅིག་ལྡོག་པར་
ཞེས་བྱ་བའོ། །ཐེ་ཚོམ་ཡོད་ན་གཏན་ཚིགས་མ་ངེས་པ་ལས་ཟློག་པར་མི་བྱེད་པས་དེའི་རྒྱུ་བརྗོད་དོ་ཞེས་ཟེར་བ་ནི། འོན་ཏེ་ཐེ་ཚོམ་ཟ་བར་འགྱུར་བ་ན་ཞེས་བྱ་བའོ། །དེ་འདི་ནི་གཞལ་བྱ་ལ་ཡང་མཚུངས་པ་ཡིན་པར་བསྟན་པ་ནི། གཉི་ག་ལ་མཐོང་གཞལ་བྱ་ཉིད། །ཅེས་བྱ་བའོ། །ངེས་པར་ལྡོག་པ་ཁོ་ན་ཅི་ལས་ཤེས་ཟེར་བ་
ལ། གཅིག་ཏུ་ངེས་པར་ལྡོག་པས་ཞེས་བྱ་བ་སྟེ། གཉི་ག་ལས་ལྡོག་པར་མ་ངེས་སོ་ཞེས་བྱ་བའི་དོན་ཏོ། །ལྡོག་པ་ཡང་ཐེ་ཚོམ་ཟ་བའི་རྗེས་སུ་མཐུན་པ་མ་ཡིན་ཏེ། འོན་ཀྱང་ཤེས་པ་ཡིན་པར་བསྟན་པ་ནི་གཉི་ག་ལས་ལྡོག་པ་ཞེས་བྱ་བའོ། །དེ་སྐད་དུ་ཡང་ཞེས་བྱ་བ་ནི་ལྡོག་པ་བསྟན་པའོ། །དེ་ནི་ཞེས་བྱ་བ་ནི་སྒྲུབ་བྱེད་ཀྱི་ཆོས་
སོ། །དེ་ལ་ཞེས་བྱ་བ་ནི་ཐ་དད་པ་ལའོ། །དེའི་རྟེན་ནི་ཞེས་བྱ་བ་ནི་ཐུན་མོང་བ་དང་ལྡན་པ་རྣམས་སོ། །དེས་བསྡུས་པའི་ཕྱིར་དང་གཅིག་ཏུ་སྟེ་ངེས་པས་ལྡོག་ན་ལྡོག་པ་ངེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཐེ་ཚོམ་ཟ་བ་ལས་ཇི་ལྟར་ཡིན་ཞེས་བྱ་བའི་དོན་ཡིན་ཞེས་ཟེར་བ་ལ་དེ་ཇི་ལྟར་འདི་ཞེས་བྱ་བའོ། །ལྡོག་པ་ངེས་

ན་དེ་དག་ནི་ལྡོག་པར་བྱེད་པ་ཉིད་ཡིན་གྱི་ཐེ་ཚོམ་ཟ་བར་བྱེད་པ་མ་ཡིན་པར་བསྟན་པ་ནི་འདི་ནི་བཤད་ཟིན་ཏོ་ཞེས་བྱ་བའོ། །ལྡོག་པར་བྱེད་པ་ནི་ཐེ་ཚོམ་ཟ་བར་བྱེད་པ་མ་ཡིན་གྱི་མི་ཤེས་པར་བྱེད་པ་ཡང་མ་ཡིན་པར་བསྟན་པ་ནི། གཉི་ག་རྣམ་པར་གཅོད་ཅེས་བྱ་བའོ། །ལྡོག་པའི་སྒོ་ནས་གཞན་
ལ་ངེས་པར་བྱེད་པ་ཡིན་ལ། ལྟོས་པ་མེད་པ་ནི་ཐེ་ཚོམ་གྱི་ཤེས་པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་པ་ནི་གཏན་ཚིགས་གཞན་ཞེས་བྱ་བའོ། །གཞན་ལ་ལོག་པ་ཁོ་ན་གཞན་ལ་ལྟོས་པ་ཡང་རྗེས་སུ་དཔག་པའི་བྱ་བ་ཡིན་པར་བསྟན་པ་ནི། རྟག་པ་ལོག་པས་ཞེས་བྱ་བའོ། །མ་ཡིན་ཏེ་དེ་ཞེས་བྱ་བ་ནི་གཞན་ནོ། །རྗེས་སུ་
དཔག་པ་ལས་མེ་མ་ཡིན་པ་རྣམ་པར་གཅོད་པ་ནི་མེ་མ་ཡིན་ཞིང་མངོན་སུམ་མ་ཡིན་ནོ་ཞེས་ཟེར་བ་ནི་འབྲས་བུའི་གཏན་ཚིགས་ལ་ཞེས་བྱ་བའོ། །དེ་ལ་ཡང་ངེས་པ་ཅན་མཐོང་བ་ཡིན་ཏེ། དེའི་མཐོང་བ་ལ་གྲུབ་པ་དང་བདེ་བ་ཐ་མི་དད་པའི་ཕྱིར་རོ་ཞེས་བསྟན་པ་ནི། རེ་ཞིག་གཞག་གོ་ཞེས་བྱ་བའོ། །མ་ཡིན་ཏེ་མངོན་
སུམ་གྱིས་གྲུབ་པ་ཞེས་བྱ་བ་ནི་རྟག་པ་རྟག་མི་རྟག་པ་དང་བྲལ་བའོ། །འགོག་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་དངོས་པོ་ཙམ་འཛིན་པའི་ཕྱིར་རོ། །གཞན་ཞེས་བྱ་བ་ནི་མི་རྟག་པ་ཉིད་དོ། །གཞན་གྱིས་ཞེས་བྱ་བ་ནི་བྱས་པ་ཉིད་ཀྱིས་སོ། །མཉན་པར་བྱ་བ་ཉིད་ཁོ་ན་ནི་གཉི་ག་རྣམ་པར་གཅོད་པར་བྱེད་པ་མི་རྟག་པ་ཉིད་དུ་
སྒྲུབ་པར་བྱེད་པ་ལ་གནོད་པར་བྱེད་པ་ཟེར་བ་ལ་མ་ཡིན་ཏེ། མཉན་བྱ་ཉིད་ཅེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་མཉན་པར་བྱ་བ་ཉིད་སྒྲུབ་བྱེད་མ་ཡིན་པས་གཞན་གྱིས་གནོད་པའི་ཕྱིར་རོ། །འདིར་རྣམ་པར་དཔྱད་པར་བྱ་སྟེ་ཞེས་བྱ་བ་ནི་གཞན་དང་མ་འདྲེས་པའམ་ཞེས་བྱ་བའི་བཤད་པའོ། །སྣང་བ་ལས་ཁང་པ་
ནང་མར་ཞུགས་པའི་དང་པོ་མཐོང་བ་ཐམས་ཅད་མི་འཛིན་པ་ནི་དེ་ལས་གཞན་པས་གནོད་པ་ཡིན་ལ་མངོན་སུམ་མ་ཡིན་ཏེ། ཐམས་ཅད་ཚད་མར་འགྱུར་བ་ཡིན་པའི་བཤད་པའོ་ཞེས་བསྟན་པ་ནི། ཉི་ཚན་ལས་ནི་ཁྱིམ་ཕུགས་སུ། །ཞུགས་མ་ཐག་ཏུ་ཞེས་བྱ་བའོ། །དང་པོ་མཐོང་བ་ཞེས་བྱ་བ་དང་པོ་མཐོང་བ་ཚད་མ་
མ་ཡིན་གྱི་ཐམས་ཅད་དུ་མ་ཡིན་པར་བསྟན་པ་ནི་དང་པོའི་མཐོང་བ་ཞེས་བྱ་བའོ། །གཉིས་པ་ནི་འབྲེལ་པ་འཛིན་པ་ཡིན་པས་རྗེས་སུ་དཔག་པ་ཡིན་ནོ། །གཞན་ལས་ཞེས་བྱ་བ་ནི་མཉན་པ་ཉིད་ལས་སོ། །དེ་ལྟར་མ་ཡིན་པར་ཞེས་བྱ་བ་ནི་བྱས་པ་ཉིད་ཀྱི་ཕྱིར་ངེས་པའོ། །མཉན་བྱ་ཉིད་ཀྱིས་ཞེས་བྱ་བས་གཉི་ག་ལས་ལྡོག་པ་

ཡིན་ཏེ། རྟོགས་པའི་དོན་ཡིན་པའི་ཕྱིར་རོ། །མཉན་པར་བྱ་བ་ཉིད་ཐེ་ཚོམ་གྱི་རྒྱུ་ཉིད་ནི་ལྡོག་པ་མ་ངེས་ན་ཡིན་ཏེ། དེས་ན་གཅིག་ཏུ་སྟེ་ངེས་པ་ལྡོག་པའི་ཕྱིར་རོ་ཞེས་བྱ་བའི་དོན་བསྟན་པ་ནི་དེས་ན་ལྡོག་པ་མེད་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །གཞན་ནི་ངེས་པ་ཞེས་བྱ་བ་ཕུང་པོ་གཞན་ཡིན་ནོ་ཞེས་ཟེར་བའོ། །མདོ་
སྡེ་པའི་ནམ་མཁའ་ནི་མེད་ཀྱང་གཞལ་བྱ་ཡིན་ཏེ། ཡོད་པ་དང་མེད་པའི་རྣམ་པར་དབྱེ་བས་འཇུག་པའི་ཡུལ་ཡིན་པའི་ཕྱིར་ལ། དེའི་ཕྱིར་མ་ཡིན་ཏེ་མི་རྟག་པར་ངེས་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། ནམ་མཁའ་མེད་པའི་ཕྱོགས་ལ་ནི། །ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་ནམ་མཁའོ། །ཡོན་ཏན་སྒྲ་གཞན་དུ་
མི་འཐད་པ་རྟོགས་པར་བྱ་བའི་ཡོན་ཏན་ཅན་གྱི་ནམ་མཁའ་རྫས་ཉིད་ཡིན་ནོ་སྙམ་དུ་སེམས་པ་ལ། ནམ་མཁའ་ཡང་ཞེས་བྱ་བ་སྟེ། རེག་པ་དང་ལྡན་པའི་རྫས་མེད་ཀྱང་འཇིག་རྟེན་གྱི་ནམ་མཁའི་ཐ་སྙད་ཡིན་ཏེ། གཞན་ལ་དོགས་པ་མེད་པས་ཁས་མི་ལེན་པའི་ཕྱིར་རོ། །གླིང་བུ་དང་པི་ཝང་ལ་སོགས་པ་ཉིད་ནི་སྒྲའི་འདུ་བ་
ཅན་གྱི་རྒྱུ་མཚན་ཡིན་ཏེ། དེའི་ཁྱད་པར་གྱིས་ཁྱད་པར་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ནམ་མཁའ་ལུས་པ་མེད་པ་ལ་ནི་དགོས་པ་གཞན་གྱི་བསྒྲུབ་བྱ་མ་ཡིན་པར་བསྟན་པ་ནི། དེ་ལྟ་མ་ཡིན་ན་གོམ་གང་ཡང་ཞེས་བྱ་བའོ། །ཐ་སྙད་མི་སླུ་བ་སྒྲུབ་པར་བྱེད་པ་ནི་འདི་དོན་བྱེད་པ་ལ་མི་སླུ་བ་སྒྲུབ་པར་བྱེད་པ་ཡང་ཡིན་ལ་རྐྱེན་ཡང་
ཡིན་པ་དེས་རྣམ་པར་གཅོད་པར་བྱ་བ་ཡིན། ཤེས་བྱ་གཞན་རིག་པ་ཁོ་ན་སྟེ་དེ་དང་ཤེས་པ་གཅིག་ལ་འདྲེས་པར་ཡོད་པ་ཞེས་བྱ་བའི་དོན་ཏོ། །ཡོད་པ་ཉིད་དང་བྱས་པ་ཉིད་ལ་སོགས་པ་ནི་མེད་པའི་རྟག་པ་ལ་མེད་པ་བཞིན་དུ་མེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་ཐོབ་སླ་བའི་ལྡོག་པ་ཅན་ཡིན་པར་བསྟན་པ་ནི་དེ་ལྟ་ཡིན་ན་ཞེས་
བྱའོ། །མངོན་སུམ་སྐྱེད་པ་ཡིན་པའི་ཕྱིར། །ཞེས་བྱ་བ་ནི་ལས་ཡིན་ཞེ་ན། དངོས་པོ་ལས་ཞེས་བྱ་བར་སྦྱར་རོ། །བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་སྲོག་ལ་སོགས་པ་ནི་མེད་པའི་མཐུན་པའི་ཕྱོགས་ལ་མེད་པ་བཞིན་དུ་མེད་པ་ཉིད་དུའོ། །འོན་ཏེ་འདི་དངོས་པོའི་ཡུལ་ཅན་གྱི་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ཏེ། འོན་ཏེ་ཞེས་བྱ་བ་དག་ཉེ་བར་
དགོད་པའི་དོན་དུའམ་དོགས་པར་བྱེད་པ་ཡང་ངོ་། །འདི་ཞེས་བྱ་བ་ནི། མཐུན་པའི་ཕྱོགས་ལ་ཡོད་དང་མེད། །ཅེས་བྱ་བ་ལ་སོགས་པའོ། །དེ་ལྟ་ཡིན་ན་མི་དམིགས་པའི་འབྲེལ་པ་ཞེས་བྱ་བ་ནི་རྒོལ་བ་ཡིན་ཏེ། འབྲེལ་པ་གཉིས་དངོས་པོ་མ་ཡིན་པ་ལ་མི་སྲིད་པའོ། །གཉིས་པོ་འདི་དག་ཉིད་མ་དམིགས་པ་ལ་ཡང་བརྒྱུད་པས་

ཡིན་པར་བསྟན་པ་ནི། རྒྱུ་དང་ཁྱབ་བྱེད་མེད་པའི་ཕྱིར། །ཞེས་བྱ་བའོ། །རང་རྒྱུད་དུ་ཞེས་བྱ་བའི་དངོས་པོ་བཞིན་དུ་མངོན་སུམ་ཉིད་ཀྱིས་སོ། །ལྐོག་ཏུ་གྱུར་པ་ཉིད་ཀྱིས་ཞེས་བྱ་བ་ནི་དེ་རུང་བ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ཞེས་བྱ་བ་ནི་རུང་བ་མ་ཡིན་པ་དང་འབྲེལ་པ་ཅན་མེད་པའོ། །དེ་ལྟ་ན་རང་རྒྱུད་པ་མ་ཡིན་པ་
ཉིད་ཁོ་ནས་འབྲེལ་པ་བརྗོད་པར་བྱ་བ་ཡིན་ནོ་སྙམ་དུ་སེམས་པ་ལ། རྒྱུ་དང་ངོ་བོ་ལྡོག་ཉིད་ཀྱིས། །ཞེས་བྱ་བ་སྟེ་རྒྱུ་དང་ཁྱབ་པར་བྱེད་པ་ལྡོག་པ་ཉིད་ཀྱིས་སོ། །བརྗོད་པ་ལས་ཞེས་བྱ་བ་ནི་སློབ་དཔོན་གྱིས་ཏེ། དེ་ལ་རིགས་མཐུན་ལ་ཡོད་དང་། །རྣམ་གཉིས་མེད་ལ་མེད་གང་ཡིན། །ཞེས་བྱ་བ་ལ་སོགས་པས་སོ། །ཐ་དད་པར་
ནི་མ་བཤད་དོ། །ཞེས་བྱ་བ་ནི་རང་དབང་མ་ཡིན་པའི་ཕྱིར་རོ། །རྒྱུ་དང་རང་བཞིན་གྱི་ལྡོག་པ་ནི་རང་བཞིན་མི་དམིགས་པ་ཡིན་ཡང་འབྲས་བུ་དང་ཁྱབ་བྱ་ལ་ལྟོས་ནས་དེ་ལྟར་བརྗོད་པ་ཡིན་པར་བསྟན་པ་ནི། རང་བཞིན་མི་དམིགས་པ་ཡང་ཞེས་བྱ་བའོ། །དམིགས་པ་མེད་ན་ཡོད་པ་ཇི་ལྟར་ཡིན་ཞེས་ཟེར་བ་ལ། དེ་ལྟར་ཡང་
ཞེས་བྱ་བའོ། །རྒྱུ་ལ་སོགས་པ་མ་དམིགས་པ་ལས་མེད་པ་བཞིན་དུ་འབྲས་བུ་ལ་སོགས་པ་ལས་ཀྱང་འགྱུར་བ་ཡིན་ནོ་སྙམ་དུ་སེམས་པ་ལ་མ་དམིགས་པ་ཙམ་མེད་པ་སྒྲུབ་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། རུང་བའི་ཞེས་སློབ་དཔོན་གྱིས་ཉེ་བར་མཚོན་པས་བསྟན་པ་ནི། དེ་ལའང་ཞེས་བྱ་བ་སྟེ། མི་དམིགས་པ་ལ་སྐྱེས་བུ་མེད་ན་
བུམ་པ་ལ་སོགས་པ་ལས་སྲོག་ལ་སོགས་པ་ལྡོག་པ་ཡིན་གྱི་གསོན་པོའི་ལུས་ལ་མ་ཡིན་པའི་ཕྱིར་སྐྱེས་བུ་མཐོང་བ་མེད་པ་ལས་ལྡོག་པ་མ་ཡིན་པ་དང་། དེ་མེད་པ་ལས་ལྡོག་པ་ཡིན་པ་ལ་བརྟེན་ནས་ཐེ་ཚོམ་གྱི་རྒྱུ་ཉིད་དུ་བསྒྲུབ་པའི་ཕྱིར་ཁྱད་པར་དང་བཅས་པའི་མི་དམིགས་པ་ནི་མེད་པ་སྒྲུབ་པ་ཡིན་གྱི་གཞན་ནི་མ་ཡིན་
ནོ་ཞེས་བྱ་བ་ཁོ་ན་ཡིན་ནོ། །མི་དམིགས་པ་བཞིན་དུ་སྣང་དུ་རུང་བའི་མེ་མ་ཡིན་པ་དང་ཤིང་མ་ཡིན་པ་རྣམ་པར་གཅོད་པ་ཁོ་ན་གཏན་ཚིགས་དག་གིས་སྒྲུབ་པར་བྱེད་པ་མ་ཡིན་ནམ། དེའི་ཕྱིར་འདིར་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ་ཞེས་བྱ་བ་ལ་སོགས་པ་མི་རིགས་པ་ཡིན་ནོ་སྙམ་དུ་སེམས་པ་ལ། འདིས་ནི་དངོས་
པོ་ལའང་དངོས་པོའི་ཆ་ཞེས་བྱ་བའོ། །མེ་མ་ཡིན་པའམ་ཤིང་མ་ཡིན་པ་ཞེས་བྱ་བའི་ཐེ་ཚོམ་ཟ་བ་ནི་འགལ་བའི་འབྲས་བུའམ། འགལ་བས་ཁྱབ་པའམ་དགག་པར་བྱའི་ལྡོག་པ་ཉིད་དུ་ཐ་སྙད་བྱེད་པ་ཡིན་གྱི། འབྲས་བུ་དང་རང་བཞིན་དག་ནི་དེ་དང་བྲལ་བ་ལ་རྒྱུ་དང་ཁྱབ་པར་བྱེད་པ་དག་ལ་ཡང་ངོ་ཞེས་བྱ་བ་ནི་

ཁྱད་པར་རོ། །དངོས་ལ་ཡང་ཞེས་བྱ་བ་ནི་མ་ཡིན་པ་ཉིད་ཀྱིས་རྟོགས་པའི་ཕྱིར་འདིས་ནི་ཞེས་བྱ་བ་ནི་འདི་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་འགྲེལ་པར་རོ། །མ་ཡིན་པར་དགག་པར་བཤད་པས་ཁྱད་པར་བརྗོད་པའི་ཕྱིར་འདི་ལ་ཡང་སྐྱོན་མེད་དོ། །སྣང་དུ་རུང་བ་དག་ཁོ་ནའི་འབྲས་བུ་དང་ཁྱབ་བྱ་དག་ལ་རྒྱུ་དང་རང་བཞིན་
མེད་པ་ལས་མེད་པ་མ་ཡིན་ནམ། །གཉི་ག་ལ་ཡང་ཡོད་པ་དམིགས་པ་ཉིད་བསྒྲུབ་བྱ་ཡིན་པ་དེ་ལ་རྒྱུའམ་རང་བཞིན་ཞེས་བྱ་བ་ལ་ཁྱད་པར་ཅི་ཞིག་ཡོད། དེ་ནི་དེའི་རྒྱུ་འམ་རང་བཞིན་ཡང་མ་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་ལ་དམིགས་རུང་རྣམས་ཀྱིས་ནི། །ཞེས་བྱ་བའོ། །སྣང་དུ་རུང་བའི་ངོ་བོ་ནི་
དམིགས་པ་ཁོ་ན་ཡིན་གྱི་ཁྱད་པར་བྱེད་པ་མི་དམིགས་པ་ཉིད་མ་ཡིན་ནོ། །དབང་པོ་དང་སྣང་བ་ལ་སོགས་པ་ཡོད་ན་ཡུལ་དམིགས་པ་ནི་སྣང་བའི་གསལ་བ་ལས་གཞན་མ་ཡིན་ཏེ། ཐ་མི་དད་པ་ཉིད་ཡིན་པར་བསྟན་པ་ནི། མེད་པ་ནི་མི་དམིགས་པ་ལས་གཞན་མ་ཡིན་པ་ཉིད་ཅེས་བྱ་བའོ། །རྗེས་
སུ་འགྲོ་བ་དང་ལོག་པ་དག་གིས་དམིགས་པ་ནི་དམིགས་བྱ་ལས་ཐ་དད་པ་ཡིན་ནོ་ཞེས་ཟེར་བ་ནི་ཤེས་པ་ཉིད་ཅེས་བྱ་བའོ། །འཁྲུལ་པའི་ཕྱིར་རོ་ཞེས་བྱ་བ་ནི་རྗེས་སུ་དཔག་པའོ། །དེ་བཞིན་དུ་ལྡོག་པ་མེད་པ་ནི་རྗེས་སུ་འགྲོ་བ་མེད་པ་ཡིན་ནོ་ཞེས་ཟེར་བ་ནི་འདས་པ་དང་མ་འོངས་པ་དག་ལ་ཡང་ཞེས་བྱ་བའོ། །དམིགས་
པར་བྱ་བ་ཉིད་ཀྱང་མ་དམིགས་པ་ཉིད་ལས་མ་ཡིན་ནམ། དེ་ཡང་རང་བཞིན་མི་དམིགས་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ་དབྱེ་བ་བསྟན་པ་ནི་དམིགས་པར་བྱ་བ་མེད་པ་ནི་ཞེས་བྱ་བའོ། །དམིགས་པ་བཞིན་དུ་དེའི་བདག་ཉིད་ཀྱི་མེད་པ་ཡང་མངོན་སུམ་པ་ཡིན་གྱི་ཁྱབ་པར་བྱེད་པ་མི་དམིགས་པ་མ་ཡིན་ཏེ།
རུང་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དམིགས་པར་བྱ་བ་ཡོད་པ་དམིགས་པ་ནི་རྗེས་སུ་དཔག་པ་ལ་སོགས་པའི་གནས་སྐབས་ལ་དེ་མ་ཡིན་པར་བསྟན་པ་ནི་དེ་དག་གི་ཡོད་པ་ནི་ཞེས་བྱ་བ་སྟེ། རྐྱེན་གཞན་ཚང་བ་རང་བཞིན་གྱི་ཁྱད་པར་ནི་དམིགས་པའི་རིག་བྱར་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེས་ན་ཞེས་
བྱ་བ་ནི་དམིགས་པས་སོ། །དེ་ལས་ལྡོག་པ་མེད་ན་ཞེས་བྱ་བ་ནི་དམིགས་པ་ཉིད་མ་དམིགས་ནའོ། །དེས་ན་མི་འཁྲུལ་པའི་ཕྱིར་ཞེས་བྱ་བ་ནི་བྱེད་པ་པོ་ལ་གནས་པ་དམིགས་པ་ནའོ། །དེའི་ཕྱིར་གདོན་མི་ཟ་བར་དམིགས་བཞིན་པ་ནི། དམིགས་པ་ཁོ་ན་ཡིན་པར་བསྟན་པ་ནི། ཐ་དད་པར་དུས་མཚུངས་པ་ཞེས་

བྱ་བ་སྟེ། རྗེས་སུ་ཞུགས་པ་མ་ཡིན་ན་བེམས་པོའི་བདག་ཉིད་ནི་རྣམ་གྲངས་མ་ཡིན་ཞེས་བྱ་བའི་དོན་ཏོ། །དམིགས་པའི་རིག་བྱར་གྱུར་པ་དམིགས་བྱ་ཉིད་ཡིན་གྱི་དབང་པོ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་གི་དབྱེ་བ་ཡིན། དེ་དག་མེད་པ་དག་ལ་ཡང་དབྱེ་བར་འགྱུར་རོ་སྙམ་དུ་
སེམས་པ་ལ། དངོས་པོ་མེད་པ་རྣམས་ནི་ཞེས་བྱ་བ་སྟེ་དངོས་པོ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དགག་པར་བྱ་བ་རྣམས་དངོས་པོ་ཉིད་དུ་གཅིག་ཉིད་ཡིན་ན་ཐ་དད་པ་མ་ཡིན་ནོ་ཞེས་ཟེར་བ་ནི་འོན་ཏེ་མེད་པ་དག་ཅེས་བྱ་བའོ། །དམིགས་པ་བཞིན་དུ་འདིའི་ཡང་མེད་པ་མངོན་སུམ་ཁོ་ན་ཡིན་ན་རང་བཞིན་མི་
དམིགས་པས་ཅི་ཞིག་བྱ་ཞེས་ཟེར་བ་ལ། དེའི་ཕྱིར་མི་ཤེས་ཤེས་བྱའི་ཕྱིར། །ཞེས་བྱ་བའོ། །སྔ་མས་དེའི་བདག་ཉིད་དང་གཞན་གྱིས་མི་དམིགས་པ་བཞིན་དུ་མངོན་སུམ་ཉིད་མ་རྟོགས་པའི་དོན་གྱིས་མི་དམིགས་པ་དགོས་པ་ཡིན་ནོ་ཞེས་བྱ་བའི་དོན་ནི་འགྲེལ་པར་ཏེ་གཅིག་ནི་རང་བཞིན་མི་དམིགས་པ་ཞེས་བྱ་བའོ། །
ཁོ་བོ་མི་ཤེས་ཤེས་བྱའི་ཕྱིར། །ཞེས་བྱ་བ་ནི་མི་སྣང་བ་མ་དམིགས་པ་ཡིན་ནོ་ཞེས་སྨྲས་སོ། །ཡུལ་མེད་ཕྱིར་ཞེས་བྱ་བ་སྟེ། དེའི་འབྲས་བུ་ཡུལ་ལ་དམིགས་པ་དང་ཤེས་པ་སྟེ། རྣམ་པར་རྟོག་པ་དང་སྒྲ་དང་ཐེ་ཚོམ་ཡང་དེ་དག་གི་དམིགས་པ་ན་དེ་བཞིན་དུ་ཕན་ཚུན་དམིགས་བྱ་རྣམས་ལ་སྣང་བ་མི་དམིགས་པ་ཡིན་
ཏེ། དམིགས་པ་དང་ཡོད་པ་ཐ་མི་དད་པའི་ཕྱིར་དེའི་སྒྲ་དང་ཤེས་པ་ཞེས་བྱ་བ་ནི་འབྲས་བུའོ། །དེ་ལ་དམིགས་པ་ཞེས་བྱ་བ་ནི་དེའི་བདག་ཉིད་མངོན་སུམ་ཉིད་ཀྱི་རྒྱུ་མཚན་བསྟན་པ་ཡིན་པར་མཐོང་ངོ་། །སྣང་བ་མི་དམིགས་པ་ཉིད་སྒྲུབ་པ་ནི། ཤེས་དང་བརྗོད་པ་དག་གི་ཡུལ། །ཞེས་བྱ་བའོ། །དེར་ཐེ་ཚོམ་ཟ་བ་ཞེས་བྱ་
བ་ནི་ཡོད་པ་ལ་ཐེ་ཚོམ་ཟ་བའོ། །དེ་དག་ཏུ་ཞེས་བྱ་བ་ནི་ཤེས་པ་དང་བརྗོད་པ་དག་ལའོ། །ཡུལ་ཞེས་བྱ་བ་ནི་ཡོད་པའིའོ། །མེ་ཡོད་ན་ཞེས་བྱ་བ་ནི་སྲེག་པར་ངེས་པ་མེད་པ་ནའོ། །ཕྱོགས་གཞན་ཞེས་བྱ་བ་ནི་སྲེག་པ་ཡོད་པ་ཡིན་པ་ལའོ། །དེ་མེད་ན་ནི་ཞེས་བྱ་བ་ནི་སྲེག་པ་མེད་པ་ནའོ། །བཟློག་པ་ཡོད་པ་ཞེས་
བྱ་བ་ནི་སྲེག་པ་ཡོད་པ་ནའོ། །དེ་ཞེས་བྱ་བ་ནི་སྲེག་པའི་སྒྲ་ལ་སྲེག་པ་མེད་པ་དང་། སྲེག་པ་མ་ཡིན་པ་ལ་ཡང་ཕྱོགས་གཞན་སྲེག་པའོ། །དེ་ཡོད་ན་ཐེ་ཚོམ་ཟ་བ་སྟེ། ངེས་པར་གཟུང་བ་མེད་པ་ཡིན་གྱི་མེད་པ་ལ་ནི་མ་ཡིན་ཏེ་ངེས་པའི་ཕྱིར་རོ་ཞེས་བསྟན་པ་ནི་མེ་ཡོད་ན་ཞེས་བྱ་བའོ། །དེ་བསྟན་པ་ནི་དེ་བཞིན་ཞེས་བྱ་བ་སྟེ།

སྲེག་བྱེད་མ་ཡིན་པས་མེ་མ་ཡིན་པ་བཞིན་ནོ། །དེ་ཡང་ཞེས་བྱ་བ་ནི་མི་དམིགས་པ་ཉིད་མེད་པའོ། །དེ་ཉིད་ཅེས་བྱ་བ་ནི་མི་དམིགས་པས་གཞན་མེད་པ་སྒྲུབ་པའོ། །མ་གྲུབ་པ་ཡིས་ཞེས་བྱ་བ་ནི་མེད་པ་ལས་ཤེས་པ་མེད་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཅེས་བྱ་བ་ནི་དམིགས་པ་མེད་པ་དང་
མེད་པ་དག་ཐ་དད་པར་འགྱུར་བར་བྱ་བ་ཡིན་ཏེ། གང་བརྗོད་པ་ཞེས་བྱ་བར་སྦྱར་རོ། །མ་གྲུབ་པས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་ངོ་བོས་སོ། །ཡལ་ག་ལ་སོགས་པ་དང་ལྡན་པ་ཡོད་པ་ལ་བརྡས་ཤིང་གི་ཐ་སྙད་ནི་མཐོང་བ་ཁོ་ན་ལས་འགྱུར་བ་མ་ཡིན་ནམ། མེད་པ་ལ་ནི་དེ་ལྟ་མ་ཡིན་ཏེ། མ་
དམིགས་པར་མ་རྟོགས་པའི་ཕྱིར་དང་། མི་སྣང་བ་རྣམས་ཀྱང་ཡོད་པའི་ཕྱིར་རོ། །སྣང་དུ་རུང་བ་ཉིད་ཀྱིས་ཁྱད་པར་ཡིན་ཡང་དེ་ཁོ་ན་མི་དམིགས་པ་ཡིན་ཏེ། ཁྱད་པར་བྱ་བ་ཉིད་དུ་བརྗོད་པར་བྱའོ་སྙམ་དུ་སེམས་པ་ལ། སྣང་བ་མ་མཐོང་ན་ཞེས་བྱ་བའོ། །མི་དམིགས་པ་ཡང་སྣང་དུ་རུང་བ་ཞེས་བྱ་བས་ཁྱད་པར་དུ་བྱས་པ་
ཡིན་གྱི་མ་དམིགས་པ་ཙམ་དུ་ནི་མ་ཡིན་ནོ། །དེའི་ཕྱིར་སྣང་བ་མི་དམིགས་པ་བཞིན་དུ་སྣང་བཞིན་པ་མ་ཡིན་པ་ཞེས་བྱ་བ་ནི་ཁྱད་པར་རོ། །གང་ཡང་དེ་ལྟར་མ་ངེས་པ་ཅན་གྱིས་ཁྱབ་པར་བྱེད་པ་མི་དམིགས་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་དེ་དག་ཡོད་དོ་ཞེས་བྱ་བ་ཉིད་ཡིན་ཏེ། དེ་ལྟ་བུར་མི་རུང་བ་ཉིད་
མ་ཡིན་པའི་ཕྱིར་རོ། །རུང་བ་ཉིད་ལ་ནི་དམིགས་པ་བཞིན་དུ་དེ་ལ་ལྟོས་པ་མ་ཡིན་པ་དང་། དམིགས་པ་ལ་རྣམ་པ་གཉིས་མ་ཡིན་པ་ཡང་མ་ཡིན་ཏེ། རང་དང་གཞན་གྱི་རྣམ་པར་དབྱེ་བས་ཡོད་པའི་ཕྱིར་རོ། །གྲུབ་ན་དམིགས་པ་བཞིན་དུའམ། ཤིང་ཉིད་བཞིན་དུ་སྣང་དུ་རུང་བ་མ་མཐོང་བ་ཁོ་ནས་མ་རྟོགས་པ་ཡིན་
གྱི་མི་དམིགས་པ་ཙམ་གྱིས་ནི་མ་ཡིན་ཏེ། ཡུལ་མ་ཡིན་པའི་ཕྱིར་ཤིང་ཤ་པ་ཉིད་ལྟ་བུའོ། །སྣང་དུ་རུང་བ་མ་རྟོགས་པ་ནི་རྒྱུ་ཡིན་པས་འབྲས་བུ་ལ་མ་ངེས་པ་མ་ཡིན་ནམ། འབྲས་བུ་ཡང་ངེས་པ་ཅན་ཡིན་པའི་ཕྱིར་རང་བཞིན་གྱིས་ཁྱབ་པར་བྱེད་པ་ཡིན་ཏེ། དེ་ཙམ་ལས་བྱུང་བའི་ཕྱིར་རོ། །དུ་བ་ནི་མེ་ཙམ་
ལས་བྱུང་བ་མ་ཡིན་ལ་མེ་ནི་དུ་བ་ཡོད་པ་ཙམ་གྱིས་ཡོད་པ་ཡང་རྒྱུ་ཉིད་དེ་དེ་ལྟ་བུ་ཡིན་པའི་ཕྱིར་རང་བཞིན་ནི་མ་ཡིན་ནོ། །འབྲས་བུ་དེའི་དབང་དུ་གྱུར་པ་ཇི་ལྟར་ཡིན་ཞེ་ན། དེ་ཙམ་ལས་བྱུང་བ་དེའི་དབང་དུ་གྱུར་པ་མ་ཡིན་པ་ལ་དེ་ལྟར་མི་བརྗོད་པའི་ཕྱིར་དང་། འདོད་པ་ལས་བྱུང་བ་ཉིད་ཀྱིས་དངོས་སུ་བ་བཞིན་དུ་མི་འགྱུར་ལ་འབྲས་

བུ་གདོན་མི་ཟ་བར་འབྱུང་བ་ནི་རྒྱུའི་རང་གི་ཡང་ཡིན་ལ། འབྲས་བུ་ཡིན་པའི་ཕྱིར་ངོ་བོ་ཡང་ཡིན་ཏེ། རྒྱུ་ཉིད་ཀྱིས་ཁྱབ་པར་བྱེད་པ་རྣམས་གྲུབ་པར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་འགྲེལ་པར་རོ། །གཞན་དག་ནི་འདིར་ཤེས་པ་དང་བརྗོད་པའི་རུང་བ་ཉིད་ཡིན་ནོ་ཞེས་ཟེར་རོ། །དེ་ལ་རུང་བ་ཉིད་
དེ་དང་ལྡན་པ་ཉིད་དེ། དེ་ཡོད་ན་ཡོད་པ་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བར་མཐོང་སྟེ། དེའི་ཚེ་མེད་པ་མ་རྟོགས་པའི་ཕྱིར་ཐེ་ཚོམ་ཟ་བ་མ་ཡིན་པར་ཡོད་པའི་ཁྱབ་པར་བྱེད་པ་དག་གོ་ཞེས་བྱ་བའི་དོན་ཏོ། །གྲུབ་པས་ཞེས་བྱ་བ་འདི་ལ་གལ་ཏེ་ཐ་སྙད་སྒྲུབ་པ་ལ་ཡང་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །དེ་ཙམ་གྱི་
རྒྱུ་མཚན་གྱིས་ཞེས་བྱ་བ་ནི་སྔོན་གྱི་སློབ་དཔོན་གྱི་འདོད་པའོ། །སེམས་དང་ལྡན་པ་ཞེས་བྱ་བ་ནི་རང་གི་འདོད་པའོ། །དེ་ལྟར་མཐོང་བའི་ཕྱིར་རོ་ཞེས་བསྟན་པ་ནི། དངོས་པོ་མེད་པའི་ཞེས་བྱ་བའོ། །དེའི་སེམས་དང་ལྡན་པ་ནི་མེད་པའི་ཤེས་པ་དང་ལྡན་པའོ། །འདི་ལ་དེའི་བདག་ཉིད་ལ་སོགས་པས་ཉམས་སུ་མྱོང་བ་ལ་
སོགས་པའི་བག་ཆགས་སད་པ་ཉིད་ཀྱིས་མི་དྲན་ན་ཡུལ་ལ་སོགས་པའི་ཐ་སྙད་སྟོན་པ་ཡིན་ནམ་ཅི་ཞེ་ན། མ་ཡིན་ཏེ་མ་དམིགས་པའི་ཕྱིར་རོ་ཞེས་བྱ་བས་ཅུང་ཟད་ཀྱང་སྒྲུབ་པ་མ་ཡིན་པར་བསྟན་པ་ནི་ཡུལ་ཡོད་ན་ཡང་ཞེས་བྱ་བའོ། །རྗེས་སུ་མི་བརྗོད་ན་ཞེས་བྱ་བ་སྟེ། ཐ་སྙད་མི་དྲན་ན་སྙིང་སྟོབས་ལ་རྡུལ་མེད་དོ་ཞེས་
བྱ་བར་གྲུབ་པ་ནི་མ་རྟོགས་པའི་རྒྱུ་མཚན་ཡིན་པར་ནི་འཇི་བའི་གོང་བུ་ལ་ཡང་མཚུངས་སོ་ཞེས་བྱ་བ་བརྡ་དྲན་པར་བྱེད་པ་ཡིན་གྱི་གྲུབ་པར་བྱེད་པ་ནི་མ་ཡིན་ནོ། །བསྡུ་བ་ནི་གནས་སྐབས་གཙོ་བོར་བྱེད་པའི་དོན་ཏོ། །མི་དམིགས་པའི་ཕྱིར་མེད་དོ་ཞེས་བྱ་བ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་ངོ་བོའི་རྗེས་སུ་འགྲོ་བའི་ཕྱིར་
དང་། ཡོད་པའི་ཕྱིར་མི་རྟག་ཅེས་བྱ་བ་ཡིན་པ་དེ་ཇི་ལྟར་མེད་པ་དང་། མ་དམིགས་པ་དག་ལ་དབྱེ་བ་མེད་པའམ་ཐ་སྙད་དུ་སེམས་པ་ལ། ཇི་ལྟར་མཐོང་དང་ཞེས་བྱ་བའོ། །མཐོང་བ་དང་མཐོང་བ་དག་གིས་འབྲས་བུ་དང་རྒྱུའི་ངོ་བོ་ཡིན་ནོ་ཞེས་བྱ་བའི་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་ངོ་བོ་རྟོགས་ནས་དེའི་ཐ་སྙད་ཀྱི་ཡུལ་
ཉིད་ཀྱིས་ཡུལ་ཡིན་པ་བཞིན་དུ་དེ་ལ་ཡང་དེའི་ཡུལ་ཉིད་ཡིན་ནོ། །ཡོད་པའི་ཕྱིར་སྐད་ཅིག་མ་ཡིན་ནོ་ཞེས་བྱ་བ་ནི་མེད་པ་སྐད་ཅིག་མ་མ་ཡིན་པ་ལས་ལོག་པས་སྒྲུབ་པར་བྱེད་པ་ལ་སོགས་པའི་ངོ་བོ་ཡིན་གྱི་འདི་ལ་ནི་མེད་པ་དང་མི་དམིགས་པ་དག་གིའམ་དམིགས་པ་དང་ཅིག་ཤོས་ཀྱི་འབྲས་བུ་ལ་སོགས་པ་

ཉིད་དག་ལ་དེ་བཞིན་དུ་ཐ་དད་པ་མ་ཡིན་ཏེ། ལྐོག་ཤལ་ལ་སོགས་པ་དང་ལྡན་པའི་ཕྱིར་འདི་ནི་བ་ལང་ངོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བའི་དོན་ཏོ། །མཐོང་བ་དང་མ་མཐོང་བ་དག་ཉིད་ཡོད་པ་དང་མེད་པའི་ངོ་བོ་འབྲས་བུ་ལ་སོགས་པ་ཐ་སྙད་ཀྱི་ཡུལ་ཡིན་པར་བསྟན་པ་ནི་འབྲས་སོགས་སྒྲ་ཞེས་བྱ་བའོ། །གཞན་དོན་
མེད་དོ་ཞེས་བྱ་བ་ནི་འབྲས་བུ་ཉིད་ཀྱི་ངོ་བོའོ། །དེ་མེད་ན་མེད་པ་དང་ཡོད་པ་མེད་པ་དག་ལ་རྟོགས་པའི་དོན་དང་མི་ནུས་པ་དག་གིས་འབྲེལ་པར་སྦྱོར་བ་ནི་ད་ཡོད་ན་འབྱུང་བ་ལ་སོགས་པ་ཡིན་ནོ་ཞེས་ཟེར་བ་ནི་གལ་ཏེ་འབྲེལ་པ་ཡོད་ན་ཞེས་བྱ་བའོ། །འབྲེལ་པ་ཉིད་ནི་དེའི་ངོ་བོའི་རང་བཞིན་ལ་སོགས་པས་སྦྱར་བ་ནི་དེ་
མེད་ན། འབྲེལ་པ་ཅན་གྱི་ངོ་བོ་ལ་ངེས་པ་མེད་པས་རང་ཉིད་ངེས་པ་མ་ཡིན་ནམ་ཞེས་ཟེར་བ་ལ། གལ་ཏེ་འབྲེལ་པ་དེ་ཡོད་ན་ཞེས་བྱ་བའོ། །དེ་ཡོད་ན་ཡོད་པ་ཞེས་བྱ་བས་མེད་པ་ཉིད་གཅིག་ཏུ་འབྲེལ་པ་ཅན་ཡིན་པར་བསྟན་པ་ནི། འབྲེལ་པ་གཉིས་ལ་གནས་པའི་ཕྱིར། །ཞེས་བྱ་བའོ། །འབྲས་
བུ་ལ་རྒྱུའི་རུང་བ་ཉིད་ནི་དེ་ཡོད་ན་ཡོད་པ་ཁོ་ན་ཡིན་པར་བསྟན་པ་ནི། གལ་ཏེ་འབྲས་བུ་ཞེས་བྱ་བའོ། །ཡོད་པ་ལས་ཡོད་པ་མ་གཏོགས་པ་དེ་གཉི་ག་མ་ཡིན་པར་བསྟན་པ་ནི་རྗེས་སུ་འགྲོ་བ་དང་ཞེས་བྱ་བའོ། །འདི་ན་བུམ་པ་མེད་དོ་ཞེས་བྱ་བའི་འབྲས་བུ་ཅི་ལས་ཤེ་ན་མ་མཐོང་བ་ལས་ཏེ་མི་མཁས་པ་ལ་དུ་བ་དང་
མེ་བཞིན་དུ་འབྲས་བུ་དང་རྒྱུའི་ངོ་བོའི་ཤེས་པ་ལ་རྒྱུ་མཚན་གཞན་མ་མཐོང་བར་ནི་རྒྱུ་མ་དམིགས་པ་ལས་འབྲས་བུ་མེད་དོ་ཞེས་བསྒྲུབས་པ་སྟེ་གྲུབ་པའོ། །རང་བཞིན་ནང་འདུས་ཕྱིར་ཞེས་བྱ་བ་ནི་མངོན་སུམ་དང་མི་དམིགས་པའི་ཁོངས་སུ་གཏོགས་པའི་ཕྱིར་རོ། །ཐ་དད་པར་ནི་དཔེར་མ་བསྟན། །
ཞེས་བྱ་བའོ། །འབྲེལ་པ་ནི་གསལ་ལོ། །དངོས་པོ་མེད་པ་དག་ཅེས་བྱ་བ་ནི་དངོས་པོ་དམིགས་པ་མེད་པ་དག་གོ། །དམིགས་པ་དང་མི་དམིགས་པ་དག་ཁོ་ན་ཡོད་པ་དང་མེད་པ་དག་གམ། ཐ་དད་པའི་འབྲས་བུ་ལ་སོགས་པའི་ངོ་བོ་མ་ཡིན་ན་མི་དམིགས་པ་དང་མེད་པའི་ཐ་སྙད་དག་ལ་རྟོགས་པས་
གྲུབ་པ་དམིགས་པ་མེད་པ་ཉིད་དུ་ཉེ་བར་བརྗོད་པ་མ་ཡིན་པ་ནི་འབྲེལ་པ་མེད་པའི་ཕྱིར་རྟགས་མེད་པ་མངོན་སུམ་གྱིས་ཇི་ལྟར་གྲུབ་ཅེ་ན། ལན་དུ་མི་དམིགས་པའམ་ཡོད་པ་དམིགས་པ་ཡང་ཡོད་པ་ཡིན་ནོ་ཞེས་བྱ་བ་འདི་ལ་ཚད་མ་བསྟན་པ་ནི། གཅིག་དམིགས་པ་ཉམས་སུ་མྱོང་བ་ལས། །ཞེས་བྱ་བའོ། །

དངོས་པོའི་ནི་དམིགས་པ་ཉིད་ཡོད་པ་ཡིན་ཏེ་གཅིག་ཉིད་ཀྱི་ཕྱིར་གཅིག་པོ་དེ་ཉིད་ཀྱི་ཕྱིར་རྗེས་སུ་འབྲངས་ནས། དམིགས་པ་ཡིན་ན་མེད་དོ་ཞེས་བྱ་བ་མ་ཡིན་ཏེ། རང་བཞིན་གྱིས་མེད་པའི་ཤེས་པས་རང་ཉིད་ཀྱི་ཡིན་གྱི་གཞན་གྱི་མ་ཡིན་ནོ་ཞེས་བསྟན་ཏོ། །དམིགས་པ་གཞན་ཁོ་ན་
དམིགས་པའི་མེད་པ་ཡིན་ཏེ། དེའི་ཐ་སྙད་ཀྱི་ཡུལ་ཡིན་པའི་ཕྱིར་གཞན་ནི་མ་ཡིན་ནོ། །འདི་མེད་པའམ་མི་དམིགས་སོ་ཞེས་བྱ་བས་འཇལ་བྱེད་དང་གཞལ་བྱ་མེད་པ་དག་སྣང་བ་མ་ཡིན་ནམ་དེ་དག་ནི་ཡོད་པ་ཉིད་མ་ཡིན་ནོ་སྙམ་དུ་སེམས་པ་ལ། རྟོགས་ཅན་གྱི་ཞེས་བྱ་བའོ། །དངོས་བཞིན་དུ་དངོས་པོ་མེད་
པ་མཐོང་བ་མ་ཡིན་ཏེ། རྟོགས་ནི་དེ་ལ་བརྟེན་པ་ཡིན་པའི་ཕྱིར་ཚད་མ་ཡིན་པ་དང་གཅིག་དམིགས་པར་ཉམས་སུ་མྱོང་བའི་ཕྱིར་འགྱུར་ན་ཡོད་པ་བཞིན་དུ་དེའི་ཡུལ་མ་ཡིན་པར་མི་རིགས་པ་དེ་ཉིད་ཀྱི་ཕྱིར་དམིགས་སོ་ཞེས་བྱ་བ་ནི་དཔེའོ། །སྟོང་པའི་བདག་ཉིད་ནི་དངོས་པོ་མེད་པའོ། །ཚད་མ་ཞེས་བྱ་བ་ནི་མངོན་
སུམ་མོ། །ཅུང་ཟད་ཀྱང་ཞེས་བྱ་བ་ནི་དངོས་པོ་ལ་བརྟན་པ་མེད་པས་དགོས་པའི་ཕྱིར་བོང་བུའི་རྭ་ལྟ་བུའོ། །མེད་པ་ཡོད་ན་དངོས་པོ་རྣམས་མ་འདྲེས་པར་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་དགོས་པ་ཡིན་ནོ་ཞེས་ཟེར་བ་ལ། དངོས་པོ་མ་འཆོལ་བར་ཞེས་བྱ་བའོ། །དངོས་པོ་ཉིད་ཀྱིས་ལྡོག་པ་དང་ལྡོག་པ་མེད་པ་དག་གིས་དོན་
མེད་པ་དང་ནུས་པ་དག་གིས་མི་རིགས་པར་བསྟན་པ་ནི། དེ་ལ་གལ་ཏེ་དངོས་པོ་ཞེས་བྱ་བ་སྟེ། དངོས་པོའི་དབྱེ་བ་ལས་མ་གཏོགས་པ་མེད་པ་རྟོགས་པ་མ་ཡིན་པའོ། །འདི་དྲན་པ་ལ་མངོན་དུ་འཇུག་པ་ན་མི་དམིགས་པས་སོ་ཞེས་བྱ་བ་སྟེ་བློ་ཞེས་བྱ་བར་སྦྱར་རོ། །དེ་འདི་ལ་མེད་པའི་ཕྱིར་དེའི་ངོ་བོས་
འདི་དམིགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་མེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་མེད་པ་དང་འབྲེལ་པ་ཅན་གྱི་འཇུག་པའི་ཡན་ལག་མ་ཡིན་ནོ་ཞེས་བསྟན་པ་ནི། གལ་ཏེ་དེ་ལ་གནོད་པར་བྱེད་པ་ཞེས་བྱ་བའོ། །དེས་དབེན་པ་འདི་ལ་དེའི་མེད་པ་ཁོངས་སུ་གཏོགས་པ་ཡིན་པར་བསྟན་པ་ནི། ས་ཕྱོགས་དེའི་
ཞེས་བྱ་བའོ། །མ་དམིགས་པ་ཉིད་ཅེས་བྱ་བ་ནི་དམིགས་ཞེས་བྱ་བར་སྦྱར་རོ། །གལ་ཏེ་མ་འདྲེས་པ་གཅིག་པོ་དམིགས་པ་ཉམས་སུ་མྱོང་བ་ཁོ་ན་མེད་པ་མེད་ན་ཇི་ལྟར་ཞེས་ཟེར་བ་ལ་མྱོང་བ་ཁྱད་པར་ཅན་ཞེས་བྱ་བ་སྟེ་ཁྱད་པར་ནི་གཅིག་ཉིད་དོ། །མྱོང་བ་ཁྱད་པར་ཅན་ཉིད་ལས། །ཞེས་བྱ་བས་མེད་པ་ལས་

མ་ཡིན་པའོ། །དེ་ལྟར་ཞེས་བྱ་བ་ནི་ཁྱད་པར་ཅན་གྱི་ཡིན་ཏེ། དབེན་པ་མ་ཡིན་པའི་ངོ་བོ་བཀག་པས་མེད་པ་ལས་ཀྱང་ཐ་དད་པར་བྱེད་པ་མ་ཡིན་ཏེ། དེའི་ངོ་བོ་ལས་མ་ལོག་པའི་ཕྱིར་རོ། །ལོག་ན་ཡང་མེད་པས་ཅི་ཞིག་བྱ་བའི་དོན་ཏོ། །མེད་པའི་ས་ཕྱོགས་ཀྱི་ངོ་བོ་ནི་བུམ་པ་དང་བཅས་པ་ལ་ཡང་
འགྱུར་རོ་ཞེ་ན། དེ་འདི་ལྟར་བུམ་པས་དབེན་པ་ལ་མེད་པ་ཞེས་བརྗོད་པ་ན་བུམ་པ་དང་བཅས་པ་ལ་ཡང་འགྱུར་རོ་ཞེས་བྱ་བའི་གནས་སྐབས་ག་ལ་ཡོད། ཁྱད་པར་ཅན་གྱི་མྱོང་བ་སྔོན་དུ་འགྲོ་བ་ཅན་གྱི་འགྲན་ཟླ་བྲལ་བ་ལས་མེད་པའི་ཚད་མ་དང་དེ་ལས་ཀྱང་དེ་ཡིན་པའི་ཕྱིར་ཕན་ཚུན་བརྟེན་པ་ཡིན་པར་བསྟན་པ་ནི། དྲན་པ་
མེད་པར་ཞེས་བྱ་བ་སྟེ་འགྲན་ཟླ་དག་གིའོ། །འོན་ཏེ་སྔར་ཞེས་བྱ་བ་ནི་འཛིན་པའི་དུས་ནའོ། །དེ་ཞེས་བྱ་བ་ནི་འགྲན་ཟླའི་སྟེ་དེས་འདིའི་ནི་མེད་པ་ཉིད་ལས་ཁྱད་པར་ཅན་ཉིད་དུ་ཉམས་སུ་མྱོང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡིན་ན་འདི་ལ་ཡང་ཞེས་བྱ་བ་ནི་མངོན་སུམ་ཉིད་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཁྱད་
པར་ཅན་ཉིད་ཀྱང་དབྱེ་བ་ཡིན་ལ་དེ་ཡང་མེད་པ་ཡིན་པར་བསྟན་པ་ནི། ཐ་དད་པ་དེ་ཉིད་ནི་ཞེས་བྱ་བའོ། །ཁྱད་པར་ཅན་གྱི་ཉམས་སུ་མྱོང་བ་ཉམས་སུ་མྱོང་བ་ཡིན་ལ། དེ་ཡང་གཞན་གྱིས་ཉམས་སུ་མྱོང་བ་ཡིན་ན། དེ་ལས་ཀྱང་གཞན་ཉམས་སུ་མྱོང་བའི་ཡིན་པའི་ཕྱིར་ཉམས་སུ་མྱོང་བ་བརྒྱུད་པ་ལ་ལྟོས་པའི་ཕྱིར་
དོན་ཉམས་སུ་མྱོང་བ་མ་ཡིན་པ་ཉིད་དུ་བསྟན་པ་ནི། དེ་ཕྱིར་བློ་དབྱེ་རང་ཉིད་ལས། །ཞེས་བྱ་བའོ། །དེའི་དོན་དག་ཅེས་བྱ་བ་ནི་ས་ཕྱོགས་དང་བུམ་པ་དག་གིའོ། །དམིགས་པ་མེད་པ་ལས་ཀྱང་དོན་གཞན་ཏེ་མེད་པས་དོན་ཁྱད་པར་ཅན་དུ་རྟོགས་ན་དེ་ཡང་གཞན་ཏེ་དམིགས་པ་མེད་པ་གཞན་ལས་ཡིན་པའི་ཕྱིར་ཐུག་པ་མེད་པར་བསྟན་པ་ནི་
གལ་ཏེ་དངོས་པོ་མེད་པའི་ཚད་མས་ཞེས་བྱ་བའོ། །ཐ་དད་པ་ཞེས་བྱ་བ་ནི་གཅིག་ལ་གཅིག་མེད་པའོ། །སྔོན་བཞིན་ཞེས་བྱ་བ་ནི་འགྲན་ཟླ་འཛིན་པ་བཞིན་དུའོ། །དེར་ཡང་ཞེས་བྱ་བ་ནི་འགྲན་ཟླ་འཛིན་པ་ན་ཡང་ངོ་། །གཞན་ཡིན་པར་ཞེས་བྱ་བ་ནི་ད་ལྟར་འཛིན་བཞིན་པའི་ཡུལ་གྱིས་སོ། །འདི་ལ་
འགྲན་ཟླ་དེ་ཡིན་ཞིང་དེ་ལ་ཡང་དེ་ཡིན་ནོ་ཞེས་བྱ་བའོ། །དེའི་ཞེས་བྱ་བ་ནི་འགྲན་ཟླའིའོ། །འདི་ལས་ཞེས་བྱ་བ་ནི་དེ་ལྟར་བཟུང་བཞིན་པ་ལས་སོ། །ཁྱད་པར་ཅན་མཚན་ཉིད་མི་མཐུན་པ་ཞེས་བྱ་བ་ནི་བདེན་མོད་ཀྱི་འདི་ལས་འདི་སྣང་དུ་རུང་བ་དང་མཐོང་བ་ཡང་ཡིན་ལ། དེ་ཉིད་ཀྱི་ཕྱིར་དེ་ལས་གཞན་པ་

མེད་པ་ཡིན་པའི་ཕྱིར་གཉིས་པོ་ཉིད་ཡིན་ནོ་སྙམ་དུ་སེམས་པ་ལ། རང་བཞིན་ཁྱད་པར་ཅན་མྱོང་ལས། །ཞེས་བྱ་བའོ། །ཁྱད་པར་ཅན་འདི་ཇི་ལྟར་གཞན་ལས་ལོག་པ་དེ་ལ་མེད་པ་དེ་བཞིན་དུ་དེ་ཡང་འདི་ལ་ཡིན་ན་ཇི་ལྟར་མེད་པ་དང་དེའི་ཤེས་པ་ཡང་ཤེས་པ་གཞན་ལས་ལོག་པ་ཡིན་
པས་དེ་དང་བྲལ་བ་ནི་དེ་ལས་ཤེས་བྱ་གཞན་གྱི་མེད་པའི་ཐ་སྙད་ཀྱི་རྒྱུ་མི་དམིགས་པ་ཡིན་གྱི་གཞན་མ་ཡིན་པར་བསྟན་པ་ནི་དེའི་ཕྱིར་ཞེས་བྱ་བ་སྟེ། འདི་ཤེས་པ་གཞན་ལས་ཁྱད་པར་ཅན་ཡང་ཡིན་ལ། དམིགས་པ་ཡང་ཡིན་པ་དེ་ལྟར་གྱུར་པ་ཉིད་ཡིན་པ་ཤེས་པ་དེའི་འམ་ཤེས་བྱའི་ཡང་ངོ་། །དེར་ཉམས་སུ་
མྱོང་བ་ན་དེ་ཡི་སྟེ་ཤེས་པ་གཞན་ནམ་ཅིག་ཤོས་ཀྱི་ཡང་རུང་ཡུལ་དང་དུས་གཞན་པ་ཡང་ངོ་། །དེའི་མེད་པ་ཁྱད་པར་ཅན་དུ་འདི་དེ་ལས་ལོག་པ་ངེས་པ་ཡིན་པར་བསྟན་པ་ནི། ཁྱད་པར་ཅན་གྱི་ངོ་བོ་ཉམས་སུ་མྱོང་བ་ཞེས་བྱ་བའོ། །མེད་པ་མེད་ན་ཁྱད་པར་ཅན་གྱི་ཉམས་སུ་མྱོང་བ་མེད་པ་རྟོགས་པའི་དོན་ཡིན་
པར་བསྟན་པ་ནི་ཁྱད་པར་ཅན་མྱོང་ངོ་ཞེས་བྱ་བའོ། །དེ་ཉམས་སུ་མྱོང་བ་མ་ཡིན་ན་མེད་པ་ཅན་ཡིན་པར་བསྟན་པ་ནི། དངོས་པོ་མེད་པ་སྟོང་ཕྲག་ཅེས་བྱ་བའོ། །གཞན་རྟོགས་པ་མི་དམིགས་པ་ནི་མངོན་སུམ་གྱིས་བདག་ཉིད་རྒྱུ་མཚན་ནི་མེད་པ་ལས་ཐ་སྙད་དུ་སྒྲུབ་པར་བྱེད་པ་ནི་ཡན་ལག་ཅན་ལ་ཤིང་ཉིད་
བཞིན་དུ་ཡིན་གྱི་མི་དམིགས་པ་ལ་ལྟོས་པ་མ་ཡིན་པར་བསྟན་པ་ནི། དེས་ན་དམིགས་པ་འདི་ནི་ཞེས་བྱ་བ་སྟེ། ཤེས་པ་དང་ཤེས་བྱ་གཞན་གྱི་ངོ་བོ་དེ་མེད་པ་རྣམ་པར་གཞག་པའི་ཕྱིར་དེ་ལས་གཞན་པའི་ཤེས་པ་དང་ཤེས་བྱའི་མེད་པའི་ཐ་སྙད་ཀྱི་ཤེས་པ་བཞིན་དུ་ཤེས་བྱ་སྣང་དུ་རུང་བ་ལ་ཡང་ངེས་པ་ཅན་གྱི་མི་དམིགས་པ་
ནི་གཞན་གྱི་ཤེས་པ་ཡང་ཤེས་བྱ་གཞན་གོ་བར་བྱེད་པ་ནི་དེ་ཙམ་གྱི་རྒྱུ་མཚན་ཡིན་པས་དེ་ལས་གཞན་པ་མེད་པའི་ཐ་སྙད་འཇུག་པར་བྱེད་དེ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་དམིགས་པ་དག་ལ་ནི་ཞེས་བྱ་བ་ལ་སོགས་པས་ཤེས་པ་དང་ཤེས་བྱ་ཐ་དད་པ་མེད་པ་ལ་ཁྱད་པར་རྟོགས་པར་འགྱུར་ཞེས་བྱ་བ་ལ་
སོགས་པས་ཐ་དད་པ་ཡིན་གྱི་ཞེས་བྱ་བ་ནི་དམ་པའི་དོན་ཏོ། །ཁྱབ་པར་བྱེད་པ་མི་དམིགས་པ་ལ་ལྟོས་པ་ཡིན་ན་ཐུག་པ་མེད་པས་རྟོགས་པ་མ་ཡིན་པར་བསྟན་པ་ནི་གཞན་དུ་དོན་གྱི་ཞེས་བྱ་བའོ། །ཤེས་པ་ཡང་རང་དང་གཞན་གྱི་ཤེས་པས་སྣང་དུ་རུང་བ་དང་སྣང་དུ་རུང་བ་མ་ཡིན་པ་ཡིན་ལ་ཤེས་བྱ་བ་ཡང་

རང་དང་གཞན་ལ་གནས་སུ་རུང་བ་ཉིད་དེ་བཞིན་དུ་ཡིན་གྱི་གཞན་དུ་ན་ཐུག་པ་མེད་པར་འགྱུར་བའི་ཕྱིར་ཁྱད་པར་ཤེས་པར་བྱ་བ་ཡིན་ལ་ད་ལྟར་མེད་དོ་ཞེས་བྱ་བར་གྲུབ་པའི་དོན་ཅན་ནི་མ་ཡིན་ནོ། །ཤེས་པ་མ་རྟོགས་པ་ཙམ་ངེས་པ་ཅན་ཡིན་ཏེ་མེད་པ་དང་ཡོད་པ་སྣང་བ་དང་། ཅིག་ཤོས་ཀྱི་དབྱེ་བ་ཡིན་པའི་ཕྱིར་རོ་ཞེས་ཟེར་
བ་ནི་གལ་ཏེ་མངོན་སུམ་ནི་བྱ་བ་སྟེ་མེད་པ་ཞེས་བྱ་བ་ནི་ཉེ་བར་བརྗོད་པ་མེད་པའོ། །འདི་ཉིད་གསལ་བར་བྱེད་པ་ནི། གལ་ཏེ་དངོས་པོ་ནི་ཞེས་བྱ་བའོ། །དེ་ལས་གཞན་པ་མངོན་སུམ་པ་ལས་མེད་པ་གྲུབ་པོ་ཞེས་བྱ་བ་ནི་མ་རྟོགས་ཙམ་གྱིས་ངེས་པའོ། །གཞན་མི་དམིགས་གཞན་མ་རྟོགས་པས་ཐ་དད་པ་གཞན་
མེད་པར་ཇི་ལྟར་གོ་བར་བྱེད་པ་ཡིན་ཏེ། མི་འཛིན་པའི་ཕྱིར་དང་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། གཞན་དམིགས་པ་ཡིས་ཕ་རོལ་གོ །ཞེས་བྱ་བའོ། །དོན་ལ་ཡང་དེས་དབེན་པ་ཉིད་ཀྱིས་མ་དམིགས་པ་ནི་མ་རྟོགས་པའི་ངོ་བོ་ཡིན་ལ་གཞན་ནི་མ་ཡིན་ཏེ་མ་རྟོགས་པའི་ཕྱིར་རོ། །ཤེས་པ་ཡང་དེ་ཉིད་
ཡིན་པའི་ཕྱིར་ཁྱད་པར་བསྟན་པ་ནི་དེ་ཅི་ཞེས་བྱ་བའོ། །ཇི་སྙེད་པ་ཞེས་བྱ་བ་ནི་ཤེས་བྱ་བཞིན་དུ་ཤེས་པ་ལ་ཡང་ངོ་། །དགག་པ་ཞེས་བྱ་བ་ནི་མེད་པར་དགག་པའོ། །རང་ཉིད་མངོན་སུམ་ལ་རྟོགས་པས། །ཞེས་བྱ་བ་ནི་མ་ཡིན་པར་དགག་པའོ། །དེ་བསྟན་པ་ནི་མ་ཡིན་པར་དགག་པའི་རང་བཞིན་ཞེས་བྱ་
བའོ། །འདི་མ་དམིགས་སོ་ཞེས་བྱ་བ་ནི་གཞན་གྱི་ཤེས་པ་རུང་བ་མ་ཡིན་པའི་ཕྱིར་རང་གི་ཤེས་པ་རྟོགས་པར་བྱ་བའི་ཆེད་དུ་སྐྱེས་བུ་མཆོག་གོ། །འགྲེལ་པར་ཤེས་པའི་གནས་སྐབས་ཡིན་པར་བསྟན་པ་ནི། གང་ཡིན་པ་དེ་ནི་ཞེས་བྱ་བའོ། །ཁྱབ་པར་བྱེད་པ་མི་དམིགས་པ་ནི་མི་དམིགས་པ་ཡིན་
གྱི་མ་རྟོགས་པ་མ་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་ཁྱབ་པར་བྱེད་པ་མི་དམིགས་པ་ལས་ཞེས་བྱ་བའོ། །ཁྱབ་པར་བྱེད་པ་མི་དམིགས་པ་ལས་བཞིན་དུ་ཁྱབ་པར་བྱ་བའི་མེད་པ་ཡང་མངོན་སུམ་གྱིས་ངེས་པར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བའི་བསྟན་པ་ནི་དེ་ལྟར་ཡིན་ན་ཐམས་ཅད་དུ་ཞེས་བྱ་བའོ། །མངོན་
སུམ་གྱིས་ངེས་པ་ཡལ་ག་ལ་སོགས་པ་དང་ལྡན་པ་ལ་ཤིང་ཉིད་བཞིན་དུ་རྗེས་སུ་དཔག་པ་མ་ཡིན་ལ། རང་བཞིན་མི་དམིགས་པ་ནི་རྨོངས་པ་ཡིན་ཞིང་མ་རྨོངས་པ་ནི་ཁྱབ་བྱེད་ཀྱི་ཞེས་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལས་ཀྱང་རང་བཞིན་མི་དམིགས་པ་དོན་མེད་པར་བསྟན་པ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཞེས་

བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་རྒྱུ་དང་ཁྱབ་བྱེད་དང་རང་བཞིན་གྱི་མི་དམིགས་པའི་དབྱེ་བས་ཁྱབ་པར་བྱ་བ་དང་ཅིག་ཤོས་ཀྱི་ངོ་བོ་ཡང་ཡིན་གྱི་ཐ་དད་ནི་མ་ཡིན་ནོ། །དེ་ལ་དམིགས་པ་དག་ལ་ནི་དམིགས་པ་དག་ལས་གཞན་ཡོད་པ་མ་ཡིན་ཞེས་འདི་ཉིད་དྲན་པ་ནི། འདིར་ནི་ཁྱབ་བྱ་ཁྱབ་བྱེད་དག །
ཅེས་བྱ་བའོ། །སྣང་དུ་རུང་བ་ཡོད་པ་ཞེས་བྱ་བའི་རྩོད་པའི་རིགས་པ་ནི་ཐ་མི་དད་པ་ཁོ་ན་ལ་རིགས་པ་ཡིན་གྱི་ཐ་མི་དད་པ་ལ་ནི་ཉེ་བར་བཏགས་པའི་སྐྱོན་ཡིན་ནོ་ཞེས་ཟེར་བ་ལ་བལྟར་རུང་བའི་ཞེས་བྱ་བའོ། །ཉེ་བར་བཏགས་པ་ཡང་ཁྱབ་པར་བྱེད་པ་མི་དམིགས་པ་ལ་རང་བཞིན་མི་དམིགས་པས་བྱས་པ་ཁོ་ན་ཡིན་པར་
བསྟན་པ་ནི། འབྲས་དེ་ནི་ཞེས་བྱ་བ་ནི་རྒྱུ་དེའི་འབྲས་བུའོ། །དེའི་རང་བཞིན་དང་ཁྱད་པར་མེད་པས་ནི་རྒྱུའི་རང་བཞིན་དང་ཁྱད་པར་མེད་པ་ལས་སོ། །རྒྱུའི་ཁྱབ་པ་གང་ཡིན་པ་དེ་ལས་ལྡོག་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཐ་མི་དད་པའི་ཕྱིར་རོ། །ཡང་ན་དེ་མེད་པའི་ཕྱིར་ཞེས་བྱ་བ་གཏན་ཚིགས་སོ། །ལྷག་པ་དང་
ཆད་ཕྱིར་ཞེས་བྱ་བ་ནི་འཕེལ་བ་དང་འགྲིབ་པའི་ཕྱིར་རོ། །ཉེ་བ་དང་རིང་བ་ལས་ནི་ཞེས་བྱ་བ་ལ་རིང་བ་ལ་ནི་རུང་བ་མ་ཡིན་པ་ཁྱབ་པར་བྱེད་པའི་དང་ཉེ་བ་ལ་ནི་རང་བཞིན་མི་དམིགས་པའོ། །སྣང་དུ་རུང་བ་མ་ཡིན་པ་ཡང་ཁ་ཅིག་སྣང་དུ་རུང་བ་ཉིད་མ་ཡིན་ནམ། ཇི་ལྟར་ཁྱབ་པར་བྱེད་པ་ཡིན་སྙམ་དུ་སེམས་པ་ལ། བཅོམ་
ལྡན་འདས་ཆོས་ཀྱི་གྲགས་པས་གསུངས་པ་ནི་མི་སྣང་ཞེས་བྱ་བའོ། །སྣང་དུ་རུང་བ་ཉིད་ཁ་ཅིག་ལ་མི་སྣང་བ་ཡིན་གཞན་གྱི་ཤེས་པ་ལ་སོགས་པ་དང་བརྗོད་པ་ལ་སོགས་པ་ནི་རྗེས་སུ་དཔག་པར་བྱ་བ་མ་ཡིན་ཏེ། དེའི་ཁྱད་པར་རྣམ་པར་རྟོག་པ་དང་འདོད་ཆགས་ལ་སོགས་པ་ལ་ནི་ཚིག་ལ་སོགས་པ་འཁྲུལ་པའི་
ཕྱིར་རྟགས་མེད་པས་རྗེས་སུ་དཔག་པར་བྱ་བ་མ་ཡིན་ནོ། །ཐེ་ཚོམ་ཟ་བ་འདི་ལ་ཡང་མི་དམིགས་པས་ཡོད་པའི་ཐ་སྙད་དགག་པ་ཡིན་གྱི་ཡོད་པ་སྒྲུབ་པ་ནི་མ་ཡིན་ནོ། །གཞན་དུ་ཞེས་བྱ་བ་ནི་མི་སྣང་བ་མི་དམིགས་པ་ལའོ། །མི་འགྲུབ་ཅེས་བྱ་བ་ནི་རྗེས་སུ་དཔག་པ་ལ་སོགས་པས་སོ། །ལྡོག་པ་བསྒྲུབ་པ་ནི་
མེད་པ་བསྒྲུབ་པའོ། །དང་པོ་ཞེས་བྱ་བ་ནི་རང་བཞིན་མི་དམིགས་པའོ། །གཏན་ཚིགས་ལ་ཞེས་བྱ་བ་ནི་འབྲས་བུ་དང་ཁྱབ་བྱ་དང་ཅིག་ཤོས་ཀྱི་ངོ་བོ་ངེས་པར་བྱེད་པའི་ཕྱིར་རོ། །འགྲེལ་པར་ནི་རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་ལའམ་གཞན་དུ་ཡང་ཞེས་བྱ་བ་སྟེ། རང་བཞིན་མི་དམིགས་པའོ། །མི་སྣང་

བའི་ཡུལ་ཐག་རིང་བ་ལ་སོགས་པ་ལ་འདི་ནི་ཞེས་བྱ་བ་ནི་རང་བཞིན་མི་དམིགས་པའོ། །དང་པོ་ནི་རྒྱུ་ལ་སོགས་པ་མི་དམིགས་པའོ། །རྒྱུ་ལ་སོགས་པ་མི་དམིགས་པ་ནི་རྒྱུ་ཉིད་ཡིན་ཏེ་ངེས་པར་བྱེད་པའི་ཕྱིར་རོ། །རང་བཞིན་མི་དམིགས་པས་རྒྱུ་དང་། ཁྱབ་པར་བྱེད་པ་དང་ཅིག་ཤོས་ཀྱི་ངོ་བོ་ལ་
སོགས་པ་ངེས་པར་བྱེད་པ་ཉིད་དུ་མཐོང་ངོ་། །ཐལ་བ་བསྒྲུབ་པ་ལ་ནི་ཞེས་བྱ་བ་ནི་དེ་ཡང་དེ་ལ་མི་སྲིད་པས་ན་མི་སྲིད་པས་ཁྱབ་པ་གང་ཡིན་པའོ་ཞེས་བྱ་བའི་རིགས་པའོ། །འགལ་བ་ཅན་ཡང་མི་དམིགས་པ་ཁོ་ནའི་ཁྱད་པར་བསྟན་པ་ནི་རང་གི་སྦྱོར་བ་ཞེས་བྱ་བ་སྟེ། དེའི་སྦྱོར་བའི་གནས་སྐབས་ཀྱི་སྦྱོར་བའི་
དབང་དུ་བྱས་པ་རྣམས་ལ་རང་གི་སྟེ། མི་དམིགས་པའི་བདག་ཉིད་ཀྱིས་སོ། །རང་གི་ངོ་བོ་ནི་དམིགས་པའི་རིག་བྱར་གྱུར་པ་ལས་མ་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དོན་གཞན་ལ་གནོད་པར་བྱེད་པའི་ངོ་བོའམ། དེའི་རང་གི་ངོ་བོ་ཞེས་བྱ་བར་སྦྱར་ཏེ་འགལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་ལས་ཤེ་ན།
ཡོད་ན་ཞེས་བྱ་བའི་ནི་དེ་ཡོད་པ་ཉིད་ལས་སོ། །མེད་པ་ལས་ཀྱང་ཡོད་པས་ན་མེད་པ་ཞེས་པས་ཁྱད་པར་དུ་བྱེད་པ་ནི་ཡོད་པས་ཞེས་བྱ་བ་སྟེ། ཡོད་པ་ན་ཡོད་པ་སྔོན་དུ་འགྲོ་བ་ཅན་ལས་མེད་པའི་ཕྱིར་རོ། །ཡོད་ན་མེད་ཕྱིར་ཞེས་བྱ་བ་ཡང་གཞན་དུ་མ་ཡིན་ཏེ། ཡོད་པ་སྔོན་དུ་འགྲོ་བ་ཅན་ཡིན་ན་མེད་པའི་ཕྱིར་ཞེས་བྱ་བས་
རྒྱུན་མེད་པའི་ཕྱིར་རོ་ཞེས་བྱ་བར་རྟོགས་པའོ། །དེའི་ཕྱིར་རྒྱུན་ལ་འགལ་བ་ཡིན་གྱི་སྐད་ཅིག་ལ་ནི་མ་ཡིན་ནོ་ཞེས་བྱ་བར་རྟོགས་པའོ། །གཞན་ནི་ཞེས་བྱ་བ་ནི་བྱེ་བྲག་པའོ། །བརྒྱུད་པས་ཀྱང་ཞེས་བྱ་བ་ནི་འགལ་བའི་འབྲས་བུ་ལ་སོགས་པ་ལའོ། །རྒྱུ་མ་ཚང་བ་མེད་པ་ཅན་ཞེས་བྱ་བས་ནི་ཡོད་པས་ཞེས་བྱ་བ་བཤད་
པའོ། །འགལ་བ་ཅན་དུ་བརྗོད་པ་མི་དམིགས་པ་ཇི་ལྟར་ཡིན་ཞེས་ཟེར་བ་ལ། འགལ་བ་ནི་དམིགས་པ་དང་མི་དམིགས་པའི་མཚན་ཉིད་ཅེས་བྱ་བའོ། །དྲོ་བ་ཡང་མ་ཡིན་གྲང་བ་ཡང་མ་ཡིན་ཞེས་བྱ་བ་ནི་གྲང་བ་བདེ་བ་ཞེས་བྱ་བར་སྦྱར་རོ། །དྲོ་བའི་རིག་པའི་ངོ་བོས་དཔག་པ་ནི་ཚོགས་པ་གཅིག་ལ་རག་ལས་
པའི་ཕྱིར་རོ་ཞེས་བྱ་བ་བསྟན་པ་ནི། སྔ་མར་ཞེས་བྱ་བའི་ལྷན་ཅིག་མི་གནས་པར་བསྟན་ནས་ཕན་ཚུན་སྤངས་པའི་མཚན་ཉིད་བསྟན་པ་ནི། ཕན་ཚུན་ཐ་དད་གྲུབ་ཕྱིར་ཏེ། །ཞེས་བྱ་བའོ། །བརྟན་དངོས་ནི་རྟག་པའི་ངོ་བོའོ། །ལྟོས་པ་དང་བཅས་པ་ཉིད་ནི་བརྟན་པའི་དངོས་པོ་ལ་སྟེ། གདོན་མི་ཟ་བའི་ངོ་བོ་ལ་དངོས་སུ་

འགལ་བ་མ་ཡིན་ཡང་ཁྱབ་པར་བྱེད་པ་འགལ་བ་ཡིན་ནོ། །བརྟན་པའི་ངོ་བོ་ནི་ལྟོས་པ་དང་བཅས་པ་ཉིད་ལ་འགལ་བས་ཁྱབ་པ་ཡིན་པར་བསྟན་པ་ནི། ཚད་མ་གཞན་གྱིས་ཞེས་བྱ་བའོ། །ཚད་མས་གནོད་པས་འགལ་བ་ནི་ཕན་ཚུན་སྤངས་ཏེ་གནས་པའི་ངེས་པས་ཡིན་གྱི་དངོས་སུ་མ་ཡིན་པར་
བསྟན་པ་ནི་ངེས་འགྱུར་ཞེས་བྱ་བའོ། །ཚད་མས་གནོད་པས་འགལ་བའི་དཔེ་དེ་ལ་ལྟོས་པ་དང་བཅས་པས་ཉེ་བར་གཞག་པ་བརྟན་པའི་ངོ་བོ་མ་ཡིན་པ་དང་སྒྲས་ནི་བརྟན་པའི་ངོ་བོ་ཡིན་པའི་ཕྱིར་ཕན་ཚུན་སྤངས་ཏེ་གནས་པའི་འགལ་བ་ཉིད་ཁོངས་སུ་གཏོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ན་ཞེས་བྱ་བས་འགལ་
བ་གཞན་ཉིད་ངེས་པར་བྱེད་པའོ། །འགལ་བས་ཁྱབ་པས་ཞེས་བྱ་བས་རྣམ་པའི་དབྱེ་བས་རྣམ་པ་འགས་ཐ་དད་པ་ཡིན་ནོ་ཞེས་བསྟན་ཏོ། །གཞན་དག་ཅེས་བྱ་བ་ནི་མ་མཐོང་བ་ཙམ་དུ་སྨྲ་བ་པའོ། །འགལ་བ་ནི་དགག་བྱ་དང་འགལ་བ་ཡིན་ཞིང་དེའི་འབྲས་བུ་ཡིན་ལ་དེས་ཁྱབ་པར་བྱ་བ་ཡང་འགལ་བའི་འབྲས་བུས་ཁྱབ་པར་བྱ་བ་ལ་འབྲེལ་
པ་ཡོད་ན་མི་དམིགས་པ་ཡིན་ཏེ། དེ་ལྟར་ན་ཡང་གཏན་ཚིགས་གཞན་ཡིན་པར་བསྟན་པ་ནི། དེ་བདག་དེ་ལས་བྱུང་བ་ཡིས། །ཞེས་བྱ་བ་སྟེ་འགྲེལ་པ་མེད་ན་མི་མཐུན་པའི་ཕྱོགས་རྣམ་པར་གཅོད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གཉིས་སམ་ཞེས་བྱ་བ་ནི་འགལ་བ་དམིགས་པ་ཡིན་ནོ། །གསུམ་ཞེས་བྱ་བ་ནི་འགལ་བའི་འབྲས་བུ་དམིགས་
པའོ། །གཅིག་གིས་ཞེས་བྱ་བ་ནི་འགལ་བའི་འབྲས་བུའོ། །དེ་གཏན་ཚིགས་གཞན་ཉིད་དུ་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་མ་ཡིན་པ་ཉིད་དོ། །གཞན་དུ་ཞེས་བྱ་བ་ནི་དུ་མ་གཅིག་ཉིད་དུའོ། །ཚོགས་པའི་སྦྱོར་བ་འབའ་ཞིག་ལས་ཐ་དད་པ་ཡིན་པར་བསྟན་པ་ནི། སྦྱོར་བ་འབའ་ཞིག་ཅེས་བྱ་བའོ། །གཉིས་སམ་ཞེས་བྱ་བ་བཤད་པ་
ནི་འདི་ན་གྲང་བའི་རིག་པ་ཞེས་བྱ་བ་སྟེ་གཏན་ཚིགས་རྣམས་བརྒྱུད་པ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་འབྲས་བུའི་གཏན་ཚིགས་དང་འགལ་བ་དམིགས་པ་ལ་སོགས་པ་ལས་སོ། །རྗེས་སུ་དཔག་པའི་རྗེས་སུ་དཔག་པ་ཞེས་བྱ་བ་ནི་འགལ་བ་དམིགས་པ་ཞེས་བྱ་བ་ཞེས་པ་ལ་སོགས་པའོ། །དོན་དམ་པར་ཞེས་བྱ་བ་ནི་བརྒྱུད་པ་ལས་སོ། །
རང་རིག་པ་ཡི་ཞེས་བྱ་བ་ནི་རེག་པ་ཐམས་ཅད་དེ་ལ་བརྟེན་པའི་ཕྱིར་རོ། །རེས་འགའ་བ་དང་ལྟོས་མེད་བཞིན། །ཞེས་བྱ་བ་འཇིག་པ་ལ་ཐལ་བར་འགྱུར་བ་མ་ཡིན་ནོ། །གཞན་དག་ནི་ལྟོས་པ་མེད་པར་འཇིག་པ་མ་ཡིན་པའོ། །དངོས་པོའི་རྒྱུ་ལས་གཞན་པ་ལས་འཇིག་པ་འབྱུང་ཡང་གདོན་མི་ཟ་བར་མཐོང་བ་ཡིན་པའི་ཕྱིར་རོ་ཞེ་ན། རྒྱུ་

གཞན་ལས་སྐྱེ་ཞེས་བྱ་བ་སྨོས་སོ། །རྒྱུ་གཞན་ལ་འབྱུང་བར་མཐོང་བ་ཉིད་ཡིན་ན། དེ་མེད་ན་མེད་པའི་ཕྱིར་དངོས་པོའི་རྒྱུ་ལས་བསྐྱེད་བྱ་འཇིག་པ་ནི་དངོས་པོ་འཇིག་པར་བྱེད་པ་ཡིན་ནོ་ཞེ་ན། དངོས་པོའི་རྒྱུ་ལས་འབྱུང་ཡིན་ན། །ཞེས་བྱ་བ་སྨོས་སོ། །འཇིག་པ་ནི་མི་རྟག་པ་ཉིད་དེ་སྐྱེ་བ་དང་གནས་པ་དག་ལ་ཡང་འདི་མཚུངས་པ་ཡིན་ནོ། །བརྒྱུད་པ་མི་
རིགས་པར་བཅོམ་ལྡན་འདས་ཆོས་ཀྱི་གྲགས་པས་གསུངས་པ་ནི། དེ་ནི་བདག་ཉིད་གྲུབ་གྱུར་ན། །ཞེས་བྱ་བའོ། །དངོས་པོ་དང་ལྷན་ཅིག་འབྱུང་བའི་འཇིག་པ་ཡང་དེ་འཇིག་པར་བྱེད་པ་མ་ཡིན་ཏེ། དེའི་ངོ་བོར་དམིགས་པའི་ཕྱིར་རོ། །མི་དམིགས་ན་ཡང་དངོས་པོ་ཁོ་ན་མེད་པ་ཇི་ལྟར་ལྟོས་པར་བྱེད་པ་ཡིན་ཞེས་བསྟན་
པ་ནི། བདག་ལ་ཕན་འདོགས་བྱེད་མིན་ན། །ཞེས་བྱ་བའོ། །གལ་ཏེ་ལྟོས་པར་བྱེད་ན་ཕན་འདོགས་པར་བྱེད་པ་ཞིག་ན། ལྟོས་པ་ནི་མ་ཡིན་པ་དེའི་ཕྱིར་ཁྱབ་པ་ཅན་མ་ཡིན་པར་བསྟན་པ་ནི། ཆུ་སོང་ཟིན་ནས་ཞེས་བྱ་བ་སྟེ། བདག་ལ་ཕན་འདོགས་བྱེད་མིན་ན། །ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་མ་ཡིན་ཞེས་བྱ་བ་ནི་ཁྱབ་
པ་དང་ཅིག་ཤོས་ཉིད་ཀྱིས་སོ། །འབྱུང་བར་འགྱུར་བ་ཞེས་བྱ་བ་ནི་མ་འོངས་པའོ། །དངོས་པོ་ལྡོག་པ་ཉིད་འཇིག་པ་ལས་སོ་ཞེས་བྱ་བར་མི་རིགས་ཏེ། དངོས་པོ་ཉིད་དེ་ལྟར་མ་རྟོགས་པའི་ཕྱིར་དང་། མ་སྐྱེས་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཕན་ཚུན་སྤངས་པ་ཞེས་བྱ་བ་སྟེ། གྱོ་མོ་སྤངས་པས་དེ་ཡིན་པ་དང་དེ་སྤངས་ནས་ཀྱང་གྱོ་
མོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་ན་ནི་དུས་གཞན་ཡོད་པ་ཁས་བླངས་ནས་འཇིག་པའི་རྒྱུ་སྦྱོར་བར་བྱེད་པ་མ་ཡིན་ནམ། སྐད་ཅིག་མ་ལ་ནི་མ་ཡིན་ཞེས་ཟེར་བ་ལ། གལ་ཏེ་རྗེས་སུ་དཔག་པས་ཞེས་བྱ་བའོ། །ཚོགས་པ་ཚང་བར་མཐོང་ནས་འབྱུང་བར་འགྱུར་བ་རྗེས་སུ་དཔག་པ་མ་ཡིན་ནམ། ཇི་ལྟར་མེད་པ་ཡིན་ནོ་སྙམ་དུ་
སེམས་པ་ནི། མངོན་སུམ་དང་འདྲ་བ་ཞེས་བྱ་བའོ། །དེ་མེད་པའི་ཕྱིར་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་དུས་ན་འབྱུང་བར་འགྱུར་བ་མེད་པའི་ཕྱིར་ཡང་ངོ་། །དངོས་པོའི་རང་གི་ངོ་བོ་རྗེས་སུ་དཔག་པ་མེད་པའི་ཕྱིར་སྲིད་པར་བྱ་བ་སྲིད་པ་ཙམ་ཡིན་ནོ། །བུམ་སོགས་ཞེས་བྱ་བ་ནི་གཞན་དུ་བ་ཉིད་ཀྱི་གཞི་ཡིན་ན་ཐུག་པ་མེད་པ་ཡིན་ཏེ་
འཇིག་པ་གཞན་ཡོད་ན་ཡོད་པའི་ཕྱིར་རོ། །བུམ་པ་ལ་འཇི་བའི་རྫས་ཐ་དད་པ་མ་ཡིན་པ་དེ་བཞིན་དུ་ཐ་དད་པ་ཡང་ཡིན་པར་བསྟན་པ་ནི། དེར་ཡང་ཞེས་བྱ་བའོ། །དེའི་ཚེ་ཞེས་བྱ་བ་ནི་རང་གི་དུས་སུའོ། །འབྲས་བུ་མེད་པ་ནི་རང་ཉིད་གྲུབ་པ་ལ་རྒྱུ་ལ་ལྟོས་པ་ཡིན་ཏེ། རང་གི་དུས་ན་ནི་མ་ཡིན་ཏེ། རྒྱུ་ཉིད་དུ་མི་རིགས་པའི་ཕྱིར་རོ་ཞེས་

བསྟན་པ་ནི། རྒྱུ་ནི་སྔོན་དུ་བྱུང་ཉིད་དེ། །ཞེས་བྱ་བའོ། །དངོས་པོའི་འབྱུང་བར་འགྱུར་བའི་གནས་སྐབས་ཅན་དང་འབྲེལ་པའི་འཇིག་པ་ནི། དངོས་པོའི་དུས་ན་མ་ཡིན་ནམ། དེ་ཡང་རྗེས་སུ་དཔག་པར་བྱ་བ་ཡིན་ནོ་ཞེས་ཟེར་བ་ལ་མ་ཡིན་ཏེ། དངོས་པོ་ནི་ཞེས་བྱ་བའོ། །རེ་ཞིག་དེ་ཉིད་འབྱུང་
བར་འགྱུར་བ་མ་ཡིན་ལ། དེའི་རྒྱུན་ཡང་རང་གི་ངོ་བོས་རྗེས་སུ་དཔག་པ་མ་ཡིན་ཏེ། མངོན་སུམ་བཞིན་དུ་མེད་པ་དང་འབྲེལ་པ་མི་རིགས་པའི་ཕྱིར་མཐོང་བ་དང་ཆོས་མཐུན་པ་ཉིད་དུ་སྒྲོ་བཏགས་པ་ཙམ་ལ་འཇིག་པ་ནི་ཐ་སྙད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དམ་པའི་དོན་དུ་ནི་ཡོད་པ་དང་དགག་པ་འབྲེལ་པ་མེད་པར་བསྟན་པ་
ནི་དྲན་པའི་ནི་ཞེས་བྱ་བའོ། །ཐ་དད་པ་མེད་པ་ཞེས་བྱ་བ་ནི་དངོས་པོ་ཉིད་དུས་གཞན་ལ་ཁྱབ་པ་ཅན་མ་ཡིན་པར་རང་གི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྔ་མ་ཞེས་བྱ་བ་ནི་དམིགས་པ་ཞེས་བྱ་བར་སྦྱར་རོ། །ཡང་ཞེས་བྱ་བ་ནི་སྔ་མའོ། །བུམ་པ་ནི་འཇིག་པ་དབྱིག་པ་ལ་ལྟོས་པ་ཡིན་ནོ་ཞེ་ན། ཕྱི་མ་དང་མ་འབྱོར་བའི་མེད་
པ་དབྱིག་པ་མེད་ན་མི་འབྱུང་ངོ་ཞེས་ཟེར་བ་ལ། དེས་ན་གཞན་དང་མ་འབྱོར་པར་ཞེས་བྱ་བའོ། །ཡོད་པ་ཁྱབ་པ་ཅན་མ་ཡིན་པ་ལྟོས་པ་དང་བཅས་པ་ཉིད་ལ་ཁྱབ་པར་བྱེད་པ་འགལ་བ་ཡིན་ཏེ། ཕན་གདགས་པར་བྱ་བ་ཉིད་དུ་འགལ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །བདག་ལ་ཕན་འདོགས་བྱེད་ལ་གང་། །ཞེས་བྱ་བ་ཡིན་ནོ་དེས་
བསྟན་པ་ནི། གལ་ཏེ་དངོས་པོ་མིན་ན་ཞེས་བྱ་བའོ། །ལྟོས་པ་དང་བཅས་པ་ཉིད་ཀྱང་དེ་བཞིན་དུ་ཡོད་པ་ལས་འགལ་བ་ཁྱབ་པ་ཡིན་ཏེ། ཕན་གདགས་པར་བྱ་བ་མ་ཡིན་ཉིད་དུ་འགལ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །བདག་ལ་ཕན་འདོགས་བྱེད་མིན་ན། །ཞེས་བྱ་བ་ཡིན་ནོ། །དེ་བསྟན་པ་ནི། །འོན་ཏེ་དངོས་པོ་རང་ཁྱབ་མིན། །ཞེས་བྱ་
བའོ། །དེ་ལྟ་བུ་ཡོད་པ་ཡིན་ན་ཡང་ཕན་འདོགས་པར་བྱེད་པ་མ་ཡིན་པའི་ཕྱིར་ལྟོས་པ་མེད་པ་ཡིན་ནོ། །དེ་ལྟ་བུར་གྱུར་པ་ཁོ་ན་དངོས་པོ་ཡིན་ཏེ། ངོ་བོ་དེ་མ་བོར་བའི་ཕྱིར་རོ་ཞེས་བསྟན་པ་ནི་ལྟོས་མེད་དངོས་པོ་ཞེས་བྱ་བའོ། །འཇིག་ཁ་མར་སྡོང་ལ་ཞེས་བྱ་བ་ནི་འཇིག་པར་བྱེད་པར་འདོད་པའི་དབྱིག་པ་འཕྱར་བའི་དུས་ཅན་ཏེ།
སྔར་ཡང་ཕྱིས་མ་མཐོང་བ་དེས་བསྣུན་པའི་དུས་བཞིན་དུ་གཞན་གྱི་ཚེ་ཡང་ངོ་ཞེས་བྱ་བའི་དོན་ཏོ། །མི་དམིགས་པ་ནི་ཚད་མ་ཡིན་ལ། མིད་པ་ནི་གཞལ་བྱ་ཡིན་ན་ཁྱིམ་ནས་བྱུང་བ་མི་དམིགས་པ་ཉེ་བར་འགྲོ་བར་མི་འགྱུར་བ་དང་། ལྟོས་པ་མེད་པའི་མེད་པ་གཞན་ཡང་སྐད་ཅིག་མ་ལ་ཡང་འགྱུར་ཏེ། རྒྱུ་མེད་པའི་དུས་

ལ་སོགས་པ་ལ་མ་ངེས་པའི་ཕྱིར་རོ་ཞེས་ཟེར་བ་ལ། སྐད་ཅིག་ཀྱང་ཞེས་བྱ་བའོ། །ཡོད་མི་འགྱུར་ཞེས་བྱ་བ་ནི་དངོས་པོའོ། །སྐད་ཅིག་གཅིག་ལ་ལྟོས་ནས་འབྱུང་བ་རྒྱུ་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་ཉིད་སྐད་ཅིག་མ་གཞན་ལ་ཁྱབ་པ་ཅན་མ་ཡིན་པར་སྐྱེས་པ་དེ་མི་རྟག་པ་ཡིན་པར་བསྟན་པ་ནི། དེ་ལྟར་
གྱུར་ཏེ་ཞེས་བྱ་བ་སྟེ། དངོས་པོ་སྐད་ཅིག་གཞན་ལ་མ་སྐྱེས་པའི་ངོ་བོ་འཇིག་པ་ན། རང་གི་ངོ་བོས་རྒྱུ་གཞན་ལ་ལྟོས་པ་མ་ཡིན་ཏེ། རང་གི་རྒྱུ་ཉིད་ལས་དེ་ལྟ་བུར་འབྱུང་བའི་ཕྱིར་མི་དམིགས་པ་ཡང་སྣང་དུ་རུང་བ་མེད་པ་ཡིན་ཏེ། ཁྱིམ་ལས་བྱུང་བ་སྣང་དུ་རུང་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །འཇིག་པ་མེད་པས་ན་ཞེས་བྱ་བ་ནི་སྔ་ན་མེད་
པ་ཙམ་གྱིས་ཞིག་ནས་མེད་པ་ལ་ནི་མ་ཡིན་ཞིང་། སྔ་མ་མེད་པ་ཡང་དངོས་པོ་བསྡུས་པ་ལས་གཞན་མ་ཡིན་ཏེ་མི་རིགས་པའི་ཕྱིར་རོ་ཞེས་བསྟན་པ་ནི། འཇིག་པ་ཐ་དད་པ་ཡོད་ཀྱང་། །ཞེས་བྱ་བའོ། །དངོས་པོའི་ངོ་བོ་བསྡུས་པ་དེ་ཡང་ཇི་ལྟར་དམིགས་པ་བཞིན་དུ་ཡོད་པའི་ཕྱིར། ཁྱབ་པ་གྲུབ་པར་བསྟན་པ་ནི། །གང་དག་དེ་ཡོད་
གཞན་ལྟོས་མེད། །ཅེས་བྱ་བ་སྟེ། མི་རྟག་པའི་དངོས་པོ་རྣམས་སོ། །དེ་ཡོད་ལ་ངེས་མིན་ཞེས་བྱ་བ་ནི་དེ་ཡོད་པ་གཞན་ལ་ལྟོས་པ་མེད་པའི་ཕྱིར་རོ། །གེགས་བྱེད་པ་མེད་པ་ཅན་བཞིན་དུ་ཞེས་བྱ་བ་ནི་གེགས་བྱེད་པ་མེད་པའི་ནུས་པ་ཅན་གྱི་འབྲས་བུས་བྱེད་པ་ལའོ། །བདག་ལ་ཕན་འདོགས་བྱེད་མིན་ན། །དེ་ཡིས་ལྟོས་བྱ་གང་
ཅི་ཞིག །ཅེས་བྱ་བ་དེའི་དོན་བསྟན་པ་ནི། ལྟོས་པ་དང་བཅས་པ་ཡིན་ཞེས་བྱ་བའོ། །འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ལྟོས་པ་དང་བཅས་པ་ཉིད་ཀྱིས་དེའི་བདག་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ལས་སྐྱེས་པའི་ཕྱིར་རོ་ཞེ་ན། རྒྱུ་ཉིད་དུ་ནི་རིགས་མ་ཡིན། །ཞེས་བྱ་བ་སྨོས་སོ། །བསྒྲུབ་བྱ་མ་ཡིན་པ་ནི་ཞིག་པའོ། །ཕྱིས་འབྱུང་
ཕྱིར་ན་ཞེས་བྱ་བ་ནི་མ་སྐྱེས་པའི་རྒྱུའི་དབང་གིས་འབྱུང་བའི་ཕྱིར་རོ། །འཇིག་པ་འབྲས་བུ་ཡིན་ནོ་ཞེ་ན། འབྲས་བུ་ནི་ཞེས་བྱ་བ་སྨོས་ཏེ། དེ་ལས་སྐྱེ་བ་དང་ལྡན་པ་ཉིད་དོ། །གལ་ཏེ་རྒྱུ་མེད་པ་ཅན་ནི་རང་དབང་ཡིན་པའི་ཕྱིར་མ་ངེས་པ་ཉིད་དུ་ཅིས་མི་འགྱུར་ཞེས་ཟེར་བ་ནི། གལ་ཏེ་རྒྱུད་མེད་པ་ཉིད་ཅེས་བྱ་བའོ། །རྒྱུ་མེད་པ་ལས་ངེས་པར་འབྱུང་
བ་ཡིན་ན་བར་དུ་འབྲེལ་པའི་བདག་ཉིད་ཅན་མ་ཡིན་པ་ཉིད་མི་དམིགས་པ་ཙམ་ཉིད་དུ་བརྗོད་པ་ཡིན་པར་བསྟན་པ་ནི། དངོས་པོ་ཕྱིས་འབྲེལ་ཞེས་བྱ་བའོ། །འཆི་བའི་མཐར་ཐུག་པ་རྟོགས་པར་ཐལ་ལོ་ཞེས་བྱ་བ་ནི་སྐད་ཅིག་རེ་རེ་བར་འཆི་བའི་མཐར་ཐུག་པར་རྟོགས་པ་ཁོ་ན་ཡིན་ན་ཞེས་བྱ་བའི་ཐ་ཚིག་གོ། །ཕྱིས་ཀྱང་ཞེས་བྱ་བ་ནི་ཐོ་བ་

ལ་སོགས་པས་བསྣུན་པའི་དུས་ནའོ། །འཇིག་པ་ཉིད་ཀྱིས་ཞེས་བྱ་བ་ནི་མི་རྟག་པ་ཉིད་འཇིག་པར་བྱེད་དོ་ཞེས་བྱ་བའོ། །ལྟོས་པ་དང་བཅས་པ་སྔ་ཕྱིས་རང་བཞིན་དུ་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་ཉི་མ་ནུབ་པ་དང་འཆར་བ་ཞེས་བྱ་བ་སྟེ་གོ་རིམས་བཞིན་ནོ། །བཟློག་པ་ཉིད་ཅེས་བྱ་བ་ནི་ཐ་དད་པའི་ངེས་པ་ཉིད་ཁོ་ནའོ། །
ཤར་བ་ནི་ནུབ་པ་ལ་སྒྲུབ་བྱེད་མ་ཡིན་ཏེ། འབྲེལ་པ་མེད་པས་ཐེ་ཚོམ་ཟ་བའི་ཕྱིར་རོ་ཞེས་བསྟན་པ་ནི། ཉི་མ་ནུབ་དང་འཆར་བ་ནི། །ཞེས་བྱ་བའོ། །འདིས་ནི་སྨིན་དྲུག་འཆར་བ་ལ་སོགས་པས་སྣར་མ་འཆར་བ་ལ་སོགས་པ་བསལ་བ་ཡིན་ནོ། །མི་འགྱུར་བ་ལས་ཞེས་བྱ་བ་ནི་གཞན་དུ་འགྱུར་བ་ན་གཏན་དུ་ཡོད་པ་མ་ཡིན་ཏེ་མ་ཤར་
བའམ་མི་ནུབ་པ་ཡང་ངོ་། །འདི་ཉིད་བསྟན་པ་ནི་ནུབ་པ་ནི་ཉི་མའི་མ་ཡིན་གྱི་ཞེས་བྱ་བའོ། །གལ་ཏེ་འགའ་ཞིག་ཅེས་བྱ་བ་ནི་སྣང་དུ་རུང་བའི་བུམ་པ་ལ་སོགས་པ་རྣམས་སོ། །གཞན་དག་ནི་དེ་ལྟ་མ་ཡིན་ཞེས་བྱ་བ་ནི་ཡུལ་ལ་སོགས་པས་བར་དུ་ཆོད་པ་རྣམས་སོ། །འཇིག་པའི་རང་བཞིན་བཞིན་དུ་དཔེ་ལ་ཡང་སྐྱེད་པར་བྱེད་
པའི་རང་བཞིན་དུ་ངེས་པས་ཐ་དད་པ་ཡིན་པར་བསྟན་པ་ནི། ཚོགས་པ་ཐ་མ་ནི་ཞེས་བྱ་བའོ། །འགལ་བ་ཁྱབ་པ་དམིགས་པ་ནི་རྟག་པ་དང་འགལ་བའི་མི་རྟག་པར་ཁྱབ་པ་ཡོད་པ་ཉིད་ལ་སོགས་པ་དམིགས་པའོ། །གཉིས་ཉིད་ཅེས་བྱ་བ་ནི་འབྲེལ་པ་གཉིས་ཡིན་པའི་ཕྱིར་རོ། །གསུམ་པའི་གསུམ་གྱི་དང་པོ་ནི་མི་རྟག་པའི་
ཕྱིར་བརྩལ་མ་ཐག་ཏུ་བྱུང་བ་མ་ཡིན་པའོ། །གསུམ་པའི་གསུམ་པ་ནི་རེག་བྱ་ཡིན་པའི་ཕྱིར་རྟག་པའོ། །དང་པོའི་གསུམ་པ་ནི་མི་རྟག་པའི་ཕྱིར་བརྩལ་མ་ཐག་ཏུ་བྱུང་བ་ཞེས་བྱ་བའི་བར་དུ་དབྱེ་བའི་ཚིག་དགོས་པ་ཅན་མ་ཡིན་གྱི། དེ་དག་ཐམས་ཅད་གཉི་ག་ལ་འཇུག་པ་ཙམ་ཡིན་པའི་ཕྱིར་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །མི་འཇིག་
པའི་ཆ་གང་ཡིན་པ་དེ་ལ་དེ་ཡོད་ཀྱང་རྒྱུ་མ་ཡིན་ནོ་ཞེས་བྱ་བ་སེལ་བའི་དགོས་པ་བསྟན་པ་ནི། ལྷག་མ་རྣམ་པ་གསུམ་ཞེས་བྱ་བའོ། །ཁྱད་པར་ཅན་ལ་ནི་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་ཉིད་ཡོད་པ་ཙམ་ལ་ལྟོས་པ་ཡིན་ཞེས་བྱ་བའི་དོན་ཏོ། །ལྷན་ཅིག་པ་ཉིད་ནི་སྦྱོར་བར་བྱེད་པ་མ་ཡིན་ལ་ངེས་པ་ནི་དེ་འདི་ལ་ངེས་པ་ཅན་ཡིན་པའི་
ཕྱིར། གཞན་གྱི་མེད་པ་གཙོ་བོ་ཉིད་ཀྱི་ཁོངས་སུ་གཏོགས་པ་ཡིན་པར་བསྟན་པ་ནི་གང་གིས་དེ་མེད་ཅེས་བྱའོ། །རྟག་པ་ལས་ལོག་པ་ནི་གཞན་ལ་མེད་པ་བཞིན་དུ་མི་རྟག་པ་ལ་མཐོང་བ་ཡིན་ཡང་གཞན་ལ་མེད་པར་འགྱུར་རོ་སྙམ་དུ་སེམས་པ་ལ། མཐོང་བ་ནི་དེ་ལས་གཞན་དག་ཏུ་གདོན་མི་ཟ་བར་གཞན་དུ་མི་འགྱུར་རོ་

ཞེས་བྱ་བ་ནི་མ་ཡིན་པ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །མེ་ལ་མཐོང་བའི་དུ་བ་གཞན་ལ་མཐོང་བ་ཁོ་ན་ཡིན་པར་བསྟན་པ་ནི། གལ་ཏེ་མཐོང་བའི་སྒོ་ནས་ཞེས་བྱ་བའོ། །མ་ཡིན་ཏེ་མཐོང་བ་ནི་ཞེས་བྱ་བའི་རྗེས་སུ་འགྲོ་བ་མཐོང་བའོ། །གཅིག་ལ་མཐོང་བ་བཞིན་དུ་གཞན་ལ་མཐོང་བར་ཡང་འགྱུར་རོ་
ཞེ་ན། མཐོང་བས་ནི་ཞེས་བྱ་བ་སྨོས་སོ། །རྗེས་སུ་འགྲོ་བ་ཡུལ་དང་དུས་གཞན་ལ་མཐོང་བ་མ་ཡིན་པར་བསྟན་པ་ནི། གཞན་མཐོང་བ་ནི་ཞེས་བྱ་བའོ། །གཅིག་ལ་མ་མཐོང་བ་ལས་མ་མཐོང་བར་འདུ་བྱེད་པའི་ཕྱིར་མཐོང་བ་ཇི་ལྟ་བ་བཞིན་དུ་འདུ་བྱེད་པ་ཡིན་ལ། འདུ་བྱེད་པ་བཞིན་དུ་ངེས་པ་
ཡང་ཡིན་པར་བསྟན་པ་ནི། འདུ་བྱེད་པ་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་ཡུལ་དང་དུས་གཞན་ལའོ། །ལྡོག་པ་གཙོར་གྱུར་པས་ཞེས་བྱ་བ་ནི། འདི་མེད་ཅེས་བྱ་བའི་ལྡོག་པའི་ཁྱབ་པས་ངེས་པ་ཡིན་ནོ་ཞེས་བྱ་བའོ། །འདིས་འདི་ཡིན་ནོ་ཞེས་བྱ་བའི་རྗེས་སུ་འགྲོ་བ་ཡང་
འདིའི་ཁོངས་སུ་གཏོགས་པ་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་མཐོང་བའི་སྒོ་ནས་ཞེས་བྱའོ། །འདི་མེད་ན་མེད་དོ་ཞེས་བྱ་བས་རྗེས་སུ་འགྲོ་བ་ངེས་པ་ཅན་ཡིན་གྱི་གཞན་དུ་མ་ཡིན་པར་བསྟན་པ་ནི། རྗེས་སུ་འགྲོ་ཞེས་བྱ་བའོ། །སྒྲུབ་པའི་མཐའ་ཅན་ཡང་གསལ་བ་རྣམས་ལ་ཁྱབ་པས་མ་ཡིན་ལ་གཞན་སེལ་
བ་ལ་ལྡོག་པ་གཙོ་བོ་ཡིན་པར་བསྟན་པ་ནི། རྗེས་སུ་འགྲོ་བས་ཞེས་བྱ་བའོ། །འཇུག་པའི་འབྲས་བུ་ཉིད་ལས་རྗེས་སུ་དཔོག་པ་ཡིན་པར་ཟེར་བ་ནི། འབྲས་བུ་མཐོང་བ་ལས་ཞེས་བྱ་བའོ། །རྒྱུའི་སྤྱི་ཞེས་བྱ་བ་ནི་ཡི་གེ་ག་ལ་སོགས་པ་རྣམས་ཀྱི་གཅིག་ལ་བ་ལང་ཉིད་ཀྱི་ཤེས་པ་གཅིག་བཞིན་དུ་ཤེས་
པ་མཚུངས་པའོ། །ལྷག་མ་དང་ལྡན་པ་ཞེས་བྱ་བ་ནི་སྨྲ་བ་པོ་ཉིད་ཀྱི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་བྱ་བ་སྟེ། མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བའོ། །འགལ་བ་མི་འཁྲུལ་པ་ཅན་ཞེས་བྱ་བ་ནི་མི་རྟག་པ་དང་འགལ་བ་ལ་མི་འཁྲུལ་པ་ཅན་ཡིན་ཏེ། མཉན་པར་བྱ་
བ་ཉིད་ཀྱིས་སྒྲ་ཉིད་རྟག་པར་ཁས་ལེན་པའི་ཕྱིར་རོ། །གཅིག་ཏུ་བརྗོད་པ་ཡིན་ཡང་རྣམ་པ་གཉིས་བཞིན་དུ་གཉིས་ཉིད་མ་བསལ་བའི་ཕྱིར་གཞན་གྱི་འདོད་པ་ཐེ་ཚོམ་གྱི་རྒྱུ་ཉིད་ཡིན་ནོ། །དེ་བསྟན་པ་ནི་གཞན་གྱིས་ཁས་བླངས་པས་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཆོས་ཀྱི་གྲགས་པས་དངོས་

པོའི་སྟོབས་ཀྱིས་འཇུག་པ་མ་ཡིན་པའི་རྗེས་སུ་དཔག་པ་ལ་བརྟེན་ནས་འགལ་བ་མི་འཁྲུལ་པ་ཅན་ཞེས་གསུངས་སོ། །དངོས་པོའི་སྟོབས་མ་ཡིན་ན་མི་འཁྲུལ་པ་ཅན་མ་ཡིན་ནོ་ཞེས་བྱ་བ་ལ་ཡང་ལན་གྱི་ཚིག་ཁས་བླངས་ནས་བརྗོད་པའོ། །ཕ་བྲམ་ཟེ་ཉིད་ཡིན་པའི་ཕྱིར་བུ་བྲམ་ཟེ་
ཉིད་དུ་བསྒྲུབ་པ་ལ་ཕྱོགས་ཀྱི་ཆོས་མ་ཡིན་ཡང་སྒྲུབ་བྱེད་དམ་དེ་དང་འབྲེལ་པ་ཅན་གྱི་ཕྱོགས་ཀྱི་ཆོས་གཏན་ཚིགས་ཉིད་ཡིན་ནོ་སྙམ་དུ་སེམས་པ་ལ་གལ་ཏེ་ཕྱོགས་ཀྱི་ཆོས་ཞེས་བྱ་བའོ། །ཕྱོགས་དང་འབྲེལ་པ་ཅན་ཡང་ཕྱོགས་ཉིད་ཡིན་པའི་ཕྱིར་དེའི་ཆོས་ཀྱང་ཕྱོགས་ཀྱི་ཆོས་སུ་བརྗོད་པ་ཡིན་པར་བསྟན་པ་ནི། གང་དུ་གཏན་
ཚིགས་བསྒྲུབ་བྱའི་ཞེས་བྱ་བའོ། །ཕ་ཉིད་ཀྱང་བུ་ལ་ལྟོས་པ་ཡིན་ལ་བུ་ལ་གནས་པ་དེའི་བྲམ་ཟེ་ཉིད་འབྲས་བུ་ཡིན་ཡང་ཡོད་པ་ལ་སོགས་པ་རང་གི་ཁྱད་པར་གྱིས་རྒྱུར་གོ་བར་བྱེད་པ་དེས་ཁྱད་པར་དུ་བྱས་པ་ཉིད་ཡིན་པའི་ཕྱིར་ཕྱོགས་ཀྱི་ཆོས་ཡིན་ནོ། །མི་རྟག་པའི་འབྲེལ་པ་ཅན་རེས་འགའ་བ་མེད་ན་མི་འབྱུང་བའི་བསྒྲུབ་བྱ་དང་སྒྲུབ་
བྱེད་དུ་བསྒྲུབ་པ་ལས་བཟློག་པའི་འབྲེལ་པ་ནི་རྗེས་སུ་འགྲོ་བའོ། །ཁྱབ་པར་ཞེས་བྱ་བ་ནི་ལྡོག་པའོ། །ལྡོག་པས་ཞེས་བྱ་བ་ནི་དེ་མེད་ན་མེད་པར་མཐོང་བའི་ཕྱིར་རོ། །གལ་ཏེ་ཡུལ་དེ་དག་ཏུ་ནི་འགྲོ་ཞིང་འགྲོ་ཞིང་མ་དམིགས་ན་ཞེས་བྱ་བའི་རིགས་པས་སོ་སྙམ་དུ་སེམས་པ་ནི་ལྡོག་པས་ཞེས་བྱ་བ་སྟེ་འབྲེལ་པ་མཐོང་བའོ། །ཡོད་པ་དང་
མེད་པ་རབ་ཏུ་བསྟན་པ་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་རྣམ་པ་གཉིས་ཞེས་བྱ་བ་འདིས་སོ། །ཚུལ་གསུམ་པ་ལྷག་མ་ལུས་པ་ཞེས་བྱ་བ་ནི་ཁྱབ་པ་ལ་སོགས་པའོ། །རིགས་པའི་མཐར་ཐུག་སྦས་པ་ཡི། །དོན་ལྡན་རབ་ཏུ་བྱེད་པ་འགའ། །བདག་གིས་རྣམ་ཕྱེའི་ཁྱད་པར་ལས། །ཁྱད་པར་ཤེས་པ་རྣམས་ཀྱིས་ཤེས། །རིགས་པའི་
ཕུང་པོ་འདི་དེ་ཡལ་ག་མཐའ་ཡས་པ་བསྡུས་པ་མཁས་པ་རྣམས་ཀྱིས་རིག་བྱ་རིག་པར་བྱ་བ་ཡིན་པར་བསྟན་པ་ཡིན་ཡང་གཟུ་བོ་ཉིད་དུ་མི་གནས་ན་བློའི་རབ་རིབ་སེལ་བར་མི་བྱེད་པར་བསྟན་པ་ནི་ཀྭའི་མི་རྣམས་ཞེས་བྱའོ། །རྟག་ཏུ་ཕྱོགས་སུ་ལྷུང་བ་དང་ལྡན་པ་དག་གང་ཡིན་པའོ། །དེ་ཉིད་ཀྱི་ཕྱིར་རང་དང་གཞན་གྱི་ཕྱོགས་
དག་ལ་གང་གིས་མུན་པར་བྱས་པ་ཡིན་པ་དེའོ་ཞེས་བྱ་བ་ནི་གཟུ་བོར་གནས་པ་མ་ཡིན་པ་ཉིད་དང་དེའི་འབྲས་བུ་རིམ་གྱིས་བསྟན་པ་ཡིན་ནོ། །དེ་ཉིད་རྟོགས་པ་བསྒྲུབ་བྱ་མིན། །ཞེས་བྱ་བས་རྒྱུ་འགལ་བ་དམིགས་པ་ཡིན་པའི་ཕྱིར་རྟོགས་པ་ཕུལ་དུ་བྱུང་བ་ལ་གཟུ་བོར་གནས་པ་ཉིད་རྒྱུ་ཡིན་པར་བསྟན་པ་ནི། བློ་དང་

ལྡན་པའི་ཚུལ་ཞེས་བྱ་བ་སྟེ། ཤེས་རབ་ཕུལ་དུ་བྱུང་བས་ཐམས་ཅད་ལས་རྒྱལ་བར་འདོད་པའི་ཚུལ་ལོ། །གཟུ་བོ་ཉིད་དུ་གནས་ན་གོམས་པ་ཕུལ་དུ་བྱུང་བ་ཅན་ནི་གོ་འཕང་མཐོན་པོ་ལས་ཡང་འགལ་བ་ཡིན་པར་བསྟན་པ་ནི། གཞུང་ལུགས་པ་རྣམས་ཞེས་བྱ་བ་སྟེ་གཟུ་བོར་གནས་པ་དང་གོམས་པ་དག་གིས་ནུས་པ་
ཉིད་ནི་རང་ལ་མཐོང་ཞེས་བྱ་བའི་དོན་ཏོ། །རྣམ་པར་དབྱེ་བ་ཁྱད་པར་ཅན་གྱི་རྒྱུ་དེ་གཉིས་ལ་ནུས་པ་ཡིན་པས་ཕྱོགས་སུ་ལྷུང་བ་ཡང་སྐྱོན་མ་ཡིན་པར་བསྟན་པ་ནི་འདི་ཞེས་བྱ་བའོ། །རྣམ་འགྲེལ་ལ་སོགས་པར་གོམས་པ་ཙམ་ལས་ལྷ་དང་ཕྱིར་རྒོལ་བ་དང་བྲལ་ན་ཕ་རོལ་པོ་ཡང་དེ་ཁོ་ན་ཉིད་ཀྱི་དོན་རྫོགས་པར་བྱེད་པ་ལ་ནུས་
པ་ཅན་དུ་འགྱུར་གྱི། བདག་འབའ་ཞིག་རིགས་པ་དང་ལྡན་ཞིང་སྐྱོན་མེད་པ་མ་ཡིན་ནོ། །ཅི་ལས་ཤེ་ན་བདག་གིའམ་གཞན་བློ་རིགས་པ་དང་མི་རིགས་པ་མ་ཡིན་པ་མ་ཡིན་ན། དོན་བྱས་པ་སྟེ་བླང་དང་དོར་བྱ་རྣམ་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཟུ་བོར་གནས་པ་དང་གོམས་པ་སྔོན་དུ་སོང་བ་ཕྱོགས་
སུ་ལྷུང་བ་ནི་དཔོག་པ་ཕུལ་དུ་བྱུང་བ་ལ་ནུས་པ་ཉིད་ཁྱད་པར་ཅན་དང་ལྡན་པར་བསྟན་པ་ནི། ལེགས་ཞེས་བྱ་བའོ། །དེ་ལྟ་ཡིན་ན་ཅིའི་ཕྱིར་མི་བརྗོད་ཅེ་ན། རིན་ཆེན་འབྱུང་གནས་ལས་ཞེས་བྱའོ། །ལེན་བྱེད་མཁས་པ་ཞེས་བྱ་བ་དགོས་པ་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱན་གྱིས་ལུས་མཛེས་
པར་བརྒྱན་པ་ན་གྲོང་པ་སྟེ་བྱིས་པ་རྣམས་འདོད་ཆགས་ཀྱི་དོན་དུ་འདྲིད་པར་བྱེད་པ་དེའི་ཕྱིར་འདི་ལ་ཡང་དེ་བྱས་ཏེ་ཞེས་བྱ་བར་སྦྱར་རོ། །མཁས་པས་འདི་བྱས་ཀྱང་བྱིས་པ་རྣམས་ལ་ཅིར་འགྱུར་སྙམ་དུ་སེམས་པ་ལ། གཞན་ལ་ཉེ་བར་དགོས་པ་བྱེད་པ་བྱང་ཆུབ་སེམས་པ་རྣམས་ཀྱི་ཚུལ་གཅིག་ཡིན་
པར་བསྟན་པ་ནི་དེ་ལྟར་སེམས་ཏེ་ཞེས་བྱ་བའོ། །གཞན་གྱི་དོན་བསྒྲུབ་པའི་བློ་གང་དག་ཡིན་པ་དེ་དག་གིའོ། །འགྲེལ་པ་གཞན་གྱི་དོན་དུ་ཡིན་ན་ཡང་དཔྱོད་པ་པའི་གཞུང་ལུགས་ལ་སོགས་པ་ཅིའི་ཕྱིར་མ་བྱས་ཞེས་ཟེར་བ་ལ། དེ་ཞེས་བྱ་བ་སྟེ་དེའི་ཕྱིར་རོ། །ཅིའི་ཕྱིར་འདི་ཉིད་ལ་སེམས་པར་བྱེད་པ་ཡིན་
ཞེས་ཟེར་བ་ལ། འགྲོ་བ་མཐའ་དག་ཅེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱི་གསུང་སེམས་བཞིན་པ་ནི་བདེ་བ་མཐའ་ཡས་པའི་ཕྱིར་དུ་ཇི་ལྟར་ཡིན་པ་དེ་ལྟར་དཔྱད་ཟིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྒྱུ་མེད་ཅིང་དྲི་མ་མེད་པའི་ཚུལ་ངེས་པར་བཟུང་བས་འཇིག་རྟེན་པ་རྣམས་ཀྱིས་རྟོགས་པར་

བྱེད་པ་ལས་བསོད་ནམས་ཤིན་ཏུ་ཆེན་པོ་ཐོབ་པ་ནི་སྙིང་རྗེའི་བདག་ཉིད་ཡིན་པའི་ཕྱིར། དེ་དག་ཉིད་བསྒོམས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་ཕུལ་དུ་བྱུང་བ་རྫོགས་པའི་ཆེད་དུ་ཡོངས་སུ་བསྔོ་བ་ནི། དེ་ལྟར་བདག་གིས་ཞེས་བྱ་བའོ། །ལེ་ལོ་སྙོམ་
ལས་རིང་དུ་སྤངས་ནས་བརྩོན་པ་ཆེན་པོས་བརྩམས་པ་འདི། །མདོར་བསྡུས་དེས་མཚོན་ལྷག་མ་རྣམས་ལས་སྦྱངས་པའི་བློ་ཅན་རྒྱལ་བ་ཅན་དུ་འགྱུར། །དྲི་མེད་ཡོན་ཏན་འབྱུང་གནས་གཅིག་པོར་འདི་ནི་དེ་ལས་གཞན་བདག་གི །རིགས་པ་རྣམས་ཀྱང་རང་བཞིན་གྱིས་རྟོགས་རྒྱས་པ་མང་པོས་འདིར་མ་
བཤད། །དེ་ལྟ་འདི་ལའང་བློ་མཆོག་ལྡན་པ་རྣམས་ཀྱིས་ནི། །བློ་ཡི་རྗེས་སུ་འབྲངས་ན་བློ་གྲོས་ཆེར་འཕེལ་ཞིང་། །དྲི་མེད་ཡོན་ཏན་དམ་པའི་རིན་ཆེན་གྱིས་བརྒྱན་པའི། །ཡིད་ཀྱི་དྲི་མ་ལས་རྒྱལ་རྒྱལ་བ་ཅན་དུ་འགྱུར། །ཚད་མ་གཏན་ལ་འབེབས་བྱེད་ཚིག་གི་རྒྱ་མཚོ་ལས་ནི་རིགས་པ་མང་པོ་ཡིས། །བདག་
གིས་བཏོན་ནས་སྐྱེས་བུ་གཞན་གྱི་མཆོག་ཏུ་མཚུངས་མེད་མིག་ཙམ་ལས་ཐོབ་པ། །སྟོན་ཀའི་ཟླ་བ་དྲི་མ་མེད་པའི་འོད་ཟེར་ལྟ་བུའི་བསོད་ནམས་ཚོགས་བསགས་པས། །སྐྱེ་བོ་རྣམས་ཀྱི་ནང་གི་མིག་གི་མུན་ཆེན་བཅོམ་ནས་རྒྱལ་བ་ཅན་གྱུར་ཅིག །ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད་མཁན་པོ་རྒྱལ་བ་ཅན་གྱིས་རྣམ་
པར་སྦྱར་བ་ལས། གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་ལེའུ་སྟེ་བཞི་པའོ།། །།ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད་སློབ་དཔོན་རྒྱལ་བ་ཅན་གྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།བཅོམ་ལྡན་འདས་རིགས་གསུམ་མགོན་པོའི་སྤྲུལ་པ་བྱང་ཆུབ་སེམས་པའི་གདུང་རྒྱུད་མི་རྗེ་ལྷས་མཛད་པ་བོད་ཀྱི་ལྷ་བཙན་པོ་
ཤཱཀྱའི་དགེ་སློང་ལྷ་བླ་མ་ཞི་བ་འོད་ཀྱི་ཞལ་སྔ་ནས་དང་། བོད་ཀྱི་ལྷ་བཙན་པོ་དབང་ཕྱུག་དམ་པའི་མངའ་བདག་ཆེན་པོ་ཁྲི་བཀྲ་ཤིས་རྩེ་ལྡེ་བཙན་གྱི་ཞལ་སྔ་ནས། རྒྱལ་པོའི་ཡང་རྒྱལ་པོ་ཆེན་པོ་འཕྲུལ་གྱི་ལྷ་བཙན་པོ་ཁུ་དབོན་གྱི་བཀས། ཐུགས་དམ་སའི་སྙིང་པོ་ཐོ་ལིང་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ། རྒྱ་གར་
གྱི་མཁན་པོ་དཔལ་བི་ཀྲ་མ་ལ་ཤཱི་ལའི་མཁས་པ་ཆེན་པོ་པཎྜི་ཏ་ཤྲཱི་དཱི་པཾ་ཀ་ར་རཀྵི་ཏ་དང་། ཞང་ཞུང་གི་ལོ་ཙཱ་བ་ཆེན་པོ་མང་འོར་བནྡེ་བྱང་ཆུབ་ཤེས་རབ་ཀྱིས་ནན་ཏན་སྙིང་པོར་བྱས་ནས་གཏན་ལ་ཕབ་པར་བསྒྱུར་བའོ།། །།བསྟན་བཅོས་འདིའི་གཞུང་གི་ཚད་ནི་བམ་པོ་དྲུག་ཅུ་ཡིན་ནོ།། །།