Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 181

Văn bản gốc(Tây Tạng)

Trang 5 / 21 (50.000 ký tự/trang)
་ཞེས་བྱ་བ་ནི་དང་པོ་རྟོག་པ་མེད་པ་ཡིན་ལ། དེ་ནས་རྣམ་པར་རྟོག་པ་ཡིན་པ་དེ་བཞིན་དུ་མི་འཛིན་པ་བྱ་བ་ཡང་རིམ་གྱིས་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སྣང་བར་མ་གྱུར་ཅེས་བྱ་བ་ནི་མངོན་སུམ་པ་ལའོ། །དེར་ཞུགས་པས་ཞེས་བྱ་བ་ནི་ཡུལ་མེད་པ་
ལས་ཏེ་སེམས་རང་བཞིན་གྱིས་ཞུགས་བཞིན་པ་དེ་འཕངས་པ་ཞེས་བྱ་བའི་དོན་ཏོ། །དུས་ཉམས་པས་ཞེས་བྱ་བ་ནི་དོན་གྱིས་རྟོགས་པ་མེད་པའི་དུས་སུ་ཁོ་ན་ལ་བག་ཆགས་སད་པས་རྣམ་པར་རྟོག་པ་འབྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་ཡང་ཞེས་བྱ་བ་ནི་རྒོལ་བ་པོའིའོ། །
དེ་ལ་ཞེས་བྱ་བ་ནི་རིགས་ཐ་དད་པའི་རྟོག་པ་ལའོ། །མགལ་མེ་ལ་རིམ་གྱིས་མཐོང་བ་ནི་བར་བར་གྱིས་གཞན་དང་གཞན་མ་མཐོང་བ་མེད་པའི་ངོ་བོས་རིམ་གྱིས་འབྱུང་བ་དེ་ལྟ་བུའི་མཐོང་བ་དེ་བར་དུ་ཆོད་པ་དང་། རིགས་མི་མཐུན་པའི་རྣམ་པར་རྟོག་པ་ཡང་རིམ་གྱིས་འཇུག་པ་ནི།
བར་དུ་མཐོང་བ་ལ་བར་དུ་གཅོད་པར་བྱེད་པ་ཡིན་པར་བསྟན་པ་ནི་གལ་ཏེ་མགལ་མེ་མཐོང་བ་བཞིན་ཞེས་བྱ་བའོ། །དངོས་པོ་དང་དངོས་པོ་མེད་པ་དག་ལས་དངོས་པོ་སྟོབས་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་རིགས་པ་ཡིན་ལ། རིགས་པ་དེ་འདི་རྟོག་པ་མེད་པར་སྨྲ་བ་ལ་ཡང་མཚུངས་
པ་ཡིན་པར་བསྟན་པ་ནི། གཞན་ལ་ཡང་མཚུངས་པ་ཡིན་ནོ་ཞེས་བྱ་བའོ། །གལ་ཏེ་རིགས་པ་འདི་ཡིན་ན་ས་ར་དང་གྲངས་ཞེས་བྱ་བའི་ཡི་གེའི་རིམ་པ་རྟོགས་པ་མེད་པའི་ཕྱིར་ཁྱད་པར་མེད་པར་བསྟན་པ་ནི། ཡིད་དག་ཅིག་ཅར་ཞེས་བྱ་བའོ། །ཡིད་དག་དུས་གཅིག་ཏུ་འཇུག་
པར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་ཤེས་པ་ཅིག་ཅར་མི་སྐྱེ་བ་ནི་ཡིད་ཀྱི་རྟགས་སོ་ཞེས་བྱའི་རིགས་པས་སོ། །གཞན་ནི་སྒྲུབ་བྱེད་གཞན་ཏེ་མཆོག་ནི་ཕུལ་དུ་བྱུང་བའོ། །འོན་ཏེ་ཡི་གེ་སྔ་མའི་ཤེས་པས་ཡི་གེ་ཕྱི་མ་བར་དུ་གཅོད་པ་དེའི་ཕྱིར། ཅིག་ཅར་ཐོས་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ་ཅིག་ཅར་
དུ་ཞེས་བྱ་བའོ། །ཡོད་པ་ན་ཞེས་བྱ་བ་ནི་བྱ་བ་བྱེད་པ་རྣམས་ཡིན་ཡང་ངོ་། །ལྔ་པོ་རྣམས་ཀྱི་ཞེས་བྱ་བ་ནི་དྲིའི་ཤེས་པ་ལ་གཟུགས་དང་། རོ་དང་རེག་པ་དང་། སྒྲའི་ཤེས་པ་རྣམས་དང་ཡིད་ཀྱི་ཤེས་པས་བར་དུ་ཆོད་ཀྱང་དུས་གཅིག་ཏུ་སྣང་བ་ཡིན་ན། དེ་ལ་སྔ་མའི་ཡི་གེའི་ཤེས་པ་

གཅིག་གིས་ཡི་གེ་ཕྱི་མ་ལ་བར་དུ་ཆོད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་བཞིན་དུ་གཟུགས་ཀྱི་ཤེས་པ་ལ་ཡང་ཤེས་པ་ལྔ་པོས་བར་དུ་ཆོད་པ་ཡང་བརྗོད་པར་བྱ་བའོ། །མིང་གི་ནི་ཡི་གེའིའོ། །མཐར་ཐུག་པ་ནི་མུར་ཐུག་པ་སྟེ་འདིས་ནི་ཡི་གེའི་སྐད་ཅིག་པ་ཉིད་བསྟན་ཏོ། །
དེའི་ཤེས་པ་ཡང་དེ་ལྟ་བུ་ཡིན་པར་བསྟན་པ་ནི། སྐད་ཅིག་པའི་ཤེས་པ་ཞེས་བྱ་བའོ། །དེའི་ཕྱིར་སྔ་མ་ལ་ཆེས་ཉུང་བས་བར་དུ་ཆོད་པ་ཡིན་ན་ཆེས་ཤིན་ཏུ་ཅིག་ཅར་སྣང་བར་འགྱུར་བ་ཞིག་ན་དེ་ལྟ་ན་ནི་མ་ཡིན་ནོ། །དེས་ན་རིམ་གྱིས་ཡིན་ཡང་བར་དུ་ཆོད་པ་ཉུང་བ་ཉིད་ཀྱིས་བྱས་པ་ནི་ཅིག་ཅར་
སྣང་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཅིག་ཅར་ཉིད་ཁོ་ནས་ཡིན་ནོ། །དེ་བསྟན་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །རྣམ་པར་རྟོག་པ་ཡོན་ཏན་དང་ལྡན་པ་ཞེས་བྱ་བས་ཡིད་ཀྱི་རྣམ་ཤེས་བསྟན་པ་ཡིན་ནོ། །ཁའི་རོ་མྱང་བ་ཞེས་བྱ་བ་ནི་ཙུམ་པ་ན་བྱེད་པ་ནའོ། །འདིས་ཀྱང་རེག་པ་དང་
རོའི་རྣམ་ཤེས་དག་བསྟན་པ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་ཅིག་ཅར་སྣང་བའི་རྒྱུ་མཚན་མྱུར་བ་མི་ཤེས་པའི་ཕྱིར་རིགས་མཐུན་པའི་རྣམ་པར་རྟོག་པ་རྣམས་ཀྱི་ཅིག་ཅར་སྣང་བའི་ནང་གི་རྒྱུ་མཚན་ཇི་སྙེད་པ་དེ་སྙེད་ཁོ་ན་རིགས་མི་མཐུན་པའི་རྣམ་པར་རྟོག་པའི་བར་དུ་གཅོད་པའི་སྣང་བའི་རྒྱུ་མཚན་དུ་
མི་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། སྣང་བ་ལ་ཡང་ཁྱད་པར་མེད་ན་ཞེས་བྱ་བའོ། །རིམ་གྱིས་སྐྱེ་བའི་ཕྱོགས་ལ་ཡང་གཞན་ལ་ཆགས་པའི་སེམས་ཉིད་གཞན་ལ་ཅིས་མི་སྐྱེ་བར་ཞེས་བསྟན་པ་ནི། གཉི་ག་ལ་ཡང་རྩོད་འདི་ཡོད། །ཅེས་བྱ་བའོ། །མགལ་མེ་ལ་སོགས་པ་
དང་འབྲེལ་པ་ཅན་གྱི་རྗེས་སུ་འགྲོ་བ་སྟེ། རྗེས་སུ་འཇུག་པ་དེས་གནོད་པ་དེ་གང་གི་ཡིན་པ་དེ་ནི་གནོད་པ་ཅན་ནོ། །མཐོང་ལས་ཞེས་བྱ་བ་ནི་མིག་གིས་སོ། །མཐོང་བ་ཞེས་བྱ་བ་ནི་མིག་གི་ཤེས་པ་རྣམས་ཀྱིའོ། །བརྡ་ལ་རྨོངས་པ་ཉིད་ནི་ནུས་པ་ཉིད་དོ། །དེ་དག་གི་ནི་རྒོལ་བ་པོ་དག་གིའོ། །བརྡའི་རྒྱུ་ནི་
སྒྲ་རུང་བར་སྣང་བའི་ཤེས་པ་ཡིན་ལ་དེ་ཁྱོད་ཀྱི་འདོད་པས་བྱིས་པ་རྣམས་ལ་མི་འགྱུར་རོ། །ཡིད་ཡོད་ཅེས་བྱ་བ་ནི་སྒྲར་རུང་བའི་སྣང་བའོ། །དེ་བཞིན་དུ་དབང་པོ་ལས་སྐྱེས་པ་ཡང་རུང་བ་ཉིད་ཀྱི་སྣང་བ་སྲིད་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལས་ཐེ་ཚོམ་ཟ་བ་ཅན་གྱི་དབང་པོ་

ལས་སྐྱེས་པ་ཉིད་ཡིན་པར་བསྟན་པ་ནི། ལྷག་ལྡན་ཡིན་ཞེས་བྱ་བའོ། །བྱིས་ལ་སྒྲུབ་པར་བྱེད་པ་གང་ཡིན་ནི་དཔེ་ལའོ། །དེ་ཉིད་འདིར་ཡང་ནི་དཔེ་ཅན་ཏེ་བརྡ་ལ་བྱང་བ་ལའོ། །བཤད་པ་བྱོས་ཞེས་བྱ་བ་ཇི་ལྟར་ཡིན་ཏེ། གང་གི་ཕྱིར་ཚང་བང་དུ་མེ་སྒྲུབ་པར་བྱེད་པའི་མངོན་སུམ་པ་ཁོ་ན་
རྗེས་སུ་དཔག་པར་བྱ་བ་ལ་ཡང་བརྗོད་པར་བྱ་བ་མ་ཡིན་ནོ་ཞེ་ན། བསྟན་པ་ནི་བསྒྲུབ་བྱའི་རང་གི་ངོ་བོས་མ་གྲུབ་པ་ལ་ནི་རིགས་པ་འདི་བརྗོད་པ་ཡིན་གྱི། ལྐོག་ཏུ་གྱུར་པ་དང་ཅིག་ཤོས་ཀྱི་ངོ་བོ་ལ་ནི་མ་ཡིན་ནོ། །གང་གི་ཕྱིར་འདི་ལ་ལྐོག་ཏུ་གྱུར་པ་དང་ཅིག་ཤོས་ཀྱི་ངོ་བོ་མེད་དོ། །རྣམ་པར་
རྟོག་པ་མེད་པ་ཉིད་དུ་ཞེས་བྱ་བ་ནི་མི་གསལ་བར་སྣང་བའི་རྣམ་པར་རྟོག་པ་དེ་ནི་རྟོག་པ་མེད་པའི་གསལ་བར་སྣང་བ་མ་ཡིན་ནོ། །རྟོག་པ་དངོས་པོ་མི་སྣང་ཕྱིར་ནི་མི་གསལ་བར་སྣང་བའི་ཕྱིར་རོ་ཞེས་གསུངས་པས་སོ། །རྣམ་པར་རྟོག་པ་མེད་པ་ཉིད་ཀྱིས་ཞེས་བྱ་བ་ནི་གསལ་བར་སྣང་བ་ཉིད་ཀྱིས་ཁྱབ་པ་དེས་
ན་འདི་ཉིད་འགལ་བའི་རང་གི་ངོ་བོས་ཁྱབ་པ་ཡིན་ལ། དེའི་ངོ་བོ་ཁོ་ན་འགལ་བ་དམིགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྡོག་པའི་དབྱེ་བ་མེད་པས་བསྒྲུབ་པར་བྱ་བ་ཉིད་དོ་ཞེས་བྱ་བས་རྟོགས་པ་སྟེ། མངོན་སུམ་དུ་བྱེད་པ་ཁོ་ན་རྟོག་པ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་ལུགས་
ལ་ལྟོས་ནས་ཞེས་བྱ་བ་ནི་གཞན་ནི་རྗེས་སུ་དཔག་པ་མ་འཁྲུལ་པ་ཡིན་པར་འདོད་དེ་ཚད་མ་ཡིན་པའི་ཕྱིར་རོ། །འཁྲུལ་པ་ཉིད་ནི་ཚད་མ་མིན། །ཞེས་བྱ་བའི་རིགས་པས་དེ་ལ་ལྟོས་ནས་རྣམ་པར་གཅོད་པ་ལ་བརྟེན་པ་ཡིན་ནོ། །རང་གི་གཞུང་ལུགས་ལ་ལྟོས་ནས་བསྟན་པ་ནི། ཐམས་ཅད་
དུ་ཡང་ཞེས་བྱ་བའོ། །དམིགས་ཀྱིས་བསལ་བའི་སྒོ་ནས་ཞེས་བྱ་བ་ནི་རབ་རིབ་བཅས་ཞེས་བྱ་བ་ནི་དམིགས་ཀྱིས་བསལ་བ་ཡིན་ནོ། །ཤེས་པ་ཐམས་ཅད་ཅེས་བྱ་བ་ནི་ཟླ་བ་གཉིས་ལ་སོགས་པ་དག་གོ། །གལ་ཏེ་ཟླ་བ་གཉིས་ལ་སོགས་པའི་ཤེས་པ་ཕྱི་རོལ་ལ་རྣམ་པར་རྟོག་པ་ཡིན་
ན་དབང་པོའི་ཤེས་པ་ཡང་དེ་ལྟར་འགྱུར་བའི་ཕྱིར། མཚན་ཉིད་ཀྱིས་ཕྱི་རོལ་གྱི་མངོན་སུམ་བསྡུས་པ་མ་ཡིན་ནོ་སྙམ་དུ་སེམས་པ་ནི་ཕྱི་རོལ་ལ་མ་འཁྲུལ་པ་ཡང་ཞེས་བྱ་བའོ། །རང་ཉིད་ཀྱི་རིག་པ་གཞན་བསྟན་པ་ནི། ཇི་ལྟ་ཇི་ལྟར་དོན་བསམས་པ་ཞེས་བྱ་བའོ། །ཁྱད་པར་ཞེས་བྱ་

བ་ནི་གང་དང་ཅུང་ཟད་འབྲེལ་པ་ཅན་དམིགས་ནས་འདི་ནི་འདིས་རྣམ་པར་གཅོད་པ་ཡིན་ནོ། །འཇིག་རྟེན་གྱི་གཞུང་ལུགས་ལ་བརྟེན་ནས་ཁྱད་པར་ཅན་དུ་གཏོགས་པ་ཡིན་གྱི་མཐོང་བའི་དངོས་པོ་གཉི་ག་བསྡོམས་པ་ལས་ཁྱད་པར་ཅན་གྱི་ཤེས་པ་གཞན་ནི་མ་ཡིན་ནོ། །
བསྡོམས་པ་ཡང་འཇིག་རྟེན་པའི་གཞུང་ལུགས་ཇི་ལྟ་བ་བཞིན་དུ་ཡིན་ལ། ཁྱད་པར་ཅུང་ཟད་ནི་ཡན་ལག་ཡིན་ཏེ། ཁྱད་པར་དུ་བྱ་བ་གཞན་ནི་ཡན་ལག་ཅན་ཡིན་ནོ་ཞེས་ཡན་ལག་དང་ཡན་ལག་ཅན་གྱི་ངེས་པ་ནི་འཇིག་རྟེན་ལས་ཁྱད་པར་དང་ཁྱད་པར་དུ་བྱ་བའི་འབྲེལ་པ་མངོན་སུམ་གྱིས་བཟུང་
བ་ཉིད་ཡིན་ལ་ཡན་ལག་ལ་སོགས་པའི་ངེས་པ་ནི་ཡན་ལག་ལས་སོ། །འདི་དག་ཙམ་ནི་ཁྱད་པར་ཅན་གྱི་ཤེས་པའི་རྒྱུ་ཡིན་ལ་བསྡོམས་པའི་ཁྱད་པར་གྱི་ཤེས་པ་ནི་འབྲས་བུ་ཡིན་ནོ། །འདི་ཉིད་ཀྱང་བྱ་བ་དང་དེ་དང་ལྡན་པའི་དབྱེ་བས་རྣམ་པར་བརྟགས་པ་ནི་བསྡོམས་ནས་རྟོགས་པ་ཡིན་པར་བརྗོད་དོ། །
འདི་ཐམས་ཅད་བསྡོམས་པ་ལ་ཡང་ཡོད་པའི་ཅུང་ཟད་ནི་འགའ་ཞིག་ཏུ་ཡན་ལག་དང་ཡན་ལག་ཅན་གྱི་ངོ་བོ་ཉིད་དུ་སྦྱར་ཞིང་འཛིན་པར་བྱེད་པ་ཡིན་ཏེ་མི་འཛིན་ན་སྦྱོར་བར་མི་རིགས་པའི་ཕྱིར་རོ། །དབྱིག་པ་ཅན་གྱི་རིགས་པ་ནི་རིགས་དང་། ཡོན་ཏན་དང་དེ་དང་ལྡན་པ་རྣམས་ལ་ཡོད་པ་མ་ཡིན་ནོ། །
གང་གི་ཕྱིར་གཉི་ག་མཐོང་བ་དག་ལ་ནི་གཅིག་ཁྱད་པར་དུ་བྱ་བ་དང་ཁྱད་པར་དུ་བྱེད་པ་ཉིད་ཐོབ་ན་འཇིག་རྟེན་ལས་ངེས་པ་ཡིན་གྱི། རིགས་ལ་སོགས་པ་ལ་ནི་མ་ཡིན་ཏེ། དབྱེ་བ་མ་མཐོང་བའི་ཕྱིར་རོ་ཞེས་བསྟན་པ་ནི། རིགས་སོགས་ཀྱི་ཞེས་བྱ་བའོ། །འདི་ལ་ཞེས་བྱ་བ་ནི་ཡུལ་ལའོ། །དེས་ན་
ཞེས་བྱ་བ་ནི་འདིའི་རྒྱུ་མཚན་ཐོག་མ་མེད་པའི་བག་ཆགས་ཡིན་གྱི། གཞན་ལས་ལྡོག་པའི་རྒྱུ་མཚན་ལས་ནི་འགྱུར་བ་ཁོ་ན་ཡིན་ནོ། །ཐ་དད་པ་འཛིན་པ་སྔོན་དུ་འགྲོ་བ་ཅན་གྱི་སྦྱོར་བ་ནི་རིགས་ལ་སོགས་པ་ལ་དེ་མེད་པས་མི་འགྱུར་བ་བསྟན་པ་ནི་རིགས་ལ་སོགས་པ་ནི་ཞེས་བྱ་བ་སྟེ། སོགས་པ་
ཞེས་བྱ་བའི་སྒྲས་ནི་དེ་དང་ལྡན་པ་ལ་སོགས་པ་རྣམས་སོ། །ཐ་དད་པ་དང་ཐ་མི་དད་པའི་མངོན་སུམ་ལ་ནི་འབྲེལ་པ་མེད་པའི་ངོ་བོ་ཡིན་པའི་ཕྱིར་སྦྱོར་བར་བྱེད་པ་མ་ཡིན་ཏེ་ཡན་ལག་དང་ཡན་ལག་ཅན་གྱི་ཡུལ་དེ་མ་ཡིན་པའི་ཕྱིར་བསྟན་པ་ནི་ཐ་དད་མེད་པར་སྣང་བའི་ཕྱིར་ཞེས་བྱ་བའོ། །གལ་ཏེ་ཁྱད་

པར་ཅན་དུ་སྣང་བ་ལ་ཡང་དབྱིག་པ་ཅན་ཞེས་བྱ་བ་ཉེ་བའི་སྐྱེས་བུ་འབྲེལ་པ་མེད་པ་ཉིད་དུ་སྣང་བ་མ་ཡིན་ནམ། དེ་འདི་ལྟར་དབྱུག་པ་རྣམ་པར་གཅོད་པ་རྟོགས་པ་མེད་ན་ཁྱད་པར་ཅན་ཉིད་མེད་པའི་ཕྱིར་འབའ་ཞིག་བཞིན་ནོ་ཞེས་བསྟན་པ་ནི། གལ་ཏེ་ཁྱད་པར་ལ་སོགས་པ་ཞེས་བྱ་བའོ། །སྔར་མཐོང་
བ་བསྡོམས་པ་ནི་རྟོག་པ་མ་ཡིན་ནམ། བསྲེས་པ་སྣང་བ་ནི་མ་ཡིན་ཏེ། གང་གི་ཕྱིར་འོ་མ་དང་ཆུ་ལ་སོགས་པའི་སྣང་བ་ནི་རྟོག་པ་མ་ཡིན་ན་ཇི་ལྟར་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོགས་པ་ཡིན་ཞེ་ན། བདེན་ཏེ་དེ་ལྟ་བུའི་རྣམ་པ་ཡང་མི་སྲིད་པ་ཡིན་ན། །སྦྱོར་བ་ལྟ་ཅི་སྨོས་ཞེས་བྱ་བའི་དོན་དུ་བཀོད་པ་
ཡིན་ནམ། ཐ་མི་དད་པར་མཐོང་བ་རྟོག་པ་མ་ཡིན་དུ་ཟིན་ཀྱང་བ་ལང་ངོ་ཞེས་བྱ་བ་ནི་ཡིན་ཏེ། ཁྱད་པར་ཅན་གྱི་ཤེས་པ་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་བ་ལང་ཞེས་བྱ་བའོ། །ཁྱད་པར་ཅན་གྱི་ཤེས་པ་ནི་ཁྱད་པར་ཅན་རྟོགས་པ་ལས་སོ། །དེ་ལས་གཞན་དུ་མི་འཐད་པས་ཁྱད་པར་རིགས་ལ་
སོགས་པ་ནི་དུས་ལ་སོགས་པ་བཞིན་དུ་རྟོགས་པར་བྱེད་པར་བསྟན་པ་ནི། ཁྱད་པར་ཅན་གྱི་ཤེས་པ་ནི་ཞེས་བྱ་བའོ། །ཁྱད་པར་དུ་བྱ་བའི་ཤེས་པ་ལ་ཁྱད་པར་རྟོགས་པ་མ་ཡིན་ཏེ། གཉི་ག་རྟོགས་པ་ལ་རང་དབང་ཡིན་པའི་ཕྱིར་ཁྱད་པར་ཅན་ཉིད་མེད་པར་ཐལ་བར་འགྱུར་བར་བསྟན་པ་ནི།
དེ་ནི་འདི་ཡིན་ནོ་ཞེས་བྱའོ། །གལ་ཏེ་དབྱུག་པ་ཉིད་ལ་ཁྱད་པར་ཅན་ཉིད་ཡིན་ན། ཤེས་པ་ལ་སྐྱེས་བུ་ལྟ་བུར་འགྱུར་རོ་སྙམ་དུ་སེམས་པ་ལ་གལ་ཏེ་དབྱུག་པ་ཡང་ཞེས་བྱ་བ་སྟེ། དབྱུག་པར་སྣང་བའི་དེ་མ་ཐག་ཏུ་སྐྱེས་བུར་རྟོགས་པ་ཉིད་ནི་ཁྱད་པར་རྟོགས་པ་ཡིན་གྱི་དབྱུག་པ་རྟོགས་པ་ནི་མ་
ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རིགས་ལ་སོགས་པ་རྟོགས་པའི་དེ་མ་ཐག་པ་རྟོགས་པའི་ཡུལ་ཉིད་བ་ཁྲ་མོ་ལ་སོགས་པ་མ་གཏོགས་པ་མེད་པར་བསྟན་པ་ནི། གལ་ཏེ་འབའ་ཞིག་སྣང་ན་ནི་ཞེས་བྱ་བ་སྟེ་གཏོགས་པ་མེད་པ་ན་ཁྱད་པར་ཏེ་གཞན་ལས་ཁྱད་པར་དུ་བྱེད་པར་མི་འགྱུར་བའོ། །རིམ་
གྱིས་རྟོགས་པ་མ་ཡིན་དུ་ཟིན་ཀྱང་ཁྱད་པར་རྟོགས་པ་ཁོ་ན་ཡིན་ན་གཉི་ག་རྟོགས་པ་ཡིན་ནོ། །དེ་ལ་ཡང་ཁྱོད་ཉིད་ཀྱིས་སྨྲས་པའི་སྐྱོན་ཡིན་པར་བསྟན་པ་ནི། དེ་སྟེ་སྣང་བ་ཡིན་ན་ནི་ཞེས་བྱ་བའོ། །ཁྱད་པར་ཅན་གྱི་ཤེས་པའི་ཡུལ་ཉིད་ཅེས་བྱ་བ་ནི་སྐྱེས་བུ་གཞན་རྣམ་པ་བཅད་ནས་

སྐྱེས་བུའི་ཤེས་པའི་ཡུལ་ཉིད་ཀྱི་ཤེས་པ་ནི་རང་ལ་ཡོད་པའི་ཁྱད་པར་གྱིས་སྐྱེས་བུ་གཞན་ལས་སྐྱེས་བུའོ་ཞེས་རྣམ་པར་བཅད་པར་བྱེད་པའམ། སྐྱེས་བུ་ལ་ཡོད་པ་ལས་ཀྱང་རུང་བའི་བརྟགས་པ་གཉིས་བསྟན་པ་ནི། རང་ལ་བརྟེན་པའི་ཞེས་བྱ་བའོ། །ཐ་སྙད་ཙམ་ནི་ཡན་
ལག་དང་ཡན་ལག་ཅན་ཉིད་དུ་ཞེན་པ་ཙམ་མོ། །མངོན་སུམ་བཞིན་དུ་སྣང་བ་ཡིན་ན་གཉིས་ཀྱིས་ཚིག་ཉིད་དུ་འགྱུར་ཏེ། གཉི་ག་ཡང་འབྲེལ་པ་མེད་པ་ཉིད་ཀྱིས་རང་དབང་དུ་སྣང་བའི་ཕྱིར་རོ་ཞེས་བསྟན་པ་ནི། ཐ་སྙད་ཙམ་དུ་ཞེས་བྱ་བའོ། །བ་ལང་དང་ཡུན་རིང་པོ་དང་བྱས་པ་ལ་སོགས་པ་ལ་
ལྡོག་པ་རྟོགས་པ་དང་ལྷག་པར་རྟོགས་པ་ཡང་ཡོད་པ་མ་ཡིན་ནམ། གང་གི་ཕྱིར་བ་ཁྲ་མོ་ལ་སོགས་པ་ཁོ་ན་བ་ལང་མ་ཡིན་པར་བྱ་བའི་རྫས་ལ་རིང་བ་ཡང་མ་ཡིན་ནོ་སྙམ་དུ་སེམས་པ་ནི་ཇི་སྟེ་འགྱུར་ན་ཡང་ཡུལ་དང་དུས་ལ་སོགས་པའོ། །འབའ་ཞིག་སྣང་བ་ནི་སྡིག་པའི་སྣང་བའོ། །རྟ་ལ་སོགས་
པ་ལས་བ་ཁྲ་མོ་ལ་སོགས་པ་ལྐོག་ཤལ་ལ་སོགས་པས་མཚན་ཉིད་མི་མཐུན་པ་ཡིན་ནོ། །ཡུན་རིང་བ་ཡང་ཡུན་རིང་བ་མ་ཡིན་པ་ལས་བྱེད་པའི་རྫས་ཉིད་ཁྱད་པར་འགས་སྣང་བཞིན་པ་ཡུན་རིང་བ་ཡིན་ནོ། །རང་ལ་ཡོད་པའི་ཁྱད་པར་ལ་ཡང་མ་རྟོགས་པའི་ཕྱིར་དོན་ལ་སྐྱེ་བོ་ལྡོག་པར་མི་
འགྱུར་རོ་ཞེས་བྱ་བའམ་རྣམ་པར་དབྱེའོ་ཞེས་བསྟན་པ་ནི། དོན་གཞན་དང་ནི་འབྲེལ་པའམ་ཞེས་བྱ་བ་ནི་དབྱུག་པ་ཅན་ལ་སོགས་པའོ། །རང་བཞིན་ཞེས་བྱ་བ་ནི་བ་ལང་དང་ཡུན་རིང་པོ་ལ་སོགས་པ་ལའོ། །རྣམ་པར་རྟོག་པ་ནི་དེ་མཐོང་བ་སྔོན་དུ་འགྲོ་བ་ཅན་ཡིན་པས་དེའི་ཡུལ་ཅན་ཉིད་ཡིན་པ་
སྟེ་དེ་དང་བསྡོམས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །མཚན་ཉིད་མི་མཐུན་པ་ཉིད་ནི་ལྡོག་པ་མ་ཡིན་ནོ། །དེའི་ཕྱིར་བ་ལང་དང་ཡུན་རིང་བ་ལ་སོགས་པའི་རྟོག་པ་ནི་རང་བཞིན་གྱི་ཁྱད་པར་མཐོང་བ་ལས་འོངས་པ་བརྡ་ལས་བྱུང་བ་ཡིན་གྱི། མཐོང་བའི་དངོས་པོ་སྡོམ་པར་བྱེད་པའི་བདག་ཉིད་མ་
ཡིན་པར་བསྟན་པ་ནི། དེའི་ཕྱིར་གལ་ཏེ་ཞེས་བྱ་བའོ། །རྗེས་སུ་འབྲང་བ་ལྐོག་ཤལ་ལ་སོགས་པ་མངོན་སུམ་གྱི་ཡུལ་མ་ཡིན་ནམ། རྗེས་སུ་འགྲོ་བའི་ངོ་བོ་ནི་བ་ལང་ཡིན་པའི་ཕྱིར་རྣམ་པར་རྟོག་པ་ཉིད་ཀྱིས་རྟོགས་པ་ཉིད་ཡིན་ནོ་སྙམ་དུ་སེམས་པ་ལ། རྗེས་འགྲོ་ཅན་གྱི་རྣམ་ཤེས་གང་། །

ཞེས་བྱ་བའོ། །སྒྲ་ནི་རྗོད་བྱེད་དོ། །གསལ་བ་ནི་ཁྱད་པར་ཡིན་ཏེ་དེ་དག་སྣང་བར་བྱེད་པ་ལ་སྟེ་ཞེན་པ་ལ་འདིའི་ཚུལ་ཡོད་པའི་ཕྱིར། སྒྲ་དང་གསལ་བར་སྣང་བ་སྟེ། སྤྱིའི་སྣང་བ་ཅན་ནི་མ་ཡིན་ཏེ། གསལ་བར་འཇུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་གསལ་བ་
ཉིད་མཚུངས་པའི་རྣམ་པ་ཅན་ནི་ཤེས་པ་དེས་རྟོགས་པ་ཡིན་ལ། དེ་ཉིད་དེ་གསལ་བའི་ངོ་བོ་མིག་གི་ཡུལ་ལ་སྟེ་དེའི་ཤེས་པ་ལས་སོ། །མཐོང་བ་མེད་ཕྱིར་མཚུངས་པ་ཉིད་ཀྱིས་སོ། །མིག་ཤེས་པ་ནི་ཁྱད་པར་ཉིད་དུ་འཛིན་པ་ཡིན་ལ། རྣམ་པར་རྟོག་པ་ནི་མཚུངས་པ་ཉིད་ཀྱིས་ཡིན་ནོ་ཞེས་བྱ་
བར་ནི་མི་རིགས་ཏེ། གཉི་ག་གཅིག་འཛིན་པར་བྱེད་པ་ཉིད་ཡིན་ན། གཉི་ག་ལ་ངོ་བོ་གཉིས་སྣང་བར་ཐལ་བར་འགྱུར་རོ་ཞེས་བསྟན་པ་ལ། བློ་ཐ་དད་པ་ནི་ཁྱད་པར་དང་སྤྱིའི་ངོ་བོའི་ངེས་པ་ཡིན་ལ། དེ་ནི་དངོས་པོ་གཅིག་གིས་སྐྱེ་བ་འཛིན་པར་བྱེད་པ་ཉིད་ཡིན་ན་མི་འགྱུར་ཞིང་ནང་གི་ཚོགས་པ་ལས་
འབྱུང་བ་དེ་ལས་བྱུང་བ་མ་ཡིན་ནོ། །ཁ་དོག་ལ་སོགས་པའི་རྣམ་པ་དང་དེ་ལས་ཐ་དད་པའི་གསལ་བའི་ངོ་བོ་དེ་དག་གིས་ཁྲ་བོར་སྣང་བའི་དབང་པོའི་ཤེས་པ་མེད་དོ་ཞེས་བྱ་བ་ནི། སྣང་བ་གཉིས་ནི་མེད་ཕྱིར་རོ། །ཞེས་རྟོགས་པའི་དོན་ཏོ། །ནང་དང་ཕྱི་རོལ་གྱི་རྒྱུའི་དབྱེ་བས་བློ་ཐ་དད་པར་ཁས་མི་ལེན་ན་ནི།
དེ་འགར་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་པོའིའོ། །སོ་སོར་ངེས་པ་ཞེས་བྱ་བ་ནི་ངེས་པའི་ཚད་ཡིན་པའི་ཕྱིར་རོ། །ཚད་མེད་པ་དག་ལ་ནི་ཚད་མེད་པའི་ཁྲ་བོ་ལ་སོགས་པའི་ཁྱད་པར་རྣམས་ལ་གཅིག་ཏུ་མངོན་པར་མཚོན་པར་བྱེད་པ་མེད་ན་བློ་ལ་གནས་པ་མ་ཡིན་པ་རྣམས་ལ་བརྡར་བྱེད་པ་འམ་འཛིན་པ་མི་
སྲིད་པར་བསྟན་པ་ནི། སོ་སོར་ངེས་པ་མེད་པ་ཞེས་བྱ་བའོ། །འོན་ཏེ་མངོན་སུམ་གྱིས་གཟུང་བའི་གསལ་བ་ལས་སྤྱི་ཐ་དད་པ་ཡིན་ན། རྣམ་པར་རྟོག་པར་རུང་བ་ཉིད་མངོན་སུམ་གྱི་ཡུལ་མ་ཡིན་ནོ་སྙམ་དུ་སེམས་པ་ལ། གསལ་བ་ལ་འདུ་བ་ནི་སྤྱིའི་ཞེས་བྱ་བ་སྨོས་སོ། །དབང་པོས་འཛིན་པ་མེད་པའི་
ཕྱིར་དེས་མཚོན་པའི་གསལ་བ་འཛིན་པ་མེད་པས་འབྲེལ་བ་ནི་བརྡའི་སྟེ། མཐོང་བ་མེད་པ་སྟེ་མི་འཛིན་པ་དང་མི་བྱེད་པར་གནས་པ་ཉིད་ནི་གཙོ་བོའི་ཕྱོགས་ལ་ཡིན་ནོ། །སྒྲ་ལས་འཛིན་པ་ཡིན་ན་ནི་རྣམ་པ་གཉིས་མངོན་སུམ་དུ་འགྱུར་རོ་ཞེས་བསྟན་ཟིན་ཏོ། །སྔར་ནི་རིགས་ལ་སོགས་པ་རང་གི་

ངོ་བོས་ངེས་པར་མི་རྟོག་པས་དེ་དང་ལྡན་པ་དང་སྦྱོར་བ་མེད་པར་བསྟན་ནས། ད་ནི་འབྲེལ་པ་ངེས་པ་མི་རྟག་པ་ལས་སོ་ཞེས་བྱ་བ་ནི་ཁ་ཅིག་གིའོ། །ཟངས་གཞོང་འདི་ལ་རྒྱ་ཤུག་གི་འབྲས་བུ་བཞིན་དུ་སྣལ་མ་རྣམས་ལ་སྣམ་བུ་ཞེས་བྱ་བ་ནི་འདི་ལ་བློའི་རྒྱུ་མཚན་ཅན་
ཡིན་ཏེ། ཐ་དད་པ་མ་ཡིན་པར་གྲུབ་པའི་ཕྱིར་ཕྲད་པ་མ་ཡིན་ནོ། །ལྷག་མས་ནི་འདུ་བ་ཡིན་ནོ་སྙམ་དུ་སེམས་པ་ལ། སྣལ་མ་འདི་ལ་སྣམ་བུ་ཞེས། །ཞེས་བྱ་བ་སྟེ། དེ་ལྟ་བུའི་བློ་སྟེ་སྣམ་བུའི་བློ་ཉིད་འཇིག་རྟེན་པའི་མ་ཡིན་ཏེ། གང་གི་ཕྱིར་ཡོད་པ་མ་ཡིན་པ་ནི་རྗེས་སུ་དཔོག་པར་བྱེད་པའམ་འཛིན་
པར་བྱེད་པ་མ་ཡིན་ནོ། །རྭ་ལ་སོགས་པ་རྩོམ་པར་བྱེད་པ་འབྲེལ་པ་ཅན་ཉིད་ཀྱིས་བ་ལང་དུ་རྟོགས་པ་ཁོ་ན་ཡིན་ནམ་དེ་ལ་ཡང་བ་ལང་ལ་རྭ་ཞེས་རྟོགས་པ་ཡིན་གྱི། རྭ་ལ་བ་ལང་ཞེས་ནི་མ་ཡིན་ནོ། །དེ་བསྟན་པ་ནི་བ་ལང་ལ་རྭ་ཞེས་བྱ་བའོ། །དེ་ལྟ་ཡིན་ཡང་འབྲེལ་པ་ནི་འདུ་བ་མ་ཡིན་ནམ། བ་ལང་
ལ་ཞེས་བྱ་བ་འདི་ཡང་དེ་མེད་པ་ཡོད་པ་མ་ཡིན་ལ། གལ་ཏེ་ཡོད་པ་ན་རྭ་ལ་ཡང་བ་ལང་ཞེས་བྱ་བར་འགྱུར་ཏེ། འདུ་བ་ཁྱད་པར་མེད་དོ་སྙམ་དུ་སེམས་པ་ལ། བ་ལང་ཞེས་བྱ་བ་ཡང་དེ་ཡིན་ལ་རྭ་ལས་ལྷག་པའི་ཡན་ལག་ཅན་ཡང་ཡིན་པ་དེ་དག་ལ་རྣམ་པར་གཅོད་པ་མེད་པར་དམིགས་པའི་རྒྱུ་མཚན་
ཡིན་པ་དེ་ལྟ་བུའི་བློ་ཡིན་ཏེ། དེ་ལས་གཞན་པའི་འདུ་བ་མ་དམིགས་པའི་ཕྱིར་རོ། །རྣམ་པར་མི་གཅོད་པའི་རྒྱུ་མཚན་ནི་བ་ལང་ངོ་། །རྭའོ་ཞེས་བྱ་བ་ཡང་བ་ལང་ལ་རྭ་ཞེས་བྱ་བའི་དོན་དང་རྗེས་སུ་མཐུན་པ་ཉིད་དུ་རྟེན་དང་རྟེན་ཅན་ཡིན་པའི་ཕྱིར་རོ། །དེ་བསྟན་པ་ནི་རྭ་ལ་བ་ལང་ཞེས་བྱ་བ་སྟེ་
ཤེས་པ་ཡིན་ནོ། །བ་ལང་ལ་རྭ་ཞེས་བྱ་བ་འདི་ལ་ཡང་ཡན་ལག་ཅན་རྒྱུ་མཚན་མ་ཡིན་པར་བསྟན་པ་ནི། རྭ་ལ་སོགས་པའི་ཚོགས་ལས་ཞེས་བྱ་བའོ། །རྭ་དང་བ་ལང་ལ་སོགས་པ་དང་སྣལ་མ་དང་སྣམ་བུ་ལ་སོགས་པ་མཚུངས་པ་ཡང་མ་ཡིན་པ་ཡིན་པར་བསྟན་པ་ནི། འདི་རྣམས་ཀྱིས་ཞེས་
བྱ་བ་སྟེ། སྣམ་བུའི་དུས་ན་སྣལ་མ་རྣམས་ཡོད་པ་མ་ཡིན་ཏེ། འདུ་བྱེད་པ་ཉིད་ཀྱིས་སྐད་ཅིག་པ་ཡིན་པའི་ཕྱིར་རོ། །སྣམ་བུའི་སྔ་ན་མེད་པ་དེ་གང་ལ་ཡོད་པ་དེ་སྣམ་བུའི་བློའི་ཡུལ་ཇི་སྲིད་དུ་མི་སྐྱེ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ནི་འདི་ཡིན་ནོ་ཞེས་བྱ་བ་ནི་ལོག་པར་རྟོག་པས་ན་རྒྱུ་རུ་སྒྲོ་

བཏགས་པ་ཡིན་ཏེ། འབྲས་བུ་ལ་སྔ་རོལ་དུ་བྱུང་བའི་རྒྱུར་ཉེ་བར་འདོགས་པར་བྱེད་པའོ། །སྣལ་མ་གཅིག་ན་བཀར་བྱས་པས། །ཞེས་བྱ་བ་ནི་སྣམ་བུའི་གནས་སྐབས་ཉིད་ན་ཕན་ཚུན་གཅིག་ལ་གཅིག་གི་ཁྱད་པར་ལས་སྣལ་མའི་སྒྲ་འཇུག་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲའི་ཞེས་བྱ་བ་
སྨོས་ཏེ། སྣལ་མའི་སྒྲའི་ཡུལ་སྟོན་པ་ན་ཡིན་ཏེ་བསྟན་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་མཚན་ཉིད་ཀྱི་དོན་དུ་འདས་པ་ལ་རྒྱུར་སྒྲོ་འདོགས་པས་འབྲས་བུ་ལ་སྣལ་མའི་མིང་འཇུག་པར་བྱེད་པའམ་རེ་རེ་ནས་བཀར་བས་ཀྱང་ངོ་། །སྟོན་པ་ན་རྟེན་ནི་རྒྱུ་ཡིན་ལ་སྣལ་མའི་མིང་འཇུག་པར་
བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱིའོ། །རེ་རེ་ནས་བཀར་བ་ནི་སྣལ་མའི་ཐ་སྙད་འདོགས་པ་ཡིན་ན་ད་ལྟར་སྣམ་བུར་ཐ་སྙད་འདོགས་པའི་ཡུལ་གང་ཡིན་ཞེས་ཟེར་བ་ལ། ཕན་གདགས་ཕན་འདོགས་ཏེ་ཞེས་བྱ་བ་སྟེ་ཆུ་དང་ཞིང་གི་ངོ་བོའོ། །རྣམ་པར་ཆད་པར་མ་མཐོང་བས་གྱོན་པ་ལ་སོགས་པའི་
བྱ་བ་བྱེད་པ་ཉིད་མཚོན་ནམ་དེ་ཡུལ་ཡིན་ཞེས་བྱ་བར་སྦྱར་རོ། །དེ་ཁོ་ན་དངོས་པོ་ཡིན་ཏེ། དང་པོ་བརྡའི་ཡུལ་ཉིད་ཀྱིས་མ་འཁྲུལ་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། འཁྲུལ་མེད་ཅེས་བྱ་བའོ། །གང་ཞིག་གང་ལ་བརྡར་བྱས་པ་དེ་དེ་ལ་དངོས་པོ་ཡིན་ཞིང་ཅིག་ཤོས་ནི་དངོས་
སུ་བ་མ་ཡིན་པའོ། །བརྟེན་པ་གཞན་གྱི་རྗེས་སུ་འབྲངས་པས་ཞེས་བྱ་བ་ནི་ཡོན་ཏན་གཞན་གྱི་རྗེས་སུ་འབྲངས་པས་སོ། །དེ་འདི་ལྟར་ཕན་གདགས་བྱ་དང་ཕན་འདོགས་བྱེད་ཉིད་ལ་སོགས་པའི་བརྡའི་རྒྱུ་མཚན་ཅན་གྱི་སྣམ་བུ་ལ་སོགས་པའི་ཤེས་པ་ལ་རིགས་ལ་སོགས་པ་མངོན་སུམ་འབའ་
ཞིག་གིས་མི་རྟོགས་པ་མ་ཡིན་ཞིང་རྗེས་སུ་དཔག་པས་ཀྱང་རྟོགས་པ་མ་ཡིན་ཏེ། རྟགས་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། རྗེས་དཔག་ཀྱང་མེད་ཅེས་བྱ་བའོ། །དངོས་པོ་ལས་ཞེས་བྱ་བ་ནི་ཆུ་དང་ཞེང་ལ་སོགས་པའི་དབྱིབས་ཀྱི་ཁྱད་པར་ལས་སོ། །ཐ་དད་ཅན་ནི་སོ་སོ་བ་ལའོ། །ཁྲ་བོ་ལ་
སོགས་པའི་བ་ལང་ཉིད་དང་ཙན་དན་གྱི་དྲི་ཞེས་བྱ་བ་ཡང་གང་ཞིག་གང་ལ་ཐ་སྙད་བཏགས་པ་དེ་དེ་ལས་ཐ་དད་པ་ཡིན་ཏེ། དབྱུག་པ་ཅན་ལྟ་བུ་མ་ཡིན་ནམ་སྙམ་དུ་སེམས་པ་ལ། ཐམས་ཅད་ལ་ཡང་ཞེས་བྱ་བའོ། །དཔུང་གི་གླང་པོ་ཆེ་དང་ནགས་ཀྱི་ཤིང་ཞེས་བྱ་བ་བཞིན་དུ་ཐ་དད་པ་མེད་ཀྱང་ཐ་དད་

པ་ཉིད་དུ་རྟོགས་པས་ཐ་སྙད་འདོགས་པ་ཡིན་ལ། དབྱུག་པ་ཅན་ཞེས་བྱ་བ་ཡང་འབྲེལ་བ་ཅན་དུ་དམིགས་པ་ལ་བརྟགས་པ་སྟེ། ཀུན་རྫོབ་པ་ཡན་ལག་དང་། ཡན་ལག་ཅན་ལ་བརྟེན་ནས་ཐ་སྙད་འདོགས་པ་ཡིན་གྱི་མངོན་སུམ་གྱི་རྟོགས་བྱ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་
ཏོ། །ཁྲ་བོ་ལ་སོགས་པ་ལ་ཞེས་བྱ་བ་ནི་ཁྲ་བོའི་བ་ལང་ཉིད་ཅེས་བྱ་བའི་རྒྱུ་མཚན་ཡིན་ནོ། །ཡན་ལག་དང་ཡན་ལག་ཅན་ཉིད་ཀྱི་ཕྱིར་བ་ལང་ཉིད་ཀྱང་ཡོད་ན། གཞན་གྱི་འདོད་པའི་རྟག་པའི་སྤྱི་དང་མཚན་ཉིད་མི་མཐུན་པ་བཞོ་བ་དང་དགལ་བ་ལ་སོགས་པའི་བྱ་བ་བྱེད་པ་ཉིད་ནི་བྱ་བ་དེ་མི་བྱེད་པ་ལས་
ཐ་དད་པའི་ངོ་བོར་འདོད་པ་ཁོ་ན་ཡིན་པར་བསྟན་པ་ནི། དོན་དམ་པ་པའི་ནི་ཞེས་བྱ་བའོ། །བ་ལང་ཉིད་ལ་སོགས་པའི་ཤེས་པའི་རྒྱུ་མཚན་ནི་འཇིག་རྟེན་ན་ཡང་དགལ་བ་ལ་སོགས་པ་ཉིད་བ་ལང་ཉིད་ཡིན་གྱི། གཞན་དུ་རྟོགས་པ་མ་ཡིན་པར་བསྟན་པ་ནི་དགལ་སོགས་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་
ནི་ཐ་སྙད་འདོགས་པའོ། །ཐ་དད་པ་མེད་ཀྱང་ཐ་སྙད་འདོགས་པ་ཡིན་ཏེ། དཔེར་ན་རྫས་ལ་སོགས་པ་དྲུག་ལ་དངོས་པོ་ཉིད་དང་ཁང་བཟངས་ལ་སོགས་པའི་ཕྲེང་བ་ཞེས་བྱ་བའི་རིགས་དང་ཡོན་ཏན་ཡང་ཐ་དད་པ་ཅན་མ་ཡིན་ཏེ། དེ་ལྟར་ཙན་དན་གྱི་དྲི་ཞེས་བྱ་བ་ལ་སོགས་པ་ཡང་ཐ་དད་པ་མངོན་སུམ་
མ་ཡིན་པ་ཉིད་དུ་མཚུངས་པའི་ཕྱིར་རོ། །དེས་ན་ཁྱེད་ཀྱི་ཉེ་བར་དགོད་པ་འདི་ནི་ཉེ་བར་དགོད་པ་དང་མཚུངས་པར་བྱས་པ་མ་ཡིན་པས་རིགས་སོ་ཞེས་བསྟན་པ་ནི། དངོས་པོ་ཞེས་བྱ་བའོ། །དེ་ཕྲེང་ནི་དེའི་ཕྲེང་བའོ། །ཡོན་ཏན་ལ་ནི་ཁྱིམ་གྱི་ངོ་བོའི་ཕྲད་པ་ལའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཡོན་ཏན་
ཁྱིམ་ལ་ཡོན་ཏན་མེད་པའི་ཕྱིར་རོ། །ཁ་ཅིག་ཀྱང་ཞེས་བྱ་བ་ནི་གསལ་བ་རེ་རེ་ཞིང་ཡོངས་སུ་རྫོགས་པའི་ཡན་ལག་ཅན་བཞིན་དུ་རིགས་ནི་མ་ཡིན་ཏེ། ཁྱབ་པར་འཇུག་པའི་ཕྱིར་རོ། །དེའི་སྒྲ་ཞེས་བྱ་བ་ནི་ཕྲེང་མང་པོ་ལའོ། །རིགས་ལ་སྟེ་འབྲེང་བའི་ངོ་བོ་ལ་ཕྲེང་བ་གཞན་རིགས་ཀྱི་ངོ་བོ་མེད་པའི་ཕྱིར་
སྤྱི་ལ་སྤྱིའོ་ཞེས་དེ་མ་ཐག་པའི་དམིགས་པ་རྐྱེན་གང་གི་ཡིན་པ་དེ་ཡོད་པས་མཐའ་མེད་པ་ལ་དམིགས་པའི་ཕྱིར། འཐད་པ་མ་ཡིན་པ་ནི་མི་མཐུན་པ་ཉིད་ཡོངས་སུ་རྫོགས་པའི་དམིགས་པར་རྟོགས་པ་ནི་མ་རྟོགས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ཏུ་ནི་མཐའ་མེད་པར་བརྗོད་པ་དང་པོའི་མཐའ་

ཅན་ཡིན་ཏེ་མཐའ་མེད་པ་ནི་རྟོགས་པ་མཐའ་མེད་པ་འཐད་པ་མ་ཡིན་ཏེ། རྟོགས་པའི་ཕྱིར་ཞེས་བྱ་བ་ནི་རྟོགས་པར་བྱེད་པ་ཉིད་དུ་ཁས་བླངས་པའི་ཕྱིར་གཞན་དུ་བའི་སྐྱོན་མེད་དོ་ཞེས་བྱ་བའི་དོན་ཏོ། །ཕྲེང་བ་ཆེན་པོ་ཞེས་བྱ་བ་ནི་ཛཱ་ཏིའི་མེ་ཏོག་ཆེན་པོ་བཞིན་དུ་མ་འཁྲུལ་པའི་ཤེས་པའི་ཡུལ་ཡིན་པ་ནི་
དངོས་ཁོ་ན་ཡིན་ནོ། །དེའི་ཕྱིར་ཡོན་ཏན་དང་ལྡན་པའི་རྫས་ཡིན་ནོ་ཞེས་བྱ་བའི་མཚན་ཉིད་ལ་ནི་རྫས་མེད་ཀྱང་འགལ་བ་མེད་དོ། །གང་གི་ཕྱིར་ཕ་རོལ་པོ་འདོད་པའི་རྫས་ཡན་ལག་ལས་ལྷག་པ་ནི་གཞན་དུ་ཡང་དམིགས་པ་མ་ཡིན་ཏེ། རྫས་མེད་པ་ཉིད་ལ་རྫས་ཀྱི་མཚན་ཉིད་མེད་པའི་ཕྱིར་འགལ་
བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བསྟན་པ་ནི་འདི་ནི་ལེགས་པར་བྱས་པ་མ་ཡིན་ནོ་ཞེས་བྱ་བའོ། །བཏགས་པ་མ་ཡིན་ཏེ། འཁྲུལ་པ་མེད་པའི་ཤེས་པའི་ཡུལ་ཉིད་ཀྱིས་དངོས་སུ་བ་ལས་ཁྱད་པར་མེད་པའི་ཕྱིར་རོ། །དངོས་སུ་བ་མ་ཡིན་ཏེ། ཁྱོད་ཀྱིས་ཁས་བླངས་པའི་ཐ་དད་པའི་ཁྱད་པར་ཉིད་མེད་
པའི་ཕྱིར་རོ་ཞེས་བསྟན་པ་ནི། གཙོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའོ། །ཉེ་བར་བཏགས་པའི་རྒྱུ་མཚན་མེད་པའི་ཕྱིར་ཞེས་བྱ་བ་ནི་འཇིག་རྟེན་དུ་མཐོང་བའི་འཁྲུལ་པ་མེད་པའི་ཤེས་པའི་ཡུལ་ཉིད་མེད་པའི་ཕྱིར་རོ། །ཁྱེད་ཀྱི་ལྟ་བས་ཀྱང་རྒྱུ་མཚན་ནི་མེ་ཏོག་སྐྱེས་པའི་ནགས་བཞིན་དུ་དོན་གཅིག་ལ་འདུ་
བ་ནི་ཕྲེང་བ་ཆེན་པོ་ཞེས་བྱ་བ་འདི་ལ་མེད་པར་བསྟན་པ་ནི། དཔེར་ན་མེ་ཏོག་རྒྱས་པའི་ནགས་ཞེས་བྱ་བའོ། །ཕྲེང་བ་ཆེན་པོ་ཞེས་བྱ་བ་ནི་དངོས་ཁྱད་པར་མེད་པའི་ཤེས་པའི་གཟུང་བ་ཡིན་ཡང་རྒྱུ་མཚན་ཐ་དད་པ་མེད་པ་མེད་པའི་ཕྱིར་བཏགས་པ་པ་ཡིན་ནོ་ཞེས་ཁས་བླངས་པ་ནི་དངོས་སུ་བ་འདོད་པ་ལ་
ཡང་ཁྱད་པར་མེད་པར་བསྟན་པ་ནི། དངོས་སུ་མངོན་པར་འདོད་པ་ཡང་ཞེས་བྱའོ། །དངོས་སུ་བ་གང་ལ་རྒྱུ་གཞན་མ་ཡིན་པ་ཉིད་མཐོང་བ་ཡིན་ནོ་ཞེ་ན། ཚིག་དོན་སྒྲ་ཞེས་བྱ་བའོ། །རང་གི་ངོ་བོ་ཉིད་ཅེས་བྱ་བ་ནི་དངོས་པོའི་ཞེས་བྱ་བ་སྟེ། བསིལ་བའི་འོད་ཟེར་ཅན་ཆེན་པོ་ཞེས་བྱ་བ་ལ་སོགས་པ་
ཡང་དངོས་པོའི་ཁྱད་པར་གཞན་པ་ནི་ཆེན་པོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱུ་མཚན་གཞན་མེད་ཀྱང་གཙོ་བོ་དང་ཅིག་ཤོས་ཀྱི་དབྱེ་བ་ནི་གྲགས་པ་ཡོད་པ་དང་མེད་པ་ལས་སོ་ཞེས་བསྟན་པ་ནི། ཇི་ལྟར་གྲགས་ལས་གྲུབ་གང་ཡིན། །ཞེས་བྱ་བའོ། །གཞན་དུ་ན་དངོས་པོ་ལ་མེད་པའི་ཐ་སྙད་དངོས་

སུ་བར་འགྱུར་བར་བསྟན་པ་ནི། དངོས་ལའང་ཞེས་བྱ་བའོ། །དོན་ཡོད་པ་ཉིད་དམ་ཞེས་བྱ་བ་ནི་ཕ་རོལ་པོའི་འདོད་པ་ལའོ། །གཞན་དུ་ཡང་ཞེས་བྱ་བ་ནི་ཁོ་བོ་ཅག་འདོད་པ་འདི་ལའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གྲགས་པ་ལས་བཟློག་པ་ལ་སྟེ། ཡོད་པའི་
ཡུལ་ཅན་ལ་ནི་དངོས་ཡིན་ལ། མེད་པའི་ཡུལ་ཅན་ནི་དངོས་སུ་བ་མ་ཡིན་པའོ་ཞེས་བྱ་བའི་ཕྱོགས་ལའོ། །ཕྱིན་ཅི་ལོག་ཏུ་ཞེས་བྱ་བ་སྟེ། ཚིག་གི་དོན་གྱི་སྒྲ་ནི་བཏགས་པ་པ་ཡིན་ལ་དངོས་པོ་ལ་ཡང་མེད་པའི་སྒྲ་དངོས་སུ་བར་འགྱུར་བའོ། །མེད་པ་ལ་ཡང་གཙོ་བོ་མ་ཡིན་པར་འགྱུར་
བར་བསྟན་པ་ནི། རྒྱུ་མཚན་མེད་པར་ནི་མེད་པ་ལ་སྟེ་མེད་པའི་སྒྲ་ལ་ཉེ་བར་བཏགས་པའི་རྒྱུ་མཚན་དུ་འགྱུར་རོ། །གཞན་དུ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་གྲགས་པ་ལས་བཟློག་པ་ལ་སྟེ་གྲགས་པ་མེད་པ་ནི་གཞན་དུ་འགྱུར་ནའོ། །གྲགས་པ་ཡང་རྒྱུ་མཚན་གཞན་མེད་ཀྱང་བརྡ་ཙམ་ལས་
བྱུང་བ་ཡིན་ནོ་ཞེས་བསྟན་པ་ནི། གྲགས་པ་བརྡའི་རྗེས་འགྲོ་ཅན། །ཞེས་བྱ་བའོ། །བརྡ་ཡང་རྒྱུ་མཚན་གཞན་མེད་ཀྱང་རིག་བྱེད་ལ་སོགས་པའི་སྡེབ་སྦྱོར་གྱི་མིང་བཞིན་དུ་དང་། རང་བཞིན་དང་རྐྱེན་ལ་སོགས་པའི་སྒྲའི་ཆའི་མིང་བཞིན་དུ་འདོད་པ་ཙམ་ལས་བྱུང་བ་ཡིན་པར་བསྟན་པ་ནི།
དེ་ཡང་བརྗོད་འདོད་ཅེས་བྱ་བའོ། །མ་ཡིན་ནོ་ཞེས་བྱ་བ་ནི་རྒོལ་བ་ལ་ལན་བཏབ་པ་ཡིན་ནོ། །དཔེར་ན་སྡེབ་སྦྱོར་གྱི་ཡང་ཡིན་ལ་སྒྲའི་ཡིན་པས་སྡེབ་སྦྱོར་དང་སྒྲའིའོ། །དེ་ཉིད་ཀྱི་ཞེས་བྱ་བ་ནི་བརྡའི་སྟེ། གང་གི་ཕྱིར་མ་རྟོགས་པ་ལ་བརྡ་མེད་དོ། །རང་བཞིན་དང་རྐྱེན་ཉིད་ཀྱང་སྒྲའི་ཆས་སྤྱི་
གསལ་བར་བྱེད་པ་མ་ཡིན་ནམ་སྙམ་དུ་སེམས་པ་ལ། གསལ་བྱེད་རྣམ་པར་བྱེད་པ་མེད་ན་གསལ་བྱ་ཡང་རྣམ་པར་གཞག་པ་མེད་པར་བསྟན་པ་ནི། རང་བཞིན་ལ་སོགས་པ་དག་ནི་རྣམ་པར་གནས་པ་ཞེས་བྱ་བའོ། །འཁྲུལ་པ་མཐོང་བས་ཞེས་བྱ་བ་ནི་དེ་མེད་ཀྱང་ཡོད་པའི་ཕྱིར་རོ། །མ་ཧེ་
ལ་སོགས་པ་དང་མཚན་ཉིད་མི་མཐུན་པའི་ཁྲ་མོ་མཐོང་བ་དང་ལྡན་པའི་ཐུ་ཡུ་མཐོང་ན། དེའོ་ཞེས་པ་རྗེས་སུ་འཇུག་པའི་ཤེས་པ་ནི་བརྡ་མེད་ཀྱང་འབྱུང་བ་མ་ཡིན་ནམ། རིལ་པོ་མང་པོ་རྣམས་ཐག་རིང་པོར་མི་གསལ་བར་སྣང་བ་རྣམས་ལ་དེ་ལས་ལྷག་པ་རྣམས་ལ་གཞན་མ་ཡིན་དུ་ཟིན་ཀྱང་

སྐྲ་ཤད་མང་པོ་ལ་ལྟ་བུའི་སྙམ་དུ་སེམས་པ་ལ། ཐ་དད་ཀྱང་གང་དངོས་ཆོས་ཀྱི། །ཞེས་བྱ་བའོ། །ཕན་ཚུན་མཚན་ཉིད་མི་མཐུན་པ་ཉིད་ཀྱིས་དོན་དེ་དག་ཅེས་བྱ་བ་མང་པོའི་ཚིག་ཡིན་ཏེ། གཅིག་ཇི་ལྟ་བ་དེ་བཞིན་དུ་གཞན་ཡང་ངོ་ཞེས་ཤེས་པར་བྱ་བའི་དོན་ཏོ། །ཐ་དད་ཀྱང་ཞེས་བྱ་བ་ནི་
རྗེས་སུ་འཇུག་པའི་ངོ་བོ་མི་སྣང་བས་མེད་ཀྱང་ངོ་། །དེ་དག་ལ་ནི་སྐྱེད་པར་བྱེད་པ་དག་ལའོ། །དེ་ལྟར་ནི་ཐ་མི་དད་པས་སོ། །རྟོགས་པར་འགྱུར་བ་ནི་ངེས་པར་འགྱུར་བའོ། །དེ་བཞིན་ནི་ཁྲ་བོ་ལ་སོགས་པ་དེ་དག་གི་ཤེས་པ་གཞན་དང་མཚན་ཉིད་མི་མཐུན་པ་རྣམས་ནི་ཕན་ཚུན་མཚན་ཉིད་མི་
མཐུན་པ་མ་ཡིན་པ་རྣམས་སོ། །དེ་ལྟར་ངེས་པའི་རྒྱུ་མཚན་རྣམས་ནི་དེས་དེ་ལྟར་ངེས་པར་བྱེད་པ་ཡིན་ནོ། །གང་གི་ཕྱིར་གཞན་ལས་མཚན་ཉིད་མི་མཐུན་པའི་ངོ་བོའི་དོན་གྱིས་སྐྱེ་བཞིན་པ་དེ་ལ་དེ་ལྟར་ངེས་པར་བྱེད་པ་ཡིན་པ་དེའི་ཕྱིར། དེའི་འབྲས་བུ་མ་ཡིན་པ་གཞན་མཚན་ཉིད་མི་མཐུན་
པ་རྣམས་བྲལ་བ་སྟེ། ལྡོག་པའམ་ལྡོག་པར་བྱེད་པའི་ངོ་བོ་ཡིན་ལ་དེའི་རྗེས་སུ་འགྲོ་བ་ནི་དེའི་མངོན་སུམ་ཡིན་པའི་ཕྱིར་གཞན་མ་ཡིན་པ་ནི་སྤྱི་མ་ཡིན་པ་སྟེ་མངོན་སུམ་མ་ཡིན་པའི་ཕྱིར་རོ། །དེ་བསྟན་པ་ནི་དངོས་གཅིག་ཡོད་མ་ཡིན་ཏེ་མངོན་སུམ་པའི་དངོས་པོ་ནི་རྗེས་སུ་འགྲོ་བ་མ་
ཡིན་པའི་ཕྱིར་རོ། །དོན་ལ་བརྟེན་པ་ཞེས་བྱ་བ་ནི་བསྒོམ་པའི་ཁྱད་པར་གྱིས། བདེ་སོགས་དོན་གྱི་ངོ་བོ་མིན། །ཞེས་བྱ་བའི་རིགས་པས་སོ། །དེ་ཉིད་ཀྱང་ཞེས་བྱ་བ་ནི་སྡུག་བསྔལ་ཉིད་ཀྱང་ངོ་། །རང་བཞིན་གཉི་ག་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་གྱི་བདག་ཉིད་ཅན་ནོ། །གཉི་
གའི་བདག་ཉིད་ཀྱི་དོན་མ་མཐོང་བར་ངེས་པར་འཛིན་པར་བྱེད་པ་པོ་ནི་མ་ཡིན་ནོ་ཞེས་ཟེར་བ་ནི། ངེས་པར་བྱེད་པ་ཞེས་བྱ་བའོ། །རྟོག་པ་དུ་མ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་གྱི་བདག་ཉིད་ཅན་གྱི་དངོས་པོ་མ་མཐོང་བ་དང་དེས་བྱས་པའི་ངེས་པ་ཡང་ངོ་། །དེ་བསྟན་པ་ནི་བདེ་བ་ལ་སོགས་པ་ཞེས་
བྱ་བའོ། །བྱེད་པ་པོའི་ཕྱོགས་ལ་རྟོགས་པ་ཡང་བསྟན་པ་ནི། སྒྲུབ་པ་ཡིན་པར་རྟོགས་པ་ལ་ནི་ཞེས་བྱ་བའོ། །དེ་རྗེས་སུ་འགྲོ་བ་ཉིད་ཅེས་བྱ་བ་ནི་ཐ་མི་དད་པའི་མཆོག་ཏུ་འཛིན་པའི་རྗེས་སུ་འགྲོ་བ་ཉིད་ལས་སོ། །སྤྱིའི་དོན་ནི་དགོས་པའོ། །དེ་སྒྲུབ་པར་བྱེད་པ་ནི་ངེས་པའོ། །

སྤྱིའི་དངོས་པོ་ཁས་ལེན་པ་ཡིན་ན་འཛིན་པར་ངེས་པར་བྱེད་པ་པོའི་བག་ཆགས་ཁས་བླང་དགོས་སོ་ཞེས་བསྟན་པ་ནི་གང་གི་རྒྱུ་ཞེས་བྱ་བའོ། །བདེན་ཏེ། གཅིག་སྣང་ཅིག་ཤོས་རྟོགས་པ་ཁོ་ན་ཡིན་ནོ། །འདུ་བ་ལས་ཐ་མི་དད་པ་ལྟ་བུར་སྣང་བ་མ་ཡིན་ནོ་ཞེས་ཟེར་
བ་ནི་འདུ་བས་ཞེས་བྱ་བའོ། །འདུ་བས་འདྲེས་པའི་མ་ཡིན་ཏེ། མི་དམིགས་པའི་ཕྱིར་རོ་ཞེས་བསྟན་པ་ནི། མ་ཡིན་ཏེ་འཕྲོད་པ་འདུ་བ་ཡང་ཞེས་བྱ་བའོ། །རྟོགས་པར་གྱུར་པར་མི་ནུས་པ་ནི་གཉི་གའིའོ། །གཅིག་པོ་དེས་ལ་སོགས་པ་གང་དག་གི་འབྲས་བུ་ཡིན་པ་དེ་དག་གི་ངོ་བོ་ཡིན་
པ་སྟེ། རྟོགས་པ་ཡོད་པ་ཉིད་དོ་ཞེས་བྱ་བ་དེ་དག་ཙམ་ནི་ལན་ཡིན་ནོ། །དེའི་འབྲས་བུ་ཉིད་སྤྱིའི་ཡིན་ནོ་ཞེས་ཟེར་བ་ནི། སྤྱིའི་ཞེས་བྱ་བའོ། །གསལ་བྱ་རེ་རེ་ལ་ངེས་པ་ཅན་ནི་བ་ལང་ཉིད་བཞིན་དུ་སྤྱི་ཡིན་གྱི་དེའི་འབྲས་བུ་ཉིད་ནི་མ་ཡིན་ཏེ། རེ་རེ་ལ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་མ་ཡིན་ཏེ་བ་ལང་
ཉིད་དུ་ཞེས་བྱ་བའོ། །ཐ་དད་པ་མི་འཕྲིགས་པ་ལས་ཞེས་བྱ་བ་ནི་འཛིན་པ་དེས་ཁྱད་པར་མ་ངེས་པ་སྟེ། ཁྱད་པར་རྣམས་མངོན་སུམ་བཞིན་དུ་མི་འཛིན་པའི་ཕྱིར་རོ། །སྤྱི་ཡོད་པ་མ་ཡིན་པ་ནི་མི་དམིགས་པའོ། །རྣམ་པར་དཔྱད་ན་ཞེས་བྱ་བ་ནི་མངོན་སུམ་གྱི་བྱ་བ་ལ་ངེས་པར་རྟོགས་
པས་སོ། །ཁྲ་བོ་ལ་སོགས་པའི་དངོས་པོ་ཉིད་ལྡོག་པའི་བདག་ཉིད་དུ་རྟོགས་པ་ཡིན་ལ། དེས་ན་དེའི་རྣམ་པ་ཅན་དུ་བསྟན་པ་ནི། འདི་ལ་བ་ལང་ངོ་ཞེས་བྱ་བའོ། །སྣང་བའི་ཤེས་པས་ཡང་ཞེས་བྱ་བ་ནི། མངོན་སུམ་གྱིས་སོ། །དངོས་པོའི་རྣམ་པ་བག་ཆགས་ཀྱིས་བསྐྱེད་པ་ཡིན་
པའི་ཕྱོགས་ལ། གལ་ཏེ་ཤེས་པ་དེ་ཤེས་པ་ལ་སོགས་པ་རྒོལ་བ་ཡིན་གྱི་ཚུ་རོལ་གྱི་ཕྱོགས་ནི་མ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་དངོས་པོ་ལ་མི་སླུ་བའི་ཕྱིར་རོ། །དེའི་འབྲས་བུ་ཉིད་ནི་ནུས་པའམ་དེའི་འབྲས་བུ་མ་ཡིན་པ་རྣམ་པར་གཅོད་པ་ཡང་མངོན་སུམ་བཞིན་དུ་རྣམ་པར་རྟོག་པས་མི་
འཛིན་པ་མ་ཡིན་ནམ། རྣམ་པར་རྟོག་པའི་རྣམ་པ་ནི་མངོན་སུམ་གྱིས་གཟུང་བ་བཞིན་དུ་སྒྲའི་ཡུལ་ལ་མ་ཡིན་པ་ནི་བདེན་མོད་ཀྱི། འོན་ཀྱང་དེའི་གཟུང་བར་ཞེན་པར་བྱེད་པ་ཡིན་པར་བསྟན་པ་ནི། ཕྱི་རོལ་ནུས་པ་རྣམ་གཅོད་ལ། །ཞེས་བྱ་བའོ། །དེའི་མཐར་ཐུག་པ་རྣམས་ལ་ནི་ཕྱི་

རོལ་དུ་ལྷག་པར་ཞེན་པ་རྣམས་ལའོ། །ལྷག་པར་ཞེན་པས་གཞན་སེལ་བའི་ཡུལ་ལ་ཡིན་ཏེ། སྒྲ་ནི་གཞན་སེལ་བར་བྱེད་ཅིང་རང་གི་དོན་ལ་འཇུག་པ་དང་ལྡོག་པའི་ཡུལ་རྗོད་པར་བྱེད་པ་ཡིན་ཞེས་བསྟན་པ་ནི། ཕྱི་རོལ་གྱི་མཐར་ཐུག་པ་ཞེས་བྱ་བ་སྟེ། ཕྱི་རོལ་དུ་ལྷག་པར་ཞེན་པ་ཅན་ནི་
ཕྱི་རོལ་ལས་ཐ་མི་དད་པ་མ་ཡིན་པ་ནི་མངོན་སུམ་བཞིན་དུ་སྣང་བ་མེད་པས་སོ། །རྟོགས་པའི་བྱ་བར་ལྷག་པར་ཞེན་པར་བྱ་བའི་ཕྱི་རོལ་མི་སྣང་བ་མ་ཡིན་ནམ། བློའི་ངོ་བོ་ནི་མངོན་སུམ་བཞིན་དུ་སྣང་བ་ཡིན་ཡང་ཞེན་པར་བྱ་བ་ནི་མ་ཡིན་ནོ། །ཕྱི་རོལ་དང་ཤེས་པ་ལས་གཞན་པའི་བརྗོད་
བྱ་མེད་དོ་སྙམ་དུ་སེམས་པ་ནི། རྣམ་པར་རྟོག་པའི་གཟུང་བ་བློ་ལས་ཞེས་བྱ་བའོ། །འདི་ལ་བསྟན་པ་ནི་མ་ཡིན་ཏེ་ཐ་དད་པར་སྣང་བ་ཙམ་ནི་ཞེས་བྱ་བའོ། །དེའི་མཚན་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཐ་དད་པའི་ཕྱིར་དང་མཚན་ཉིད་ཀྱི་ཕྱིར་རོ། །ལྷག་པར་ཞེན་པར་བྱ་བ་ཉིད་ཀྱིས་སྣང་
བཞིན་པ་ཡིན་ཡང་ཕྱི་རོལ་ཉིད་རྒྱུ་མཚན་མེད་པའི་ཕྱིར་རབ་རིབ་ཅན་གྱིས་སྐྲ་ཤད་བཞིན་དུ་ནང་གི་བ་ཉིད་ཡིན་ཏེ། ཡུལ་རུང་ཅན་གྱིས་མི་ཤེས་པ། །རང་གིས་ཤེས་ཕྱིར་དེ་ཤེས་ཡིན། །ཞེས་བྱ་བའི་རིགས་པས་སོ་ཞེས་བྱ་བའི་དོན་ཏོ། །ཤེས་པའི་ངོ་བོ་ཉིད་འདི་ཁོ་ན་བསྟན་པ་ནི། ལྡོག་པ་
བཞིན་དུ་ཞེས་བྱ་བའོ། །དོན་གྱི་བདག་ཉིད་མིན་པ་ནི་ཞེས་བྱ་བ་ནི་དོན་དུ་གཉེར་བྱ་ཡིན་པའི་ཕྱིར་དོན་ཏེ་ཤེས་པ་ལས་གཞན་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་ཤེས་པའི་རྣམ་པ་ཁོ་ན་ཡིན་ཏེ། ཐུན་མོང་བ་མ་ཡིན་པའི་ཕྱིར་རོ། །ཕྱི་རོལ་གྱི་རང་གི་མཚན་ཉིད་དུ་མངོན་པར་ཞེན་པའི་ཡུལ་ཅན་
ཡིན་པའི་ཕྱིར་འཁྲུལ་པ་ཡིན་པ་ཅི་ལས་ཤེ་ན་བག་ཆགས་ལས་བྱུང་བ་ཡིན་ཞེས་བྱ་བའོ། །དེ་དང་དངོས་པོ་ནི་མ་ཡིན་གྱི་ཞེས་བྱ་བ་ནི་ཤེས་བྱའོ། །དངོས་པོ་མ་ཡིན་པ་ནི་ཤེས་བྱ་མ་ཡིན་པའོ། །དེ་ནི་ཞེས་བྱ་བ་ནི་ཞེན་པར་བྱ་བའི་ཤེས་བྱའམ་ཤེས་པའི་རྣམ་པའོ། །ཤིན་ཏུ་དོན་བྱེད་
པའི་ནུས་པའི་ཕྱི་རོལ་གྱི་འཇུག་པའི་ཡུལ་ལ་སྟེ་དོན་བྱེད་པའོ། །དེ་དོན་ཅན་ནི་དོན་བྱེད་པར་རྟོགས་པའི་དོན་ཅན་ནོ། །གཞན་སེལ་བ་ཞེན་བཞིན་པ་ནི་དོན་བྱེད་པ་ཁོ་ན་ལ་ཡིན་པའི་ཕྱིར། ཤེས་པའི་རྣམ་པ་ལ་ཤེས་བྱར་བརྗོད་པའི་སྐྱོན་མེད་པར་བསྟན་པ་ནི། སྒྲས་དོན་ཆ་ནི་ཞེས་བྱ་བའོ། །

ལྷག་པར་ཞེན་པར་བྱ་བའི་གཞན་སེལ་བ་ནི་ཁྲ་བོ་ལ་སོགས་པ་ལ་རྗེས་སུ་འགྲོ་བ་ཅན་ཡིན་གྱི། ཤེས་པའི་རྣམ་པའམ་ཤེས་བྱ་དོན་བྱེད་པ་ནི་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། རྗེས་འགྲོ་ཅན་སྒྲ་ཞེས་བྱ་བའོ། །བློ་ལས་ཐ་དད་
མེད་ཕྱིར་རོ། །ཞེས་བྱ་བ་ནི་བློ་བཞིན་དུ་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དོན་ཐ་མི་དད་དུ་ཅིས་མི་འགྱུར་ཞེ་ན། མཐོང་བ་གོམས་པས་ཞེས་བྱ་བ་སྨོས་སོ། །དེའི་ཕྱིར་དངོས་ནི་ཞེས་བྱ་བ་ནི་ཤེས་བྱ་སྟེ་ནང་མ་ཡིན་ཞིང་ཕྱི་རོལ་དུ་ཡང་བརྗོད་པར་བྱ་བ་མ་ཡིན་ནོ། །གལ་
ཏེ་ཤེས་པའི་རྣམ་པ་ལས་བྱུང་བའི་སྒྲོ་འདོགས་པ་ནི་ཤེས་པ་ཡིན་གྱི། དོན་གྱི་ནི་མ་ཡིན་ན་དེའི་དོན་ལ་མཐར་ཐུག་པ་ཉིད་ཡིན་པ་དེ་ལ་མཐར་ཐུག་པར་བརྗོད་པ་ཇི་ལྟར་ཡིན་ཞེས་ཟེར་བ་ལ། དེ་དངོས་ཏེ་ཤེས་པའི་རྣམ་པའི་དོན་ཏོ། །སྒྲོ་བཏགས་པ་ནི་མངོན་པར་ཞེན་པ་ཡིན་ལ་དེ་རྟོགས་པས་ཏེ།
རྣམ་པ་གཞན་ལས་བཟློག་པ་ནི་དོན་བྱེད་པའོ། །རྟོགས་བྱེད་ནི་དོན་ཕྱིར་ཞེས་བྱ་བས་དོན་བྱེད་པ་ཉིད་སྒྲའི་དོན་དུ་བརྗོད་དོ། །འགྲེལ་པ་ཡང་དེ་ལྟ་བུའི་ཚུལ་དུ་བཤད་པར་བྱའོ། །གལ་ཏེ་སྤྱིའི་དངོས་པོ་ངེས་པར་བྱ་བར་ཅིས་མི་འགྱུར་ཞེས་ཟེར་བ་ལ་ཤེས་པ་སྒྲ་ཡིས་ཞེས་བྱ་བ་སྟེ་འབྲེལ་པ་མེད་པར་
གནས་པའི་སྤྱིའི་འཛིན་པ་ཡིན་ན། ཀ་བ་འཛིན་པ་བཞིན་དུ་རྟོགས་པ་ཅན་མ་ཡིན་པ་དང་། བརྫུན་པ་མ་ཡིན་པ་ཡང་སྒྲ་ལས་བྱུང་བར་འགྱུར་བ་དང་། དོན་བྱེད་པའི་ཁྱད་པར་ཉིད་ཀྱིས་ཀྱང་སྤྱི་འཛིན་པ་ཡིན་ན་བརྫུན་པའི་རྣམ་པར་རྟོག་པ་ཡང་འགྱུར་རོ། །ཉིད་ཀྱི་སྒྲ་ནི་ངེས་པའི་དོན་ཏོ། །
ཁ་ཅིག་ན་རེ་དེའི་ཕྱིར་འདིས་རྣམ་པ་བཞིན་དུ་སྤྱི་ཁས་བླངས་ཀྱང་དོན་བྱེད་པར་སྒྲོ་བཏགས་པའི་ངོ་བོ་ཉིད་ཀྱིས་གཞན་སེལ་བའི་ཡུལ་ཅན་ཁོ་ནར་བརྗོད་པ་ཡིན་ལ། ཉིད་ཀྱི་སྒྲས་སྔ་མའི་གཞན་སེལ་བའི་ཡུལ་ཉིད་ལ་སོགས་པར་སྣང་བ་ཉིད་དུ་རྟོགས་པར་བྱེད་པ་ཡིན་ནོ་ཟེར་རོ། །འདི་ལ་ལོག་
པར་སྣང་བ་ཉིད་ཁོ་ན་ལས་གཞན་སེལ་བའི་ཡུལ་ཉིད་ཡིན་གྱི་རྣམ་པར་རྟོག་པའི་དོན་ནི་མེད་དོ། །དངོས་པོའི་ཡུལ་ཅན་ཉིད་མ་ཡིན་པ་ནི་སྤྱིའི་ཡུལ་ཅན་ཉིད་མ་ཡིན་པའོ། །དངོས་པོའི་རྣམ་པ་ལྟར་ཞེས་བྱ་བ་ནི་སྤྱི་ཙམ་གྱི་མཐར་ཐུག་པ་ཉིད་མ་ཡིན་གྱི་དེའི་རྣམ་པ་ལ་ནི་མ་ཡིན་ནོ། །དེ་ལྟར་

སྣང་བ་མེད་པ་ཁོ་ན་གནོད་པ་བྱེད་པ་ཡོད་པ་ཡིན་ནོ། །ཅིག་ཤོས་ནི་ཞེས་བྱ་བ་ནི་སྤྱི་ཙམ་གྱི་མཐར་ཐུག་པ་ཉིད་ཀྱི་དེའོ། །དེ་དངོས་སྒྲོ་བཏགས་རྟོགས་པ་ཡིས། །ཞེས་བྱ་བས་རྣམ་པར་རྟོག་པའི་ངོ་བོ་དོན་བྱེད་པ་གཞན་ལས་ལོག་པའི་བདག་ཉིད་དུ་སྦྱོར་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཡང་
ན་རྣམ་པར་རྟོག་པའི་གཟུགས་བརྙན་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་ངོ་བོའི་གཞན་སེལ་བ་ནི་དོན་བྱེད་པ་ལ་སྒྲོ་བཏགས་པ་ཡིན་ནོ་ཞེས་རྟོགས་པའི་དོན་ཅན་ཉིད་དོ། །གལ་ཏེ་རང་གི་ངོ་བོས་ཞེས་བྱ་བ་ལ་སོགས་པས་གནས་སྐབས་ཁོ་ན་ལ་ཡོངས་སུ་དཔྱོད་པར་བྱེད་དོ། །རང་གི་འདོད་པས་ཞེན་པར་
བསྟན་པ་ནི། དེའི་ཐ་སྙད་ཀྱི་ཡུལ་ཉིད་དུ་རྣམ་པར་འཇོག་པའོ་ཞེས་བྱ་བའོ། །གཞན་གྱི་མིང་གཞན་དུ་ཐ་སྙད་བྱེད་པ་ནི་རིགས་འཁྲུལ་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་ཉ་ཕྱིས་ལའོ། །རང་བཞིན་གཞན་དུ་དངུལ་དུ་སྒྲོ་བཏགས་པའོ་ཞེས་བྱ་སྟེ་ཕ་རོལ་པོའི་འདོད་པའོ། །ཤེས་པ་གཞན་ཡིན་
པའི་ཕྱིར་རོ་ཞེས་བྱ་བའི་དོན་ནི་གཞན་གྱི་ཤེས་པ་ཡིན་པའི་ཕྱིར་རོ། །དེས་ཞེས་བྱ་བ་ནི་ཤེས་པ་གཞན་གྱིས་སོ། །དེའི་རང་བཞིན་ཞེས་བྱ་བ་ནི་ལྷག་པར་སྒྲོ་བཏགས་བཞིན་པའི་དངུལ་ལ་སོགས་པའོ། །དེ་ལྟའོ་ཞེ་ན་ཞེས་བྱ་བའི་ཡོད་དོ་ཞེ་ན་ཞེས་བྱ་བའོ། །གང་ལ་ཞེས་བྱ་བ་ནི་ཉ་ཕྱིས་ལ་སོགས་པ་ལའོ། །
དེ་ལ་ཞེས་བྱ་བ་ནི་ཉ་ཕྱིས་ལའོ། །དེ་ཞེས་བྱ་བ་ནི་དངུལ་ལོ། །གཞན་གྱིས་ཞེས་བྱ་བ་ནི་སྐྱེས་པ་གཞན་གྱིས་སོ། །ཉ་ཕྱིས་རིག་པ་ནི་ཡུལ་མ་ཡིན་པའི་ཕྱིར་ཏེ། མི་སྣང་བའི་ཕྱིར་ཉ་ཕྱིས་ལ་དངུལ་གྱི་ཤེས་པ་ཡང་དབང་པོ་ལས་སྐྱེས་པར་ཁས་ལེན་པ་ལ་གཞན་སྨྲ་བ་ནི། དབང་པོ་ཉམས་པ་ལས་ཞེས་བྱ་
བའོ། །དེའི་ནི་དངུལ་གྱིས་ཏེ་དེའི་ཚེ་ཉིད་ཡོད་པའོ། །ཐོབ་པར་བྱ་བ་མེད་པའི་ཕྱིར་ཐ་སྙད་མི་བྱེད་དོ་ཞེས་ཟེར་བ་ནི། འོན་ཏེ་ཐོབ་པར་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་ཤེས་པའི་རྣམ་པ་ལ་ཕྱི་རོལ་གྱི་ཐ་སྙད་དུ་བྱེད་པའི་ཕྱིར་རོ། །དེའི་ནང་འདི་ལྟར་ཐ་སྙད་ཀྱི་དུས་སུ་སྒྲ་ལས་དོན་གྱི་ཁྱད་པར་གྱི་གཞན་
སེལ་བ་རྟོགས་པའི་ཕྱིར་བརྡ་ཡང་དེའི་དོན་གྱི་ཁྱད་པར་གྱི་བདག་ཉིད་ཁོ་ན་ལ་ཡང་སྒྲའི་བྱས་པ་ཡིན་ནོ་ཞེས་ཤེས་པ་ཡིན་པར་བསྟན་པ་ནི། དེའི་ཕྱིར་ཐ་སྙད་ཀྱི་དུས་ན་གཞན་སེལ་བའི་བདག་ཉིད་ཀྱི་ཁྱད་པར་རྟོགས་པའི་ཕྱིར་བསྟན་པའི་དོན་ཏོ། །རང་གི་མཚན་ཉིད་ཀྱིས་ཐ་སྙད་ཀྱི་དུས་རང་ཉིད་དེ། བདག་

ཉིད་ཀྱིས་རྟོགས་པའི་འབྲས་བུ་དོན་གྱི་ཁྱད་པར་གང་གི་ཡིན་པ་དེ་ནི་ཚིག་གི་དོན་དང་གཞན་རང་གི་སྒྲས་བརྗོད་པ་ཡིན་ལ། དེའི་ཕྱིར་འདི་ལྟ་བུའི་འཇུག་པའི་ཡུལ་དང་དེའི་བདག་ཉིད་ཀྱིས་བསྡུས་པའི་གཞན་སེལ་བའི་བདག་ཉིད་ཀྱི་དོན་བྱེད་པའི་ཁྱད་པར་ནི་
བརྗོད་བྱ་ཉིད་ཀྱི་སྒྲས་འབྲེལ་པར་བྱེད་པ་ཡིན་གྱི་སྤྱི་མ་ཡིན། སྤྱི་མ་ཡིན་ཞིང་ཤེས་པའི་དོན་ཡང་མ་ཡིན་ཞེས་བྱ་བའི་དོན་ཏོ། །འབྲེལ་པ་བྱེད་པ་པོའི་རང་གི་འདོད་པ་ནི། བརྡ་ནི་དོན་རྟོགས་དོན་ཡིན་པར། །ཞེས་བྱ་བ་ལ་སོགས་པའོ། །གཉི་ག་ཡིས་ཀྱང་ཞེས་བྱ་བ་ནི་སྨྲ་བ་པོ་
དང་ཉན་པ་པོ་དག་གིས་སོ། །གཟུགས་བརྙན་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་རྣམ་པ་སྟེ། མཚུངས་པ་ཉིད་ཀྱིས་ཁྱབ་པ་ཅན་གྱི་བརྡ་བསྟན་པ་ཡིན་ནོ། །ཤིན་ཏུ་མཐོང་བ་གོམས་པ་ཞེས་བྱ་བ་ནི་བརྟགས་པ་ནང་ཁྱད་པར་དག་ལ་ཐ་མི་དད་པར་ཞེན་པའོ། །གོམས་པ་ལ་ཡིན་
པ་ལ་ནི་ཉེ་བ་ཙམ་མདུན་དུ་བྱས་པ་ཡིན་ཏེ། མི་ཤེས་པའི་ཕྱིར་རོ་ཞེས་བསྟན་པ་ནི། རྟོག་པ་མངོན་དུ་གཏོང་བ་ཅན་མ་ཡིན་པའི་ཕྱིར་ཡང་ཞེས་བྱ་བ་ནི། བཟློག་པས་ནི་ཞེས་བྱ་བ་ནི་རྟོགས་པ་དང་ལྡན་པ་ཉིད་ཡིན་ནའོ། །གཟུགས་བརྙན་དུ་རྟོགས་པ་ནི་བསྟན་པའི་དོན་གང་ཡིན་པའི་བརྡའི་
ཡུལ་གྱི་ཁྱབ་པ་རྟོགས་པ་ཡིན་ནོ། །ཐ་སྙད་ལས་བརྡ་རྟོགས་པའི་ཁྱབ་པ་བསྟན་པ་ནི། འདི་ཁྱེར་ལ་ཤོག་ཤིག་ཅེས་བྱ་བའོ། །ཡང་ན་བསྟན་པ་ནི་ཞེས་བྱ་བ་ནི་འགྲེལ་པ་བྱེད་པའི་འདོད་པ་བསྟན་པ་ནི་བརྗོད་པའོ། །དེའི་སྟེ་གཟུགས་བརྙན་གྱིའོ། །རང་གི་ནི་གཞན་སེལ་བའི་སྟེ།
རྟོགས་པ་ནི་རང་གི་རྟོགས་པ་ཡིན་ལ་དེ་གང་གི་འབྲས་བུ་ཡིན་པ་དེ་སྟེ་གཟུགས་ཀྱིས་སོ། །འདི་ལས་ཀྱང་བརྡ་ནི་རང་གི་མཚན་ཉིད་ལ་མ་ཡིན་ཞིང་། གཟུགས་ལ་ཡང་མ་ཡིན་པར་བསྟན་པ་ནི། གཞན་དུ་མ་མཐོང་ལ་ལྟོས་དང་། །ཞེས་བྱ་བ་སྟེ། དེ་ལ་སྦྱོར་བ་མང་བ་སྟེ། ཁྲ་བོ་ལ་
སོགས་པ་དེ་ལ་སྦྱོར་བ་མང་བ་ཉིད་ཀྱིས་གཞན་ལ་སྦྱོར་བ་མེད་པར་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །ལ་ལར་དེ་མཐོང་ལ་ལྟོས་ཕྱིར། །ཞེས་བྱ་བ་ནི་ཁྱད་པར་རྗོད་པར་བྱེད་པ་ནི་ཁྱད་པར་ཐམས་ཅད་ལ་མཐོང་བ་བརྡར་བྱེད་ཀྱི་ཁ་ཅིག་ཁོ་ནར་ནི་མ་ཡིན་ཏེ། དེའི་ཁྱད་པར་ཐམས་ཅད་ལ་མཐོང་

ནའོ་ཞེས་བརྗོད་དོ། །ཡང་ཁྱད་པར་རྗོད་བྱེད་ལ་ལ་ཁོ་ན་ལ་འགྱུར་ཏེ། །ལ་ལར་དེ་མཐོང་བ་ལ་ལྟོས་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ཁོ་ན་ཡང་ན། ལ་ལར་དེ་མཐོང་ལ་ལྟོས་ཕྱིར། ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བའོ། །འདི་ནི་སྤྱིའི་
དངོས་པོ་བརྗོད་པར་བྱ་བ་ཡིན་པར་བསྒྲུབ་པའི་མངོན་སུམ་ལ་འཐད་པ་མ་ཡིན་ནམ། དེའི་ཉེ་བར་བསྟན་པ་ཁོ་ནས་འགྲུབ་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ནི་དངོས་ལ་མི་རུང་ངོ་། །ཞེས་བྱ་བའོ། །ཐམས་ཅད་ལ་ནི་གསལ་བའོ། །མཐོང་བ་ནི་བརྡའི་ཡུལ་ཤེས་པ་སྟེ། དེར་
ཐལ་བར་འགྱུར་བ་སྟེ། མཐོང་བ་ཙམ་ལ་ལྟོས་པར་འགྱུར་གྱི། གཞན་དུ་མ་མཐོང་བ་ལ་མ་ཡིན་ནོ། །གཞན་དུ་མ་མཐོང་བ་ལ་ལྟོས་པ་ཡིན་ན་སྤྱི་ཉིད་བརྗོད་བྱའོ་ཞེས་རྟོགས་པར་མི་འགྱུར་བར་བསྟན་པ་ནི། སྤྱི་ལྡོག་པ་དང་བཅས་པར་ཞེས་བྱ་བའོ། །བརྗོད་བྱ་མ་ཡིན་པའི་ཐུན་མོང་
མ་ཡིན་པ་ཡིན་ནམ། ཇི་ལྟར་གཞན་སེལ་བའི་རྟེན་ཡིན་ཞེས་ཟེར་བ་ནི། གསལ་ཉིད་ནི་ཞེས་བྱ་བའོ། །སྤྱི་ནི་སྒྲོ་བཏགས་པ་ཉིད་ཡིན་གྱི་དེ་སྒྲུབ་པ་མ་ཡིན་པར་བསྟན་པ་ནི། གསལ་བ་མེད་པར་ཞེས་བྱ་བའོ། །ཁྲ་བོ་ཉིད་ལ་སོགས་པའི་སྤྱི་ཉིད་དེའི་རྟེན་ཉིད་ཀྱིས་རྟོགས་པར་འགྱུར་བ་
ཡིན་གྱི། གསལ་བ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། དེ་ནི་མ་ཡིན་ཏེ་ཁྲ་བོ་ལ་སོགས་པ་རྣམས་ཀྱི་ཞེས་བྱ་བའོ། །ཁྱད་པར་གང་ཡང་རུང་བ་ནི་གསལ་བ་ཉིད་ཀྱིའོ། །མཚན་ཉིད་དུ་གྱུར་པ་ཞེས་བྱ་བ་ནི་འདིས་མཚོན་པར་བྱེད་པས་བྱེད་པ་དང་བཅས་པས་སོ། །དངོས་པོ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་དོན་བྱེད་པ་དང་
བྲལ་བའི་ཕྱིར་རོ། །སྤྱི་དང་ཕྱི་རོལ་མ་ཡིན་པར་བསྟན་པ་ནི། གལ་ཏེ་སྤྱིའམ་ཞེས་བྱ་བའོ། །གཞན་ལ་ལྡོག་པ་ཡང་དོན་བྱེད་པ་ཁོ་ན་སྒྲའི་ཡུལ་མ་ཡིན་ནམ། དེའི་ཕྱིར་སླུ་བར་མི་འགྱུར་རོ་ཞེས་ཟེར་བ་ལ། རྟོགས་པ་ལ་ནི་སླུ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་སྟེ་རྣམ་པར་རྟོག་པའི་གཟུགས་བརྙན་མཐོང་ནས་
དེ་ལས་གཞན་པ་སྒྲོ་བཏགས་པའི་དངོས་པོ་ལེན་པའི་ཕྱིར་སླུ་བ་ཡིན་ནོ། །གཞན་ཞེས་བྱ་བ་ནི་གཞན་ལས་ལོག་པའི་བདག་ཉིད་དུ་སྒྲོ་བཏགས་པའི་དངོས་པོ་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་སླུ་བ་ལས་མ་ཡིན་པའོ། །ཡང་ན་གཞན་དུ་ཞེས་བྱ་བ་ལ་སོགས་པ་ནི་གཞན་ལས་ལོག་པ་ལ་སྒྲ་ནི་

སླུ་བ་ཅན་མ་ཡིན་ཏེ། རེ་ཞིག་དེ་ནི་ཞེས་བྱ་བས་བསྟན་པ་ཡིན་ནོ། །གང་ལ་ཞེས་བྱ་བ་ནི་ཁྱད་པར་ལའོ། །དེ་འདི་ལྟར་གཞན་ལས་ལོག་པས་ཚིག་རྣམས་སླུ་བ་ཡིན་པར་བསྟན་ནས་ངག་གི་བསྟན་པ་ནི་དངོས་པོ་འདི་འོན་ཅིག་ཅེས་བྱ་བ་སྟེ། བྱེད་པ་ནན་ཏན་དུ་
བྱ་བའི་ཕྱིར་དེའི་ཡན་ལག་ཉིད་ཀྱིས་ཚིག་གི་དོན་རྣམས་དེ་དང་ལྡན་པ་ཡིན་གྱི་རང་དབང་བ་དག་གི་དོན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་གྱིས་གོ་བ་དང་ཞེས་བྱ་བ་ནི་འོན་ཅིག་ཅེས་བྱ་བ་ལས་གཞན་དུ་མི་འཐད་པས་སོ། །རྗེས་སུ་འགྲོ་བ་མེད་ན་རྟོགས་པ་མེད་པར་བསྟན་པ་ནི། དེ་ལྟ་
ན་ཡང་ཞེས་བྱ་བའོ། །འདིའི་མིང་འདི་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་གྱིའོ། །ཐམས་ཅད་ཀྱི་ཚེ་ཞེས་བྱ་བ་ནི་བརྡའི་ཡུལ་ཁྲ་བོ་ནི་ཐུ་ཡུའི་སྦྱོར་བ་ལ་མེད་པའི་ཕྱིར་རོ། །འདི་ལ་ཞེས་བྱ་བ་ནི་ཁྲ་བོ་ལའོ། །གཞན་ལ་ཞེས་བྱ་བ་ནི་ཐུ་ཡུལ་སྟེ་རྟ་ངང་པ་ལ་སོགས་པ་བཞིན་ནོ། །བརྡ་
མེད་པས་ཐ་སྙད་མེད་དོ་ཞེས་བྱ་བར་ཐལ་བར་འགྱུར་བ་ཞིག་ན་ཐ་སྙད་ནི་ཡོད་པ་ཡིན་ནོ། །དེའི་ཕྱིར་གཞན་ལས་ལྡོག་པའི་སྒྲའི་དོན་ཡིན་ནོ། །དེ་ལས་བཟློག་པ་བསྟན་པ་ནི་གཞན་སེལ་བའི་ཡུལ་ཅན་ཞེས་བྱ་བའོ། །རྣམ་པར་རྟོག་པ་ཐམས་ཅད་གཞན་སེལ་བའི་ཡུལ་ཅན་མ་ཡིན་ཏེ།
དངོས་པོ་ལ་སླུ་བས་སྒྲ་ལས་བྱུང་བ་ཉིད་སླུ་བ་ཡིན་ལ་རྟགས་ཅན་ནི་མ་ཡིན་ནམ་ཞེས་དངོས་པོ་ལ་མི་སླུ་བའི་ཕྱིར་རོ་སྙམ་དུ་སེམས་པ་ནི། ཇི་སྟེ་གང་དུ་ཞེས་བྱ་བའོ། རྗེས་སུ་དཔག་པ་ལ་ཡང་དངོས་པོའི་ཁྱད་པར་ཉིད་ཀྱིས་འབྲེལ་པ་མེད་པའི་ཕྱིར་སླུ་བ་ཁོ་ན་ཡིན་པར་བསྟན་པ་ནི། མ་ཡིན་ཏེ་དེར་
ཡང་ཞེས་བྱ་བའོ། །མེ་ངེས་པར་ཡོད་པ་མ་ཡིན་ནམ་ཞེས་བྱ་བ་ནི་རྒྱུ་ཡིན་ཏེ་ཁྱད་པར་མ་ཡིན་པ་རྒྱུ་མ་ཡིན་པའི་ཕྱིར་རོ། །གསལ་བ་དེ་ལ་ཡང་ངེས་པ་མེད་པ་ཁོ་ན་ཡིན་པར་བསྟན་པ་ནི། མ་ཡིན་ཏེ་མེ་ནི་རེག་པའི་ཁྱད་པར་ཞེས་བྱ་བའོ། །ཁྱད་པར་གྱི་རིམ་པ་ཞེས་བྱ་བ་ནི་ཁྱད་པར་
ཉིད་ཀྱིའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ཕྱོགས་སྔ་མ་དགག་པའོ། །དེར་ཡང་ཞེས་བྱ་བ་ནི་འབྲས་བུའི་གཏན་ཚིགས་ལ་ཡང་ངོ་། །རིགས་ལ་སོགས་པ་ཡང་ཡིན་ལ་དེ་དང་ལྡན་པ་ཡང་ཡིན་པའོ། །དེས་ན་ཞེས་བྱ་བ་ནི་གཞན་ལས་ལྡོག་པ་ཉིད་ལ་ཞེས་བྱ་བ་དང་སྦྱར་རོ། །གཞན་

མཐོང་བས་ཞེས་བྱ་བ་ནི་གཞན་གྱིས་རྟོགས་པས་སོ། །དེའི་ཕྱིར་རྟོག་པ་མེད་པ་ཉིད་ཀྱང་ཞེས་བྱ་བ་ནི་དེ་ལྟ་བུའི་ངོ་བོའི་ཕྲད་པའོ། །དེ་ཉིད་ལ་ཞེས་བྱ་བ་དེའི་ངོ་བོར་སྣང་བ་ཉིད་དུ་བསྟན་པ་ཡིན་ཏེ། རྟོག་པའི་རྟགས་ལ་ལྟོས་པའི་ཕྱིར་རོ། །གཉི་གའི་ལས་སྐྱེས་པ་ནི་སྟོབས་འགྱེད་པ་
གཉིས་ལའོ། །གང་ཡང་རུང་བའི་ལས་ལས་སྐྱེས་པ་ནི་མཐོ་ཡོར་དང་ཁྲ་དག་ལའོ། །ཕྲད་པ་ལས་སྐྱེས་པ་ནི་རྒྱུ་ནམ་མཁའི་ཕྲད་པ་ལས་སྐྱེས་པ་སྟེ་འབྲས་བུའི་ནམ་མཁའི་ཕྲད་པའོ། །དེ་ལྟར་གྱུར་པ་ཞེས་བྱ་བ་ནི་བར་མཚམས་མེད་པའོ། །དེ་ཉིད་ཅེས་བྱ་བ་ནི་བར་མཚམས་དང་
བཅས་པའི་སྔ་མའོ། །ཕྲད་པ་ཞེས་བྱ་བ་ནི་བར་མཚམས་མེད་པར་མཐོང་བར་འགྱུར་བའོ་ཞེས་ནི་དེ་ལྟ་བུའི་རྣམ་པར་རྟོག་པའོ། །དེ་ལས་ཞེས་བྱ་བ་ནི་བར་མཚམས་མེད་པའི་གནས་སྐབས་ལས་སོ། །འདི་ལ་བསྟན་པ་ནི། སྔ་མ་དང་ཞེས་བྱ་བ་སྟེ་བར་མཚམས་དང་བཅས་པ་ཉིད་
བར་མཚམས་མེད་པ་ཞེས་བྱ་བར་ནི་མངོན་སུམ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཅིག་གིས་ཞེས་བྱ་བ་ནི་འདི་དག་ལས་གཅིག་གིས་སོ། །བྱ་བ་འདིའི་དགོས་པ་ཡིན་ནོ། །བར་མཚམས་མེད་པར་འབྱུང་བ་ཡིན་དུ་ཟིན་ཀྱང་གཞན་དུ་མི་ལྟོས་པ་ལ་ལྟོས་པའི་ཕྱིར། གཞན་སེལ་
བའི་ཡུལ་ཅན་ཡིན་ལ་ཁྱད་པར་ཉིད་ལ་བརྡ་ཡིན་ནོ། །གཅིག་ཏུ་ངེས་པ་མེད་པ་ཉིད་ཀྱིས་དེའི་ཡུལ་ཅན་མ་ཡིན་པ་དེའི་ཕྱིར། བརྡའི་སྔ་རོལ་ན་སྒྲ་མེད་ཀྱང་དོན་མཐོང་བ་ཡིན་ཡང་དེ་དྲན་པ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། བརྡ་ཕྲད་པའི་རྒྱུ་ཅན་གྱི་ཞེས་བྱ་བ་སྟེ་དེ་མེད་ན་སྔར་
བྱུང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འགྲེལ་པར་ནི་དྲན་པ་ཡོད་ན་འགྱུར་རོ་ཞེས་བྱ་བ་འདིས་མཐོང་བ་ལས་ཕྱི་མ་ཡང་རྟོག་པ་མེད་པར་སྨྲ་བ་ཡིན་ནོ། །དེའི་རྗེས་སུ་འབྲང་བ་ནི་དབང་པོའི་རྗེས་སུ་འབྲང་བའོ། །དེ་ལས་གཞན་པའི་རྗེས་སུ་འབྲང་བ་ནི་ཤེས་པ་སྔ་མའི་རྗེས་སུ་འབྲང་བའོ། །
དེའི་རྗེས་སུ་འབྲང་བ་ཡིན་ཞེས་བྱ་བ་ནི་དབང་པོའི་རྗེས་སུ་འབྲང་བའོ། །མངོན་སུམ་པའི་དང་པོ་ལ་གང་ཡིན་ཞེས་བྱ་བ་ནི་སྔ་མ་དང་ལྷན་ཅིག་པ་ཉིད་དོ། །དེའི་ཞེས་བྱ་བ་ནི་སྔ་མའིའོ། །འདི་དང་ཞེས་བྱ་བ་ནི་སྣང་བཞིན་པ་དང་ངོ་། །འདི་དེ་དང་ཞེས་བྱ་བ་ནི་སྔ་མ་དང་ངོ་། །འདི་ཞེས་བྱ་

བ་ནི་སྣང་བཞིན་པའོ། །དེ་དང་ལྡན་པ་ཞེས་བྱ་བ་ནི་གཅིག་དང་ལྡན་པའོ། །རང་བརྒྱུད་པ་ཞེས་བྱ་བ་ནི་གཅིག་པའོ། །གཞན་དུ་འཛིན་པ་ཞེས་བྱ་བ་ནི་དེ་དང་ལྡན་ལ་བརྟེན་པ་ཉིད་ཀྱིས་འཛིན་པ་ཡིན་ནའོ། །བརྡའི་སྔ་རོལ་གྱི་དེ་དྲན་པའི་བདག་
ཉིད་ཀྱི་རྣམ་པར་རྟོག་པ་ནི་དེ་མེད་པ་མི་འབྱུང་བ་ཡིན་གྱི་ཕྱིས་འབྱུང་བ་ནི་དེ་ལས་བྱུང་བའི་ཕྱིར་རྣམ་པར་རྟོག་པ་ཅན་ཁོ་ནར་འགྱུར་རོ་སྙམ་དུ་སེམས་པ་ལ། དེའི་ཚེ་ན་ཡང་རྣམ་པར་རྟོག་པ་གཞན་ཡོད་ཀྱང་བྱུང་བ་ནི་རྣམ་པར་རྟོག་པ་མེད་པའི་དོན་མཐོང་བ་ནི། རྣམ་པར་རྟོག་པ་ཅན་ཉིད་
དང་འགལ་བས་ཅིག་ཅར་མི་རིགས་པར་བསྟན་པ་ནི། གཞན་པ་ནི་སྣང་བཞིན་པ་ནི་སྣང་བཞིན་པ་ལ་འཇུག་པའི་སེམས་ཀྱི་རྣམ་རྟོག་གང་གི་ཡིན་པ་དེ་ཡང་འགལ་བའི་རྣམ་རྟོག་མངོན་དུ་བྱེད་ན། རྟ་ལ་རྟོག་པར་བྱེད་པ་ན་ཡང་བ་ལང་མཐོང་བ་ཡིན་ནོ། །དེ་ཡང་འདི་ཡིན་ལ་
བརྡའི་དུས་སུ་འབྱུང་བའི་སྒྲ་ནི་དེའི་བརྡ་ཡིན་ལ། དེ་མི་འཛིན་པ་ནི་དེ་ལ་རྣམ་པར་རྟོག་པ་གཞན་མངོན་དུ་ཕྱོགས་པ་ཡོད་པ་ན་གསལ་བ་ཁོ་ན་ཡིན་ནོ། །དེ་འཛིན་པ་ལས་བྱུང་བ་ནི། དེས་བསྐྱེད་པའི་རྟོག་པ་ཡིན་ལ་དེ་མེད་ན་མི་འབྱུང་བ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་བཞིན་པ་
ཉིད་ན་ཞེས་བྱ་བ་ནི་རྣམ་པར་རྟོག་པ་གཞན་མངོན་དུ་ཕྱོགས་པ་ཡོད་ནའོ། །དེར་ཡང་དབང་པོ་ལ་ལྷན་ཅིག་བྱེད་པ་དྲན་པ་མེད་པར་བསྟན་པ་ནི། གང་ཞིག་གང་གི་ཞེས་བྱ་བའོ། །གལ་ཏེ་དབང་པོའི་བསྐྱེད་པའི་འབྲས་བུ་ཙམ་རྟོག་པ་མེད་པ་ཡིན་ན། དེ་དྲན་པའི་ལྷན་ཅིག་བྱེད་པ་ཡོད་ན་
ཡང་རྣམ་པར་རྟོག་པའི་བདག་ཉིད་དུ་མི་འགྱུར་ཏེ། འགལ་བའི་ཕྱིར་རོ་ཞེས་བསྟན་པ་ནི། གཞན་དུ་ན་ཞེས་བྱ་བའོ། །སྔར་མཐོང་བ་ངོ་ཤེས་པ་ཚད་མ་ཉིད་མ་ཡིན་ལ་སྔོན་པོ་དང་སེར་པོ་སོ་སོར་དམིགས་ཀྱང་ལྷན་ཅིག་དམིགས་པ་ནི་གཅིག་ཉིད་དུ་གྱུར་པར་བཤད་ཟིན་པར་བསྟན་པ་ནི་ཧ་ཅང་
ཐལ་བར་འགྱུར་རོ་ཞེས་བྱ་བའོ། །ལྐོག་ཏུ་གྱུར་པའི་རྣམ་པར་རྟོག་པ་ཁས་ལེན་ན་མི་དམིགས་པ་རྟོགས་པར་བྱེད་པ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། ཇི་སྟེ་མི་དམིགས་ཀྱང་ཞེས་བྱ་བའོ། །རྣམ་པར་རྟོག་པས་ཁྱབ་པའི་ཐ་སྙད་དུ་བསྟན་པ་ནི། རྣམ་པར་རྟོག་པ་མེད་པར་ནི་ཞེས་

བྱ་བའོ། །དེའི་ཚེ་ཞེས་བྱ་བ་ནི་དུ་བ་ལས་མེ་རྗེས་སུ་དཔོག་པའི་ཚེ་ནའོ། །རྗེས་སུ་དཔག་པ་ཞེས་བྱ་བ་འདི་བར་དུ་ཆོད་པའི་མེ་དུ་བ་ལས་རྗེས་སུ་དཔོག་བཞིན་པའོ། །ལག་པས་རེག་པས་གྲང་བ་ལ་སོགས་པ་དེ་ལས་གཞན་པའི་མེ་ལ་བརྟེན་ན་ཐ་སྙད་རུང་བ་གཞན་དེས་རྟོགས་པ་དེའི་ཕྱིར་
ཐེ་ཚོམ་གྱི་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དང་པོའི་རྗེས་སུ་དཔག་པ་བཞིན་དུ་རེག་པ་ལ་སོགས་པའི་རྗེས་སུ་དཔག་པ་ལ་ཡང་རིགས་པ་མཚུངས་པའི་ཕྱིར་ཐེ་ཚོམ་དུ་མི་འགྱུར་བར་བསྟན་པ་ནི། རེག་ཤེས་ཞེས་བྱ་བའོ། །བློ་སྔོན་དུ་བཏང་ནས་བྱས་པ་ཞེས་བྱ་བས་ནི་དངོས་པོ་དང་
འབྲེལ་པ་མེད་པའོ། །མིའི་རྗེས་སུ་དཔོག་པ་དང་མཚུངས་པ་མ་ཡིན་པའི་རྣམ་པར་རྟོག་པའི་རྗེས་སུ་དཔག་པ་ནི་སྣང་དུ་རུང་བར་རང་བཞིན་གཅིག་པའི་ཕྱིར་རྣམ་པར་རྟོག་པ་རྣམས་རང་རིག་པ་ཉིད་ཀྱིས་སོ་ཞེས་བསྟན་པ་ནི། དེ་ལྟར་རྟོག་པའི་སྒྲུབ་བྱེད་མིན། །ཞེས་བྱ་བའོ། །འདི་ལ་གོམས་པ་མེད་པའི་ཕྱིར་གོམས་
པ་མེད་པ་སྟེ་སྐྱེས་བུའི་ནི་འགྱུར་མིན་ཞེས་བྱ་བ་དང་སྦྱར་རོ། །དེ་ཉིད་དུ་འགྱུར་བ་ནི་གོམས་པ་དང་ལྡན་པ་ཉིད་ཡིན་ནོ། །མེད་པར་ཡང་ཞེས་བྱ་བ་ནི་དཔྱོད་པ་ལ་སོགས་པའོ། །མཐོང་བ་དེ་དག་ལ་ཞེས་བྱ་བ་ནི་དེ་ཁོ་ན་ལྟར་མཐོང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་མི་འཛིན་ན་ཞེས་བྱ་བ་
དང་སྦྱར་རོ། །རྟོག་པ་མེད་པ་ཡོད་པ་ནི་བདེན་མོད་ཀྱི་དེ་ནི་ཚད་མ་མ་ཡིན་ཏེ། ངེས་པ་མེད་པས་ངེས་པར་གཟུང་བའི་ཡུལ་མ་ཡིན་པའི་ཕྱིར་རོ། །ངེས་པ་སྐྱེད་པར་བྱེད་པ་ཉིད་ཀྱིས་ནི་མིག་ལ་སོགས་པ་བཞིན་དུ་བཏགས་པའི་ཚད་མ་ཡིན་ནོ། །གང་གི་ཚེ་མཐོང་བའི་དོན་ལ་ཡང་ངེས་པ་སྐྱེད་པ་མ་
ཡིན་པ་དེའི་ཚེ་ཚད་མ་ཡིན་ཏེ། གཞལ་བྱ་ངེས་པར་མི་འཛིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། ངེས་པས་ཀྱང་འདི་ནི་ཡུལ་དུ་རྣམ་པར་འཇོག་པའི་ཡུལ་བརྗོད་པ་ཡིན་པར་བསྟན་པ་ནི། གཟུགས་ཞེས་མཐོང་བ་ན་ཞེས་བྱ་བ་སྟེ། རྟོགས་པ་ནི་བདག་ཉིད་ལ་མི་རྟག་པ་ཉིད་དུ་འཇོག་པར་བྱེད་
པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མཐོང་ཞེས་བྱ་བ་ནི་རྣམ་པ་གང་གིས་ཏེ་རྟོག་པས་ནི་མ་ཡིན་ཏེ། གང་གི་ཕྱིར་ཕྱི་རོལ་གྱི་རྣམ་པར་རྟོག་པར་བྱེད་ན་རང་ཉིད་ལ་རྣམ་པར་རྟོག་པ་མི་སྲིད་དེ་འགལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྟོག་པ་མེད་པ་ཡིན་ན་དེ་ལྟར་རང་ཉིད་ལ་ཕྱི་རོལ་དུ་རྣམ་པར་

རྟོག་པར་བྱེད་ཀྱང་ངེས་པར་བྱེད་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ་ཉམས་སུ་མྱོང་བ་ཡང་ཡོད་ཅེས་བྱ་བ་སྟེ། འདིའི་ཉམས་སུ་མྱོང་བའི་བདག་ཉིད་ཀྱིས་ངེས་པར་གཟུང་བ་ནི་ངེས་པ་མེད་ཀྱང་ཡོད་པ་ཡིན་ཏེ། དེ་མེད་ན་ཡོད་པ་ཉིད་ཁོ་ན་ནི་བསྒྲུབ་པར་དཀའ་ཞེས་བྱ་བའི་དོན་ཏོ། །
རིགས་པའི་ངོ་བོའི་རྟོག་པ་ལ་བདག་ཉིད་དང་བདག་ཉིད་མ་ཡིན་པ་ལ་ཡང་རུང་བ་དེ་ཉིད་རྣམ་པར་རྟོག་པ་ཅན་ཉིད་དུ་འགལ་བ་ཡིན་པར་བསྟན་པ་ནི། དེ་ཉིད་ཀྱིས་མྱོང་བ་ཡིན་ན་ནི་ཞེས་བྱ་བའོ། །གཅིག་ཉིད་ནི་རིམ་པ་མ་ཡིན་པས་ཁྱབ་པ་ཡིན་པ་དང་རིམ་པ་དང་འགལ་བའི་ཁྱབ་པ་ཡིན་
པར་བསྟན་པ་ནི། གལ་ཏེ་བློ་གཅིག་ཅེས་བྱ་བའོ། །དེ་ཡང་ནི་རིམ་པ་མ་ཡིན་པ་ཡང་ངོ་། །ཐུག་པ་མེད་པ་ཞེས་བྱ་བ་ནི་གཅིག་ཉིད་དང་རིམ་པ་འགལ་བ་ཁྱབ་པ་ཡིན་ནོ་ཞེས་བྱ་བ་དེ་ཉིད་སླར་འཁོར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཅིག་ཉིད་ལ་རིམ་པ་ཡང་རིམ་པ་མ་ཡིན་པའི་
ཁྱབ་བྱེད་དང་འགལ་བ་ཡིན་པར་བསྟན་པ་ནི། གཟུགས་ལ་མངོན་པར་ཞེན་པའི་གནས་སྐབས་ན་ཞེས་བྱ་བའོ། །མངོན་པར་ཞེན་པ་ཉིད་ནི་མངོན་པར་ཞེན་པ་པོ་ཡིན་ཏེ། དེ་ལ་གཞན་དུ་རྟོག་པར་བྱེད་ན་དེ་ལ་ཡང་གཞན་ཡིན་པའི་ཕྱིར་ཐུག་པ་མེད་པར་བསྟན་པ་ནི། དེ་ལ་ཡང་གཞན་
གྱིས་ཞེས་བྱ་བའོ། །གཟུགས་ཀྱི་རྟོག་པའི་རང་གི་ངོ་བོ་ལ་བདག་ཉིད་དུ་གྱུར་པའི་རྟོག་པ་མ་མཐོང་བ་བཞིན་དུ་གཞན་དུ་གྱུར་པའི་རྣམ་པར་རྟོག་པ་མ་མཐོང་བ་བཤད་པར་བྱའོ་ཞེས་བསྟན་པ་ནི། དེས་ནི་དུས་མཚུངས་རྣམ་པར་ཤེས། །ཞེས་བྱ་བ་སྟེ། གཟུགས་བཞིན་དུ་དེའི་ཉམས་
སུ་མྱོང་བ་ལ་ཉམས་སུ་མྱོང་བ་ནི་བརྟགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཟུགས་ཞེས་བྱ་བ་ལ་གཟུགས་ལས་གཞན་པའི་རྣམ་པར་རྟོག་པ་ཉམས་སུ་མྱོང་བ་ཇི་ལྟར་དེ་བཞིན་དུ་དེ་ལྟ་བུར་གྱུར་པ་ཉམས་སུ་མྱོང་བ་ཡང་དེ་ལས་གཞན་པ་དང་རྟོགས་པ་ཡང་ཡིན་ནོ་སྙམ་དུ་སེམས་པ་ལ་དེས་ན་ཞེས་པ་
སྟེ་གཟུགས་ཉམས་སུ་མྱོང་བ་བཞིན་དུ་དེ་ཉམས་སུ་མྱོང་བའི་ལས་ཉམས་སུ་མྱོང་བ་གཞན་ཉིད་ཡིན་ན་དེ་ཡང་གཞན་ཡིན་པའི་ཕྱིར་ཐུག་པ་མེད་པས་གཟུགས་ཉམས་སུ་མྱོང་བ་མེད་ཅིང་དེའི་ཉམས་སུ་མྱོང་བ་ཡང་མེད་པའི་ཕྱིར་རང་རིག་པ་ཉིད་ལ་ཉམས་སུ་མྱོང་བ་བཙལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །

ཐ་སྙད་པ་རྣམས་དོན་འཛིན་པར་འདོད་པ་མ་ཡིན་གྱི་འོན་ཀྱང་དོན་རྟོགས་པར་བྱེད་པ་མ་ཡིན་ན། དུས་གཞན་དུ་དོན་ཤེས་པ་ཉིད་ཀྱིས་གཞན་དུ་མི་འཐད་པས་དོན་ཤེས་པ་ཡིན་ནོ་ཞེས་གོ་བར་བྱེད་དོ་སྙམ་དུ་སེམས་པ་ལ། འདས་པ་ལ་ནི་དྲན་པར་འགྱུར། །ཞེས་བྱ་བ་སྟེ། ཉམས་སུ་མྱོང་བའི་
ཤེས་པ་ཉིད་ཁོ་ན་ཤེས་སོ་ཞེས་དྲན་པ་ཡིན་གྱི་བློ་གཞན་གྱིས་འཛིན་པ་ནི་འདས་པ་ཉིད་ཀྱིས་མེད་པའི་ཕྱིར་འཛིན་པར་བྱེད་པ་ནི་མ་ཡིན་ནོ། །གང་གི་ཕྱིར་མེད་པ་དམིགས་པ་མ་ཡིན་ཏེ། དམིགས་པ་ཉིད་ཁོ་ན་ལ་ཡོད་པར་ཐ་སྙད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྐྱེས་པའི་དོན་གྱི་ཤེས་པ་
ནི་རང་གི་ཤེས་པ་སྐྱེ་བའི་དུས་ཁོ་ན་ན་གནས་པ་མ་ཡིན་ནམ། གང་གི་ཕྱིར་ཤེས་པ་གཉིས་ཀྱིས་ལྷན་ཅིག་སྐྱེས་པ་དགག་པ་ཡིན་གྱི་ལྷན་ཅིག་གནས་པ་ནི་མ་ཡིན་ཏེ། སྐད་ཅིག་པ་ཉིད་ཀྱང་མྱུར་དུ་འཇིག་པའི་བསམ་པས་ཡིན་ནོ་སྙམ་དུ་སེམས་པ་ལ། གཞན་གྱི་བློ་ཞེས་བྱ་བའོ། །བློ་ནི་བློ་
གཞན་གྱི་དུས་སུ་གནས་པ་མ་ཡིན་ཏེ། སྐྱེས་པའི་དུས་བཞིན་དུ་དོན་ཉམས་སུ་མྱོང་བ་རྗེས་སུ་འཇུག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཀྱང་རྟོགས་པ་ཙམ་གྱིས་སོ། །དེ་ལྟ་ན་སྔོན་པོའི་ཤེས་པ་སེར་པོ་ལ་སོགས་པའི་ཤེས་པ་གཞན་ལས་ཁྱད་པར་མེད་པར་རྟོགས་པར་འགྱུར་ཏེ་རྣམ་
པ་མེད་པའི་ཕྱིར་རོ། །རང་དང་གཞན་གྱི་ཤེས་པའི་རྣམ་པའི་དབྱེ་བ་མེད་པར་ཡང་འགྱུར་རོ། །གང་གི་ཕྱིར་བདག་དང་ཡིད་ཕྲད་པ་སྐྱེས་བཞིན་པའི་ཤེས་པ་ནི་མངོན་སུམ་མམ་རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། མིང་ཐ་དད་པ་ཙམ་གྱིས་བྱེ་བ་ཡིན་ཏེ། གཟུང་བའམ་འཛིན་པའི་ཤེས་པ་ལ་
ཡང་རང་ལ་ཡོད་པའི་ཁྱད་པར་མེད་པའི་ཕྱིར་དང་། ཁྱད་པར་དུ་བྱེད་པ་གཞན་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཞན་དང་འབྲེལ་པ་ཅན་གྱི་བློ་དེའི་ཡོངས་སུ་གཅོད་པ་དེ་དང་གཅིག་པའི་རང་གི་བློ་ཡིན་ལ། དེའི་བློ་ཡོངས་སུ་གཅོད་པའི་རང་རིག་པའི་རྣམ་པ་དག་ཁས་ལེན་པའི་ཕྱིར་རོ་
ཞེས་བྱ་བའི་ཐ་ཚིག་གོ། །སྔར་ཡང་ཞེས་བྱ་བ་ནི་གང་གི་ཚེ་ད་ལྟར་གྱུར་པའོ། །འདས་པ་ཉིད་དུ་ཁས་ལེན་ན་ད་ལྟར་བ་ཉིད་དུ་མི་འགྱུར་བར་བསྟན་པ་ནི། ཀུན་ཚེ་འདས་པའི་དངོས་པོ་ཡིན་པས་ཞེས་བྱ་བའོ། །འགལ་ལོ་ཞེས་བྱ་བ་ནི་གཅིག་ཉིད་ལ་རིམ་པ་ལ་འགལ་བ་ཁྱབ་པ་ཡིན་ལ།

རིམ་པ་ཡང་དེ་ལ་འདིའི་ཁྱབ་པར་བྱེད་པ་དང་འགལ་བ་ཡིན་ནོ། །རང་གི་ངོ་བོ་འཛིན་པའི་འབྲེལ་བ་ཅན་རྟོགས་པ་ནི་དེའི་མེད་པ་ཁོ་ན་ཞེས་བྱ་བར་སྦྱར་རོ། །འདས་པའི་ཤེས་པ་གཞན་གྱིས་རིག་བཞིན་པ་ནི་གཞན་གྱི་བློའི་རྟོགས་པ་དང་མཚུངས་པར་
འགྱུར་བ་ཡིན་གྱི་ད་ལྟར་ནི་མ་ཡིན་ནོ་ཞེས་བཤད་དོ། །གལ་ཏེ་མྱོང་བ་ཞེས་བྱ་བ་ནི་གཟུགས་ཀྱི་ཤེས་པའོ། །ཇི་ལྟར་གཞན་གྱི་ཤེས་པ་ལྐོག་ཏུ་གྱུར་པ་བཞིན་དུ་རང་གི་ཤེས་པ་ཡང་འཛིན་པར་བྱེད་པའི་དུས་སུ་འདས་པ་ཡིན་པས་ལྐོག་ཏུ་གྱུར་པ་ཡིན་པར་བསྟན་པ་ནི་འདས་པ་ལྐོག་གྱུར་
ཅེས་བྱ་བའོ། །རང་གི་བློ་ལྐོག་ཏུ་གྱུར་པ་མ་ཡིན་ནོ། །གང་གིས་གཞན་གྱི་བློ་ཡོངས་སུ་གཅོད་པ་དང་མཚུངས་པ་ཉིད་དུ་འགྱུར་རོ། །འོན་ཀྱང་མངོན་སུམ་པ་ཡིན་པས་གཟུགས་བཞིན་དུ་འཛིན་པར་བྱེད་པ་གཞན་གྱིས་གཟུང་བ་ཡིན་ནོ་སྙམ་དུ་སེམས་པ་ནི་ཅི་སྟེ་རང་གི་བློ་ནི་ཞེས་བྱ་
བའོ། །དེ་ཉིད་ཅེས་བྱ་བ་ནི་ཤེས་པ་གཞན་གྱིས་རྟོགས་བྱ་ཉིད་ཡིན་ན་རྗེས་སུ་དཔོག་པའི་རྟོགས་བྱ་དང་མཚུངས་པ་ཉིད་ཁོ་ན་ཡིན་ཏེ། རྟོགས་བྱའི་ངོ་བོ་རྟོགས་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །མངོན་དུ་བྱེད་པའི་རང་བཞིན་དུ་ཞེས་བྱ་བ་ནི་རང་རིག་པ་ལའོ། །འཛིན་བྱེད་འབྱུང་བའི་
དུས་སུ་གཟུགས་འཛིན་པའི་བྱ་བ་བྱེད་པའི་ཤེས་པ་ཉིད་གཟུང་བྱ་མ་ཡིན་ནམ་སྙམ་དུ་སེམས་པ་ལ། དོན་རིག་འདས་པ་ཞེས་བྱ་བ་སྟེ། དེ་ལྟ་བུའི་ནི་འཛིན་པར་བྱེད་པའི་དུས་ན་འདས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདས་པ་ཞེས་བྱ་བ་ནི་མངོན་སུམ་གྱི་ཡུལ་མ་ཡིན་པ་ཉིད་དོ། །
དཔེ་དག་དང་བྲལ་བ་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་ཡུལ་མ་ཡིན་པ་ཉིད་དོ། །རྟགས་ནི་ཡོད་མིན་ཏེ་ཞེས་བྱ་བ་ནི་དེ་མེད་ན་རྗེས་སུ་དཔག་པ་མེད་པ་སྟེ། ཤེས་པ་ཉིད་ནི་བློ་ཉིད་ཡིན་ཏེ་དབང་པོ་ལ་སོགས་པའི་བྱེད་པ་ལས་བྱུང་བ་ཡིན་ན་ནང་གི་བདག་ཉིད་ཀྱི་འགྱུར་བའི་རང་བཞིན་གྱི་བློས་ཅི་ཞིག་བྱ།
དབང་པོ་ལ་སོགས་པའི་བྱེད་པ་ནི་བློ་མ་ཡིན་ཏེ་སེམས་པ་ཅན་མ་ཡིན་པའི་ཕྱིར་ལ། སེམས་པ་ཅན་ནི་བློ་ཡིན་པའི་ཕྱིར་རོ། །འགྲེལ་པ་བྱེད་པ་པོས་ནི་དཔེ་དང་བྲལ་བ་དང་། རྟགས་མེད་པ་ཡང་རྗེས་སུ་དཔག་པ་ཉིད་ལ། རྒྱུ་ཡིན་ཞེས་བཤད་པ་ནི། ཤེས་པ་འདས་པ་ལ་དཔེ་ནི་མེད་དེ་ཞེས་

བྱ་བའོ། །རིག་པ་ཉིད་ཅེས་བྱ་བ་ནི་རང་རིག་པ་ཉིད་ལ་སྟེ། རྣམ་པར་དབྱེ་བ་ནི་རང་དང་གཞན་དག་གི་རྗེས་སུ་དཔག་པའོ། །སྔ་མའི་བློ་དེ་ད་ལྟར་བློ་གང་གིས་ཡིན་པ་དེ་ནི་དེའི་སྔ་མ་ཡང་ཡིན་ལ་བློ་ཡང་ཡིན་པ་དེ་ནི་འཛིན་པར་མི་འགྱུར་ཏེ། རང་རིག་པར་བྱ་བ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་
པ་ནི་གཟུགས་ལ་སོགས་པ་ནི་ཞེས་བྱ་བའོ། །དེ་བློ་གཞན་གྱིས་འཛིན་པ་ཁས་ལེན་ན་དེའི་འཛིན་པ་བཙལ་དགོས་སོ། །གཞན་དུ་ན་སྔ་མ་འཛིན་པ་མི་སྲིད་པར་འགྱུར་ལ། དེ་བཞིན་དུ་དེའི་ཡང་ཞེས་ཐུག་པ་མེད་པར་བསྟན་པ་ནི། དེ་ལས་གཞན་པའི་བློ་ཞེས་བྱ་བའོ། །རྒྱུར་གྱུར་པ་
དེའི་སྔ་མའི་བློ་དེ་འཛིན་པར་འདོད་པར་ནི་མི་འགྱུར་ཏེ་བར་དུ་ཆོད་པའི་ཕྱིར་རོ། །འདིའི་དོན་བཤད་པ་ནི། བློའི་བློས་དེ་དེ་མ་ཐག་ཏུ་སྣང་བ་ཅན་གང་ཡིན་པ་ཞེས་བྱ་བའོ། །བར་མཚམས་མེད་པའི་གཟུགས་ཀྱི་བློ་ནི་གཟུང་བར་མི་འགྱུར་ཏེ། བློའི་བློས་སྐད་ཅིག་རེ་རེ་ཞིང་བར་དུ་ཆོད་པའི་ཕྱིར་
ཞེས་བསྟན་པ་ནི་དེ་ལྟ་ཡིན་ན་ཞེས་བྱ་བའོ། །བརྡར་བྱ་མི་ནུས་པ་ཞེས་བྱ་བ་ནི་རྟོག་པ་མེད་པ་ཉིད་ལ་གཏན་ཚིགས་ཀྱི་ཚིག་གོ། །སྦྱོར་བར་མི་རུང་བའི་ཉེ་བར་མཚོན་པ་བསྟན་པ་ནི། རང་གི་ངོ་བོ་ཉིད་ཀྱིས་ནི་ཞེས་བྱ་བའོ། །དོན་དམ་པ་མ་ཡིན་དུ་ཟིན་ཀྱང་བརྟགས་པ་ལ་ནི་འགྱུར་རོ་སྙམ་དུ་སེམས་པ་ནི་
ཅི་སྟེ་འདི་ནི་ཞེས་བྱ་བའོ། །བརྡའི་དུས་སུ་འབྱུང་བའི་བ་ལང་གི་སྒྲའི་བརྗོད་བྱ་ཉིད་ནི་ཉེ་བ་མ་ཡིན་པའི་སྦྱོར་བ་ཡིན་གྱི། མངོན་སུམ་མ་ཡིན་པར་བསྟན་པ་ནི། འདི་ནི་བ་ལང་གི་སྒྲའི་བརྗོད་བྱ་ཡིན་ཏེ། དེ་ཁོ་ན་ལྟར་ངེས་པའི་ཕྱིར་རོ་ཞེས་བྱ་བའོ། །དེ་འདི་ལྟར་མ་ངེས་པའི་ཡུལ་ཅན་གྱི་
རྟོག་པ་ནི་ངེས་པ་འཛིན་པ་མ་ཡིན་ལ། དེ་འཛིན་པར་བྱེད་པའི་ཤེས་པ་རྟོག་པ་མེད་པ་བཙལ་དགོས་སོ་ཞེས་བསྟན་པ་ནི་རྟོག་པ་མེད་པ་མེད་ན་ནི་ཞེས་བྱ་བའོ། །དེ་དང་དོན་གཅིག་པ་ཞེས་བྱ་བ་ནི་སྒྲ་དང་ཡུལ་མཚུངས་པའོ། །དེ་འཛིན་པའི་ཤེས་པ་དང་ལྷན་ཅིག་རྒྱུ་གཅིག་པོ་དེ་ལ་རག་ལས་
པའང་འདི་ལ། ཤེས་པ་ཡིན་པ་དེས་གཟུང་བར་བྱ་བ་ཉིད་དོ། །རྒྱུ་མཚན་གང་གིས་ཀྱང་རྟོགས་པ་པའི་གཞི་མཐུན་པ་ཉིད་དུ་བསྟན་པ་ནི། དོན་གཅིག་བྱེད་པས་ཞེས་བྱ་བའོ། །ཤེས་ཀུན་ཞེས་བྱ་བ་ནི་སྒྲ་ལས་བྱུང་བ་ཡང་ངོ་། །རིག་པར་བྱ་བ་ནི་རིག་པའི་ཡུལ་ལོ། །འོ་ན་

དེ་ཞེས་བྱ་བ་ནི་སྤྱིའོ། །དེ་ཉིད་ཅེས་བྱ་བ་ནི་སྤྱི་ཉིད་དོ། །དེའི་ཚེ་ཞེས་བྱ་བ་ནི་ཁྱད་པར་ཙམ་སྣང་བའི་དུས་སུའོ། །དེའི་ཞེས་བྱ་བ་ནི་སྤྱིའིའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་ཁྱད་པར་གྱིས་སོ། །དེའི་ནི་སྤྱིའིའོ། །དེ་ཁོ་ན་ཉིད་ནི་ཁྱད་པར་ཉིད་དོ། །གལ་ཏེ་དེར་ཞེས་
བྱ་བ་ནི་སྔར་མཐོང་བའི་སྤྱིའི་ངོ་བོ་སྟེ། གཅིག་ཉིད་དུ་མི་སྣང་བ་ཞེས་བྱ་བ་དང་སྦྱར་རོ། །རྒྱུ་མེད་པས་ཞེས་བྱ་བ་ནི་རྒྱུ་མིག་ལ་སོགས་པ་མེད་པ་སྟེ། རང་རིག་པ་བཞིན་དུ་དོན་གྱི་ཤེས་པ་རྟོག་པ་མེད་པ་དང་དེ་བཞིན་བརྡར་བྱར་མི་ནུས་པ་ཞེས་བྱ་བ་ཡིན་ལ། གལ་ཏེ་རྟོག་མེད་འགའ་
ཞིག་ཀྱང་། །ཡོད་ན་ཞེས་བྱ་བ་ནི་ཁྱད་པར་རྟོགས་པ་བཞིན་དུ་སྒྲ་དང་མཚུངས་པའི་ཡུལ་མ་ཡིན་པའི་ཕྱིར་རྣལ་འབྱོར་པའི་ཡིད་ལ་སོགས་པའི་ཤེས་པ་རྟོག་པ་མེད་པར་བསྟན་པ་ནི་ཡིན་ནོ། །དེའི་ཕྱིར་ཟློས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དང་མཚུངས་རྒྱུ་ཅན་ཞེས་བྱ་བ་
ནི་ངེས་པའི་ཡུལ་ཅན་ནོ། །རྟོག་པ་དང་རྟོག་པ་མེད་པ་དག་ནི་མ་ངེས་པ་དང་ཅིག་ཤོས་ཀྱི་ཡུལ་ཉིད་ཀྱིས་རྒྱུ་མཚུངས་པ་ཅན་མ་ཡིན་པར་བསྟན་པ་ནི། ཕྱི་རོལ་དོན་ལ་ལྟོས་མེད་པར། །ཞེས་བྱ་བ་ནི་འདི་སྦྱོར་བའི་རང་བཞིན་ཡང་ཡིན་ལ། མི་དཔྱོད་པ་ལ་སོགས་པའི་རང་བཞིན་གྱི་
རྟོག་པ་ཡང་ཡིན་པས། དབང་པོའི་ཤེས་པ་དང་དེ་ཡང་ངོ་ཞེས་གཉིས་གཉིས་པའི་བསྡུ་བའོ། །རང་གི་ངོ་བོ་སྟེ་སྐྱེ་བ་ནི་རང་གི་ངོ་བོའོ། །དེ་ལ་ཚོགས་པ་དེའི་དངོས་པོ་ནི་སྐྱེ་བ་སྟེ་དེ་ལ་བརྟེན་པའི་ཕྱིར་དེ་ལ་རྟེན་ཅན་ཡིན་གྱི། དེ་ལ་བརྟེན་པས་ནི། འགལ་བའི་ཚོགས་པའི་ངོ་བོ་ལ་
བརྟེན་པའི་རང་བཞིན་གྱིས་ནི་མ་ཡིན་ནོ། །སྒྲ་དང་སྤྱི་ལ་སོགས་པ་དང་འབྲེལ་པའི་ཞེས་བྱ་བ་ནི་དོན་ཇི་སྙེད་པ་ཁོ་ན་མིང་གི་སྒྲ་རྣམས་ཡིན་ནོ་ཞེས་བསྟན་པས་སྒྲ་དང་འབྲེལ་པ་ཅན་ཡིན་ནོ། །ཕྱི་རོལ་དང་སྒྲ་ལ་སོགས་པའི་འབྲེལ་པ་ཁས་བླངས་ནས་བསྟན་པ་ནི། གང་ཞིག་གང་དང་ཞེས་བྱ་བའོ། །
སྒྲ་དང་ལྷན་ཅིག་པ་ཉིད་དོན་ལ་མེད་དོ་ཞེས་བྱ་བ་ནི་སྒྲ་མི་འཛིན་པར་ཞེས་བྱ་བའོ། །བརྡ་འཛིན་པ་ལས་སྔ་རོལ་དུ་བརྗོད་བྱ་ཉིད་དུ་མི་དྲན་པའི་ཕྱིར་རྟོག་པ་མེད་པར་ནི་བདེན་མོད་ཀྱི་དུས་ཕྱིས་དྲན་པ་དང་ལྷན་ཅིག་བྱེད་པའི་དབང་པོ་ལས་སྐྱེས་པ་རྣམ་པར་རྟོག་པ་ཅན་ཡིན་ནོ་ཞེས་ཟེར་བ་ནི་ཇི་སྟེ་འགྱུར་ན་

ཡང་འདི་བ་ལང་ངོ་ཞེས་བྱ་བ་སྟེ། ཕྱི་རོལ་དོན་ལ་ལྟོས་མེད་པར། །ཞེས་བྱ་བ་ལ་སོགས་པ་ནི་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །ངེས་པ་ཅན་གྱི་དྲན་པ་ནི་འབད་པ་ལ་སོགས་པ་ལས་མི་འབྱུང་བས་དོན་མཐོང་བ་ལས་འབྱུང་བ་དེའི་ཕྱིར་དོན་མཐོང་བ་ནི་དུ་བ་ལ་སོགས་པ་བཞིན་དུ་བརྡས་མཐོང་
བའི་དྲན་པ་ཉིད་ལ་བྱ་བ་བྱེད་པ་ཡིན་གྱི། མངོན་སུམ་སྐྱེད་པ་ལ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། གལ་ཏེ་གཟུགས་ནི་བརྡ་དྲན་ན་ཞེས་བྱ་བའོ། །མེ་དང་འབྲེལ་པའི་དུ་བ་ནི་མེ་དྲན་པར་བྱེད་པ་མ་ཡིན་ནམ། གཟུགས་ཀྱང་སྒྲ་དང་འབྲེལ་པ་ཅན་གཟུང་བ་ཉིད་ཡིན་ཏེ། གང་གི་ཕྱིར་བརྡ་ནི་བརྗོད་
བྱ་རྗོད་བྱེད་ཀྱི་ངོ་བོར་རྟོགས་པར་བྱེད་པ་ཉིད་ཁོ་ན་དོན་གྱི་རྗེས་སུ་འགྲོ་བ་དང་ལྡོག་པ་དང་བྲལ་བ་སྒྲ་དང་དོན་དག་གི་འབྲེལ་པ་དངོས་སུ་མ་ཡིན་དུ་ཟིན་ཀྱང་སྐྱེས་བུའི་བློས་དེ་ལྟ་བུ་ཁོ་ན་རྣམ་པར་འཇོག་པ་ཡིན་ནོ། །གཞན་དུ་ན་བློའི་རྒྱུ་མཚན་ཡོད་པ་ཁོ་ནར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྒྲ་དང་
དབྱུག་པ་ལ་སོགས་པ་བཞིན་དུ་བ་ལང་ཉིད་ལ་སོགས་པའི་སྤྱི་མཐོང་བ་དྲན་པ་མ་ཡིན་པར་བསྟན་པ་ནི། འོན་ཏེ་སྤྱི་མཐོང་བ་ཞེས་བྱ་བའོ། །ལྐོག་ཤལ་ལ་སོགས་པའི་ཡན་ལག་དང་ལྡན་པ་མཐོང་ནས་དེ་དང་འདྲ་བའི་ཡན་ལག་དང་ལྡན་པ་མཐོང་བ་དྲན་པ་ཁོ་ན་ཡིན་པར་བསྟན་པ་ནི། ཆ་ཤས་
མཚུངས་པ་ཉིད་ནི་ཞེས་བྱ་བ་སྟེ། འདྲ་བ་ཉིད་ནི་གཞན་མཐོང་བས་རྣམ་པར་རྟོག་པ་མཐོང་བའི་ཡུལ་ཅན་ཡིན་པའི་ཕྱིར་བག་ཆགས་ཙམ་ལས་བྱུང་བ་ནི་ཚད་མ་མ་ཡིན་ཏེ། གཙོ་བོ་དང་དབང་ཕྱུག་ལ་སོགས་པའི་རྣམ་པར་རྟོག་པ་བཞིན་དུའོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ནི་མེ་དང་ངོ་ཞེས་
བྱ་བ་དང་སྦྱར་རོ། །དབང་པོའི་ཤེས་པ་ནི་མེ་མ་བཟུང་བས་སྦྱོར་བར་བྱེད་པའི་བདག་ཉིད་མ་ཡིན་པར་བསྟན་པ་ནི། དབང་པོའི་ཤེས་པ་ཞེས་བྱ་བའོ། །དེ་མ་ཐག་ཏུ་ཞེས་བྱ་བས་ནི་དབྱེ་བ་མེད་པ་ལ་ཡང་ཐ་དད་པར་ཐ་སྙད་འདོགས་པ་ཉིད་དུ་བསྟན་ཏོ། །དེ་ཡང་ཐོག་མ་མེད་པ་ནས་ཞེས་
བྱ་བ་ནི་དེ་ལྟ་བུའི་བག་ཆགས་ཀྱི་སྙིང་པོ་ཅན་གྱི་རྟགས་ཀྱི་ཤེས་པ་སྦྱོར་བའི་ངོ་བོ་ནི་རྗེས་སུ་དཔག་པ་སྐྱེད་པར་བྱེད་ཅེས་བྱ་བའི་དོན་ཏོ། །རྗེས་སུ་དཔག་པས་སྦྱོར་བ་མེད་པའི་སྐྱོན་རྗེས་སུ་བརྗོད་ནས་དགག་པ་བྱེད་པ་ནི་རྗེས་སུ་དཔག་པ་ཡང་ཞེས་བྱ་བའོ། །གཟུགས་ལས་དྲན་པ་ཡིད་

ལ་དེ་ལས་ཀྱང་མངོན་སུམ་མ་ཡིན་ནམ་སྙམ་དུ་སེམས་པ་ལ་དྲན་པ་དེ་ལས་དེའི་ངོ་བོ་དང་འབྲེལ་པ་སྟེ་ཉེ་བ་ཡིན་ན་ནི་དེ་དང་འབྲེལ་པ་ཡིན་ལ། དེ་ལས་སྐྱེས་པ་དྲན་པ་གང་གི་ཡིན་པ་དེ་ལས་དབང་པོའི་བློར་འགྱུར་རོ་ཞེས་བྱ་བ་དེ་ཙམ་ནི་དྲི་བ་ཡིན་ནོ། །ལེན་ནི་དྲན་པ་ཁོ་ན་ལས་འགྱུར་
རོ་ཞེས་གནས་སྐབས་ལས་སོ། །འོན་ཏེ་དྲན་པའི་དུས་སུ་ཡང་དོན་ཁོ་ན་ལས་འབྱུང་བ་ནི་དེ་ལ་མིན་པ་སྟེ། དབང་པོའི་བློར་མི་འགྱུར་བར་བསྟན་པ་ཡིན་ཏེ། དེའི་ཚེ་ན་དོན་མེད་པའི་ཕྱིར་རོ། །ཡང་ན་ཉམས་སུ་མྱོང་བ་མེད་པས་དྲན་པ་ཉིད་མེད་པའི་ཕྱིར་དེའི་བསྐྱེད་བྱར་མི་འགྱུར་བ་ཉིད་བསྟན་པ་ནི།
མིན་པའམ་དེ་ལས་ཞེས་བྱ་བ་སྟེ་དྲན་པ་ལས་སོ། །དེ་ལྟར་དོན་ལས་གཞན་ལ་དྲན་པ་བྱུང་ན་ཡང་བག་ཆགས་སད་པ་ལས་འབྱུང་བ་ཡིན་ལ། དེའི་སད་པ་ཡང་དོན་ཉེ་བའི་དུས་ན་སྟོབས་དང་ལྡན་པ་འགའ་ཞིག་གིས་རྣམ་པར་གཡེངས་པས་དུས་གཞན་དུ་སྟེ། དོན་ཞིག་པའི་དུས་སུ་འབད་རྩོལ་
ལ་སོགས་པས་འབྱུང་ཞིང་དྲན་པ་སྐྱེད་པར་བྱེད་ལ། དེ་ཡང་མངོན་སུམ་མ་ཡིན་པའི་ཕྱིར་དོན་ཞིག་པ་ན་ཡང་དབང་པོའི་བློར་འགྱུར་རོ་ཞེས་བསྟན་པ་ནི། དུས་གཞན་དུ་ཡང་ཞེས་བྱ་བའོ། །འགྲེལ་པར་ནི་གསལ་བ་ཡིན་ནོ། །གཟུགས་ནི་སྔ་རོལ་དུ་དྲན་པ་སྐྱེད་པར་བྱེད་པ་ཡིན་ལ། དེ་ནས་
རྟོག་པ་དང་བཅས་པའི་མངོན་སུམ་མ་ཡིན་ནམ་སྙམ་དུ་སེམས་པ་ནི། གལ་ཏེ་རིམ་གྱིས་ཞེས་བྱ་བའོ། །དྲན་པ་སྐྱེད་པར་བྱེད་པའི་དུས་ཉིད་དུ་མངོན་སུམ་ཡང་སྐྱེ་བར་འགྱུར་ཏེ། ནུས་པ་ལ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཐ་དད་མེད་ཕྱིར་ཞེས་བྱ་བའོ། །ཐ་དད་མེད་ཕྱིར་ནི་སྔ་མ་དང་
ཕྱི་མའི་དུས་དག་གཅིག་པའི་ཕྱིར་རོ། །དེ་ལྟར་མཐོང་བ་དེ་ཉིད་ཅེས་བྱ་བ་ནི་དེས་བྱས་པའི་ཁྱད་པར་མཐོང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་དངོས་མིན་ན་ཞེས་བྱ་བ་ནི་དེའི་གཟུང་བ་ལས་ཐ་དད་པ་སྒྲ་དང་དབྱུག་པ་ལ་སོགས་པའི་ཁྱད་པར་ལས་སོ། །སྐད་ཅིག་པ་ཡིན་པའི་ཕྱོགས་ལ་
གཟུགས་ཀྱི་སྐད་ཅིག་མ་དང་པོ་ནི་དྲན་པའི་རྒྱུ་ཡིན་ལ། གཉིས་པ་མངོན་སུམ་གྱི་ཡིན་ནོ་སྙམ་དུ་སེམས་པ་ནི། དབང་པོའི་བློ་རྒྱུ་གཞན་ཡིན་ན་ཞེས་བྱ་བའོ། །ཕྱོགས་དེ་ལ་ཡང་སྐད་ཅིག