Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 181

Văn bản gốc(Tây Tạng)

Trang 2 / 21 (50.000 ký tự/trang)
ྤྱིའི་བློ་ནི་མ་ཡིན་ཏེ། མིག་ལ་སོགས་པ་ཙམ་ལས་བྱུང་བ་རབ་རིབ་ཅན་གྱི་ཤེས་པ་བཞིན་ནོ། །མིག་དང་གཟུགས་སོགས་བློ་བཞིན་ནོ། །ཞེས་བྱ་བ་ནི་མིག་ལ་སོགས་པའི་བློ་བཞིན་

དང་། གཟུགས་ལ་སོགས་པའི་བློ་བཞིན་ནོ་ཞེས་བྱ་བ་ནི། གོ་རིམས་བཞིན་དུ་མེད་པ་ཉིད་དང་ཡོད་པ་ཉིད་ཀྱི་དཔེ་ཡིན་ནོ། །དམིགས་པ་དང་བདག་པོའི་རྐྱེན་གྱི་ཡུལ་ལ་ཞེས་བྱ་བ་ལ་དམིགས་པའི་ཡུལ་ནི་གཟུགས་ལ་སོགས་པའི་བློ་རྣམས་ཀྱིའོ། །བདག་པོའི་རྐྱེན་
གྱི་ཡུལ་ནི་རབ་རིབ་ལ་སོགས་པ་རྣམས་ཀྱིའོ། །དེ་ལྟ་ཡང་མིག་ལ་སོགས་པ་མེད་པར་ནི་ནང་གི་ཞེས་སྟོན་པའོ། །དེ་ལྟ་བུའི་ཐེ་ཚོམ་ལ་དེ་ཉིད་གང་ཞེ་ན། རྟ་དེ་ནི་བ་ལང་ཉིད་ཀྱི་བག་ཆགས་ཞེས་བྱའོ། །རྟ་དེ་མི་བྱེད་པ་ཅིའི་ཕྱིར་ཞེ་ན་བ་ལང་ཞེས་བྱ་བའི་བརྡ་ནི་དེ་ཉིད་ལ་ཞེས་བྱ་བ་སྟེ། ལྐོག་
ཤལ་ལ་སོགས་པ་དང་ལྡན་པ་ལ་ཡིན་གྱི། བ་ལང་ཉིད་མེད་པ་ལ་སོགས་པ་འདི་ནི་མ་ཡིན་ནོ། །བ་ལང་གི་ཚོགས་པ་པ་ཡང་རྟ་ལ་སོགས་པ་མཚན་ཉིད་མི་མཐུན་པ་རིལ་པོ་བཞིན་དུ། རྗེས་སུ་འཇུག་པའི་ངོ་བོ་ནི་མཐོང་བ་ལ་མི་སྣང་བ་ཡིན་པར་བསྟན་པ་ནི། གསལ་བ་ལས་ཐ་དད་པ་ཞེས་བྱ་བའོ། །
མ་ཚོལ་བའི་བེའུ་ནི་རྟ་ལ་སོགས་པ་ལས་ལོག་པ་བ་ལང་གི་ཚོགས་ལ་རྗེས་སུ་འཇུག་པ་ནི། མ་མ་ཡིན་པ་ལ་ཡང་འཇུག་པའི་ཕྱིར་རྟོགས་པ་མ་ཡིན་ནམ། འདྲ་བར་རྟོགས་པ་ནི་བདེན་མོད་ཀྱི་འདྲ་བ་ཉིད་ཀྱི་རང་གི་ངོ་བོ་ལས་ཐ་དད་པ་མ་ཡིན་ནོ། །རང་གི་ངོ་བོ་ཁོ་ན་དེ་དེ་དང་འདྲ་བའམ་དེ་དང་མི་
འདྲ་བ་ཡང་རུང་བ་ལ་ལོག་པར་རྟོགས་པར་མི་བྱ་བའོ། །དོན་དམ་པར་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། དངོས་པོ་མ་ཡིན་པའོ། །བློ་ནི་རྟོགས་བྱ་ལས་ལྡོག་པ་མ་ཡིན་པ་མ་ཡིན་ནམ། བདེན་ཏེ་རྟོགས་བྱའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཡིན་ན་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་
བསྟན་པ་ནི། གལ་ཏེ་གསལ་བ་མེད་ཀྱང་ཞེས་བྱ་བ་སྟེ། གསལ་བར་བྱེད་པའི་ཕྱིར་གསལ་བ་ནི་སྤྱི་ཡིན་ལ་དེ་མེད་ན་མེད་ཅིང་དེ་ཡོད་ན་ཡོད་པར་འགྱུར་རོ། །ཐམས་ཅད་དུ་བློ་ཡོད་ན་རྟོགས་བྱ་ཡང་ཡོད་པར་འགྱུར་བ་མ་ཡིན་ནམ་སྙམ་དུ་སེམས་པ་ནི། སྤྱི་ནི་ཁྱབ་པར་ཞེས་བྱ་བའོ། །དེ་ཡོད་ན་ནི་
འབད་པ་ལ་སོགས་པ་ཡོད་ནའོ། །སུག་པར་བྱེད་པ་ནི་གལ་ཏེ་སྤྱི་མི་ལྡོག་པ་ཉིད་ཅེས་བྱ་བ་ནི་ཐམས་ཅད་ན་གནས་པ་ཉིད་དོ། །ཤེས་པ་ཙམ་ལ་ནུས་པ་མེད་པའི་ཕྱིར། །ཞེས་བྱ་བ་ནི་བློའི་མཚན་ཉིད་ཀྱི་ཡོད་པ་ཉིད་མེད་པའི་ཕྱིར་རོ། །དེས་ཞེས་བྱ་བ་ནི་དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་

མཚན་ཉིད་སྤྱི་ལ་བརྗོད་པའི་རིགས་པས་སོ། །དེ་ལྟར་ཡིན་ན་གང་ལས་དེ་དག་འབྱུང་བར་འགྱུར་ཞེས་ཟེར་བ་ལ། བརྡ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པ་ནི་ཡན་ལག་ཅན་ཡིན་ལ། དེ་ཉིད་ཁོ་ན་ཡན་ལག་དུ་མའི་ཐུན་མོང་ཡིན་པའི་ཕྱིར་སྤྱི་ཡིན་ནོ། །དེ་བཞིན་དུ་འདེགས་པ་ནི།
ལས་ཡིན་ལ་དེ་ཉིད་རྫས་དུ་མའི་ཐུན་མོང་ཡིན་པའི་ཕྱིར་སྤྱི་ཡིན་ནོ། །བར་གྱི་གསལ་བར་བྱེད་པ་ཡིན་པའི་ཕྱིར་གྲངས་ལ་སོགས་པ་རྣམས་ལ་ཡང་སྤྱི་ཞེས་བྱ་བར་འགྱུར་རོ། །བུམ་པ་ལ་སོགས་སྤྱི་མ་ཡིན་པ་དེ་ནི། རང་གི་མཚན་ཉིད་ཁོ་ན་ཡིན་པའི་ཕྱིར་འགལ་བ་ཅུང་ཟད་ཀྱང་མེད་དེ། དེའི་ཕྱིར་
སྤྱི་འཛིན་པ་ཡིན་ནོ། །འདེགས་པ་ཉིད་ཀྱང་སྤྱི་ཡིན་ཏེ། དུས་མང་པོའི་གསལ་བ་དུས་གཅིག་ལས་འབྱུང་བ་མེད་པའི་ཕྱིར་རོ། །བསྐོར་བ་དང་འདེགས་པ་ལ་སོགས་པ་ནི་བུམ་པ་ལ་སོགས་པ་བཞིན་དུ་དུས་གཅིག་ན་ཡོད་པ་མ་ཡིན་ནོ་བྱ་བའི་ཡན་ལག་རིམ་གྱིས་དུས་མང་པོར་བྱུང་བ་རྣམས་ཀྱིས་
བསྐོར་བ་གཅིག་ཏུ་གསལ་བར་བྱེད་པ་འདི་ཡང་གཏམ་ཙམ་ཡིན་ཏེ་མཐའི་གསལ་བྱེད་ཙམ་གྱིས་གསལ་བར་བྱ་བ་ཉིད་ལ་ཐུན་མོང་མ་ཡིན་པའི་ངོ་བོ་ཉིད་ཀྱིས་བསྐོར་བ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་ཏེ། དེའི་དུས་ན་མེད་པ་གསལ་བྱེད་མ་ཡིན་པའི་ཕྱིར་དང་། རང་གི་ཤེས་པས་གཞན་གྱི་བློའི་རྒྱུ་གསལ་
བར་བྱེད་པའི་ཕྱིར་ཏེ་གསལ་བྱེད་ལྟ་བུའོ། །དབྱེ་བ་མེད་པ་བུམ་པ་གཅིག་ཏུ་སྣང་བ་མ་ཡིན་ནམ། ཐག་རིང་བ་ལས་དུ་མ་གཅིག་བཞིན་དུ་སྣང་བ་མ་ཡིན་པས། དེ་ཡང་དེ་ལྟར་འགྱུར་བ་ནི་རྒྱུ་མཚན་མེད་པའི་ཕྱིར་རོ། །ཕྲ་བ་ཉིད་རྒྱུ་མཚན་ཡིན་པ་ནི་རིགས་པ་མ་ཡིན་ཏེ། རྡུལ་ཕྲ་རབ་ཕྲ་བ་
ནི་མངོན་སུམ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་མངོན་སུམ་ནི་ཐག་རིང་བ་ལ་སོགས་པའི་རྒྱུ་མཚན་གྱིས་རྣམ་པར་དབྱེ་བ་མ་བཟུང་བར་སྣང་བར་འགྱུར་གྱི། རྡུལ་ཕྲ་རབ་ནི་དུ་མ་ཡིན་ཡང་སྣང་བ་མ་ཡིན་ཏེ། དབང་པོ་ལས་འདས་པ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དབང་པོ་ལས་
འདས་པ་ནི་དབང་པོའི་ཡུལ་དུ་མི་འགྱུར་ཏེ། འགལ་བའི་ཕྱིར་རོ་སྙམ་དུ་སེམས་པ་ལ། རབ་རིབ་ཅན་ལ་སྐྲ་ཉག་གཅིག་མངོན་སུམ་མ་ཡིན་ཡང་། ཚོགས་པ་རྣམས་ཕན་ཚུན་ཕན་འདོགས་པས་མངོན་སུམ་ཡིན་པ་དེ་བཞིན་དུ། རྡུལ་ཕྲ་རབ་ཀྱང་ཡིན་ན་གང་གི་ཕྱིར་གཞན་གྱི་མངོན་

སུམ་རབ་རིབ་ཅན་ལ་དགོས་པར་འགྱུར། རྣལ་འབྱོར་གྱི་མངོན་སུམ་ཉིད་ནི་རྡུལ་ཕྲ་རབ་རྣམས་ལ་ཡང་ཁོ་བོ་ཅག་ལ་སོགས་པ་ལ་དགོས་པ་ཡིན་པར་བསྟན་པ་ནི། གཟུགས་ལ་སོགས་ལས་ཐ་དད་པར། །ཞེས་བྱ་བ་སྟེ། མིག་ལ་སྣང་བ་ལ་གཟུགས་ཀྱི་རྡུལ་ཕྲ་
རབ་རྣམས་རེ་རེས་དབང་པོ་ལས་འདས་པ་ཡིན་ཡང་ཕན་ཚུན་ཕན་འདོགས་པས་འདུས་པ་ནི་མངོན་སུམ་ཡིན་ཏེ། རབ་རིབ་ཅན་གྱི་སྐྲ་ལ་སོགས་པ་ཡིན་པའི་ཕྱིར་འགལ་བ་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ་རོ་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ཀྱང་ངོ་། །གལ་ཏེ་གཟུགས་ལ་སོགས་པ་
རྣམས་སུ་ཁྱད་པར་མེད་པའི་ཕྱིར་དེ་དག་ཙམ་གྱིས་བུམ་པ་ནི་སྣམ་བུ་ལ་སོགས་པ་རྣམས་ལས་ཁྱད་པར་དུ་མི་འགྱུར་རོ་སྙམ་དུ་སེམས་པ་ལ། དབྱིབས་ཀྱི་བྱེ་བྲག་གི་ཁྱད་པར་དུ་བྱས་པས་མཚན་ཉིད་མི་མཐུན་ཞིང་བརྡའི་བྱེ་བྲག་གི་ཡུལ་དུ་མཐོང་བ་རྣམས་ནི་དེའི་བག་ཆགས་སད་པའི་རྒྱུ་རྣམས་ལ་
དེའི་སྒྲ་རྣམས་ཀྱིས་བརྗོད་པ་ཡིན་ནོ་ཞེས་དོན་དུ་བསྟན་པ་ནི། དེས་ན་དེ་ཙམ་ཞེས་བྱ་བའོ། །གཟུགས་ལ་སོགས་པ་ཙམ་གྱི་བུམ་པ་ལ་ནི། མིག་ལ་སོགས་པ་རྣམས་རྣམ་པར་གཞག་པ་ཡིན་གྱི། འཚོལ་བ་ནི་མ་ཡིན་པ་ལ། འཚོལ་བར་མཐོང་བ་མ་ཡིན་ནམ། དེ་བཞིན་དུ་བདག་
གིས་རེག་གོ་ཞེས་བྱ་བའོ། །དེའི་ཕྱིར་དེ་ཡུལ་གཞན་ཡིན་ནོ་སྙམ་དུ་སེམས་པ་ནི་གལ་ཏེ་རྫས་ནི་ཞེས་བྱ་བའོ། །མཐོང་བ་ལ་བདག་གིས་རེག་གོ་ཞེས་བྱ་བའི་རྣམ་པར་རྟོག་པ་ནི་མཐོང་བ་ལས་བྱུང་བ་ཡིན་གྱི། རང་དབང་དུ་ནི་མ་ཡིན་ལ་མཐོང་བ་ཡང་གཟུགས་ཐ་དད་པའམ། ཐ་མི་དད་པའི་
རྫས་ལ་མ་ཡིན་ཏེ། དེ་མེད་ཀྱང་འབྱུང་བ་ནི་བག་ཆགས་ཙམ་ལས་བྱུང་བ་ཡིན་པར་རྟོགས་སོ། །དེ་ཉིད་བསྟན་པ་ནི་རྫས་དེ་གཟུགས་ལས་གཞན་ཡིན་པའམ་ཞེས་བྱ་བ་སྟེ། ཐ་མི་དད་པས་སོ། །དེ་ལས་བཟློག་པ་ནི་ཐ་དད་པས་སོ། །འདི་ལ་གཟུགས་ཡོད་པའི་ཕྱིར་གཟུགས་དང་ལྡན་པའོ། །
དེ་ལས་བཟློག་པ་ལས་ཞེས་བྱ་བ་འདི་ལ་བསྟན་པ་ནི་གཞན་དུ་རིགས་པ་ཡིན་ན་བློ་ཞེས་བྱ་བ་སྟེ། བག་ཆགས་ཙམ་ལས་བྱུང་བའི་རྣམ་པར་རྟོག་པ་ཡང་ཕྱི་རོལ་རྣམ་པར་འཇོག་པ་བྱེད་པར་འགྱུར་རོ་ཞེས་བྱ་བ་འདི་ལ་ཡང་དབྱེ་བ་དང་དབྱེ་བ་མ་ཡིན་པར་རིག་པ་ཁོ་ན་སྣང་བའི་མེད་པ་རིག་པ་ལན་ཡིན་པར་

ཡང་རྟོགས་སོ། །སྣང་བ་བཞིན་དུ་རྣམ་པར་རྟོག་པ་ཡང་ཕྱི་རོལ་རྟོགས་ན་གནོད་པར་བྱེད་པ་མེད་པའི་ཕྱིར། རང་དབང་ཁོ་ན་མ་ཡིན་ནམ། རྒྱུ་ནི་དེ་བཞིན་དུ་མི་འཐད་པས་བག་ཆགས་ཀྱི་ངོ་བོའམ། གཞན་ཡང་རུང་བ་འགའ་ཞིག་ཏུ་ཡང་འགྱུར་རོ་སྙམ་དུ་སེམས་པ་ནི་ཅི་སྟེ་བུམ་པའི་བློ་ནི་ཞེས་
བྱ་བའོ། །འཁྲུལ་པ་མེད་པ་ཞེས་བྱ་བ་ནི། གནོད་པ་མེད་པ་སྟེ་གཟུགས་ལ་སོགས་པ་ལས་ཐ་དད་པས་བུམ་པའོ། །བུམ་པ་དམར་པོའོ་ཞེས་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བརྡས་ཐུན་མོང་དང་ཐུན་མོང་མ་ཡིན་པར་བྱས་པ་དག་ཇི་ལྟ་བ་བཞིན་པའི་བརྡས་བརྗོད་པ་དང་རྟོགས་པ་ཡིན་
གྱི་དེ་དག་ལས་དངོས་པོའི་དབྱེ་བས་གྲུབ་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། དམར་པོ་དང་ནི་མི་དམར་བ། །ཞེས་བྱ་བའོ། །གང་ཁོ་ནར་གཟུགས་ཡིན་པ་དེ་ཁོ་ནར་རེག་པ་མ་ཡིན་ནམ། བརྡ་ལས་ནི་མ་ཡིན་ཏེ། དངོས་པོ་ནི་དེ་ལྟ་བུ་ཡིན་ནོ་ཞེས་ཟེར་བ་ནི་ཅི་སྟེ་གལ་ཏེ་ཞེས་བྱ་བའོ། །གཟུགས་
དང་རེག་པ་ལ་སོགས་པའི་ཚོགས་པ་གཅིག་ལས་བྱུང་བའི་འདུས་པ་ནི་བུམ་པར་ཐ་སྙད་གདགས་པའི་ཡུལ་ཡིན་ལ། དེ་ལྟ་བུར་བཏགས་པའི་འདུས་པ་གང་དེ་ལ་ཞེས་བྱ་བ་ནི། དམག་ལ་གླང་པོ་ཆེ་བཞིན་དུ་ཐ་སྙད་འདོགས་པའི་ཡུལ་ཡིན་ནོ་ཞེས་བསྟན་པ་ནི་ཚོགས་པ་གཅིག་ལ་རག་ལས་ཞེས་
བྱ་བ་སྟེ། དམག་གམ་ནགས་ནི་གྲངས་མང་པོ་ཉིད་ཡིན་པའི་ཕྱིར། བུམ་པ་ལ་སོགས་པ་འགའ་ཡང་དེ་ལྟ་བུར་འགྱུར་རོ། །ཁ་ཅིག་ན་རེ་གྲངས་ཀྱི་ཤེས་པའི་རྟོགས་བྱ་ནི་མང་བ་ཉིད་ཡིན་གྱི། བུམ་པའི་ཤེས་པའི་རྟོགས་བྱ་ནི་མ་ཡིན་ཞིང་། དམག་དང་ནགས་ལ་སོགས་པའི་ཤེས་བྱའི་
རྟོགས་བྱ་ཡང་མ་ཡིན་ནོ། །མི་དམིགས་ན་ནགས་ལ་སོགས་པའི་ཤེས་པ་མང་པོ་ཉིད་ལ་ཡང་མཚུངས་པ་ཡིན་ཏེ། ཉེ་བར་གནས་པ་མེད་པའི་ཕྱིར་འཁྲུལ་པ་ཡིན་ནོ། །བར་ན་གནས་པའི་ནི་མ་ཡིན་ཏེ། དེ་ལྟ་བུའི་ཤེས་པ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་བརྡས་བརྟགས་པའི་ཡུལ་ཐམས་ཅད་
ལ་སྒྲ་ལས་བྱུང་བའི་ཤེས་པ་རྣམས་ཡིན་གྱི། དངོས་པོའི་དེ་ཁོ་ན་ཉིད་ལ་ནི་ལྟོས་པར་བྱེད་པ་ནི་མ་ཡིན་ཏེ། ཇི་ལྟར་བརྟགས་པ་བཞིན་ཡིན་པར་ནི་མི་རིགས་པའི་ཕྱིར་རོ་ཞེས་བསྟན་པ་ནི། དེའི་ཕྱིར་ཚོགས་པ་གཅིག་ལ་ཞེས་བྱ་བ་སྟེ། ཡན་ལག་ཅན་ཐ་དད་པ་མ་ཡིན་མོད་ཀྱི་འོན་ཀྱང་གྲུབ་པ་

དང་བདེ་བ་གཅིག་པའི་གཟུགས་ལ་སོགས་པའི་ཐ་སྙད་གཅིག་གི་ཡུལ་ཡིན་ལ་སྟེང་དང་འོག་གི་ཆས་ཕྱེ་བ་ཡིན་ཡང་གཅིག་ཡིན་ཏེ། གྲུབ་པ་དང་བདེ་བ་གཅིག་ཉིད་ཀྱི་ཕྱིར། དེའི་ཡན་ལག་རྣམས་སུ་བརྟགས་པ་ཡིན་པ་དེས་ན་ཡན་ལག་ཅན་ཡོད་དོ་སྙམ་སེམས་
པ་ལ། གལ་ཏེ་དེ་ལྟ་ན་ཕན་ཚུན་ཞེས་བྱ་བ་སྟེ། ཐ་དད་པ་མེད་པའི་ལུས་ན་གྲུབ་པ་དང་། བདེ་བ་གཅིག་པ་ཡིན་ནོ། །ཕན་ཚུན་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བ་ནི། གྲུབ་པ་དང་བདེ་བ་ཐ་དད་པ་དང་། གྲུབ་པ་དང་བདེ་བ་གཅིག་པ་ཉིད་ཀྱིས་རྒྱུ་མཚན་ཁོ་ན་མཐོང་བ་ལ་བདག་རེག་གོ་ཞེས་བྱ་བ་
ལ་སོགས་པའི་ཤེས་པ་རྣམས་རྣམ་པར་གནས་པ་ཡིན་ནོ། །དེ་སྐད་སྨྲ་བ་ནི་འདི་ལྟར་མཐོང་བ་གང་ཡིན་པ་དེ་ཉིད་ལ་ཞེས་བྱ་བའོ། །གྲུབ་པ་དང་བདེ་བ་གཅིག་པ་ནི་གཅིག་རྟོགས་ན་རྟོགས་པའམ། གཞན་དུ་ཡང་རུང་བའི་རྟོགས་པ་ཡིན་པར་བསྟན་པ་ཡིན་ལ། གཟུགས་ལ་སོགས་པ་ནི་མ་ཡིན་ཏེ།
རྟོགས་པ་ཐ་དད་པ་ཅན་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། གལ་ཏེ་གཟུགས་སོགས་བྱ་བ་སྟེ། གཟུགས་ལ་སོགས་པ་ནི་གྲུབ་པ་དང་བདེ་བ་གཅིག་པ་ཡིན་ནོ། །གཞན་དུ་ཇི་ལྟར་འགྱུར་ཞེས་བྱ་བ་ནི་གྲུབ་པ་དང་བདེ་བ་མི་གཅིག་པ་ཉིད་ནི་ཐ་མི་དད་པར་རྟོགས་པའི་མཚན་ཉིད་ཡིན་ནོ། །དེ་བསྟན་
པ་ནི་སྣང་བ་ཐ་མི་དད་པར་ཐལ་བའི་ཕྱིར་རོ་ཞེས་བྱ་བའོ། །གལ་ཏེ་བུམ་པའོ་ཞེས་རྟོགས་པ་ལ་གྲུབ་པ་དང་བདེ་བ་ཐ་དད་པ་ཉིད་མ་ཡིན་ཏེ་ཐ་དད་པའི་ཕྱིར་རོ། །གཟུགས་དང་རོ་ལ་སོགས་པའི་དབྱེ་བ་རྟོགས་པ་ནི་ཁྱད་པར་གྱི་དབྱེ་བས་བྱས་པའི་འཁྲུལ་པ་ཡིན་ནོ་ཞེས་བསྟན་པ་ནི། འོན་ཏེ་གཅིག་པོ་
དེ་ཉིད་ཅེས་བྱ་བའོ། །ཐ་དད་པར་འཛིན་པ་ནི་མངོན་སུམ་ཡིན་ཞིང་། ཐ་མི་དད་པར་འཛིན་པའི་སྣང་བ་ནི་རྣམ་པར་རྟོག་པ་ཡིན་ན། སྟོབས་ཆུང་བ་ཇི་ལྟར་གནོད་པར་བྱེད་ཅེས་བསྟན་པ་ནི་འཛིན་པའི་དབྱེ་བས་གཅིག་པའི་ཞེས་བྱ་བའོ། །རེ་ཞིག་གཅིག་ཉིད་དོ་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། །
རྟོགས་པ་གཅིག་ཉིད་རྣམ་པར་རྟོག་པ་ཅན་ནི། དབྱེ་བས་མཐོང་བས་གནོད་པའི་ཕྱིར། འཁྲུལ་པ་ཡིན་པར་བསྟན་པ་ནི། གཅིག་ཉིད་ནི་ཞེས་བྱ་བའོ། །གཞན་དུ་འཛིན་པ་མེད་པས་ཞེས་བྱ་བ་ནི་གཅིག་ལའོ། །མ་འཁྲུལ་པར་ཞེས་བྱ་བའོ། །གཅིག་གོ། །དེ་ཉིད་ཅེས་བྱ་བ་ནི་མངོན་སུམ་གྱིས་

མཐོང་བའི་ངོ་བོས་སོ། །ཐ་མི་དད་པར་རྟོགས་པ་ནི་མངོན་སུམ་གྱི་ངོ་བོ་ཡིན་ནོ། །གཟུགས་སྣང་བ་ཉིད་ནི་ཞེས་བྱ་བ་ནི་གཟུགས་ཀྱི་སྣང་བ་ལ་རོ་ཁོངས་སུ་གཏོགས་པ་མ་ཡིན་ནོ། །གཟུགས་ལ་སོགས་པ་ཙམ་ཉིད་དོ་ཞེས་བྱ་བ་ནི་སྣང་བ་ཐ་དད་པའོ། །དངོས་པོ་གཅིག་ཉིད་ཡིན་ན་དབང་
པོ་ཐམས་ཅད་ལས་སྐྱེས་པའི་བློ་འཁྲུལ་པར་འགྱུར་བའི་ཕྱིར། ཡན་ལག་ཅན་གྲུབ་ན་ཐམས་ཅད་མི་འཛིན་པར་འགྱུར་བར་བསྟན་པ་ནི། གལ་ཏེ་དབང་པོའི་ཞེས་བྱ་བའོ། །ཐམས་ཅད་ཀྱིས་མི་འཛིན་ན་ཡན་ལག་ཅན་ཡང་མངོན་སུམ་པ་མ་ཡིན་པའི་ཕྱིར་ཐམས་ཅད་མེད་པར་འགྱུར་བར་བསྟན་པ་ནི་
དོན་མེད་པར་ཞེས་བྱ་བ་ལ་སོགས་པའོ། །ལག་པ་ལ་སོགས་པའི་སྐད་ཅིག་ཅེས་བྱ་བ་ནི། དེ་མ་གཏོགས་པའི་བྱ་བ་ནི་སྐད་ཅིག་ཏུ་རྟོག་པ་ལ་ནི་ཚད་མ་མེད་དོ། །མ་ཡིན་ཏེ་གསལ་བས་གསལ་བར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། རང་རིག་གསལ་བས་གསལ་བར་བྱེད་པ་ཡིན་པའི་ཕྱིར་རོ། །
རྣམ་པ་གཞན་དུ་ཡང་རུང་ཞེས་བྱ་བ་ནི་མི་རྟེན་པའོ། །འདས་པ་ནི་གསལ་བར་བྱེད་པ་མ་ཡིན་རང་གི་ཤེས་པས་གཞན་གྱི་བློའི་རྒྱུད་ཉིད་མ་ཡིན་ཞེས་བསྟན་པ་ནི། ཚོགས་པ་འབའ་ཞིག་ཅེས་བྱ་བའོ། །ནོར་བུ་དང་དངུལ་ལ་སོགས་པའི་དངོས་པོ་ཉིད་བཞིན་དུ་གོམས་པ་ལས་སྣང་བ་དང་། འདེགས་པ་
ལ་སོགས་པར་མི་རིགས་ཏེ། བརྟགས་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཤེས་པ་དེ་ཞེས་བྱ་བ་སྟེ། ནོར་བུ་དང་དངུལ་ལ་སོགས་པའི་ཤེས་པ་ནི་མ་ཡིན་ནོ། །གལ་ཏེ་དོན་བྱེད་པར་ཞེས་བྱ་བ་ཁྱད་པར་དང་བྲལ་བ་མི་ནུས་པའི་སྤྱིའི་མཚན་ཉིད་ནི་ཁྱབ་ཆེས་པ་ཡིན་ཏེ། དོན་མ་ཡིན་པ་
ལ་ཡང་ཡོད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི་གལ་ཏེ་དོན་བྱེད་པར་ཞེས་བྱ་བ་སྟེ། དོན་ནི་ནུས་པའི་ངོ་བོས་སྣང་བའི་ནུས་པའི་མཚན་ཉིད་ཡིན་གྱི། མི་ནུས་པའི་ངོ་བོར་སྣང་བ་ནི་སྤྱིའི་མཚན་ཉིད་ཡིན་ནོ་ཞེས་ཁྱད་པར་དང་བཅས་པས་སྐྱོན་མེད་པར་བསྟན་པ་ནི་སྐྲ་ཤད་ལ་སོགས་པ་ནི་སྤྱི་མིན་ཏེ་ཞེས་
བྱ་བ་སྟེ། རབ་རིབ་ཅན་གྱི་ཤེས་པ་སྟེ་འདི་ནི་དོན་གྱི་མཚན་ཉིད་ནི་མ་ཡིན་གྱི། འོན་ཀྱང་དབྱེ་བའི་མཚན་ཉིད་ཡིན་ནོ། །གལ་ཏེ་དོན་ལ་དབྱེ་བའི་མཚན་ཉིད་འདི་ཡིན་པས་མེད་ན་མི་འགྱུར་རོ་སྙམ་དུ་སེམས་པ་ལ་ཤེས་བྱར་འཛིན་ཕྱིར་ཞེས་བྱ་བ་སྟེ། རྟོགས་པར་བྱེད། གོ་བར་བྱེད། ཤེས་

པར་བྱེད་པའི་ཕྱིར་དོན་ཡིན་པས་མེད་པ་ཡང་དོན་གྱི་ཁྱད་པར་གྱི་དབྱེ་བས་མཚན་ཉིད་ཀྱི་ཁོངས་སུ་གཏོགས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དོན་ཡིན་ན་ཇི་ལྟར་མི་ནུས་པའི་ངོ་བོར་སྣང་བ་ཡིན་སྙམ་དུ་སེམས་པ་ནི། གལ་ཏེ་འདི་ཞེས་བྱ་བའོ། །ནུས་པ་མེད་པའི་
སྣང་བ་ཉིད་བསྟན་པ་ནི་དངོས་སུ་ཞེས་བྱ་བའོ། །དོན་ཉིད་བསྟན་པ་ནི་བརྒྱུད་ནས་བྱ་བའོ། །སྤྱི་ནུས་པ་མེད་པ་བཞིན་དུ་དོན་གྱི་ཁྱད་པར་དང་བྲལ་བའི་སྒྲའི་ཡུལ་ཉིད་ཀྱང་མཚན་ཉིད་མ་ཡིན་ནོ་ཞེས་ཟེར་བ་ནི་འོ་ན་ཇི་ལྟར་ཞེས་བྱ་བའོ། །དོན་གྱི་ཁྱད་པར་གྱི་འགལ་བ་ཟེར་བ་ནི་ཆུ་ཀླུང་གི་འགྲམ་
ན་ཞེས་བྱ་བའོ། །དེ་སྤྱི་ཡིན་མོད་ཅེས་བྱ་བ་ནི་སྒྲའི་ཡུལ་ཙམ་མོ། །ཡོད་པའི་དོན་གྱིས་སྒྲའི་ཡུལ་དུ་སྣང་བ་ཉིད་ཐལ་ཆེས་པར་མི་འགྱུར་བར་བསྟན་པ་ནི་འདི་ལྟར་སྤྱི་ནི་ཁོ་བོ་ཅག་ཅེས་བྱ་བའོ། །འབྲས་བུའི་སྒོ་ནས་དོན་གྱི་ཁྱད་པར་ཡིན་པར་བསྟན་པ་ནི་སྤྱི་ཁོ་ན་སྒྲའི་ཡུལ་ཡིན་ནོ་ཞེས་བྱ་བ་ནི་མ་ཡིན་
ཞེས་བྱ་བའོ། །དེ་ལྟར་སྒྲའི་ཡུལ་ཁོ་ན་ཡིན་གྱི་ཞེས་བྱ་བ་སྨོས་སོ། །རང་གི་མཚན་ཉིད་ཀྱི་མཚན་ཉིད་ལ་ཡང་ཁྱབ་ཆེས་པ་གསལ་བའི་ཕྱིར། དོན་གྱི་ཁྱད་པར་དུ་འགྱུར་བར་བསྟན་པ་ནི་དེ་བཞིན་དུ་ཡུལ་མ་ཡིན་པ་ཞེས་བྱ་བའོ། །འདིར་ཡང་ཞེས་བྱ་བ་ནི་འབྲས་བུའི་སྒོ་ནས་དོན་གྱི་ཁྱད་པར་
ལའོ། །འདི་ནི་དོན་གྱི་མཚན་ཉིད་མ་ཡིན་གྱི་དབྱེ་བའི་མཚན་ཉིད་ཡིན་པར་བསྟན་པ་ནི། ཚད་མ་ནི་སླུ་བ་མེད་པ་ཅན་གྱི་ཤེས་པ་ཞེས་བྱ་བའོ། །གལ་ཏེ་སྐྲ་ལ་སོགས་པ་ཡང་གང་དག་གི་བྱ་བ་ལ་ལྟོས་ནས་དེ་དག་གི་བྱ་བ་དང་ཞེས་སྦྱར་རོ། །དེའི་ཚེ་དེ་ལ་ཡང་ཞེས་བྱ་བ་ནི་དོན་བྱེད་པར་ནུས་པ་ཉིད་ཀྱི་
དོན་ཉིད་དེ། ཚད་མའི་ཡུལ་ཡིན་པར་རྟོགས་པའི་ཕྱིར་དོན་ཡིན་ཞེས་སྒྲུབ་པས་སོ། །རྒོལ་བ་དེའི་དེ་མ་ཐག་ཏུ་དེ་དག་ཀྱང་སྟེ། སྐྲ་ཤད་ལ་སོགས་པ་རྣམས་ཀྱི་ཡང་ངོ་དེ་ལྟ་བུའི་དངོས་པོར་མེད་པ་ཉིད་དུ་ཡོངས་སུ་གཅོད་པ་ཡིན་ནོ། །སྤྱིའི་ངོ་བོ་ཉིད་དགག་པ་མེད་པར་བསྟན་པ་ནི་ཇི་སྟེ་དེ་ལྟར་ཞེས་བྱ་བ་ནི།
གལ་ཏེ་ཡང་ཡོད་པའི་སྒྲ་ལ་སོགས་པ་ནི་སྤྱིའི་སྒོ་ནས་ཤེས་པའི་ཡུལ་ཡིན་ན། ཇི་ལྟར་གསལ་བར་སྣང་བའི་ཁྱད་པར་གྱི་ངོ་བོ་ཡིན། གང་གི་ཕྱིར་སྔོན་པོ་ལ་སོགས་པ་གསལ་བ་ཉིད་དུ་སྣང་བཞིན་པ། མེད་པ་དང་སྤྱི་ཡང་མ་ཡིན་ནོ་སྙམ་དུ་སེམས་པ་ནི་དེ་ལྟ་ན་ནི་ཞེས་བྱ་བའོ། །ལན་དུ་གསལ་སྣང་

ཉིད་ཅེས་བྱ་བའོ། །ད་ནི་མེད་པའི་ཡུལ་ཅན་གྱི་སྤྱི་གང་ཡིན་སྙམ་སེམས་པ་ལ། སྐྲ་སོགས་ཞེས་བྱའི་བློ་དག་ནི། །ཞེས་བྱ་བ་འདི་ལ་སྐྲ་ལ་སོགས་པ་ཞེས་བྱ་བའི་དེ་མ་ཐག་ཏུ་མེད་དོ་ཞེས་བྱ་བ་འཐོབ་པ་ཡིན་ཏེ། དེ་དག་གི་ཡང་དེ་ལྟའི་དངོས་ཞེས་བྱ་བའི་གནས་སྐབས་ཡིན་པའི་ཕྱིར་རོ། །མེད་དོ་
ཞེས་བྱ་བའི་སྤྱིའི་ཡུལ་ཅན་གྱི་བློ་ནི་འགལ་བའི་ཕྱིར། གསལ་བར་སྣང་བ་མ་ཡིན་པ་མ་ཡིན་ནམ། གཞན་དུ་སྣང་བ་ལ་ནི་མ་ཡིན་ལ། སྣང་བཞིན་པ་ནི་བརྗོད་བྱ་ཡིན་པར་བསྟན་པ་ནི་སྐྲ་སྣང་ཞེས་བྱ་བ་སྟེ། ཕྱི་རོལ་གྱི་དོན་གྱིས་དོན་མེད་པ་ཅན་གྱི་སྐྲ་ཤད་ཀྱི་ངོ་བོའི་སྣང་བ་ཤེས་པ་གང་ཡིན་པ་དེ་ནི་ཕྱི་
རོལ་གྱི་ཡུལ་ཅན་ཉིད་དུ་ཁས་བླངས་པ་མེད་དོ་ཞེས་གནོད་པ་ཅན་གྱི་ཡུལ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་གི་ངོ་བོས་སྐྲ་ཤད་ཀྱི་སྣང་བ་ནི། རང་གི་ངོ་བོས་དགག་པ་མ་ཡིན་པར་བསྟན་པ་ནི། གལ་ཏེ་རབ་རིབ་ཅན་གྱི་ཞེས་བྱ་བའོ། །སྐྲ་ཤད་ལ་སོགས་པ་དང་འདྲ་བར་ཞེས་བྱ་བ་སྟེ། ཡོད་པ་དང་མེད་
པ་དག་གིས་མེད་པར་བསྟན་པ་ནི། སྐྲ་ལ་སོགས་བདེན་མིན་ཞེས་བྱ་བའོ། །ཡོད་པར་བསྟན་པ་ནི། ཡང་ན་ཚུལ་མཐུན་ཕྱིར་འདྲ་ཡིན། །ཞེས་བྱ་བའོ། །གལ་ཏེ་ཡོད་པ་གསལ་བར་སྣང་བ་ཡིན་པ་དེ་ལྟ་ན། མེད་པ་གང་ཞིག་ཡིན་ཞེས་ཟེར་བ་ནི། འོ་ན་དོན་མེད་པའི་ཞེས་བྱ་བའོ། །དབང་པོའི་
རྣམ་པར་ཤེས་པ་ནི་ཕྱི་རོལ་གྱི་ཡུལ་ལ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཡང་། དོན་ལ་དེ་ནི་དབང་ཤེས་ཡིན། །ཞེས་སྨོས་པའོ། །ཕྱི་རོལ་ལ་ལྟོས་ནས་མི་གསལ་བར་སྣང་བ་དང་ཅིག་ཤོས་ཉིད་ཅེས་བྱ་བའི་རྣམ་པར་དབྱེ་བ་རང་རིག་པ་མ་ཡིན་པར་བསྟན་པ་ནི་དེའི་ཕྱིར་མི་གསལ་བ་ཞེས་བྱ་བའོ། །
གསལ་བར་སྣང་བ་ཉིད་ཀྱིས་དབང་པོའི་ཤེས་པ་མ་ཡིན་གྱི། འོན་ཀྱང་དོན་གྱི་ཡུལ་ཅན་ཉིད་ཀྱིས་མ་འཁྲུལ་བ་དང་འཁྲུལ་པ་ལ་སོགས་ཞེས་བསྟན་པ་ནི་དེས་ན་དབང་པོ་ནི་ཞེས་བྱ་བའོ། །ནུས་པ་མེད་པའམ་སྒྲའི་ཡུལ་ནི་སྤྱིའི་མཚན་ཉིད་ཡིན་ཞེས་བྱ་བ་འདི་ལ་ཁྱབ་ཆེས་པ་གསལ་བའི་དོན་དུ་དོན་
ཡོད་དོ་ཞེས་ཁྱད་པར་དུ་མི་བྱེད་པ་མ་ཡིན་ནམ། ཤེས་པའི་ངོ་བོ་ཉིད་ཀྱིས་སྒྲའི་ཡུལ་ཐམས་ཅད་སྐྲ་ཤད་བཞིན་དུ་དོན་དང་དོན་མ་ཡིན་པའི་རྣམ་པར་དབྱེ་བ་མེད་པའི་ཕྱིར་རོ་ཞེས་ཟེར་བ་ནི་གལ་ཏེ་ཤེས་པའི་རང་བཞིན་གྱིས་ཤེས་པའོ། །འགལ་ལོ་ཞེས་བྱ་བ་ནི་ནུས་པ་ཅན་དང་ནུས་པ་ཅན་མ་ཡིན་

ནོ་ཞེས་རྣམ་པ་གཉི་ག་ཡིན་པར་རོ། །ཇི་ལྟར་འདོད་ཕྱིར་ཞེས་བྱ་བ་ནི་གསལ་བའི་ཤེས་པའི་ངོ་བོ་ནི་རང་རིག་པའི་ཡུལ་ཡིན་གྱི་སྤྱི་ནི་དེ་ལྟ་མ་ཡིན་ནོ། །གང་གི་ཕྱིར་དོན་རྣམས་ཀྱིས་མཚུངས་པའི་ངོ་བོ་ནི་མཚུངས་པ་ཉིད་ཡིན་ཏེ། དོན་གྱི་མཐར་ཐུག་པ་ཉིད་དུ་རྟོགས་པའི་ཕྱིར་དེ་ལྟར་གསལ་བ་
མ་ཡིན་པ་དེས་ན། ཤེས་པའི་ངོ་བོ་ཁོ་ན་ཕྱི་རོལ་གྱི་དོན་བཞིན་དུ་དངོས་པོའི་དོན་དུ་ཅིས་མི་འདོད་ཅེས་གསལ་བ་ཡིན་ནོ། །དོན་ནི་ཞེས་བྱ་བ་ནི་སྤྱིའི་ཤེས་པ་ལའོ། །དེ་ལ་ཞེས་བྱ་བ་ནི་སྤྱིའི་ཤེས་པ་ལའོ། །ཤེས་པ་ཤེས་པའི་ངོ་བོ་ཉིད་ཀྱིས་དོན་ཉིད་དུ་ཞེན་བཞིན་པ་ཡང་ཇི་སྤྱི་ཡིན་སྙམ་དུ་སེམས་
པ་ལ། ཀུན་ལ་ཞེས་བྱ་བ་སྨོས་ཏེ་ཤིང་གི་སྒྲའི་ཤེས་པ་ཡང་། རྣོ་བ་ནི་གསལ་བ་སྟེ་ཆེས་རྣོ་བ་དང་། དམན་པ་དང་། ཆེས་དམན་པ་དང་། དྲག་པ་དང་། ཆེས་དྲག་པ་ཡང་གང་གི་དང་པོ་ཙན་དན་ཡིན་པ་དེ་ནི་སེང་ལྡེང་ལ་སོགས་པ་སྟེ། དེར་མཚུངས་པ་དེའི་ཤེས་པའི་ངོ་བོ་ལ་གཅིག་ཏུ་བྱས་པ་ནི་
རྟོགས་པའོ་ཞེས་སྦྱར་རོ། །གཞན་གྱིས་ཁས་བླངས་པའི་སྤྱིའི་ཆོས་དེ་ཉིད་ལ་ཡོད་པར་བསྟན་པ་ནི་འདི་ལྟར་མཚུངས་པ་ཞེས་བྱ་བའོ། །ཀུན་རྫོབ་ཏུ་ཞེས་བྱ་བ་ནི་ཚད་མའོ། །དེ་ལས་ཞེས་བྱ་བ་ནི་དོན་ལས་སོ། །དོན་ལས་སྐྱེ་བ་ཡིན་ན་རྟོགས་པ་མེད་པར་འགྱུར་རོ་སྙམ་དུ་སེམས་པ་ལ། བག་ཆགས་
ཀྱི་ཞེས་བྱ་བའོ། །དེ་ལྟར་སྒྲུབ་པའི་ངོ་བོ་སྣང་བ་དང་། བརྟག་བྱ་དག་གཅིག་ཏུ་བྱས་པས་སྤྱི་བསྟན་ནས་ལྡོག་པའི་ངོ་བོ་སྤྱི་བསྟན་པ་ནི་དེ་ནི་ལྡོག་པ་ལ་བསྟན་ནས་ཞེས་བྱ་བའོ། །བརྟན་པ་ནི་ངོ་བོ་གཉིས་ཏེ་དེ་ལ་སྐྱེ་བ་དང་། དེར་འཇུག་པའི་ཤེས་པ་སྟེ། དེ་བསྟན་པ་ནི་དེའི་རྒྱུད་ནས་ཞེས་བྱ་བའོ། །
འཇུག་པར་བྱེད་པ་ཡིན་ཞེས་བྱ་བ་ནི་དེ་ལ་ཞེན་པས་ཞེས་བྱ་བར་སྦྱར་རོ། །ལྡོག་པ་དང་འབྲེལ་པས་ཞེས་བྱ་བ་ནི་གཉིས་ཀྱི་ངོ་བོ་སྟེ། གང་གི་ཕྱིར་ལྡོག་པ་ལས་སྐྱེས་པའི་རྣམ་པ་ནི་ལྡོག་པ་ཉིད་དུ་ཞེན་པར་བྱེད་དེ། དེའི་ཕྱིར་ལྡོག་པའི་རང་བཞིན་ནི། གལ་ཏེ་ཤེས་པའི་ངོ་བོ་གསལ་བ་ལས་སྐྱེས་པ་
ཡིན་ན། གསལ་བའི་ངོ་བོ་ཞེན་པའམ། གསལ་བ་ཉིད་དུ་ཁྱད་པར་མི་མཚོན་པར་འགྱུར་བ་ཡིན་གྱི། གཞན་ཤེས་པའི་ངོ་བོའམ་སྤྱི་ཡང་མ་ཡིན་ཞེས་ཟེར་བ་ནི་ཇི་ལྟར་རྣམ་པ་སྤྱི་ཡིན་ཞེས་བྱ་བ་སྟེ། དེའི་ཕྱིར་ཤེས་པའི་རང་བཞིན་གྱི་དངོས་པོ་ནི། དོན་བྱེད་པར་ནུས་པ་མ་ཡིན་ཏེ་དོན་དང་དབང་པོ་ལ་

སོགས་པ་མེད་ཀྱང་སྒྲ་ལས་བྱུང་བའི་ཤེས་པ་ལ་སྣང་བའི་ཕྱིར་རོ། །དབང་པོ་མེད་ཀྱང་སྒྲ་ལས་བྱུང་བ་ལ་སྣང་བཞིན་པ་ནི། དངོས་པོ་ཁོ་ན་ཡིན་ནོ་ཞེ་ན་མ་ཡིན་ཏེ། དབང་སོགས་འབྲས་བཅས་ཉིད་ཕྱིར་རོ། །ཚོགས་སྨོས་པ་ནི་གཅིག་ཀྱང་འབྲས་བུ་དང་བཅས་པ་ནི་མ་ཡིན་གྱི། ཐམས་ཅད་ན་སྒྲ་
ཡོད་པའི་ཕྱིར་རོ། །དེ་མེད་ན་ཇི་ལྟར་སྒྲ་ཐོས་པར་འགྱུར་ཞིང་། མ་བཟུང་བའི་དོན་ལ་བརྡར་ཡང་ཇི་ལྟར་བྱེད། དབང་པོ་མ་གཏོགས་པར་ཡང་ཐོག་མ་མེད་པའི་བག་ཆགས་ལས་བློ་ལ་གནས་པའི་སྒྲ་ནི། བརྡ་འཛིན་པ་ལ་རྒྱུ་མཚན་སད་པར་བྱེད་པའི་ཕྱིར། དབང་པོ་ཚོགས་པའི་རྟོགས་པ་ནི། །འདི་
བས་ཡང་བའི་རྟོག་པ་ཡིན། །ཞེས་བྱ་བའི་དོན་ཏོ། །ཡང་ན་ཚོགས་པ་དོན་མེད་པ་ཡིན་གྱི། གཅིག་ནི་མ་ཡིན་ཏེ། གང་གི་ཕྱིར་ཐོས་པའི་སྒྲ་ནི་རང་བཞིན་ཁོ་ནས་དོན་རྟོགས་པར་བྱེད་ཀྱི། བརྡ་བྱས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཡང་བའི་རྟོག་པ་ཡིན་ནོ། །ངག་ནི་མིང་ལ་འཇུག་ལ་མིང་ནི་དོན་ལ་འཇུག་
ཅེས་བྱ་བའི་ཁ་ཅིག་གི་ལྟ་བ་དེ་སེལ་བར་བྱེད་པ་ནི་ཤེས་པའི་རྣམ་པ་དེ་ནི་མིང་མ་ཡིན་ཏེ། རང་རིག་པའི་ཤེས་པའི་རྣམ་པ་ཡིན་པའི་ཕྱིར་རོ། །རང་རིག་པའི་བདག་ཉིད་མ་ཡིན་ན་རང་རིག་པ་མ་ཡིན་པ་དེའི་ངོ་བོ་མ་ཡིན་ཏེ་རྟོགས་པ་མ་ཡིན་པས་མེད་པའི་ཕྱིར་རོ། །ཁས་བླངས་ནས་བསྟན་པ་ནི་མིང་སོགས་བརྗོད་
ན་ཞེས་བྱ་བ་སྟེ། སོགས་པའི་སྒྲས་ནི་དོན་གྱི་གཟུགས་བརྙན་ཏེ། རྒྱུ་མཚན་བསྟན་པ་ཡིན་ནོ། །ཟད་པར་སྒོམ་པ་ལ་སོགས་པ་ལ་འདི་གསལ་བ་ཡིན་ནོ། །འབྲེལ་བ་མེད་པ་ཅན་ཞེས་བྱ་བ་ནི་གསུམ་ཀ་དང་འབྲེལ་པ་ཅན་མ་ཡིན་ཏེ། ཤེས་པ་ཡིན་ཡང་བརྗོད་བྱའི་དོན་མ་རྟོགས་པའི་ཕྱིར་འཇུག་པ་
མ་ཡིན་ཞེས་བྱ་བའི་དོན་ཏོ། །སྒྲ་ལས་མི་རྟོགས་ན་དོན་གྱི་གཟུགས་བརྙན་གྱི་ངོ་བོ་ཉིད་ཡིན་པས། དོན་ལ་འཁྲུལ་པ་ཡིན་ལ། དེ་ལས་འཇུག་པ་ཡིན་ནོ། །དེ་བཞིན་དུ་ཟད་པར་ས་བསྒོམ་པ་ལ་སོགས་པ་ལ་རྒྱུ་མཚན་རྟོགས་པ་ཡིན་ཏེ། སར་མངོན་པར་ཞེན་པའི་ཕྱིར་འཇུག་པ་ཡིན་པར་བསྟན་པ་ནི། །
གལ་ཏེ་དོན་ལས་ཚུལ་འདྲ་ལས་ཞེས་བྱ་བ་སྟེ། གཟུགས་བརྙན་གྱི་འདྲ་བ་ཉིད་ལས་ནི། དུས་ཐམས་ཅད་དུ་འཁྲུལ་པས་འཇུག་པ་མ་ཡིན་ཏེ། ངག་མིང་ལ་འཇུག་པར་མཐོང་བ་པོའི་འཇུག་པར་མི་འགྱུར་རོ། །མཐོང་བ་པོ་མ་ཡིན་པ་འཇུག་པར་འགྱུར་རོ་ཞེ་ན། མཐོང་བ་པོ་ལོང་ཞིང་ལྐུགས་པར་

འགྱུར་བ་དང་། སྒྲའི་ཐ་སྙད་ཆད་པར་འགྱུར་རོ། །མིང་ལ་ཡང་འཇུག་པར་འགྱུར་རོ་ཞེས་བྱ་བའི་བཤད་པ་ནི་ཐོག་མ་མེད་པའི་མ་རིག་པའི་བག་ཆགས་ལས་དེར་ཞེན་པ་ཉིད་དེའི་ཤེས་པ་དེ་ཞེས་བྱ་བ་ནི་གཞན་གྱི་འདོད་པ་ཡིན་ནོ། །དེ་ཉིད་ཁས་བླངས་ནས་བརྗོད་པ་ནི་ཡུལ་
ལ་འཁྲུལ་པ་ཡིན་པར་འགྱུར་ཏེ། ཡུལ་འཛིན་པར་ཉེ་བར་མཚོན་པ་ཡིན་པའི་ཕྱིར། གཟུགས་ལ་འཁྲུལ་པ་ཡང་གཟུང་སྟེ། མི་འདོད་ཀྱང་འཁྲུལ་པ་འཐོབ་པོ་ཞེས་བྱ་བའི་དོན་ཏོ། །ཡུལ་ལ་འཁྲུལ་པ་ཡོད་པ་དེ་ནི་ཡུལ་ལ་མི་གནས་པའི་ཕྱིར་མིང་ལ་མི་འགྱུར་རོ་ཞེས་འཆད་པ་ནི་ལྡོག་པའི་སྒོ་ནས་ཡིན་
ལ། རྗེས་སུ་འགྲོ་བའི་སྒོ་ནས་བསྟན་པ་ནི་གལ་ཏེ་ཞེས་བྱ་བའོ། །ཤེས་པའི་རྣམ་པར་འཁྲུལ་པ་ཉིད་ནི་བག་ཆགས་ཀྱི་རྒྱུ་ཡིན་པར་བསྟན་པ་ནི་ཤེས་པ་ལ་མཚུངས་མིན་ཞེས་བྱ་བའོ། །དེ་འདྲ་བའི་བློ་ཞེས་བྱ་བ་ནི་རང་གི་རྣམ་པ་ལ་དོན་ཉིད་དུ་ཞེན་པའི་བློ་ནི་བདག་ལ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མིང་
ནི་བློ་ཉིད་དེ་ལྟར་དཔྱོད་པས་འཇུག་པར་བྱེད་པར་ནི་མི་རིགས་ཏེ་ཁས་མ་བླངས་པའི་ཕྱིར་རོ་ཞེས་བསྟན་པ་ནི་གཞན་ལས་ཏེ། མིང་དང་མཚན་མ་མཐོང་བ་ལའོ། །ཤེས་པར་སྨྲ་བས་གང་བསྟན་པ་དེ་ནི་མ་ཡིན་ཏེ་ཁས་མ་བླངས་པའི་ཕྱིར་རོ། །ཕྱི་རོལ་གྱི་དོན་གྱི་རྣམ་ཤེས་འབྱུང་བར་ཁས་ལེན་པ་
ལ་ཚད་མ་ཅན་མིན་པ་ནི་རྣམ་ཤེས་དང་ཕྱི་རོལ་གྱི་དོན་ལས་གཞན་པའི་མིང་འདི་ལ་ཚད་མ་མེད་དེ། དེས་བསྐྱེད་པའི་ཁྱད་པར་གྲུབ་པ་མེད་པའི་ཕྱིར་རོ། །ལྡོག་པ་ནི་རྗེས་སུ་དཔག་པ་སྟེ། གྲུབ་པ་མེད་པའི་ཕྱིར་རོ། །ལུས་ཅན་དང་ལུས་ཅན་མ་ཡིན་པ་ཞེས་བྱ་བ་ནི། དབྱིབས་ཅན་དང་དབྱིབས་ཅན་
མ་ཡིན་པ་དག་གོ། །ཡུལ་དེ་རྡུལ་གང་གི་ཡིན་པ་དེ་ནི་དེའི་ཡུལ་ཡིན་པ་དེའི་འོ། །ཡུལ་མེད་པ་ཞེས་བྱ་བ་ནི་མ་ཡིན་པ་ཞེས་བྱ་བ་དང་སྦྱར་རོ། །ཤེས་པ་སྟེ་ཞེས་བྱ་བ་འདིས་ནི་སྨྲས་པ་དྲན་པར་བྱེད་པ་ཡིན་ནོ། །མིང་དང་མཚན་མ་མ་རྟོགས་ན་ཐ་སྙད་ཀྱི་ཡན་ལག་མ་ཡིན་གྱི་རྟོགས་ན་ཤེས་པ་ཁོ་ན་
ཡིན་པར་བསྟན་པ་ནི་རྟོགས་ནས་དོན་གྱི་རྣམ་པ་ཞེས་བྱ་བའོ། །དེ་མི་འཐད་པའི་ཕྱིར་ཞེས་བྱ་བ་ནི་རྟོགས་པའི་བདག་ཉིད་མ་ཡིན་པའི་ཕྱིར་དང་། དེའི་ངོ་བོ་མ་ཡིན་ན་མི་རིགས་པའི་ཕྱིར་རོ། །དེ་ལ་ཡང་ཞེས་བྱ་བ་ནི་མིང་དང་མཚན་མར་སྣང་བའི་ཕྱོགས་ལ་ཡང་ངོ་། །འཁྲུལ་པ་ཉིད་ནི་ཕྱི་རོལ་ལ་ཤེས་པའི་

རྣམ་པ་བཞིན་དུ་ཁས་བླངས་པ་ལ་ཚད་མ་མེད་པ་མ་ཡིན་ནོ་ཞེས་སྦྱར་བས་རྒོལ་བ་ཡིན་ནོ། །ལན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མ་ཡིན་པ་ཁོ་ན་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཕྱི་རོལ་གྱི་སྣང་བ་ལས་ཕྱི་རོལ་ཡིན་པ་དེ་ཉིད་ནི་འཇུག་པར་བྱེད་པ་ཉིད་ཡིན་ལ། དེ་ལ་ཡང་ཁ་ཅིག་ཏུ་དོན་དུ་གཉེར་བ་ཉིད་ཀྱིས་སྐྱེས་བུ་འཇུག་པ་
ཡིན་གྱི། ཁ་ཅིག་ཏུ་ནི་མ་ཡིན་པ་དེ་དག་ཙམ་གྱིས་འཁྲུལ་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ་གལ་ཏེ་ཤེས་པ་ཐམས་ཅད་ཅེས་བྱ་བའོ། །ཕྱི་རོལ་སྣང་བ་ཡིན་པར་ཅི་ལས་ཤེས། །ཞེས་ཟེར་བ་ནི་ཤེས་པ་ནི་མ་ཡིན་ནོ་ཞེས་བྱ་བའོ། །ཤེས་པ་ཐམས་ཅད་ལ་ཕྱི་རོལ་ཞེས་བྱ་བ་ནི་མི་འགྲུབ་སྟེ་རྨི་ལམ་གྱི་ཤེས་
པ་ལ་ཕྱི་རོལ་པ་མེད་པའི་ཕྱིར་རོ། །རྨི་ལམ་ན་ཡང་མི་ལྡན་པའི་འདུ་བྱེད་མིང་ལ་སོགས་པ་ལ་བརྟེན་ནས་མཐོང་བ་ཡིན་ནོ་སྙམ་དུ་སེམས་པ་ལ་འདུ་བྱེད་ལས་ཀྱང་མིན་ཞེས་བྱ་བའོ། །འགལ་བ་དམིགས་པ་ཡིན་པར་བསྟན་པ་ནི་དེའི་སྔོ་ལ་སོགས་པར་ཞེས་བྱ་བའོ། །རྨི་ལམ་གྱི་ནང་གི་ནི་སྔོན་པོ་ལ་སོགས་
པ་ཉིད་མ་ཡིན་ཏེ། ཐོགས་པ་མེད་པའི་ཕྱིར་དང་། དང་བའི་ཕྱིར་ཏེ། ཐོགས་པ་མེད་པའི་བར་མ་དོའི་སྲིད་པའི་གཟུགས་ལྟ་བུའོ་ཞེས་འདི་ལ་བསྟན་པ་ནི་དེའི་ཤེས་པ་ཡིན་ཞེས་བྱ་བའོ། །བར་མ་དོའི་སྲིད་པ་ཡང་གཞན་གྱི་སེམས་བཞིན་ཏེ། ལྷའི་མིག་གིས་མཐོང་བ་ཉིད་ཡིན་ཡང་ཐུན་མོང་བ་མ་ཡིན་ནོ། །
གཟུང་བར་བྱ་བ་ཉིད་མི་དམིགས་པ་ལས་ཀྱང་ཤེས་པ་ཉིད་ཡིན་པར་བསྟན་པ་ནི་མིང་སོགས་ཞེས་བྱ་བའོ། །ཐམས་ཅད་དུ་དམིགས་པ་དང་ལྡན་པ་ཡིན་ཡང་། ཚད་མ་དང་ཚད་མ་མ་ཡིན་པའི་དབྱེ་བས་འགྱུར་བ་བསྟན་པ་ནི་དེ་ལྟ་ན་འོ་ན་ཞེས་བྱ་བའོ། །འདི་ལ་དེ་ཁོ་ན་ཉིད་ཅེས་བྱ་བ་ཐམས་ཅད་དམིགས་པ་དང་
བཅས་པའམ། དམིགས་པ་མེད་པའམ། ཅི་ཞིག་ཡིན་ཞེ་ན། དམིགས་པ་མེད་པ་ཉིད་ཁོ་ན་སྟེ། གཟུང་བྱ་ཉིད་མ་དམིགས་པའི་ཕྱིར་རོ། །དེ་བསྟན་པ་ནི་དམིགས་པ་དང་བཅས་པ་ཉིད་ནི་གྲུབ་པ་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །གར་ཡང་ཞེས་བྱ་བ་ནི་སད་པའི་གནས་སྐབས་ན་ཡང་ངོ་། །འོ་ན་ནི་ཞེས་
བྱ་བ་ནི་ཁས་བླངས་ནས་བརྗོད་པ་ལའོ། །སྔོན་པོ་ལ་སོགས་པ་ཉིད་ཅེས་བྱ་བ་ནི་བདེན་པའི་སྔོན་པོ་ལ་སོགས་པའོ། །དེ་ལས་བཟློག་པའི་ཕྱིར་རོ་ཞེས་བྱ་བ་ནི་ཐོགས་པ་མེད་པའི་ཕྱིར་རོ། །ཅི་ལས་ཤེས་ཤེ་ན་དེ་ལྟ་ཡང་ས་ཕྱོགས་ཤིན་ཏུ་དོག་པར་ཞེས་བྱ་བའོ། །ཐམས་ཅད་ཀྱིས་ཞེས་བྱ་བ་ནི་གཉིད་

ལོག་པ་ཉིད་ཀྱིས་སོ། །ནང་གི་བག་ཆགས་ཡོངས་སུ་སྨིན་པ་ཡང་འཛིན་པའི་རྒྱུ་ཡིན་པའི་ཕྱིར་རྒྱུ་ཡིན་པར་བསྟན་པ་ནི་འདུ་བྱེད་ཀྱི་ཞེས་བྱ་བའོ། །འདུ་བྱེད་ལས་སྐྱེས་པའི་ཤེས་པ་ལ་ཡང་རང་ལ་ཡོད་པར་ཁྱད་པར་མེད་པའི་ཕྱིར། ཐམས་ཅད་ཀྱི་ཤེས་པ་ཐོབ་པར་འགྱུར་བར་
བསྟན་པ་ནི། ཉེ་བ་ཐམས་ཅད་ཅེས་བྱ་བའོ། །འགའ་ཞིག་ཅེས་བྱ་བ་ནི་གཟུང་བར་བྱ་བའོ། །འདུ་བྱེད་པའི་དབང་གིས་དེ་སྐྱེད་པར་བྱེད་པ་མཐོང་བ་ལ་རྣམ་པར་དབྱེ་བ་ཡིན་པར་བསྟན་པ་ནི། སྔོན་གྱི་རང་བཞིན་ཞེས་བྱ་བའོ། །དེའི་དུས་ཉིད་ནི་ད་ལྟར་གྱི་དུས་ཉིད་དོ། །དེ་ལ་ཕྱིན་ཅི་ལོག་ཡོད་མིན། །
ཞེས་བྱ་བ་ནི་སད་པ་ན་མཐོང་བ་ལ་ཕྱིན་ཅི་ལོག་པའི་ཆོས་ཡོད་པ་མ་ཡིན་ནོ། །ཐམས་ཅད་ཀྱིས་ཞེས་བྱ་བ་ནི་དེ་མཐོང་བའི་སྐྱེས་བུས་སོ། །དེ་དག་ཀྱང་ཞེས་བྱ་བ་ནི་ཕྱིན་ཅི་ལོག་པ་ཉིད་ཀྱིས་ཆོས་དང་ལས་དག་ལ་ཕྱིན་ཅི་ལོག་ཉིད་དུ་མཐོང་བའི་སྐྱེས་བུ་དག་ལའོ། །ཐམས་ཅད་ནི་སྐྱེས་བུ་སྟེ། གཉིད་ལོག་པ་
བཞིན་དུ་སད་པ་ལ་ཡང་སྣང་བ་ནི། ཤེས་པ་ཡིན་པས་ཤེས་པ་ཐམས་ཅད་འཁྲུལ་པ་ཡིན་པ་ལ་དབྱེ་བ་མེད་དོ། །སྣང་བ་ཁོ་ན་ཡིན་གྱི་ཞེས་བྱ་བ་ནི་རྣམ་པ་གཞན་དུ་དོན་རྣམ་པ་གཞན་ལྟར་འཛིན་པའོ། །གཞན་ཡང་ཞེས་བྱ་བ་ནི་མེད་པའི་དོན་ནོ། །མེད་པའི་དོན་གྱི་ངོ་བོ་མཐོང་བ་ལས་དམིགས་པ་
མེད་པར་རྟོགས་པ་ཡིན་གྱི། ཕྱིན་ཅི་ལོག་ཏུ་སྣང་བ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི་དེ་ལྟ་ན་ནི་འོ་ན་ཤེས་པ་ཉིད་དེ་ཞེས་བྱ་བའོ། །རེ་ཞིག་གནོད་པ་བྱེད་པ་མི་འབྱུང་བ་ཙམ་ནི་གནོད་པར་བྱེད་པ་མ་ཡིན་ཏེ་ཐལ་ཆེས་པའི་ཕྱིར་རོ། །འོན་ཀྱང་གནོད་པ་ཅན་ལས་གཞན་པའི་ཤེས་པ་མ་ཡིན་ནོ་ཞེས་བསྟན་པ་ནི་གནོད་
པར་བྱེད་པ་ཉིད་ཀྱང་ཞེས་བྱ་བའོ། །ཕྲད་པའི་ཤེས་པའི་ངོ་བོ་ནི་གནོད་པར་བྱེད་པ་མེད་པར་སྨྲ་བ་ནི་དོན་ཐོབ་པའི་ཕྱིར་ཞེས་བྱ་བའོ། །འོ་ན་ཇི་ལྟར་ཞེས་བྱ་བ་ནི་གཞན་གྱི་ཚེ་མེད་པ་ཁོ་ནས་དེ་ལ་ཡང་རྗེས་སུ་དཔག་པ་ཡིན་ཞེས་བྱ་བ་དེ་ཁོ་ན་བསྟན་པ་ནི་དྲི་ཟའི་གྲོང་ཁྱེར་ཞེས་བྱ་བའོ། །དེ་ལ་དྲི་ཟའི་གྲོང་ཁྱེར་ལ་སོགས་
པ་རྣམས་ལའོ། །འདིས་ནི་ཞེས་བྱ་བ་ནི་ཤེས་པ་ཐམས་ཅད་ཕྱིན་ཅི་ལོག་པར་སྣང་བ་ཉིད་དུ་ཐལ་ཆེས་པས་སོ། །དོན་ནི་དོན་ནོ་ཞེས་མཐོང་བ་ལས་རྟོགས་པ་ཡང་དོན་ཉིད་དུ་རྣམ་པར་རྟོག་པས་རྟོགས་པ་ཡིན་ནོ། །རྨི་ལམ་ལ་སོགས་པའི་ཤེས་པ་དོན་དང་ལྡན་པ་ཉིད་ནི་རེ་ཞིག་ཞོག །སད་པ་

རྣམས་ཀྱིས་གཟུགས་ལ་སོགས་པའི་བློ་འདི་གང་ཡིན་པ་དེ་ཉིད་དོན་དང་ལྡན་པར་གང་གིས་ཏེ། རྒྱུ་མཚན་གང་གིས་འདོད་པ་ལས་གཉིད་ཀྱི་སྣང་བ་ནི་མ་ཡིན་ཏེ། རྨི་ལམ་ལ་སོགས་པ་དང་ཐུན་མོང་བ་ཉིད་ཀྱི་ཕྱིར་རོ། །གནོད་པར་བྱེད་པ་མེད་པ་ནི་སླུ་བ་མེད་པ་སྟེ། མི་སླུ་བ་ཁོ་ན་ཡིན་ལ་དེ་ཡང་ཐབ་པར་བྱ་བའི་རྗེས་
སུ་འགྲོ་བ་ཡིན་ནའོ་ཞེས་ཟེར་བ་ནི་གལ་ཏེ་དོན་ནུས་མཐོང་ཕྱིར་ན་ཞེས་བྱ་བའོ། །གཞན་པ་སྟེ་རྨི་ལམ་དང་སྤྱི་ལ་སོགས་པ་ནི་དོན་མེད་པ་ཅན་ཡིན་ཏེ་རྒྱུ་མཚན་མེད་པའི་ཕྱིར་རོ། །ཐུག་པ་མེད་པར་ཞེས་བྱ་བ་ནི་འཇིག་རྟེན་པ་མ་ཡིན་པའོ། །འཇིག་རྟེན་པ་ཉིད་དུ་རྟོགས་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་སྣང་བས་ཏེ།
དེ་ཡང་འཇིག་རྟེན་པ་མ་ཡིན་པ་ལ་འཇིག་རྟེན་པར་རྟོགས་པའོ། །འདིར་དོན་གཞན་མེད་པ་ཞེས་བྱ་བ་ལ་སོགས་པ་བཤད་པ་ནི་འདི་ནི་རྟོགས་པ་ཙམ་ཉིད་ཡིན་ནོ་ཞེས་བྱ་བའོ། །འབྲེལ་པ་ཅན་གྱི་མིང་བརྗོད་པས་ཀྱང་དོན་ལ་འཇུག་པ་མ་ཡིན་ན། འབྲེལ་པ་མེད་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པ་ནི།
འབྲེལ་མེད་ན་ཡང་འཇུག་མི་འགྱུར། །ཞེས་བྱ་བའོ། །འབྲེལ་པ་ཅན་གྱི་ཕྱོགས་ལ་སྐྱོན་གཞན་བརྗོད་པ་ནི་འདས་པ་དང་ཞེས་བྱ་བ་སྟེ། དོན་དང་འབྲེལ་པ་ཅན་གྱི་མིང་ནི་དོན་ཞིག་ན་འཇིག་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དོན་དང་འབྲེལ་པ་ཅན་གྱི་མིང་ནི། དོན་ཞིག་ན་འཇིག་པ་ཡིན་ཏེ། མི་རྟག་
པ་ཉིད་ཀྱི་ཕྱིར་ལ་སྤྱི་ནི་དེ་ལྟ་མ་ཡིན་ཏེ། རྟག་པའི་ཕྱིར་རོ་ཞེས་ཟེར་བ་ནི་སྒྲ་ལས་སྤྱི་ནི་འཛིན་པའི་ཕྱིར་ཞེས་བྱ་བ་སྟེ། མིང་དང་མཚན་མ་ལ་བསྟན་པའི་ཐལ་བར་འགྱུར་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཚུངས་པ་རྣམས་ཀྱི་དངོས་པོ་ནི་འབྱུང་བར་འགྱུར་བ་ལ་ལྟོས་པ་ཉིད་ཀྱིས་དེ་འཛིན་པར་ནུས་པའི་འཛིན་པ་
ཁོ་ན་ཡིན་པའི་ཕྱིར་རོ། །དེ་འཛིན་པ་ལ་སྐྱོན་དུ་འགྱུར་བར་བསྟན་པ་ནི་དེ་མིན་ཞེས་བྱ་བའོ། །མཚུངས་པ་རྣམས་ཀྱི་ངོ་བོ་ཞེས་བསྒྲུབ་པ་ཙམ་གྱི་དངོས་པོ་རང་གི་བདག་ཉིད་ཀྱིས་ཡོད་བཞིན་པའི་སྤྱི་ནི་གསལ་བ་རྣམས་ལ་འཇུག་པ་ཡིན་གྱི། དེའི་ངོ་བོ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ་འཛིན་ན་ཡང་ཞེས་བྱ་བ་སྟེ།
རང་དབང་གི་གཟུང་བྱ་ནམ་མཁའ་བཞིན་དུ་འཛིན་བཞིན་པ་ཡང་གསལ་བ་དེ་དག་གི་སྤྱི་མ་ཡིན་ཞིང་། དེ་དག་ཀྱང་མ་ཡིན་ཏེ། གསལ་བར་བྱེད་པའི་ཕྱིར་གསལ་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ནམ་མཁའ་བཞིན་དུ་མིག་ལ་སོགས་པ་ཡོད་པ་ཙམ་གྱིས་ཏེ། རྟག་ཏུ་ནི་གསལ་བ་ཡོད་དམ་མེད་ན་ཡང་

དམིགས་པར་འགྱུར་རོ་ཞེས་བསྟན་པ་ནི་དེས་ན་རྟག་ཏུ་མི་འགྱུར་ཏེ་ཞེས་བྱ་བའོ། །རེས་འགའ་བ་ནི་རྟག་ཏུ་དམིགས་པ་མ་ཡིན་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ་རྟག་ཉིད་ཕྱིར་རོ་ཞེས་བྱ་བའོ། །ནམ་མཁའ་རྟག་པ་ཡིན་ཡང་མིག་ལ་སོགས་པའི་གསལ་བ་ལ་ལྟོས་ནས་ཇི་ལྟར་
མངོན་སུམ་པ་དེ་བཞིན་དུ་སྤྱི་ཡང་འབྲེལ་པ་ཅན་གྱི་གསལ་བ་མངོན་པར་གསལ་བ་ལ་ལྟོས་ནས་མངོན་སུམ་དུ་འགྱུར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་ཡང་གསལ་ལས་མངོན་སུམ་ལ་གསལ་བ་ཡིན་ཞེས་བྱ་བ་སྟེ། གང་གི་ཞེ་ན་གསལ་བའི་སྟེ་ཁྱད་པར་གྱིའོ། །སྤྱིའི་མངོན་སུམ་ཞེས་བྱ་བ་ནི་རྒྱུ་
མཚན་ཡིན་ནོ། །གསལ་བ་ལས་མངོན་པར་གསལ་བ་མངོན་སུམ་ལ་ཞེས་བྱ་བ་ནི། འབྲེལ་པར་དཀའ་བ་ཡིན་ཏེ། གསལ་བ་དང་མངོན་སུམ་པ་དག་པ་ཁྱད་པར་མེད་པའི་ཕྱིར་རོ། །སྤྱིའམ་ནམ་མཁའ་ཡང་རུང་མངོན་སུམ་གྱི་ངོ་བོ་ནི་གསལ་བར་བྱེད་པ་ལ་ལྟོས་པ་མ་ཡིན་ཏེ་དོན་མེད་པའི་
ཕྱིར་རོ། །དེའི་རང་བཞིན་མ་ཡིན་པ་ཡང་ལྟོས་པར་བྱེད་པ་མ་ཡིན་ཏེ། ཁྱད་པར་དུ་སྒྲོ་གདགས་པ་མ་ཡིན་པར་བསྟན་པ་ནི། བདག་ལ་ཤེས་པ་སྐྱེད་པ་ལ་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་གསལ་བར་གནས་པའི་ངོ་བོའོ། །གཞན་དུ་ཞེས་བྱ་བ་འདི་ལ་ཞེས་ཟེར་བ་ནི་གལ་ཏེ་སྤྱི་ཞེས་བྱ་བའོ། །
དེའི་རང་བཞིན་ནི་གསལ་བའི་ངོ་བོའོ། །དེའི་རང་བཞིན་དུ་ནི་གསལ་བར་གནས་པ་ཉིད་དུའོ། །དེ་ཞེས་བྱ་བ་ནི་གསལ་བའི་ངོ་བོའི་འོ། །གལ་ཏེ་གསལ་བ་རྟོགས་པ་མེད་པར་ཡང་། །ཞེས་བྱ་བའི་སྒྲ་ལས་བྱུང་བའི་ཕྱོགས་ཁོ་ན་ལའོ། །གསལ་བ་དང་འབྲེལ་པ་མེད་ན་གསལ་བ་ཁོ་ན་ལ་
གཞན་དུ་ཡང་ཇི་ལྟར་ཞེས་བྱ་བ་ནི་རྩོད་པའི་ཡུལ་ཡིན་ནོ། །མ་གྲུབ་པའི་བསྒྲུབ་བྱ་དང་སྒྲུབ་བྱེད་དང་འབྲེལ་པ་ལ་སོགས་པ་དཔེའི་སྐྱོན་དེ་དག་རྣམས་ནི་སྐྱོན་དུ་མི་འགྱུར་ཏེ། ཕྱོགས་དེའི་ངོ་བོ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་དཔེའི་སྐྱོན་མེད་པར་ཞེས་བྱ་བའོ། །གོང་བུར་གསལ་བ་ཡིན་ཡང་སྤྱི་
གསལ་བར་མ་ཡིན་པར་བསྟན་པ་ནི། དེས་ན་གལ་ཏེ་ཞེས་བྱ་བའོ། །དེ་ལ་མངོན་སུམ་གྱིས་རྟོགས་པས་ཅི་བྱ་ཞེས་བྱ་བ་ནི་ཁས་བླངས་པ་སྟེ། མ་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །སྒྲ་ལས་རྟོགས་པ་ནི་མངོན་སུམ་གྱིས་རྟོགས་པ་མ་གཏོགས་པར་མི་འབྱུང་ཞེས་བྱ་བ་དོན་གྱིས་གོ་བ་ཡིན་ནོ་ཞེས་ཟེར་བ་ནི།

གལ་ཏེ་མངོན་སུམ་ཞེས་བྱ་བའོ། །མངོན་སུམ་གྱིས་རྟོགས་པ་ཉིད་སྒྲ་ལས་རྟོགས་པར་བྱེད་དོ་ཞེས་སྣང་བའི་དབྱེ་བ་ལས་དགག་པར་བྱེད་པ་ནི། སྤྱིའི་རྣམ་པ་གང་ཡིན་པ་དེ་ཉིད་ཅེས་བྱ་བའོ། །སྤྱི་ནི་དམིགས་པར་བྱ་བ་ཡིན་ཡང་རང་བཞིན་གྱིས་དམིགས་བྱ་མ་ཡིན་པས། གཞན་གྱིས་གཞན་
དུ་འགྱུར་བ་མ་ཡིན་ནམ་ཞེ་ན། དེའི་ནུས་པ་ཞེས་བྱ་བ་སྨོས་ཏེ། གཞན་གྱིས་གཞན་དུ་བྱེད་ན་མི་རྟག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྔོན་པོ་ལ་སོགས་པའི་རང་གི་མཚན་ཉིད་ལ་དམིགས་ན་བྱིས་པའི་ཐོག་མ་མེད་པའི་བག་ཆགས་ཀྱིས་བསྐྱེད་པའི་སྔོན་པོ་ལ་སོགས་པའི་ཤེས་པ་མི་གསལ་བར་སྣང་བ་
ཡིན་ཏེ། ཕྱི་རོལ་དུ་ཞེན་པའི་སྣང་བ་དེ་ལ་བརྡར་བྱས་པས་སྒྲ་ལས་བྱུང་བ་ཡིན་པར་སྣང་བ་ཡིན་ན། དེ་ལ་མངོན་སུམ་གྱིས་རྟོགས་པས་ཅི་ཞིག་བྱ་ཞེས་སེམས་པ་ལ། སྤྱིའི་རྣམ་པར་ཤེས་པ་དེ་ཡང་ཞེས་བསྟན་པ་ལ། དེ་ཡང་ཞེས་བྱ་བ་ནི་སྒྲ་ལས་བྱུང་བའི་ལས་ཏེ་རྗེས་འབྲེལ་ནི་རྗེས་སུ་འགྲོ་བའོ། །སྔོན་
པོ་ལ་སོགས་པའི་རྣམ་པའི་ཆ་ནི་མི་གསལ་བའོ། །གང་གིས་སྤྲུལ་ཞེས་བྱ་བ་ནི་སྔོན་པོར་མཐོང་བ་དང་བག་ཆགས་དག་གིས་དྲངས་པ་ཡིན་གྱི། སྤྱི་ཙམ་མཐོང་བ་ལས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྤྱི་མེད་པར་ཐལ་བའི་ཕྱིར་ཏེ་ཞེས་བྱ་བ་འདི་བསྟན་པ་ཡིན་ནོ། །སྔོན་པོ་ལ་སོགས་པའི་རྣམ་པ་
ལས་ཐ་དད་པའི་སྤྱི་ལ་མཚུངས་པའི་རྣམ་པ་ཡིན་ན་དོན་གྱིར་མི་འགྱུར་བ་བསྟན་པ་ནི། དེ་ལ་ཡང་ཞེས་བྱ་བའི་ཡང་ནི་ནིའི་དོན་ཏོ། །གཉི་ག་ཡང་ཞེས་བྱ་བ་ནི་དོན་དང་སྤྱི་དག་གིའོ། །དབང་པོས་གཟུང་བར་མི་འགྱུར་རོ། །ཞེས་བྱ་བ་ནི། སྒྲ་ལས་བྱུང་བ་ཁོ་ནས་ཁྱད་པར་ཡང་རྟོགས་པ་ཡིན་ན། དབང་
པོ་ལ་དོན་མེད་པའི་ཕྱིར་དབང་པོས་གཟུང་བར་བྱ་བར་མི་འགྱུར་རོ། །འོན་ཏེ་སྒྲ་ལས་བྱུང་བ་ནི་གཉི་གའི་འཛིན་པ་ཡིན་ལ། དབང་པོ་ནི་ཁྱད་པར་ཙམ་འཛིན་པ་ཡིན་ནོ། །དེའི་ཕྱིར་འབྲས་བུ་དང་བཅས་པ་ཡིན་ནོ་ཞེས་ཟེར་བ་ནི་དབང་པོས་ཞེས་བྱ་བའོ། །དབང་པོས་སྤྱི་མི་འཛིན་པས་བརྡ་མེད་པའི་ཕྱིར། སྒྲ་
ལས་བྱུང་བས་འདི་རིག་པ་མ་ཡིན་ནོ་ཞེས་བསྟན་པ་ནི་སྒྲ་ལས་ཞེས་བྱ་བའོ། །མངོན་སུམ་གྱིས་སྤྱི་རྟོགས་པ་མ་ཡིན་པར་བསྟན་པ་ནི། སྣང་བ་ཐ་དད་པའི་ཕྱིར་རོ་ཞེས་བྱ་བའོ། །གལ་ཏེ་སྔོན་པོ་ལ་སོགས་པ་ཉིད་སྒྲ་ལས་བྱུང་བའི་ཡུལ་ཅན་གྱི་གཞན་སྤྱིའི་མ་ཡིན་ན་དེ་དང་འདྲ་བར་དབང་པོ་ལ་དོན་མེད་པ་

ཡིན་ནོ་ཞེས་བྱ་བའི་ཐལ་བར་འགྱུར་བའི་དོན་ཉེ་བར་བསྡུ་བ་ནི་གསལ་བ་ཉིད་སྒྲས་ཞེས་བྱ་བའོ། །སྔོན་པོ་ལ་སོགས་པའི་ངོ་བོ་སྤྱི་ཡིན་པར་སྨྲ་བ་པོ་ཉིད་སྔོན་པོ་ལ་སོགས་པ་གསལ་བ་དང་མི་གསལ་བའི་རྣམ་པར་དབྱེ་བ་ལས། དབང་པོ་དང་སྒྲ་ལས་བྱུང་བའི་ཤེས་པ་དག་
གི་ཡུལ་རྣམ་པར་གཞག་པའི་ཕྱིར། དབང་པོ་འབྲས་བུ་མེད་པ་མ་ཡིན་པར་བསྟན་པ་ནི། གལ་ཏེ་དབང་པོ་ཤེས་དོན་ཉིད། །ཅེས་བྱ་བ་སྟེ་གསལ་བར་ཤེས་པའི་དོན་ཡིན་པའི་ཕྱིར་རོ། །སྒྲ་སོགས་ནི་སྒྲ་དང་གཟུགས་ལ་སོགས་པ་ལས་སོ། །གཅིག་གི་ངོ་བོ་ལ་མངོན་སུམ་དུ་ངོ་བོ་ཉིད་
གཉིས་སུ་མི་སྣང་བའི་ཕྱིར་ཐ་དད་པར་སྣང་བ་སྟེ། གསལ་བ་དང་མི་གསལ་བ་གཉིས་སུ་སྣང་བ་ག་ལས་ཏེ། མངོན་སུམ་ལས་ནི་མ་ཡིན་ནོ། །དེ་ཡོད་ན་ཞེས་བྱ་བ་ནི་སྒྲ་ལས་བྱུང་བ་ལ་ཡོད་པའི་ཕྱིར། ད་ལྟར་བ་དང་ཉེ་བ་ལ་ད་ལྟར་བ་བཞིན་ཞེས་བྱ་བའི་རིག་པས་སོ། །གསལ་བའི་ངོ་བོར་གཅིག་
པའི་དངོས་པོ་ཡིན་དུ་ཟིན་ཀྱང་དེ་ཡང་ད་ལྟར་བའི་ཉེ་བ་ཡིན་པ་ནི། མངོན་སུམ་ཁོ་ནའི་ཡུལ་ཡིན་གྱི། སྒྲའི་སྦྱོར་བ་ནི་དེ་ལ་འབྲས་བུ་དང་བཅས་པ་མ་ཡིན་ལ། གཞན་དུ་ནི་སྒྲ་ཡིན་ནོ་ཞེས་བྱ་བའི་རྣམ་པར་དབྱེ་བ་ཟེར་བ་ནི། དེ་ལྟ་ན་ཡང་འདས་པ་དང་མ་འོངས་པ་དག་ཅེས་བྱ་བ་སྟེ། མི་སྣང་བ་མེད་
པ་ཞེས་བྱ་བར་སྦྱར་རོ། །མིག་གི་རྣམ་པར་ཤེས་པས་གཟུང་བའི་ཕྱིར་ཡུལ་ཐག་རིང་བ་ལ་སྒྲ་ཐོས་པའི་ཤེས་པས་རྟོགས་པ་ཡིན་ཏེ། གཞན་དུ་ན་གནས་ལ་ལྟོས་ནས་ཀྱང་ཇི་ལྟར་ཡུལ་ཐག་རིང་བ་ཉིད་ཡིན་ཏེ། དེ་ཡང་རྣ་བས་མ་རྟོགས་པའི་ཕྱིར་རོ་ཞེས་བསྟན་པ་ནི། དེ་ནི་རྒྱང་རིང་ཡུལ་
ཉིད་དུ་ཞེས་བྱ་བའོ། །སྔོན་པོ་ལ་སོགས་པའི་གསལ་བ་ལ་བརྟེན་པ་མཚུངས་པ་ཉིད་ཙམ་གྱི་ངོ་བོ་སྔོན་པོ་ལ་སོགས་པའི་ཆ་དང་ལྡན་པའི་རིགས་ཉིད་སྣང་བ་མ་ཡིན་ནམ་སྙམ་དུ་སེམས་པ་ལ། རིགས་ལྡན་རིགས་མིན་ཞེས་བྱ་བའོ། །གསལ་བའི་ངོ་བོ་ནི་སོ་སོར་གཅིག་ལ་གཅིག་ལྡོག་པར་གྲུབ་
པ་རང་རང་གི་རྒྱུ་ལས་གྱུར་པ་ཡིན་ཞེས་གཞན་གྱིས་ཀྱང་ཁས་བླངས་པ་བསྟན་ཏོ། །དེ་འདི་རིགས་དང་ལྡན་པ་ཡིན་གྱི་རིགས་ནི་མ་ཡིན་ནོ་ཞེས་ཅི་ལས་ཤེས་ཤེ་ན། གང་གིས་གཞན་ལ་བརྟེན་པའི་ཕྱིར། གཞན་ལ་ལྟོས་པ་ནི་གཞན་ལ་བརྟེན་པ་ཡིན་ལ། ཁྲ་བོ་ལ་ཁུ་ཡུ་ཉིད་དུ་སྣང་

བ་མ་ཡིན་ཏེ། ཐ་དད་པའི་གཞན་ལ་ལྟོས་པ་ཉིད་ནི་འབྲས་བུ་ཉིད་ཡིན་ལ། དེ་ཁུ་ཡུ་ལ་སོགས་པ་ལ་ཕན་ཚུན་མེད་དོ། །དེ་བསྟན་པ་ནི། ལྟོས་ཕྱིར་འབྲས་བུ་ཉིད་དུ་བརྗོད། །ཅེས་བྱ་བའོ། །རང་གི་རྒྱུ་ལ་ལྟོས་ནས་འབྲས་བུ་ཉིད་ཡོད་དོ་ཞེ་ན། དེ་ལྟ་ན་ཡང་གྲུབ་པ་ནི་ལྟོས་པ་
མེད་པ་ཡིན་ཏེ། གཞན་ལ་རག་མ་ལས་པའི་ཕྱིར་རོ་ཞེས་བསྟན་པ་ནི། གྲུབ་པའི་ཕྱིར་ཞེས་བྱ་བ་སྟེ་རྫོགས་པའི་ཕྱིར་རོ། །མ་གྲུབ་པ་ནི་གྲུབ་པ་འབའ་ཞིག་ཁོ་ན་ཡིན་གྱི། ལྟོས་པ་ནི་མ་ཡིན་ཏེ། རང་ཉིད་མེད་པ་ཉིད་ཀྱིས་སོ། །ཁྲ་བོ་ལ་སོགས་པར་གྲུབ་པ་འབྲས་བུ་མ་ཡིན་པ་ནི་ལྟོས་པར་བྱེད་པ་མ་
ཡིན་ཏེ། ལྟོས་པ་མེད་པར་དམིགས་པའི་ཕྱིར་དང་། རྫོགས་པ་ཉིད་ཀྱིས་དེ་ལ་ལྟོས་ནས་འབྲས་བུ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། འབྲས་མིན་ཇི་ལྟར་ཡང་ཅི་ཞིག །ཅེས་བྱ་བ་རྣམ་པ་གཉིས་སུའོ། །དེའི་འདི་ཞེས་ཇི་ལྟར་འབྲས་བུ་ཡིན་པ་དེ་བཞིན་དུ་དེ་ཉིད་འདིའོ་ཞེས་འབྲས་བུ་མ་
ཡིན་པར་རྟོགས་པ་ཉིད་དོ་ཞེ་ན་རྟོག་པ་འབའ་ཞིག་གིས་འབྲེལ་པར་བྱེད་པ་ཡིན་གྱི། མངོན་སུམ་གྱིས་ནི་མ་ཡིན་ཏེ་དེ་ལས་བཟློག་པར་དམིགས་པའི་ཕྱིར་རོ། །གསལ་བའི་ངོ་བོ་ལས་གཞན་ཉིད་ཡིན་ན། དེ་སྟེ་གསལ་བའི་ངོ་བོ་རིགས་དང་འབྲེལ་པ་མེད་དོ། །གང་གི་ཕྱིར་ཐ་མི་དད་པ་དང་། ཅིག་
ཤོས་ཀྱིས་རྣམ་པར་རྟོག་པ་མེད་པ་དེའི་ཕྱིར་རིགས་ནི་རང་བཞིན་མེད་པ་ཡིན་ཏེ་ཐ་དད་པ་དང་ཅིག་ཤོས་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ཏེ། དངོས་པོ་མ་ཡིན་ན་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཐ་དད་གྲུབ་ཅེས་བྱ། །ཞེ་ན་དང་། འབྲས་མིན་ཉིད་ཅེས་བྱ་བ་ཡང་། སྤྱི་ཡིན་ཞེས་བྱ་བ་ནི་ཞར་ལས་བྱུང་བའོ། །ལྡོག་
པའི་ཕྱོགས་ལ་བརྟེན་ནས་བཤད་པ་ནི། གཞན་ཉིད་ཡིན་ན་དེ་འབྲེལ་མེད། །ཅེས་བྱ་བ་འདིས་རྟོགས་པའི་དོན་ཡིན་ནོ། །གལ་ཏེ་ཐ་དད་གྲུབ་ཅེ་ན། །ཞེས་བྱ་བ་འདིས་འབྲས་བུ་མ་ཡིན་པའི་གསལ་བའི་ཡུལ་ཁོ་ན་ལ་འཆད་པར་བྱེད་པ་ནི། དེ་བཞིན་དུ་ཁྲ་བོ་ལ་སོགས་པ་ནི་གཞན་ལ་ལྟོས་
པ་མེད་པར་ཞེས་བྱ་བའོ། །འབྲས་མིན་ཇི་ལྟར་ཡང་ཅི་ཞིག །ཅེས་བྱ་བ་ནི། གསལ་བའི་ཡུལ་ཁོ་ནར་བསྟན་པ་ནི། བཟློག་པ་ལ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་སྟེ་འབྲས་བུ་མ་ཡིན་པའི་གསལ་བའི་ངོ་བོ་ལའོ། །གཞན་ནམ་སྤྱི་ཡང་རུང་ཞེས་བྱ་བ་ནི་མངོན་པར་འདོད་པ་ཡིན་ནོ། །གསལ་

བ་ལས་གསལ་བ་གཞན་ནམ་ཞེས་བྱ་བ་འདི་ནི་སྔ་མ་ལས་ཟློས་པ་ཡིན་ལ། ཉེས་པ་བསུ་བ་ཡང་མ་ཡིན་ཏེ་བར་ཆད་མེད་པ་ཉིད་ཀྱིས་མི་དྲན་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་ཁྲོ་བོ་ལ་སོགས་པའི་བ་ལང་ཉིད་ནི་སྤྱི་མ་ཡིན་ཏེ། རི་བོང་གི་རྭ་བཞིན་དུ་འབྲེལ་པ་མེད་པའི་ཕྱིར་རོ། །
གལ་ཏེ་འགྱུར་ན་རི་བོང་གི་རྭ་ལ་ཡང་འགྱུར་རོ་སྙམ་དུ་སེམས་པ་ལ། མེད་པ་རིགས་སུ་ཐལ་མི་འགྱུར། །ཞེས་བྱ་བ་སྨོས་ཏེ། མེད་པ་ནི་རི་བོང་གི་རྭའོ། །ཅི་ལས་ཤེས་ཤེ་ན། ལྟོས་པ་མེད་པའི་ཕྱིར་ཏེ། རྟོགས་པས་འབྲེལ་པར་བྱེད་ཅེས་བྱ་བའོ། །ལྟོས་པའི་མཚན་ཉིད་ཀྱི་འབྲེལ་པ་
རྟོགས་པས་སྤྲུལ་པའི་རིགས་དང་རིགས་དང་ལྡན་པ་དག་བསྟན་པ་མ་ཡིན་ནོ། །འདི་ནི་རི་བོང་གི་རྭ་དང་བ་ཁྲ་མོ་དག་ལ་ཡོད་པ་མ་ཡིན་ནོ། །དེ་ལ་བརྟེན་ནས་ཞེས་བྱ་བ་ནི་བ་ཁྲ་མོ་ལ་སོགས་པ་ལ་བརྟེན་ནས་སོ། །དེ་ལ་ཡང་ནི་བ་ཁྲ་མོ་ལ་སོགས་པ་ལ་བ་ལང་ཉིད་ཀྱི་རྟོག་པ་འཇུག་པར་བྱེད་
པ་ཡིན་པའི་ཕྱིར་ཏེ་ཞེན་པའི་ཕྱིར། སྤྱི་དེའི་ངོ་བོ་ཡིན་གྱི་བ་ཁྲ་མོ་ལ་སོགས་པ་དེ་དག་གི་འབྲེལ་པ་ཅན་ཐ་དད་པ་ནི་ཡོད་པ་མ་ཡིན་ཞིང་། ཐ་མི་དད་པ་ཡང་མ་ཡིན་ནོ་ཞེས་བསྟན་པ་ནི། དེའི་བདག་ཉིད་ཀྱི་ཞེས་བྱ་བའོ། །དངོས་སུ་འབྲེལ་པ་དང་བྲལ་བར་འདོད་པ་ཙམ་ལས་བྱུང་བ་རྣམ་པར་རྟོག་
པས་བྱས་པའི་འབྲེལ་པ་ནི། ཕྱོགས་དང་མཐུན་ཕྱོགས་པ་བཞིན་དུ་རི་བོང་གི་རྭ་དང་བ་ཁྲ་མོ་དག་ལ་ཡང་ཅིས་མི་འགྱུར་སྙམ་དུ་སེམས་པ་ལ། ཁྱད་པར་བསྟན་པ་ནི་དེའི་ཕྱིར་རི་བོང་ལ་བརྟེན་ནས་ཞེས་བྱ་བ་སྟེ། བྱིས་པ་དང་ཕྱུགས་ལ་སོགས་པ་ཡང་བ་ཁྲ་མོ་མཐོང་ནས། ཐུ་ཡུལ་ལ་སོགས་པ་
མཐོང་ན་དེ་ཉིད་ལ་དེ་ཉིད་འདི་ཡིན་ནོ་ཞེས་རྣམ་པར་དཔྱོད་ཀྱི། རྟ་ངང་པ་ལ་སོགས་པ་མཐོང་བ་ལ་ནི་མ་ཡིན་ནོ། །དེ་ཡང་དོན་གྱི་ཁྱད་པར་མཐོང་བ་ལས་བྱུང་བ་རྟོགས་པས་བྱས་པའི་རིགས་ནི། བརྡ་ཡོད་ན་སྒྲ་རྣམས་ཀྱིས་བརྗོད་པར་བྱ་བ་ཡིན་ཏེ། དེའི་ཕྱིར་རི་བོང་གི་རྭ་དང་དོན་མཐོང་བ་ལས་བྱུང་བའི་
རྟོགས་པས་གོ་བར་བྱ་བའི་ཡུལ་ལ་སྒྲ་རྣམས་རྒྱུད་ནས། དོན་གྱི་ཡུལ་ཅན་དུ་འགྱུར་རོ་ཞེས་བསྟན་པ་ནི་དེའི་རིགས་ཀྱིའོ། །ཁྱད་པར་ནི་གསལ་བ་རྣམས་སོ། །དེ་ལ་འཇུག་པ་ནི་རབ་ཏུ་འཇུག་པའོ། །དགོས་པ་གང་དག་གིས་ཡིན་པ་དེ་ནི་དོན་ཅན་ནོ། །རྟོག་པ་དང་མཚུངས་པའི་ཡུལ་ཅན་རྣམས་

ཇི་ལྟར་གསལ་བའི་ཡུལ་ཅན་ཡིན་ཞེ་ན། རྟོག་པ་ཡང་ཞེན་པ་ལས་དེའི་ཡུལ་ཅན་ཁོ་ན་ཡིན་ཏེ། རྟོག་པ་དང་མཚུངས་པའི་ཡུལ་ཅན་རྣམས་ཀྱིས་སོ་ཞེས་བྱ་བའི་དོན་ཏོ། །ངོ་བོ་རྣམས་ནི་རང་བཞིན་རྣམས་ཏེ་ཕན་ཚུན་ཁྱད་པར་ཅན་རྣམས་ལ་བརྟེན་ནས་སྐྱེས་པའི་རྟོག་པས་སྤྲུལ་པ་ནི་རིགས་
ཡིན་ནོ། །འདི་དེ་ཡང་ཡིན་ལ་ཁྱད་པར་ཡང་ཡིན་པའི་རྣམ་པར་གཅོད་པ་ཡོད་དོ། །དེ་ལ་འཇུག་པ་ནི་རྟོགས་པར་བྱེད་པ་སྟེ། གང་དག་གི་དགོས་པ་ཡིན་པ་དེ་དག་གིས་སོ་ཞེས་ཁ་ཅིག་འཆད་དོ། །དེ་ལས་ཞེས་བྱ་བ་ནི་ཁྱད་པར་ལས་སོ། །དེར་ལྷག་པར་ཞེན་པ་ཞེས་བྱ་བ་ནི་ཁྱད་པར་དུ་
ཞེན་པའོ། །ཁྱད་པར་རྟོགས་པ་ཁོ་ན་ལས་རིགས་རྟོགས་པའི་ཕྱིར་རྣམ་པར་རྟོག་པའི་བྱ་བ་ཉིད་ཁྱད་པར་གྱི་ཡུལ་ཡིན་ནོ། །དེ་ཡང་ཁྱད་པར་ཐམས་ཅད་ཀྱི་ཐུན་མོང་ཡིན་པའི་ཕྱིར་སྤྱི་ཞེས་བརྗོད་དོ། །གལ་ཏེ་རྣམ་པར་རྟོག་པའི་བྱ་བ་ཁོ་ན་རིགས་ཡིན་ན། མི་གསལ་བའི་ངོ་བོ་
རྣམ་པ་ཉིད་ཇི་ལྟར་ཡིན་གང་གི་ཕྱིར་ངོ་བོ་མེད་པ་ལ་ནི་ངོ་བོར་རིགས་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་ལ་ངོ་བོར་སྣང་བའམ་ཞེས་བྱ་བ་སྟེ། དེ་ལ་ངོ་བོར་སྣང་བ་ནི་གཟུང་བའི་རྣམ་པ་ངོ་བོར་མཐོང་བར་སྒྲོ་འདོགས་པ་རྣམ་པར་རྟོག་པའི་བདག་ཉིད་ནི། དེའི་བྱ་བའི་ངོ་བོའི་རིགས་ལ་ཡང་
འཁྲུལ་པས་སྦྱར་བ་ཐོག་མ་མེད་པའི་བག་ཆགས་ཀྱིས་བསྐྱེད་པ་ཡིན་ལ། དེས་ཀྱང་རིགས་སུ་སྦྱར་བའི་ངོ་བོའི་རྣམ་པས་དོན་ལ་ཡང་སྦྱོར་བར་བྱེད་པ་ནི། འཁྲུལ་པ་ཁོ་ན་ཡིན་པར་བསྟན་པ་ནི། དོན་ལ་དེ་ཉིད་དུ་འཛིན་པ་ཞེས་བྱ་བ་སྟེ། འཛིན་པ་ནི་སྦྱོར་བ་སྟེ་གཅིག་ཏུ་བྱེད་པའོ། །ངོ་བོའི་
རྣམ་པ་ཉིད་དོ་ཞེས་གཟུང་བའི་རྣམ་པ་དང་། རིགས་སྦྱོར་ཡིན་པ་ཉིད་དུ་ཟིན་ཀྱང་དེ་དག་ཤེས་པ་གཅིག་གི་བདག་ཉིད་དུ་གྱུར་པའི་ཕྱིར་གཅིག་ཉིད་དུ་ཞེན་པ་ཅི་ལས་ཡིན་ཞེས་དབྱེ་བ་ལས་དབྱེ་བ་བསྟན་པ་ནི། ངོ་བོ་ཉིད་ལ་ཞེས་བྱ་བའོ། །ངོ་བོ་ཉིད་ནི་གཟུང་བའི་རྣམ་པའོ། །མཐོང་བ་ཞེས་བྱ་བ་ནི་རྣམ་པར་
རྟོག་པའི་བདག་ཉིད་དུ་གྱུར་པ་ཉིད་དོ། །མ་མཐོང་བ་ཞེས་བྱ་བ་ནི་གསལ་བ་དང་རྣམ་པར་རྟོག་པ་དག་གི་དབྱེ་བ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་མཐོང་བ་ཉིད་ཀྱིས་ཞེས་བྱ་བ་ནི་དབྱེ་བ་མཐོང་བ་ཉིད་ཀྱིས་སོ། །རྣམ་པར་རྟོག་པའི་དབྱེ་བའི་ངོ་བོའི་སྤྱི་བརྗོད་ནས། དོན་ལས་ལྡོག་

པའི་ངོ་བོ་བསྟན་པ་ནི་དོན་རྣམས་ཀྱིས་ནི་སྤྱི་གང་ཡིན་ཞེས་བྱ་བའོ། །གཞན་དག་གི་ལྡོག་པ་ནི་ལྡོག་པར་བྱེད་པ་ཉིད་ཀྱི་མཚན་ཉིད་དེ། ངོ་བོ་གང་གི་ཡིན་པ་དེ་ནི་གཞན་ལས་ལྡོག་པའི་བདག་ཉིད་ཀྱི་དངོས་ཁོ་ན་སྤྱི་ཡིན་ལ།
དེ་བརྗོད་པའི་སྒྲ་དག་ཡིན་གྱི་ཐ་དད་པའི་སྤྱི་ཡིན་པར་སྨྲ་བ་བཞིན་དུ་ནི་འཐད་པ་མ་ཡིན་པའི་ཕྱིར། འདིར་གཞི་མཐུན་པ་ཉིད་མ་ཡིན་ནོ། །དེ་ལས་ལྡོག་པར་བྱེད་པ་ཉིད་ནི་ཤེས་པར་བྱེད་པ་སྟེ། དེ་ལས་ལྡོག་པར་བྱེད་པ་ཞེས་བྱ་བ་དང་སྦྱར་བ་སྟེ། ལྡོག་པར་བྱེད་པའི་ངོ་བོའི་དོན་ཏོ། །གལ་ཏེ་འཇུག་པར་
ཡང་ཞེས་བྱ་བ་ནི་སྒྲུབ་པ་ཡང་ངོ་། །འགོག་པ་ཞེས་བྱ་བ་ནི་ཁྱེར་ནས་མི་འོང་བ་སྟེ་འགོག་པར་བྱེད་པའི་ངོ་བོར་རྟོགས་པ་ཡིན་ནོ། །དེ་འགོག་པ་ཞེས་བྱ་བ་ནི་འགོག་པར་བྱེད་པ་ཉིད་དོ། །དགག་པ་ལ་ཞེས་བྱ་བ་ནི་འགོག་པར་བྱེད་པ་ཉིད་ལའོ། །བ་ལང་ངམ་བ་ལང་མ་ཡིན་ཞེས་ཐེ་ཚོམ་ཟ་བ། བ་
ལང་མ་ཡིན་པ་དང་འབྲེལ་པ་དེ་ལ་བ་ལང་ངོ་ཞེས་བྱ་བ་ནི། བ་ལང་མ་ཡིན་པ་ལྡོག་པར་བྱེད་པ་ཡིན་གྱི་གཞན་ལ་ནི་དང་པོ་ཉིད་བ་ལང་ངོ་ཞེས་སྦྱོར་བ་ནི། བ་ལང་ཉིད་སྒྲུབ་པའི་ངོ་བོ་རྟོགས་པ་ཡིན་གྱི། རང་གི་མཚན་ཉིད་ནི་མ་ཡིན་ནོ། །གཞན་ཡང་རིག་པ་ཉིད་ཁོ་ན་དངོས་པོ་ཡང་དེ་ཡིན་ལ་
སྤྱི་ཡང་དེ་ཡིན་ཏེ། དེ་ཡང་དཀར་པོར་ཡང་འགྱུར་སྲིད་པས། ནག་པོ་ཞེས་བྱ་བ་ནི་ཡང་ལྡོག་པར་བྱེད་པའོ། །ནག་པོ་ཡང་བ་ལང་མ་ཡིན་པ་སྲིད་པས་དེ་ལྡོག་པར་བྱེད་པ་ནི་བ་ལང་ངོ་ཞེས་བྱ་བ་ལས་ཕྱི་ནས་རྟོགས་པར་འགྱུར་གྱི་སྔར་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་སྒྲ་དང་པོའི་ཞེས་
བྱ་བའོ། །ངག་ལ་ནི་བྱེད་པའི་ཚིག་གཙོ་བོ་ཡིན་ཏེ། བྱ་བ་སྟོན་པའི་ཕྱིར་རོ་ཞེས་སྟོན་པ་ནི། ལེན་པར་མི་བྱེད་པ་འདིར་ཞེས་བྱ་བའོ། །གཞན་ཅི་ཡིད་ཅེས་བྱ་བ་ནི་མི་ལེན་པ་ཡིན་ཞེས་བྱ་བར་སྦྱར་རོ། །མིང་ལ་གཞན་དུ་ཐལ་བར་འགྱུར་རོ་ཞེས་བསྟན་པ་ནི་ཁྱེར་ནས་འོངས་པ་ནི་ཁྱེར་ནས་མ་
འོངས་པ་འགོག་པར་བྱེད་པ་དང་པོ་འཛིན་པ་ལའོ། །དེ་ནི་བ་ལང་མ་ཡིན་པ་ལ་ཡང་ཐལ་བར་འགྱུར་བས་བ་ལང་ཞེས་བྱ་བའོ། །དེ་ལས་ཀྱང་ནག་པོ་མ་ཡིན་པ་ལ་ཡང་ཐལ་བར་འགྱུར་བའི་ཕྱིར། ནག་པོའི་ཞེས་བྱ་བའི་སེལ་བ་ནི་སྒྲའི་དོན་ཏེ། སེལ་བ་ཁོ་ན་སྒྲའི་དོན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །

མ་ཡིན་པར་དགག་པ་ཁོ་ན་ཡིན་གྱི། མེད་པར་དགག་པའི་ངོ་བོ་ནི་མ་ཡིན་ཏེ། དངོས་པོ་དེ་ལས་གཞན་པ་མེད་པའི་ཕྱིར་རོ། །ཡོད་པར་ཟིན་ཀྱང་སྤྱི་ལ་བསྟན་པའི་གཞི་མཐུན་པ་མ་ཡིན་པ་ཉིད་ལ་སོགས་པའི་སྤྱི་ལ་བསྟན་པའི་སྐྱོན་རྣམས་སུ་འགྱུར་རོ། །མ་ཡིན་པར་དགག་པ་བསྒྲུབ་
པ་ཁོ་ན་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་དེ་བཀག་པ་ནི་ཞེས་བྱ་བའོ། །བདེན་ཏེ་མ་ཡིན་པར་དགག་པ་ལ་ཡང་དེའི་བདག་ཉིད་ཁོ་ན་གཞན་དང་ཐུན་མོང་མ་ཡིན་པའི་ངོ་བོས་མེད་པར་དགག་པ་བརྗོད་ཀྱི་དངོས་པོ་ལས་ཐ་དད་པས་ཐུན་མོང་མ་ཡིན་པ་མ་རྟོགས་པའི་ངོ་བོ་བསྟན་པ་ནི་བཀག་
པ་ནི་འགོག་པར་བྱེད་པ་སྟེ། དེའི་རིགས་མི་མཐུན་པའོ། །གཞན་གྱི་རྟོག་པ་ཡིན་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་ངོ་བོའི་རྟོག་པའོ། །གལ་ཏེ་ཡང་ཆ་དེ་ལས་སྒྲ་ལས་རྟོགས་པ་མ་ཡིན་ཡང་སེལ་བར་བྱེད་པའི་བདག་ཉིད་ཀྱིས་ནི་དེ་ཉིད་རྟོགས་པ་ཡིན་པའི་ཕྱིར་འཇུག་པ་ཁོ་ན་ཡིན་པར་
བསྟན་པ་ནི། སྒྲ་ཡི་བྱེད་པ་དེ་ལ་མེད། །ཅེས་བྱ་བ་སྟེ། དེ་ཉིད་དེ་ཞེས་དོན་དུ་གཉེར་བ་ཉིད་དོ། །གལ་ཏེ་རྟ་ལ་སོགས་པ་གཞན་མེད་ན། གཞན་བ་ལང་གི་ཇི་ལྟར་ཡིན་གང་གི་ཕྱིར། མེད་པ་སེལ་བར་བྱེད་པའི་ངོ་བོ་ཡང་ཐུན་མོང་མ་ཡིན་པའི་ངོ་བོ་དང་བྲལ་བ་མེད་པ་ཙམ་ཁོ་ནའོ་
ཞེས་ཟེར་བ་ནི་གཞན་ཡོད་པ་ཉིད་ཅེས་བྱ་བའོ། །གཞན་རྟོགས་ན་ཞེས་བྱ་བ་ནི་ཡུལ་གཞན་རྟོགས་ནའོ། །དེ་ཡང་འདི་ཡིན་ལ་རྟོག་པ་ཡང་ཡིན་པ་དེ་སྐྱེ་བའི་ཕྱིར། རང་གི་མཚན་ཉིད་ཁོ་ན་མཐོང་བ་ནི་གཞན་ལས་ལྡོག་པར་བྱེད་པའི་བདག་ཉིད་ཀྱིས་རྟོག་པའི་ཡུལ་ཡིན་ནོ། །རང་གི་མཚན་
ཉིད་ནི་རང་གི་ངོ་བོས་རྣམ་པར་རྟོག་པ་ལ་མི་སྣང་བ་མ་ཡིན་ནམ། མ་ཡིན་དུ་ཟིན་ཀྱང་རྣམ་པར་རྟོག་པར་འགྱུར་བ་ཡིན་པར་བསྟན་པ་ནི། རྟོག་པའི་རང་བཞིན་ཞེས་བྱ་བའོ། །རྟོག་པ་གཞན་ལས་ལྡོག་པར་བྱེད་པར་ཇི་ལྟར་ཤེས་པ་དེ་བཞིན་དུ། དེ་དང་ཐུན་མོང་མ་ཡིན་པ་ལྡོག་པར་བྱེད་པར་ཡང་
ངོ་སྙམ་དུ་སེམས་པ་ལ། ཇི་ལྟར་དེ་གཞན་མེད་པར་རྟོགས་པ་དེ་བཞིན་དུ་དེ་མེད་པ་མ་ཡིན་པར་བསྟན་པ་ནི། རང་གི་བློ་ཉིད་དེ་སྟེ། གཞན་གྱིས་དབེན་པ་ཁོ་ན་ཡིན་གྱི། ཐུན་མོང་མ་ཡིན་ནོ་ཞེས་བྱ་བ་ནི་རིམ་པ་གཞན་ནོ། །ཐུན་མོང་མ་ཡིན་པས་མེད་དོ་ཞེས་རྟོགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །

རིགས་ལྡན་རིགས་མིན་ཞེས་བྱ་བ་ལ་སོགས་པས་སྤྱི་ནི་ཐ་དད་པའམ། ཐ་མི་དད་པར་ཡོད་པ་མ་ཡིན་པ་དེ་ལྟ་མོད་ཀྱི། ངོ་བོ་མེད་ཅན་སྤྱི་བློ་ལ། །སྤྱི་ཉིད་དུ་ཞེས་བྱ་བ་རང་གི་ངོ་བོར་མཐོང་བ་ལས་སྤྱི་ནི་མ་ཡིན་ཏེ། སྤྱི་མེད་ཀྱང་སྤྱིར་སྣང་བའི་བློ་ནི་དངུལ་མེད་ཀྱང་
དངུལ་དུ་སྣང་བའི་བློ་བཞིན་དུ། དེ་མ་ཡིན་པ་ལ་དེར་འཛིན་པས་དོན་ལ་འཁྲུལ་པ་ཡིན་ཏེ། ཉ་ཕྱིས་ལ་དངུལ་བཞིན་དུ་སྤྱི་ཡིན་པར་འདོད་པ་དེ་ཡང་བསླད་པའི་ཕྱིར་ཏེ་སྒྲོ་བཏགས་པའི་ཕྱིར། དེ་འབའ་ཞིག་ལས་ནི་མ་ཡིན་ལ། ངོ་བོ་མེད་པའི་དོན་རྣམས་གང་དག་ཡིན་པ་དེ་ཡང་སྤྱི་ཡིན་ཏེ།
བསླད་པའི་ཕྱིར་རོ། །འདི་ཡང་ཞེས་བྱ་བའི་དོན་ནི་ཡང་གི་སྒྲའོ། །དེ་འདི་ནི་སྤྱི་མེད་ཀྱང་ཇི་ལྟར་རང་བཞིན་མེད་པར་ཁས་བླངས་པ་ཉེ་བར་སྡུད་པ་ནི་དེ་ཉིད་དུ་ན་ཞེས་བྱ་བའོ། །སྤྱི་ཉིད་དུ་ནི་མཐོང་ཕྱིར་ཞེས་བྱ་བ་ལ། སྤྱི་བློ་ལ་ཞེས་བྱ་བ་ནི་རྟོགས་པའི་དོན་ཏེ། སྤྱིར་སྣང་བའི་བློ་ནི་སྤྱིའི་བློ་ཞེས་བརྗོད་དོ། །
འབྲེལ་པར་ནི་ངོ་བོ་མེད་པ་ཅན་ལ་རྣམ་པ་མེད་པ་ཉིད་དུའོ། །སྤྱི་བློ་ལ། སྤྱི་ཉིད་དུ་ནི་མཐོང་ཕྱིར་དང་། །ཞེས་བྱ་བ་ནི་སྤྱི་ཉིད་དུ་སྣང་བའི་ཕྱིར་རོ། །ཡང་ཞེས་བྱ་བ་ནི་སྲིད་པའི་དོན་ཏོ། །གལ་ཏེ་རྣམ་པ་མེད་པ་ཉིད་དུ་འགྱུར་ན་ཞེས་བྱ་བའོ། །ཁོ་བོའི་བཤད་པ་ལ་ནི་རྣམ་པ་དང་བཅས་པ་དང་རྣམ་པ་
མེད་པ་ཉིད་ཀྱི་དབྱེ་བ་མེད་པ་ཡིན་ལ། ལྷག་མ་ནི་མཚུངས་སོ། །རིགས་ལྡན་རིགས་མིན་ཞེས་བྱ་བ་ལ་སོགས་པས་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། རང་བཞིན་མེད་པ་ཉིད་དུ་བསྟན་ཏོ། །དེའི་ཕྱིར་ངོ་བོ་མེད་པའི་དོན་མེད་རྣམས་ཀྱི་སྤྱི་བློ་ལ་ཞེས་བྱ་བའི་གང་ཡིན་པ་དེ་ཡང་ཚིགས་སུ་བཅད་པ་
གསུམ་གྱིས་གོ་རིམས་བཞིན་དུ་རྣམ་པར་རྟོག་པའི་བྱ་བ་ཙམ་དང་། ལྡོག་པ་དང་འཁྲུལ་པ་ཉིད་རྣམས་ཀྱིས་དངོས་པོ་མེད་པ་ཉིད་ཡིན་པས་བརྗོད་བྱ་མ་ཡིན་པ་ཉིད་བསྟན་པ་ནི་ངོ་བོ་མེད་པས་བརྗོད་བྱ་མིན་ཞེས་བྱ་བའོ། །རིགས་ལྡན་རིགས་མིན་ཞེས་བྱ་བ་འདིས་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ནི།
རང་བཞིན་མེད་པ་ཉིད་ལ་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ་གལ་ཏེ་བརྗོད་པ་འགའ་ཞིག་ལས་ཞེས་བྱ་བ་སྟེ། གལ་ཏེ་ཡང་བ་ལང་ཉིད་རང་གིས་གསལ་བ་རྣམས་ལས་བརྗོད་པར་བྱ་བ་མ་ཡིན་ཡང་། རྟའི་གསལ་བ་རྣམས་ལས་ལྡོག་པ་ནི་བརྗོད་བྱ་ཁོ་ན་ཡིན་པའི་ཕྱིར་བརྗོད་བྱ་

མ་ཡིན་པ་མ་གྲུབ་པ་ཡིན་ནོ། །གང་ཞིག་ཁ་ཅིག་ཏུ་བརྗོད་བྱའི་དབྱེ་བ་མཐོང་བ་རང་གི་གསལ་བ་ལ་གཞན་དུ་མི་འགྱུར་རོ། །དེའི་ཕྱིར་རང་གི་གསལ་བ་ལ་བརྗོད་བྱ་མ་ཡིན་པ་ནི། གསལ་བ་གཞན་ལ་ཡང་དེ་ཁོ་ན་བཞིན་ཡིན་ལ། འབའ་ཞིག་ནི་མཚན་ཉིད་མི་མཐུན་པའི་གསལ་བ་དག་ཁོ་ན་དེ་
ལྟར་ཐ་དད་པ་ཡིན་གྱི། རིགས་དག་ལ་ནི་མ་ཡིན་ཏེ། མ་དམིགས་པའི་ཕྱིར་རོ། །གལ་ཏེ་རིགས་དག་ལ་ཐ་དད་པ་མེད་ན་གསལ་བྱ་དག་ཇི་ལྟར་ཐ་དད་པ་ཡིན། རིགས་ཉིད་ལ་རྣམ་པ་ཞེས་ཟེར་ཏེ་དེ་གསལ་བ་གསལ་བར་བྱེད་པའི་ཕྱིར་རོ། །རིགས་དག་ཀྱང་དེའི་ངོ་བོ་ཉིད་ལ་དབྱེ་བ་མེད་པས་
ཇི་ལྟར་དེ་ལས་ཀྱང་དབྱེ་བ་ཡིན་ཞེ་ན། དབྱེ་བས་དམིགས་པ་བ་ཁྲ་མོ་དང་། རྟ་ངང་པ་ལ་སོགས་པའི་གསལ་བ་དག་ཁོ་ནའི་དབྱེ་བས་དེའི་རྒྱུ་ཅན་གྱི་རྣམ་པར་རྟོག་པ་དག་ཀྱང་ཡུལ་གྱི་དབྱེ་བ་ལ་བཏགས་པ་ཡིན་ཏེ་དེའི་ཕྱིར་རིགས་ནི་འགའ་ཞིག་ལ་བརྗོད་པར་བྱ་བ་མ་ཡིན་པར་བསྟན་པ་ནི། མིན་པ་ཉིད་ལ་
ཡིན་ཞེས་བྱ་བའོ། །འགྲེལ་པར་ནི་རང་གི་ངོ་བོ་ཉིད་དང་། ཁྱབ་པ་ཉིད་ཀྱིས་དེ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དང་། བརྗོད་པར་བྱ་བ་ཞེས་ཁྱབ་པ་ལ་བརྟེན་པས། ངག་གཅིག་གིས་བཤད་པ་ཡིན་ཏེ། ཁྱབ་བྱ་ཡོད་པའི་ཕྱིར་ཁྱབ་བྱེད་ཡོད་པར་བསྟན་པ་ནི་དེ་ཉིད་དང་གཞན་དག་ཏུ་ཞེས་བྱ་བའོ། །
བརྗོད་བྱ་མ་ཡིན་པ་ཉིད་ཅེས་ཟེར་བ་ནི་ཇི་སྟེ་སྤྱི་གཞན་ལས་ཞེས་བྱ་བའོ། །ཐ་དད་པར་སྣང་བ་མེད་པས་བརྗོད་བྱ་ཉིད་མ་ཡིན་ན། སྣང་བར་ཐ་མི་དད་པའི་ཕྱིར་དེ་ལྟ་ཡིན་ན་དངོས་པོ་མ་ཡིན་ཏེ། དེ་བསྟན་པ་ནི་ཐ་དད་པར་མི་སྣང་ན་ཞེས་བྱ་བ་སྟེ། སོ་སོར་སྣང་བ་ཐ་དད་པ་མེད་པ་ཉིད་ནི་དེ་ཉིད་ལ་ཐ་དད་པ་ནི་
དེ་ཉིད་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མ་ཡིན་ཏེ། དེ་ཉིད་དང་གཞན་ཉིད་བརྗོད་དུ་མེད་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་དག་གི་ནི་རི་བོང་གི་རྭ་ལ་སོགས་པ་རྣམས་ཀྱིའོ། །རྣམ་པར་རྟོག་པའི་བྱ་བ་ཙམ་གྱི་གཞན་ལས་ལྡོག་པའི་འཁྲུལ་བ་ནི། མཚན་ཉིད་མི་མཐུན་པའི་སྤྱི་བརྗོད་པར་བྱ་བ་
ཡིན་ན་འདས་པ་དང་མ་འོངས་པ་སྒྲ་སྦྱོར་བར་མི་འགྱུར་ཏེ། སྤྱི་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། འདས་པ་དང་ནི་མ་འོངས་པ་ཡིན་ཞེས་བྱ་བའོ། །ཅིའི་ཕྱིར་སྤྱི་མེད་ཅེ་ན་ཡོད་པ་ཞེས་བྱ་བ་ནི་དངོས་པོའི་སྤྱི་མེད་པ་གསལ་བའི་ངོ་བོར་ཇི་ལྟར་འགྱུར། མེད་པའི་ཆོས་ཉིད་ནི་ཡོད་པ་ཉིད་དུ་འགལ་བས་ཁྱབ་

པ་ཡིན་པར་བསྟན་པ་ནི་མེད་པའི་ཆོས་གང་ཡིན་པ་ཞེས་བྱ་བའོ། །ཡོད་པ་མེད་པའི་ཆོས་ཉིད་ཡིན་ན་མེད་པ་ཁྱབ་པར་བྱེད་པར་འགལ་བ་ཡིན་པར་བསྟན་པ་ནི། ཡོད་པ་མིན་ན་ཡང་ཞེས་བྱ་བའོ། །ད་ལྟར་ཡོད་པ་ལ་ནི་བུམ་པའི་སྒྲ་གཙོ་བོ་ཡིན་ལ། མེད་པ་འདས་པ་ལ་
སོགས་པ་ཚད་མའི་ཡུལ་ཉིད་ཐུན་མོང་བའམ། གཞན་ལས་ཉེ་བར་བཏགས་པར་བྱེད་དོ་སྙམ་དུ་སེམས་པ་ནི་གལ་ཏེ་ཉེ་བར་བཏགས་ལས་དེ་འདོད་ཅེས་བྱ་བ་སྟེ། འདས་པ་ལ་སོགས་པ་སྤྱི་ཉེ་བར་བཏགས་པ་བ་ཡིན་པའི་ཕྱིར་མེད་པའི་ཆོས་ཉིད་མི་འགྲུབ་སྟེ། ཡོད་པ་ཉིད་ལ་འགལ་བ་ཁྱབ་པ་མི་འགྲུབ་
པོ་ཞེས་བྱ་བའི་དོན་ཏོ། །དེ་བསྟན་པ་ནི་མེད་པ་ཞེས་བྱ་བ་ནི་མ་གྲུབ་པའོ། །ཡོད་པ་ཡང་མེད་པའི་ཆོས་ཡིན་ན། ཁྱབ་པར་བྱེད་པ་འགལ་བ་ཡིན་པའི་ཕྱིར་དེ་ཡང་མ་གྲུབ་པ་ཡིན་པར་བསྟན་པ་ནི། གང་ཞིག་ཉེ་བར་བཏགས་པ་ཞེས་བྱ་བ་སྟེ། གཞལ་བྱ་ཉིད་དུ་འདྲ་བའི་ཕྱིར་ད་ལྟར་བའི་བུམ་པ་འདས་
པ་ལ་ཉེ་བར་བཏགས་པ་ནི། སྣམ་བུ་ལ་ཡང་ཁྱད་པར་མེད་དོ། །དེའི་ཕྱིར་འདས་པའི་བུམ་པའོ་ཞེས་བྱ་བས་འདས་པའི་སྣམ་བུའོ་ཞེས་བྱ་བར་འགྱུར་རོ། །ཞེས་བསྟན་པ་ནི་འདས་པ་ཞེས་བྱ་བ་ལ་སོགས་པ་དེ་ལ་ཞེས་བྱ་བའོ། །གཞལ་བྱ་ཉིད་དུ་འདྲ་བ་ཉིད་ཀྱིས་ཉེ་བར་བཏགས་པ་ནི། འདས་པའི་སྣམ་
བུ་ལ་སོགས་པ་ལ་ཡང་འགྱུར་བར་བསྟན་པ་ནི་འབྲེལ་པ་མེད་པར་ཞེས་བྱ་བའོ། །ཉེ་བར་བཏགས་པས་ཀྱང་མེད་པ་ལ་འཇུག་པའི་སྒྲ་ནི། མེད་པའི་ཡུལ་ཅན་དུ་འགྱུར་བར་བསྟན་པ་ནི། འཇུག་ན་ནི་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བའི་སྒྲའི་བརྗོད་བྱའོ། །གཅིག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ད་ལྟར་བ་དང་ངོ་། །འདས་
པ་ལ་སོགས་པའི་དུས་ཀྱི་འཕོ་བ་འཇུག་པ་ཙམ་མོ་ཞེས་བྱ་བའི་ལྟ་བ་ལ་ནི་འདས་པ་ལ་སོགས་པ་གཅིག་པ་ཉིད་དུ་རིགས་སོ། །དེ་ཉིད་ཡིན་ཏེ་ཞེས་བྱ་བ་ནི་ད་ལྟར་བ་ཉིད་དོ། །སྤྱི་ལྟ་བུར་ཞེས་བྱ་བ་ནི་དངོས་པོའི་རང་གི་ངོ་བོ་རྟོགས་པ་ཡང་དོན་བྱེད་པ་དང་བྲལ་བ་ཉིད་ཀྱི་སྤྱི་ལྟ་བུའོ། །དོན་གྱི་ངོ་བོ་ནི་ད་ལྟར་བ་
བཞིན་དུ་དོན་བྱེད་པ་མེད་ཀྱང་སྤྱི་ལྟ་བུ་མ་ཡིན་ཏེ། སྣང་བ་ཐ་དད་པའི་ཕྱིར་རོ་ཞེས་བསྟན་པ་ནི་གལ་ཏེ་དེ་མེད་ན་ཞེས་བྱ་བའོ། །གལ་ཏེ་འདས་པ་ལ་སོགས་པ་རྟོགས་པ་ལས་ཐ་དད་པ་ཀུན་རྫོབ་ཡིན་ན། དེ་རྣམ་པར་དབྱེ་བ་བྱེད་པ་པོ་མ་ཡིན་ཏེ། རྟོགས་པ་ཐམས་ཅད་དོན་ལ་དམིགས་པ་ཉིད་དུ་བྱེ་བྲག་མེད་པའི་ཕྱིར་རོ་ཞེས་

བསྟན་པ་ལ། ཀུན་རྫོབ་འདི་ཅི་ཞེས་བྱ་བ་ནི་མ་ཡིན་པ་ཁོ་ནའོ། །ཅི་ལས་ཤེས་ཤེ་ན་དོན་ཞེས་བྱ་བའོ། །ཐ་སྙད་ཀྱི་ངོ་བོ་ནི་ཀུན་རྫོབ་ཡིན་པ་ལ་དོན་གོ་བས་གནོད་པ་ཡིན་པར་བསྟན་པ་ནི་ཀུན་རྫོབ་བདེན་པའི་ཞེས་བྱ་བའོ། །དངོས་པོ་བརྗོད་པར་བྱ་བ་ཡིན་ན་བཏགས་པ་མ་ཡིན་ཏེ། གཙོ་བོ་ཉིད་དུ་ཐལ་
བར་འགྱུར་བའི་ཕྱིར་དངོས་པོ་མ་ཡིན་པ་ལ་ཡིན་ནོ། །དེའི་ཕྱིར་ཡང་དངོས་པོ་མ་ཡིན་པ་བརྗོད་བྱར་ཐལ་བར་འགྱུར་རོ་ཞེས་བསྟན་པ་ནི་དེའི་ཕྱིར་དངོས་པོ་ཞེས་བྱ་བའོ། །བ་ལང་ལ་བ་ལང་ངོ་ཞེས་བྱ་བ་བཞིན་དུ་བརྗོད་པ་ཐ་དད་པ་ཅན་གཙོ་བོ་མ་ཡིན་ནམ། དེ་མེད་པ་ལས་ནི་བཏགས་པ་ཡིན་པ་ནི་ཁུར་
བུ་བ་ལ་བ་ལང་ངོ་ཞེས་བྱ་བ་ལྟ་བུའོ་ཞེས་ཟེར་བ་ནི། འོན་ཏེ་མེད་པར་རྟོགས་པ་ཞེས་བྱ་བའོ། །ཡུལ་མེད་པ་ཉིད་དུ་སྒྲུབ་པར་བྱེད་པ་ནི་གང་ཞིག་མཐོང་བ་ཞེས་བྱ་བའོ། །ངོ་བོ་གང་དུ་ཞེས་བྱ་བ་སྣང་བའི་དབྱེ་བར་མི་ནུས་པའི་ཕྱིར་རོ། །གང་གིས་དེ་དངོས་ཞེས་བྱ་བ་ནི་མེད་པའི་ཡུལ་ཅན་ཉིད་དུ་
ཐལ་བར་འགྱུར་བའི་ཕྱིར་རོ། །འདས་པ་ལ་དེའི་ངོ་བོ་རྟོགས་པ་ཉིད་ད་ལྟར་བར་སྒྲོ་འདོགས་པ་ཇི་ལྟ་བ་དེ་བཞིན་དུ། དེའི་དུས་ཅན་དུ་ཡང་བསྟན་པ་ནི་དེ་ལྟ་ན་ནི། འོ་ན་ཞེས་བྱ་བའོ། །དེ་ལྟ་མ་ཡིན་པ་ནི་རང་གི་ངོ་བོ་མ་ཡིན་པའོ། །སྤྱི་ཞེས་བྱ་བ་ནི་མཐོང་བར་སྒྲོ་བཏགས་པའི་ངོ་བོའོ། །ཐམས་
ཅད་དུ་ཞེས་བྱ་བ་ནི་མངོན་སུམ་མམ་རྗེས་སུ་དཔག་པའོ། །འོ་ན་ནི་དེ་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་ཡུལ་ལོ། །མངོན་སུམ་གྱིས་རྟོགས་པའི་གསལ་བའི་ངོ་བོ་ནི་རྗེས་སུ་དཔག་པའི་ཡུལ་མ་ཡིན་ཡང་། མི་གསལ་བ་ནི་དེ་ཉིད་འདི་ཞེས་བྱ་བ་འམ་ཐག་རིང་བ་ཡང་རུང་བ་ཡུལ་ཁོ་ན་ཡིན་ནོ་
སྙམ་དུ་སེམས་པ་ནི། འོན་ཏེ་མངོན་སུམ་གྱིས་ཀྱང་ཞེས་བྱ་བའོ། །དེ་ཉིད་འདིའོ་ཞེས་བྱ་བ་ནི་མངོན་སུམ་པ་མ་ཡིན་ཏེ། བརྟག་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཐག་རིང་བ་ལ་ཡང་རྒྱུའི་སྐྱོན་གྱིས་རབ་རིབ་ཅན་བཞིན་དུ་ཡིན་པར་བསྟན་པ་ནི། སྤྱི་དེ་ལ་ནི་མངོན་སུམ་ཉིད་ཅེས་བྱ་བའོ། །གཉི་གའི་
ཐུན་མོང་ཡིན་ན་ཞེས་བྱ་བ་ནི། དེ་ཉིད་འདིའོ་ཞེས་བྱ་བའི་འདས་པ་དང་ད་ལྟར་བ་གཉི་ག་དེ་དང་ཐུན་མོང་བའོ། །མངོན་སུམ་གྱིས་ད་ལྟར་བ་འདས་པའི་སྣང་བ་དང་ལྷན་ཅིག་པ་ཐ་མི་དད་པར་མ་རྟོགས་པ་ཡིན་པར་བསྟན་པ་ནི་ད་ལྟར་བར་སྣང་བ་ནི་ཞེས་བྱ་བའོ། །རྣམ་པར་རྟོག་པ་ལ་ཡང་དེའི་བྱ་བ་ལས་

ཐ་དད་པ་ཐུན་མོང་བའི་ངོ་བོ་མེད་པར་བསྟན་པ་ནི། དུ་མ་ཉིད་དུ་སྣང་ན་ཡང་ཞེས་བྱ་བའོ། །དེའི་སྒྲུབ་པ་རིགས་དང་འདྲ་བ་ཉིད་འབྲེལ་པ་ལ་སོགས་པ་ཉེ་བར་བྱས་པ་ཁོ་ན་ཉེ་བར་བཏགས་པ་ཡིན་གྱི། རྒྱུ་མཚན་མེད་པ་ཙམ་གྱི་རྒྱུ་ཅན་མ་ཡིན་པར་བསྟན་པ་ནི། བློ་ནི་འཁྲུལ་
པ་མེད་འཇུག་པ། །ཞེས་བྱ་བའོ། །རྒྱུ་མཚན་དང་དེ་དང་འབྲེལ་པའི་རྒྱུ་མཚན་ཉིད་ཡིན་གྱི་རྒྱུ་མཚན་མེད་པ་ཙམ་གྱི་རྒྱུ་ཅན་ནི་ཉེ་བར་བཏགས་པ་མ་ཡིན་ཏེ། ཐལ་ཆེས་པས་འཁྲུལ་བའི་ཕྱིར། རྒྱུ་མཚན་དང་དེ་དང་འདྲ་བའི་རྒྱུ་ཅན་ཉིད་ཀྱིས་གཙོ་བོ་དང་བཏགས་པར་ཡང་བདག་ཉིད་ཇི་ལྟ་བ་བཞིན་
དུ་ཡུལ་ལ་མ་འཁྲུལ་པ་ཁོ་ནའོ་ཞེས་བྱ་བའི་འདོད་པ་གཞན་ཡིན་ནོ་སྙམ་དུ་སེམས་པ་ལ། གཙོ་བོ་དང་སྒྲོ་བཏགས་པའི་རྒྱུ་མཚན་ཡོད་པ་ཁོ་ན་ལ་བློ་འཇུག་གི །མེད་ན་ནི་འཁྲུལ་པ་མེད་པ་མ་ཡིན་ནོ། །འགྲེལ་པར་ནི་འཁྲུལ་པ་མེད་པའི་བློའི་ཡུལ་གཙོ་བོ་ཡིན་ལ། གཞན་
ནི་བཏགས་པ་ཡིན་ཞེས་ཁོང་ནས་འབྱུང་བ་ཡིན་ཏེ། དེ་བསྟན་པ་ནི་ཅིག་ཤོས་ཞེས་བྱ་བ་ནི་འཁྲུལ་པའོ། །ཁོང་ནས་དབྱུང་བ་གང་ཡིན་ཞེ་ན། བྲམ་ཟེའི་ཁྱེའུ་ལ་ཡང་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་རྒྱུ་མཚན་མེད་པ་ཙམ་ཡུལ་དུ་བཏགས་པ་ལའོ། །ཡུལ་མེད་པ་ནི་བཏགས་པ་པ་
ཡིན་ཏེ། འདྲ་བའི་རྒྱུ་མཚན་ཉིད་ཀྱིས་གཙོ་བོ་མ་ཡིན་པ་བཞིན་ནོ། །འཁྲུལ་པ་མེད་པས་འཇུག་པ་བསྟན་པ་ནི། དོན་མེད་ན་ཡང་འགྲོ་བ་ཡིས། །ཞེས་བྱ་བ་སྟེ། དོན་མེད་པ་ཉིད་ནི་བཏགས་པ་བ་མ་ཡིན་ཏེ། འཁྲུལ་པ་མེད་པར་འཇུག་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ་ཡང་ན་དངོས་དང་བཏགས་
པ་བདག་གི་རྒྱུ་མཚན་ནི། དངོས་ལ་འཁྲུལ་པ་མེད་པར་འཇུག་པ་ཉིད་ཁོ་ནའོ་ཞེས་བྱ་བ་ཚིགས་སུ་བཅད་པ་སྔ་མའི་དོན་ལ་ཡང་སྦྱོར་བར་བྱེད་པ་ནི་གང་ལ་ཞེས་བྱ་བ་སྟེ། གཅིག་ལ་འཁྲུལ་པས་འཇུག་པ་ཉིད། གཞན་ལ་དེ་ལས་བཟློག་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འགྲེལ་པའི་བཤད་པ་ནི་
གསལ་བ་ཁོ་ན་ཡིན་ནོ། །གཞན་དུ་ཞེས་བྱ་བ་ནི་དགོས་པ་དང་བཅས་པ་ལས་སོ། །མཚུངས་པའི་ཕྱིར་ཞེས་བྱ་བ་ནི་འཁྲུལ་པ་མེད་པར་རྟོགས་པ་ཉིད་ཀྱིས་སོ། །ཡོད་པ་དང་མེད་པའི་ཡུལ་ཉིད་ཀྱིས་དོན་སྣ་ཚོགས་པ་ནི་བ་ལང་གི་སྒྲ་བཞིན་དུ་གཙོ་བོ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ། གཉི་ག་ལ་

རྟོགས་བྱ་གཅིག་པ་ཉིད་དུ་བསྟན་པ་ནི་དངོས་པོ་མེད་པ་འཛིན་པ་ཞེས་བྱ་བ་སྟེ། གང་གི་ཕྱིར་བུམ་པའོ་ཞེས་འདས་པའམ། ད་ལྟར་བ་ལ་ཐ་དད་པར་འཇུག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། རྣམ་པ་མཚུངས་པ་ཅན་གྱིས་ཞེས་བྱ་བ་ནི་ད་ལྟར་བ་དང་ངོ་། །རྟོགས་པ་ཉིད་ལས་ཞེས་བྱ་བ་ནི་རྟོགས་བཞིན་པ་མེད་
པའི་ཕྱིར་རོ། །ཞིག་པར་མ་ཤེས་པ་ཞེས་བྱ་བ་ནི་འདས་པའི་ཁྱད་པར་དང་བྲལ་བ་ལའོ། །འདི་ཞིག་གོ་ཞེས་བྱ་བ་ནི་འདས་པའི་ཁྱད་པར་ཅན་ལའོ། །ཐེ་ཚོམ་ཞེས་བྱ་བ་ནི་ཞིག་པ་ལ་ཞིག་པ་འམ་འོན་ཏེ་མ་ཞིག་པ་ཞེས་སོ། །དངོས་པོ་འཛིན་པའི་རྟོག་པ་ལ་འདས་པའི་ཤེས་པ་གནོད་པ་
ཡིན་པར་བསྟན་པ་ནི། གལ་ཏེ་དངོས་པོ་ཞེས་བྱ་བའོ། །དེ་ལས་དེ་དང་ཞེས་བྱ་བ་ནི་དུས་ཐ་དད་པ་ལ་ཡང་ལྷ་སྦྱིན་ཁོ་ནའོ་ཞེས་བྱ་བ་ནི་གཞན་གྱི་འདོད་པའོ། །ཡོད་པའི་རྟགས་དུ་བ་ལ་སོགས་པ་ནི། ཁྱབ་པར་བྱེད་པ་ཡོད་བཞིན་པར་རྣམ་པར་གཞག་པ་བྱེད་པ་ཡིན་པར་བསྟན་པ་
ནི་འོན་ཏེ་རྗེས་སུ་དཔག་པ་ལས་ཞེས་བྱ་བའོ། །རྟགས་ཀྱི་ཁྱད་པར་ལས་ཞེས་བྱ་བ་ཉིད་འཆད་པ་ནི་འདི་ལྟར་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་ད་ལྟར་བའི་དངོས་པོའི་ཡུལ་ཅན་ཡིན་ནོ། །མངོན་སུམ་བཞིན་དུ་བཟུང་བ་ལ་ཡང་ཆ་ཁ་ཅིག་ལ་མ་ངེས་པའི་ཕྱིར་མ་བཟུང་བར་མངོན་པར་སེམས་པ་
ཡིན་ནོ་སྙམ་དུ་སེམས་པ་ནི། རྣམ་པ་གཞན་ཞེས་བྱ་བའོ། །ངེས་པའི་བདག་ཉིད་ཀྱི་རྗེས་སུ་དཔག་པ་ལ་མངོན་སུམ་གྱི་རིགས་པ་མེད་པར་བསྟན་པ་ནི་དེ་ལ་རྣམ་པ་གཞན་དེ་ནི་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་མ་གཏོགས་པ་ཉིད་ལའོ། །འོན་ཏེ་འདི་ལ་ཞེས་བྱ་བ་ནི་སྣང་བཞིན་པ་ལའོ། །
གལ་ཏེ་མ་མཐོང་བ་ཙམ་ལ་ཐེ་ཚོམ་ཟ་བ་མ་ཡིན་ན། གང་གིས་ཐལ་ཆེས་པར་འགྱུར། འོན་ཀྱང་ཆོས་ཅན་སྤྱིར་མཐོང་ལ་དེའི་ཁྱད་པར་རྣམས་མ་མཐོང་བ་མཐོང་བར་འདོད་པས་ཐེ་ཚོམ་གྱི་ཡུལ་ཡིན་ནོ་ཞེས་ཟེར་བ་ནི་འོན་ཏེ་སྤྱི་ཞེས་བྱ་བའོ། །མངོན་སུམ་ལས་གཞན་པ་མངོན་སུམ་མ་ཡིན་པའི་ཤེས་པ་
ནི་དྲན་པ་སྟེ། མངོན་སུམ་མ་ཡིན་ནོ་ཞེས་བཀག་པས་ཁྱད་པར་གྱི་ངོ་བོ་ལ་དམིགས་པའི་ཤེས་པ་གཞན་ཡང་ཡོད་པ་ཡིན་ན་ཇི་ལྟར་ཐེ་ཚོམ་ཡིན་མེད་པར་དགག་པ་ཡིན་ན་ནི། །མ་མཐོང་བ་ལ་ཐེ་ཚོམ་དུ་འགྱུར་རོ་ཞེས་བསྟན་པ་ཡིན་པར་བསྟན་པ་ནི། མེད་དང་མ་ཡིན་པ་དག་ལས། །

ཞེས་བྱ་བ་སྟེ། རྗེས་སུ་བྱེད་པ་ཡིན་པའི་ཕྱིར་གནས་མ་ཡིན་པ་ལ་སླར་ཡང་བརྗོད་པ་ལྟ་བུའོ། །སྣང་བ་ཉིད་དོན་དང་དོན་མ་ཡིན་པ་ལ་ཐུན་མོང་བ་ཡིན་གྱི། དོན་འབའ་ཞིག་ལ་མ་ཡིན་པར་བསྟན་པ་ནི་འོ་ན་ནི་སྣང་བ་ཙམ་ཁོ་ན་ལའོ་ཞེས་བྱ་བའོ། །མ་ཡིན་པར་དགག་པ་
དྲན་པ་ཐེ་ཚོམ་གྱི་རྒྱུ་མཚན་ལ་སྤྱི་མངོན་སུམ་མོ་ཞེས་མངོན་སུམ་གྱི་ཁྱད་པར་དུ་མི་རིགས་པར་བསྟན་པ་ནི་སྤྱི་མངོན་སུམ་ཡིན་པའི་ཕྱིར་ཞེས་བྱ་བ་སྟེ། དེ་ཡང་ཁྱད་པར་གྱི་ངོ་བོ་ཡིན་པས་སོ། །གལ་ཏེ་ཁྱེད་ཀྱི་འདོད་པ་ལ་ཡང་མཐོང་བ་ལ་ཐེ་ཚོམ་མེད་ན། །མ་མཐོང་བ་ཡང་ཐེ་ཚོམ་མེད་དོ་ཞེས་བྱ་བ་ཇི་
ལྟར་སྐྱོན་མ་ཡིན་ཞེ་ན། བག་ཆགས་ལས་རྟོགས་པ་ཁ་ཅིག་དམིགས་པ་མེད་པར་སྐྱེ་བཞིན་པ་ཐེ་ཚོམ་མེད་པར་བསྟན་པ་ནི་དེའི་ཕྱིར་ཞེས་བྱ་བ་སྟེ། མ་མཐོང་བ་འགའ་ཞིག་ལ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྗེས་སུ་དཔག་པ་མངོན་སུམ་བཞིན་དུ་དངོས་པོ་འཛིན་པ་ཡིན་ན་གཞན་ཉིད་དུ་རྟོག་པ་
ཡིན་ཡང་གཡོ་བར་མི་འགྱུར་བ་ཞིག་ན། གཡོ་བ་ཡིན་ཏེ་སྔར་རྟོགས་པའི་རྒྱུན་ལྡོག་ཅིང་རྒྱུན་གཞན་ཡང་འདོད་པ་ལས་སྐྱེ་བར་བསྟན་པ་ནི་གལ་ཏེ་དེར་ནི་དངོས་པོ་དང་རེག་པས་ཞེས་བྱ་བའོ། །དེ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཡོ་བ་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པ་མེད་པ་ཡིན་ཡང་རྒྱུ་
ལ་རང་གི་ངོ་བོ་འཛིན་པ་དང་བྲལ་བར་འགྱུར་བ་མ་ཡིན་ནོ། །མ་ཡིན་ཏེ་རྒྱུ་མེད་པའི་ཕྱིར་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་རྒྱུན་ཡང་ཕྱིན་ཅི་ལོག་པ་ཡིན་ན། རྣམ་པར་གཅོད་པར་འགྱུར་གྱི་མངོན་སུམ་ནི་མ་ཡིན་ནོ། །དེའི་རྒྱུ་མེད་ན་མི་འབྱུང་བའི་རྒྱུན་ཉིད་དུ་ངེས་པ་ཁོ་ན་རྟགས་ཀྱི་བྱ་བ་མ་ཡིན་ནོ་སྙམ་དུ་
སེམས་པ་ནི་འོན་ཏེ་གཞན་དུ་ཞེས་བྱ་བའོ། །རྗེས་སུ་དཔག་པས་དངོས་པོའི་རང་གི་ངོ་བོ་མཐོང་བ་ན། མེད་ན་མི་འབྱུང་བ་ཉིད་དུ་ངེས་པ་ཁོ་ནར་བསྟན་པ་ནི་དེ་མཐོང་ན་ཞེས་བྱ་བ་སྟེ་དངོས་པོའི་མཐོང་ནའོ། །བསྟན་པ་ཡིས་ཞེས་བྱ་བ་ནི་རྗེས་སུ་དཔག་པས་སོ། །དེ་དང་འདྲ་བ་ཉིད་ལས་མངོན་
སུམ་པའི་གཟུགས་འཛིན་པའི་བདག་ཉིད་ཀྱི་རྗེས་སུ་དཔག་པ་ལ་མཐོང་བ་ནི། རང་གི་ངོ་བོ་འཛིན་པ་མ་ཡིན་ནོ། །མཐོང་བའི་ཞེས་བྱ་བ་ནི་མངོན་སུམ་གྱིས་ཏེ་དེ་ནི་དཔེ་ཡིན་ནོ། །རང་གི་ངོ་བོར་མ་མཐོང་བ་ཉིད་གཡོ་བ་ཡིན་པར་བསྟན་པ་ནི་རེག་བྱ་རེག་མ་ཡིན་ཞེས་བྱ་བའོ། །བཤད་པ་ཡིན་ནོ་ཞེས་

བྱ་བ་ནི་སྣང་བཞིན་པ་ལ་མངོན་སུམ་འགལ་བའི་ཕྱིར་རོ་ཞེས་མ་མཐོང་བ་ཁོ་ན་ཞེས་འདིས་བསྟན་པ་ཡིན་ནོ། །རྣམ་པར་རྟོག་པར་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཐེ་ཚོམ་ཟ་བར་རོ། །རྣམ་པ་གཞན་གྱིས་ཞེས་བྱ་བ་ནི་སྐད་ཅིག་པ་ཉིད་དམ་མ་གོམས་པའམ་ཐག་རིང་བའི་ཁྱད་པར་ལའོ། །དཔག་
བྱ་ལ་ཞེས་བྱ་བ་ནི་མངོན་སུམ་གྱིས་མ་ངེས་ལ། རྗེས་སུ་དཔག་པས་ངེས་པའི་ཁྱད་པར་གྱི་ཆ་ལ་ཡང་རྒྱང་རིང་པོ་ནས་མཐོང་བའམ། མ་མཐོང་བས་ཁ་ཅིག་ལ་ཡང་རྗེས་སུ་དཔག་པ་ཉིད་ཡིན་ཏེ་འོག་གི་ཆ་ལ་དབུས་ཀྱི་ཆ་བཞིན་དུ་དངོས་པོ་གཅིག་ཡིན་པའི་ཕྱིར་རོ། །སྣང་བཞིན་པ་ནི་རྗེས་སུ་
དཔག་པ་ལ་ཡང་སླུ་བས་གཡོ་བ་མ་ཡིན་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ་སྣང་བ་ལ་ཞེས་བྱ་བའོ། །ཕྱི་རོལ་ལ་ལྟོས་པའི་དབྱེ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་ཏེ། མངོན་སུམ་དང་དེའི་སྣང་བ་དག་གིས་ཡིན་གྱི། རང་རིག་པ་ལ་ལྟོས་པ་ནི་མ་ཡིན་ནོ་ཞེས་ལན་དུ་བསྟན་པ་ནི་
ཐ་དད་ཅེས་བྱ་བའོ། །འགའ་ཞིག་ཅེས་བྱ་བ་ནི་རབ་རིབ་ལས་བྱུང་བ་ལ་སོགས་པའོ། །རྗེས་སུ་དཔག་པ་ཉིད་ཀྱང་ཞེས་བྱ་བ་ནི་མ