Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 181
Văn bản gốc(Tây Tạng)
Trang 4 / 21 (50.000 ký tự/trang)
གས་ཀྱི་འབྲེལ་པ་མི་འཛིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། རྟགས་དང་ནི་ཞེས་བྱ་བའོ། །ཚད་མ་གཞན་པ་དེ་ནི་ཁྱད་པར་མཐོང་བ་སྟེ། མངོན་སུམ་ཡིན་ཏེ་དབང་པོ་ལས་སྐྱེས་པ་མ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པ་མ་ཡིན་ཏེ། སྤྱི་ཡུལ་མ་ཡིན་པས་འདིའི་ཤུགས་ཀྱིས་ཚད་མ་གཞན་གྲུབ་པ་ཡིན་ཞེས་ཟེར་བ་ནི། མང་པོ་ཉིད་དམ་ཞེས་བྱ་བའོ། །མངོན་སུམ་དང་ཁྱད་པར་མཐོང་བ་ཡང་གཅིག་ལའམ་ཁྱད་པར་ལ་ཞེས་བྱ་བ་འཆད་པར་འགྱུར་བའི་དགག་པ་དང་སྦྱར་བས་གནས་སྐབས་ཀྱི་མང་པོ་ཉིད་ཀྱི་རྟོག་པ་ དགག་པ་ཡིན་ཏེ། གཅིག་ཉིད་ཀྱིས་རྣམ་པར་བཅད་པའི་ཕྱིར་རོ། །དེ་སྨྲ་བ་ནི་དཔེར་ན་ཁྱད་པར་མཐོང་བའི་ཞེས་བྱ་བ་ནི་གཞལ་བྱ་ལའོ། །དེ་ལྟར་གཅིག་ཉིད་དང་གསུམ་ཉིད་གསལ་བར་མི་འགྱུར་ཞེས་ཟེར་བ་ནི་གཅིག་མ་ཡིན་པ་ཡང་མ་ཡིན་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། ། ཁྱད་པར་མཐོང་བའི་ཚད་མས་ཁྱད་པར་འཛིན་པའི་ཕྱིར་རོ། །བཤད་པ་གསུམ་པ་འཇུག་པ་ནི་གཅིག་ཉིད་ཁོ་ནའོ་ཞེས་བྱ་བའམ་གྱི་སྒྲ་ནི་འཇུག་པའམ་ཞེས་རྒྱུ་མཚན་གྱི་རྟོག་པས་མང་པོ་ཉིད་ཁོ་ནར་སྒྲུབ་པར་བྱེད་པ་དེ་ལ་ནི་གཅིག་ཉིད་དུ་སྒྲུབ་པ་མ་ཡིན་ཏེ་མང་པོ་ཉིད་དངོས་སུ་འགོག་པའི་ ཕྱིར་རོ། །དེའི་ཕྱིར་དྲང་བའི་དོན་ཉིད་ཡིན་ནོ། །ནུས་དང་ནུས་མིན་ཉིད་ཅེས་བྱ་བ་དྲང་བའི་དོན་ཉིད་ཡིན་ནོ། །ཐ་དད་པར་སྣང་བ་ཡང་མངོན་པར་ཞེན་པས་གཅིག་ཉིད་ཡིན་ནོ་སྙམ་དུ་སེམས་པ་ལ་ཟློས་པ་ཉིད་མ་ཡིན་པར་བསྟན་པ་ནི། བདེན་མོད་ཀྱི་འདི་ཡང་ཞེས་བྱ་བའི་རིགས་ པ་ཁོ་ན་ཡིན་པའི་ཕྱིར་ཟློས་པ་མ་ཡིན་ནོ། །ཁ་དོག་ཀྱང་མི་རྟག་པ་བཞིན་དུ་རྟོག་པའི་ཡུལ་སྤྱི་ཁོ་ནས་ཡིན་ནོ་ཞེས་བསྟན་པ་ནི། སྐྱོན་འདིར་ཐལ་བར་མི་འགྱུར་ཏེ་ཞེས་བྱ་བ་སྟེ། །མི་རྟག་པ་ཉིད་བཞིན་དུ་རྣམ་པར་རྟོག་པའི་ཡུལ་ཡིན་པའི་ཕྱིར་ཁ་དོག་ཀྱང་སྤྱི་ཁོ་ན་ཡིན་ནོ་ཞེས་བྱ་བའི་ དོན་ཏོ། །གལ་ཏེ་ཁ་དོག་ལ་སོགས་པའི་སྤྱི་མི་རྟག་པ་ཉིད་ལ་སོགས་པ་དང་སྦྱོར་བ་ལ་ཇི་ལྟར་ཁྱད་པར་རྣམས་ལ་མངོན་པར་ཞེན་པའམ། འཇུག་པ་ཡིན་ཞེས་ཟེར་བ་ལ། དངོས་མེད་ངོ་བོ་མིན་ནི་དངོས་པོ་ལས་གཞན་པའི་སྤྱི་ཡིན་ཏེ། སྒྲ་མི་རྟག་པའམ་ཁ་དོག་གམ་ཞེས་བྱ་བ་ འདིས་དེ་ཉིད་དེ་དངོས་པོ་ཉིད་ཀྱིའོ། །དེ་བཞིན་ནི་མངོན་སུམ་དུ་མི་བྱེད་པས་སོ། །གྲུབ་ཕྱིར་ནི་ངེས་པའོ། །རབ་བསྒྲུབ་ཕྱིར་ནི་ངེས་པར་མཐོང་བས་བྱེད་པའི་ཕྱིར་རོ། །གཞན་དུ་མངོན་དུ་བྱེད་པ་ན་མངོན་དུ་བྱེད་པའི་ཡུལ་མ་གྲུབ་པ་མ་ཡིན་ནམ་སྙམ་དུ་སེམས་པ་ནི། གཞན་ལ་ཞེས་ བྱ་བ་སྟེ། དངོས་སུ་མི་སྣང་བའི་ཡུལ་ལ་གཞན་ལ་དེ་སྣང་བའི་ཡུལ་དུ་ཇི་ལྟར་འགྱུར་བ་ཡིན་ཞེ་ན། རང་གི་མཚན་ཉིད་ལས་གཞན་འགྲུབ་པ་ཞེས་བྱ་བ་ནི་མི་རིགས་པ་ཁོ་ནའོ། །དེ་ཉིད་ནི་རང་གི་མཚན་ཉིད་དོ། །གྲུབ་ཕྱིར་ནི་ཞེན་པའི་ཕྱིར་ཏེ། གལ་ཏེ་ཡང་རང་གི་མཚན་ཉིད་སྣང་བ་མ་ ཡིན་ན་ཞེན་པར་བྱེད་པ་ཡིན་ལ་ཞེན་པ་ཡང་རང་གི་ངོ་བོ་མི་སྣང་བ་ཡིན་ན་ཞེན་པ་ཡིན་ཏེ། མི་མཐུན་པ་ཡིན་པའི་ཕྱིར་ཐམས་ཅད་དུ་མཚུངས་པ་ཡིན་ཏེ། གང་གི་ཕྱིར་རང་གི་ངོ་བོ་སྣང་བ་ནི་ངེས་པ་ཡིན་པའི་ཕྱིར་མི་མཐུན་པ་ཞེན་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བརྟགས་པས་ཞེས་བྱ་བ་ ནས་བརྩམས་ནས་མ་ཡིན་ནོ་ཞེ་ན་ཞེས་བྱ་བའི་བར་གྱི་ཁ་དོག་ཉིད་དང་མི་རྟག་པ་ཉིད་དག་གིས་སྤྱིའི་ངོ་བོ་ཡིན་པའི་ཕྱིར། དངོས་པོ་མ་ཡིན་པ་ཉིད་དུ་ཐེ་ཚོམ་ཟ་བ་དང་འབྲེལ་པ་ཡིན་ཏེ་དེས་བསྐྱེད་པའི་ཕྱིར་དང་དེར་ཞེན་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ལ་མི་སྣང་བའི་ཕྱིར་ནི་མངོན་དུ་མི་བྱེད་པའི་ ཕྱིར་རོ། །དངོས་སུ་མ་འབྲེལ་ཡང་ཞེས་བྱ་བ་ནི་དངོས་སུ་མི་སྣང་བ་ལ་ཡང་ངོ་། །གལ་ཏེ་དངོས་སུ་མི་སྣང་བ་ཡིན་ཡང་རང་གི་མཚན་ཉིད་ཁོ་ན་ཞེས་པས་ཡུལ་ཡིན་གྱི་གཞན་ནི་མ་ཡིན་ན། དབང་ཕྱུག་ལ་སོགས་པའི་རྣམ་པར་རྟོག་པ་ལ་ཡང་དེ་ལྟར་འགྱུར་རོ་སྙམ་དུ་སེམས་པ་ལ། དངོས་པོ་ཇི་ལྟ་བུར་གྱུར་པ་ཞེས་བྱ་བ་སྟེ། རྟགས་ལས་སྐྱེས་པའི་རྟོག་པ་ནི་རྟགས་ཀྱི་རྒྱུ་དང་ཁྱབ་བྱེད་དག་ལས་འབྲེལ་པས་འབྲེལ་པ་ཅན་དེ་མངོན་དུ་བྱེད་ཀྱང་དེར་ཞེན་པའི་ཕྱིར་དེའི་ཡུལ་ཅན་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ཏེ། དེ་དང་འབྲེལ་པ་མེད་པས་དེའི་ཡུལ་ཉིད་དུ་རྣམ་པར་གཞག་པར་ མི་རིགས་པའི་ཕྱིར་རོ། །དངོས་གང་ཞེས་བྱ་བ་ནི་ཡོད་པ་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ནོ། །ཇི་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་མེ་མ་ཡིན་པ་དང་ཤིང་མ་ཡིན་པ་ལ་སོགས་པའི་བདག་ཉིད་ཀྱིས་ཡིན་གྱི་ཡོད་པ་ལ་སོགས་པས་ནི་མ་ཡིན་ནོ། །དེ་འདྲ་བ་དེ་ནི་ཞེས་བྱ་བ་ནི་དུ་བ་མ་ཡིན་པ་ དང་ཤིང་ཤ་པ་ནི་མ་ཡིན་པ་ལས་ལོག་པའི་ངོ་བོ་ཡོད་པ་དང་། རྩྭ་ལས་བྱུང་བ་ལ་སོགས་པ་ནི་མ་ཡིན་ནོ། །རྟགས་ཀྱང་འབྲས་བུའམ་ཁྱབ་བྱ་ཡིན་ལ་དེའི་ནི་རྒྱུ་ནི་སྦྱོར་བར་བྱེད་པའི་རྒྱུ་མཚན་ནི་རྒྱུ་ཉིད་ཀྱིས་སམ་ཁྱབ་པར་བྱེད་པ་ཉིད་ཀྱིས་སོ། །སེམས་ ཀྱི་ཞེས་བྱ་བ་ནི་མི་ཤེས་པ་རྟགས་མ་ཡིན་པའི་ཕྱིར་བརྒྱུད་པ་བརྟན་པར་བྱེད་པའོ། །དེ་ལྟར་ཡང་རྒྱུ་བྱེད་པ་ཡིན་པ་དེའི་ཕྱིར་རྟགས་འབྲས་བུ་ཡིན་ནོ། །སེམས་ལ་ནི་གཉི་ག་ཡང་ཁྱབ་པ་ཡིན་ནོ་ཞེས་བྱ་བ་ནི་མི་རིགས་ཏེ། གལ་ཏེ་ན་ཅུང་ཟད་འགས་ཁྱབ་པར་བྱེད་པ་ཡིན་ན་ནི་འདི་ལས་ཅིར་འགྱུར་ ཞེས་བསྟན་པ་ནི་གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་དེས་བསྐྱེད་པ་ནི་རྟགས་ཀྱིས་བསྐྱེད་པའི་རྟགས་ཅན་གྱི་བློ་ཉིད་དོ། །རྒྱུ་ཇི་ལྟར་བུར་གྱུར་པའི་དངོས་པོ་ལ་ནི་ཡུལ་ལ་འམ་རྒྱུ་མཚན་ལ་སྟེ་རྟགས་ཀྱི་སྒོ་ནས་དེ་ལས་བྱུང་བའི་ཕྱིར་གཞན་མེད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །རྟག་ཏུ་ སྣང་བ་ལས་ལྐོག་ཏུ་གྱུར་པ་རྟོགས་པ་ནི་ཐོབ་པར་བྱ་བའི་ཡུལ་ཉིད་ལ་འབྲེལ་པའི་ཡུལ་དུ་ངེས་པ་ཅན་ཉིད་ཡིན་ལ། འབྲེལ་པ་ཅན་མི་བསླུ་བ་ཡང་མི་བསླུ་བ་ཅན་གྱི་ངོ་བོ་ནི་ཚད་མ་ཉིད་ཡིན་ཞེས་བྱ་བའི་དོན་བཤད་ནས། བཤད་པ་བྱེད་པ་གཞན་རྣམས་ཀྱི་ལོག་པར་རྟོག་པའི་ཆེད་དུ་ཡང་ ཚིགས་སུ་བཅད་པ་བརྗོད་པ་ནི། དེ་ལྟར་རྟགས་དང་རྟགས་ཅན་བློ། །ཞེས་བྱ་བའོ། །རྟགས་ཅན་གྱི་ཤེས་པ་བཞིན་དུ་དེར་ཞེན་པའི་རྟགས་ཀྱི་ཤེས་པ་ཡང་དེ་དང་འབྲེལ་པ་ཅན་ཡིན་པའི་ཕྱིར་མི་བསླུ་བ་ཅན་ཡིན་ནོ། །འདི་ཉིད་སྐྱེད་པར་བྱེད་པའི་ཕྱིར་རྟགས་ཀྱི་ཤེས་པས་ཡང་དེ་ལ་ ཞེན་པ་ཡིན་ནོ། །གང་གི་ཕྱིར་ཐ་མི་དད་པར་ཞེན་པ་ཉིད་ཀྱིས་དེར་ཞེན་པ་ཉིད་ནི་མ་ཡིན་ཏེ་མངོན་སུམ་ལ་མེད་པའི་ཕྱིར་རོ། །མངོན་སུམ་ཉིད་ཀྱང་དེ་མ་ཡིན་ཏེ་མ་བཟུང་བའི་རྒྱུན་ལ་ཞེན་པ་སྐྱེད་པར་བྱེད་པའི་ཕྱིར་རོ། །གལ་ཏེ་དོན་དང་འབྲེལ་པ་ཞེན་པ་དང་ཐོབ་པ་ལ་སོགས་པ་ཡོད་པས་ ཚད་མ་ཉིད་ཡིན་ཡང་ཇི་ལྟར་འཁྲུལ་པ་ཅན་ཡིན་ཏེ། འགལ་བའི་ཕྱིར་རོ་ཞེས་ཟེར་བ་ལ། དེའི་ངོ་བོར་དེའི་རྟགས་ཅན་ལ་ཞེན་པར་བྱེད་པའི་ཕྱིར་རྟགས་དང་རྟགས་ཅན་གྱི་ཤེས་པ་དག་ལ་སྔར་ཇི་སྐད་བསྟན་པའི་འཁྲུལ་པ་ཡིན་ནོ། །དེ་ཡི་ངོ་བོས་སྟོང་དེ་དག །ཅེས་བྱ་བ་ནི་དེ་མངོན་ སུམ་དུ་བྱེད་པ་དང་བྲལ་བ་དག་གོ་ཞེས་བྱ་བའི་གཏན་ཚིགས་ཀྱི་ཚིག་གོ། །རང་གི་ངོ་བོ་མངོན་དུ་བྱེད་པ་ནི་མ་འཁྲུལ་བ་ཡིན་ནོ། །འགྲེལ་པ་བྱེད་པས་ནི་རྟགས་དང་ལྡན་པ་དང་མི་ལྡན་པ་ཉིད་དུ་དབྱེ་བ་མེད་པའི་རྟགས་ཀྱི་ཤེས་པ་ནི་རང་བཞིན་གྱི་རྗེས་སུ་དཔག་པ་ཡིན་ལ་རྟགས་ ཅན་གྱི་ཤེས་པ་ནི་འབྲས་བུའི་རྗེས་སུ་དཔག་པ་ཡིན་པར་བཤད་དོ། །དུ་བ་ལ་སོགས་པ་ཞེས་བྱ་བ་ནས་བརྩམས་ནས་གཙོ་བོ་ཉིད་དུ་ཡིན་ནོ་ཞེས་བྱ་བའི་བར་གྱིས་རྟགས་ཅན་གྱི་ཤེས་པ་བཞིན་དུ་རྟགས་ཀྱི་ཤེས་པ་ཡང་རྟགས་ཀྱི་ཡུལ་ཅན་ཡིན་ལ་རྟགས་ཅན་མེད་ན་མི་འབྱུང་བ་ཉིད་ཀྱི་ ངེས་པའི་ངོ་བོའི་རྟགས་ཀྱི་བྱ་བ་ལ་རྟགས་ཅན་ཡང་རྗེས་སུ་འཇུག་པའི་ཕྱིར་གཞན་དག་གི་རང་གི་འདོད་པ་བཀོད་པ་ཡིན་ནོ། །འདིས་ཀྱང་ཕ་རོལ་པོ་གཞན་གྱི་རྩོད་པ་སེལ་བར་སྟོན་པ་ནི། དེས་ན་ཇི་སྐད་དུ་ཞེས་བྱ་བའོ། །དེའི་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་བསལ་ནས། ཡུལ་གཅིག་ པའི་ཕྱིར་ཞེས་བྱ་བ་ནི་རྟགས་ཅན་ཁྱད་པར་དུ་བྱས་པའི་རྟགས་རྟོགས་པའི་མངོན་སུམ་མ་ཡིན་པར་སྨྲ་བ་ནི་མངོན་སུམ་མ་ཡིན་པའི་ཕྱིར་རོ། །དེ་འདི་ནི་གཞན་གྱི་འདོད་པ་བཀོད་པ་སེལ་བར་བྱེད་པ་ནི། འབྲེལ་པ་ཉིད་ཀྱིས་རྟགས་འཛིན་པ་ཞེས་བྱའོ། །ཐུན་མོང་གི་ཆོས་དག་གི་ནི་ སྤྱིའི་ངོ་བོ་དག་གི་འབྲེལ་པ་ནི་མངོན་སུམ་མ་ཡིན་ཏེ། དེའི་ཡུལ་ཅན་མ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པས་འཛིན་པ་ཡིན་ན་ཐུག་པ་མེད་པར་བསྟན་པ་ནི། དེ་ལྟ་ཡིན་ན་ཞེས་བྱ་བའོ། །འོན་ཏེ་གོམས་པ་ལས་མངོན་སུམ་གྱི་བསྒྲུབ་བྱ་མེད་ན་མི་འབྱུང་བའི་རྟགས་ལ་དེ་ ཉིད་དུ་འཛིན་པ་ཡིན་ནོ་སྙམ་དུ་སེམས་པ་ལ། དེའི་ཚེ་མངོན་སུམ་དེ་རྟགས་ཅན་སྣང་བ་ཉིད་ཡིན། དེ་མི་སྣང་བ་ཉིད་ཡིན་ན། དེ་མེད་ན་མི་འབྱུང་བ་ཉིད་ཁོ་ན་མི་འཛིན་ཏོ་ཞེས་ཟེར་བ་ནི་འོན་ཏེ་རྟགས་ནི་ཞེས་བྱ་བའོ། །ཇི་སྟེ་དེ་ཞེས་བྱ་བའི་རྗེས་སུ་དཔག་པའོ། །རྟགས་ཅན་མེད་ན་ མི་འབྱུང་བ་ཉིད་འཛིན་པ་ཉིད་ནི་རྟགས་ཀྱི་བྱ་བ་ཡིན་ལ། འདི་ལ་རྟགས་ཅན་འཛིན་པ་རྗེས་སུ་འཇུག་པ་ཡང་ཡིན་པར་བསྟན་པ་ནི། ཤིན་ཏུ་གོམས་པ་ལས་ཞེས་བྱ་བ་སྟེ་དུ་བའི་ངོ་བོ་ནི་སྦྲང་བུའི་ཚོགས་པ་དང་མི་མཐུན་པའི་མཚན་ཉིད་ལ་གོམས་པ་ཡིན་ན། མེ་མ་རྟོགས་ཀྱང་ཆེས་ གསལ་བར་ཉམས་སུ་མྱོང་བས་ཉེ་བར་མཚོན་པ་པ་ནི་རྟགས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གོམས་པ་མེད་པ་ནི་ཇི་ལྟར་རྟགས་འཛིན་པ་ཡིན་ཞེ་ན། དུ་བ་དེ་ཉིད་དུ་ཞེས་བྱ་བ་སྨོས་ཏེ་དེའི་ཚེ་ཡང་མེ་འཛིན་པ་མ་ཡིན་ཡང་རྟགས་འཛིན་པ་ལ་ཡང་འཇུག་པ་ཡིན་ནོ། ། ཞེས་བྱ་བའི་དོན་ཏོ། །གཞན་དང་འབྲེལ་པ་ཉིད་དུ་ངེས་པ་ནི་རྟགས་འཛིན་པ་ཡིན་པར་བརྗོད་པ་གང་ཡིན་པ་དེ་རྟགས་ཅན་འཛིན་པ་ཁོ་ན་ཡིན་ཏེ། རྟོགས་པ་ཅན་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། དེའི་མེ་དང་འབྲེལ་པ་ཉིད་ཅེས་བྱའོ། །མི་དམིགས་པ་ལས་བྱུང་བའི་རྗེས་སུ་ དཔག་པ་ནི་མེད་པའི་ཡུལ་ཅན་ཡིན་པའི་ཕྱིར། རྟགས་དང་རྟགས་ཅན་གྱི་ཤེས་པ་དག་ལ་བརྒྱུད་པས་ཀྱང་དངོས་པོ་དང་འབྲེལ་པ་མེད་པ་མ་ཡིན་ནམ། དངོས་པོ་གཞན་ནི་མེད་པར་བསམས་ནས་དངོས་པོའི་ཡུལ་ཉིད་དོ་ཞེས་བརྗོད་པས་ཤེས་པ་དང་ཤེས་བྱ་གཞན་དག་གི་འབྲེལ་པ་ ཡང་མ་ཡིན་ཏེ། མངོན་སུམ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། དེའི་ཕྱིར་དངོས་པོ་རྟོགས་བྱ་ལ་ཞེས་བྱ་བ་སྟེ། ཁྱབ་བྱེད་ནི་ཁྱབ་བྱའི་རྒྱུ་མཚན་ནམ་དེའི་ངོ་བོ་ཡང་རུང་དངོས་པོ་བསྒྲུབ་པར་བྱ་བ་ལ་ཡིན་གྱི་མེད་པ་ལ་ནི་མ་ཡིན་ཏེ། དེའི་བདག་ཉིད་དང་དེ་ལས་སྐྱེས་པ་ཉིད་དངོས་པོ་ བསྒྲུབ་བྱ་ལ་སྟེ། དངོས་པོ་རྟོགས་པར་བྱ་བ་ཡིན་གྱི་མེད་པ་ལ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དངོས་པོ་རྟོགས་པར་བྱ་བ་ཡིན་ན། དངོས་པོ་མ་ཡིན་པ་ལ་ཡང་འབྲས་བུ་འགལ་བ་དང་། འགལ་བས་ཁྱབ་པར་དམིགས་པ་ཡང་ཇི་ལྟར་ཡིན་ཞེ་ན། །དེ་དག་ཁོ་ན་དེ་ལ་ ཡང་མ་ཡིན་ཏེ། དེ་ལས་དངོས་པོ་གྲུབ་པ་ཉིད་སྔར་ཐོབ་པ་ཡིན་ནོ་ཞེས་དེ་ལྟར་བསྟན་ཟིན་ཏོ། །ཁྱབ་བྱ་ཁྱབ་བྱེད་ཉིད་གྲུབ་ན། དེ་ཡང་སྟེ་ཁྱབ་བྱ་ནི་དེའི་བློ་སྟེ་ཁྱབ་པར་བྱེད་པའི་ཤེས་པའི་རྒྱུར་འགྱུར་བ་ལ། དེ་ཡང་ཞེས་བྱ་བ་ནི་ཁྱབ་བྱེད་ཡིན་ལ་ཁྱབ་བྱ་ཡང་དེ་ཡིན་པའོ། །དགག་ པ་སྟེ་ཕ་རོལ་པོ་རྣམས་ཀྱི་འདོད་པའི་མེད་པ་དང་། ཁོ་བོ་ཅག་གི་མེད་པའི་ཐ་སྙད་བསྒྲུབ་པར་བྱ་བ་ལ་གེགས་བྱེད་པ་འགའ་ཡང་མེད་པར་བསྟན་པ་ནི། འགག་པ་ཉིད་ནི་ཞེས་བྱ་བའོ། །ཇི་ལྟར་འབྲེལ་པ་ཡིན་ཞེས་བྱ་བའི་འགྲེལ་པ་ནི་གསལ་བར་བྱེད་པའི་ཆེད་དུའོ། །ཐམས་ཅད་དུ་ ཞེས་བྱ་བ་ནི་སྣང་བ་དང་མི་སྣང་བ་ལ་ཡང་ངོ་། །འབྲེལ་པ་མེད་པ་ཅི་ལས་ཤེ་ན། དམིགས་པ་ནི་དངོས་པོ་རྣམས་འཛིན་པར་བྱེད་པའི་ཕྱིར་ཚད་མ་ཡིན་ལ་གང་ཞིག་གང་གི་ཡིན་པ་དེའི་མེད་པ་ནི། མི་དམིགས་པའོ། །གང་གི་ཕྱིར་འཛིན་པར་བྱེད་པ་ནི་གཟུང་བར་བྱ་བ་འཇོག་པར་བྱེད་པ་ཡིན་གྱི་ དེ་མེད་པ་ལ་ནི་མ་ཡིན་ནོ། །ཚད་མ་གཞན་ཡིན་ནོ་ཞེ་ན། རེ་ཞིག་མངོན་སུམ་ནི་མ་ཡིན་ཏེ། དངོས་པོའི་ཉེ་བ་དང་ཅིག་ཤོས་དག་གིས་སྣང་བ་ཐ་དད་པར་འཛིན་པའི་ཕྱིར་དེ་མེད་པས་མེད་པ་ལ་ནི་མི་འགྱུར་རོ། །རྗེས་སུ་དཔག་པ་ལ་སོགས་པ་ཡང་འབྲེལ་པ་མེད་ན་མི་འགྱུར་ལ་མེད་པར་ རྟོགས་པ་ནི་ཡོད་དོ། །དེའི་ཕྱིར་སྡུད་པར་བྱེད་པ་ཡོད་པ་ཉིད་ཀྱིས་གཞན་དུ་མི་རིགས་པར་བསྟན་པ་ནི། གྲུབ་པ་ནི་ངེས་པའོ། །དོན་གྱིས་ཞེས་བྱ་བ་ནི་མེད་པར་རྟོགས་པའི་ཕྱིར་རོ། །རྣམ་པ་གཞན་མེད་པ་ནི་ཤུགས་ཀྱིས་སོ། །བཟློག་པ་ཉིད་ཅེས་བྱ་བ་ནི་འཛིན་པར་བྱེད་པ་བཟློག་པ་ སྟེ་འཛིན་བྱེད་གཞན་བཀག་ན་དེ་མེད་པ་ཁོ་ནའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་རང་བཞིན་མི་དམིགས་པ་འབའ་ཞིག་མ་ཡིན་གྱི། འགལ་བའི་འབྲས་བུ་བསྒྲུབ་པ་ལ་ཡང་ངོ་ཞེས་ཤེས་པར་བྱེད་དོ་ཞེས་བྱ་བ་ནི་ཁ་ཅིག་གི་ཡིན་ནོ། །དེ་ཡང་མི་དམིགས་པ་ལ་ཞེས་བྱ་བ་ནི་སྤྱིས་བསྡུས་ པའི་ཕྱིར་དང་། གཞི་མཐུན་པ་ཉིད་མེད་པའི་ཕྱིར་བརྗོད་བྱས་སྟོང་པ་ཡིན་ནོ། །གང་དུ་ཞེས་བྱ་བ་ནི་སྣང་བ་འམ་མི་སྣང་བ་ལ་ཡང་ངོ་། །དེ་དགག་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དངོས་པོའི་འོ། །རྣམ་པ་གཅིག་བསྟན་པ་ནི། འདི་ལྟར་ཞེས་བྱ་བ་སྟེ། དམིགས་པར་ རིགས་པ་ནི་སྣང་བའོ། །གལ་ཏེ་གཞན་གྱི་མེད་པར་རྟོགས་པ་ནི་ཇི་ལྟར་ཡིན་དུ་ཟིན་ཀྱང་ཁྱོད་ཀྱི་ཇི་ལྟར་ཡིན། ཚད་མ་ལས་བྱུང་བའི་རྟོགས་པ་ནི་དངོས་སུ་འབྲེལ་པ་ཅན་མ་ཡིན་པ་མ་ཡིན་ནོ་ཞེས་ཟེར་བ་ལ། མི་དམིགས་པ་ཉིད་ཅེས་བྱ་བའོ། །མི་དམིགས་པ་ལས་གཞན་དུ་དགག་པ་ཡིན་ན་ འབྲེལ་པ་མེད་པ་ཡིན་གྱི། ཁོ་བོ་ཅག་གི་མ་ཡིན་ཏེ། གཞན་མ་ཡིན་པ་ཉིད་ཀྱིས་དེའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་དེའི་དོན་ལ་ཡང་ཚིགས་སུ་བཅད་པ་འདི་ཡིན་ནོ། །གྲུབ་པ་ནི་བསྒྲུབས་པས་སོ། །ཚད་མས་ནི་དམིགས་པའི་ཚད་མ་ལ་བརྟན་ནས་སོ། །སྨྲ་བ་པོ་རྣམས་ཀྱི་ ཐ་སྙད་པ་རྣམས་ཀྱིའོ། །དོན་གྱིས་བཟློག་པ་ཉིད་ནི་མ་གྲུབ་པ་དང་དགག་པ་པ་དང་ཚད་མ་མ་ཡིན་པ་དང་མི་དམིགས་པ་ཉིད་དོ་ཞེས་བྱ་བའོ། །བསྒྲུབ་པ་སྟེ་དམིགས་པ་ལ་དམིགས་པ་སྟེ། དགག་པ་ནི་དེའི་བདག་ཉིད་མ་ཡིན་པ་བཞིན་དུ་སྒྲུབ་པ་ནི་མ་ ཡིན་པར་མི་འགྱུར་ལ་ཡོད་པ་ནི་ཡིན་ནོ། །རང་བཞིན་མི་དམིགས་པ་ལ་རིགས་པ་འདི་མ་ཡིན་ནམ། འགལ་བ་དམིགས་པ་ལ་སོགས་པ་ནི་མ་ཡིན་ཏེ། ཡུལ་དུ་མི་རུང་བ་ཉིད་ཀྱིས་མི་དམིགས་པས་དགག་པ་ལ་དབྱེ་བ་ཡོད་པའི་ཕྱིར་རོ་ཞེས་ཟེར་བ་ནི། འགལ་བ་ཡང་ཞེས་ བྱ་བ་སྟེ་དངོས་སམ་ཞེས་བྱ་བ་ནི་འགལ་བ་དམིགས་པའོ། །བརྒྱུད་པས་ཞེས་བྱ་བ་ནི་རྒྱུ་འགལ་བ་ལ་སོགས་པའོ། །འདི་ལ་ཞེས་བྱ་བ་ནི་རྒྱུ་འགལ་བའོ། །སྣང་བ་མི་དམིགས་པ་ཉིད་ལ་མེད་པ་ནི་རྨོངས་པ་ལ་ཐ་སྙད་ཙམ་བསྒྲུབ་པར་བྱ་བ་མ་ཡིན་ནམ། མི་སྣང་བ་མི་ དམིགས་པ་ཙམ་ནི་ཡོད་པ་ལ་ཡང་ཡོད་པའི་ཕྱིར་དང་། སྦྱོར་བའི་དབྱེ་བ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ་སྙམ་དུ་སེམས་པ་ལ། དེ་ལ་ཡང་འགལ་བ་མ་དམིགས་པའི་དུས་ན་ཡོད་པའི་སྣང་བ་དམིགས་པ་ཉིད་དེ་དང་འདྲ་བ་མཐོང་བས་རྗེས་སུ་དཔོག་པ་ནི་མེད་པའི་ཐ་ སྙད་ཀྱི་རྒྱུ་ཡིན་ནོ་ཞེས་བསྟན་པ་ནི། དགག་པ་དེ་ཡང་དེ་རྒྱུ་འམ། །ཞེས་བྱ་བ་སྟེ། གང་གི་ཞེ་ན་དེའི་སྟེ་དགག་བྱ་གྲང་བའི་འོ། །དགག་བྱ་དེའི་ཤུགས་ཀྱིས་འབྲས་བུའི་འོ། །རྒྱུ་འམ་ནི་གྲང་བ་ཉིད་ཀྱིའོ། །དེ་ཉིད་ནི་གྲང་བའོ། །དེའི་འབྲས་བུ་སྤུ་ལོང་ཞེས་བྱེད་པ་ལ་ སོགས་པ་ལ་དགག་པ་ལ་ཡང་མཐོང་བ་སྟེ། ཚད་མ་ཉིད་མེད་པ་སྟོན་པར་བྱེད་པ་ནི་མི་དམིགས་པ་རྗེས་སུ་དཔག་པ་སྟེ་འབར་བའི་ངོ་བོ་མངོན་སུམ་པ་ནི་ཚོགས་པ་གཅིག་ལ་རག་ལས་པ་དྲོ་བའི་རེག་པ་གྲང་བ་མི་དམིགས་པ་རྟོགས་པར་བྱེད་པའི་ཕྱིར་རྗེས་སུ་དཔག་པས་མི་དམིགས་ པ་གྲུབ་པོ། །དེས་ན་མི་དམིགས་པ་ལ་ཡང་འགལ་བའི་འབྲེལ་པ་གང་ཡིན་ཞེས་བྱ་བ་བསལ་བ་ཡིན་ནོ། །དེ་ལ་ཚོགས་པ་གཅིག་ལ་རག་ལས་པའི་མེའི་གཟུགས་ཀྱི་དྲོ་བའི་བདག་ཉིད་ཀྱི་རེག་པ་དཔོག་པ་ལ་སོགས་པ་འཆད་པར་འགྱུར་བ་གང་ཡིན་པའོ། །འགལ་བ་ནི་ གྲང་བའོ། །མེད་པར་འགྱུར་བ་ཞེས་བྱ་བ་ནི་གྲང་བའི་འོ། །དེ་ལྟ་མ་ཡིན་པ་ཞེས་བྱ་བ་ནི་མི་དམིགས་པ་ལའོ། །གཞན་དུ་ཞེས་བྱ་བ་ནི་འགལ་བ་ལ་སོགས་པ་བསྒྲུབ་པས་མི་དམིགས་པ་ལ་རྗེས་སུ་དཔག་པ་མེད་ནའོ། །དངོས་པོ་གཅིག་ཅེས་བྱ་བ་ནི་འགལ་བ་ལ་སོགས་ པའོ། །གཞན་ཞེས་བྱ་བ་ནི་གྲང་བ་ལ་སོགས་པའོ། །གང་ལས་ཞེས་བྱ་བ་ནི་ཚད་མ་གང་གིས་སོ། །དེ་ནི་ཞེས་བྱ་བ་ནི་ལྷན་ཅིག་མི་གནས་པའོ། །ཚད་མ་མ་ཡིན་པ་ཉིད་མི་དམིགས་པའོ། །འབྲེལ་པ་འཛིན་པར་བྱེད་པ་ཁོ་ནས་གཞལ་བྱ་གྲུབ་ན་རྗེས་སུ་དཔག་པ་ཚད་མ་ གཞན་དུ་མི་འགྱུར་རོ་ཞེས་བསྟན་པ་ནི། འབྲེལ་པར་གྲུབ་པར་བྱ་བ་ལ་ཞེས་བྱ་བའོ། །འཇུག་པ་གང་ཡིན་པ་ཞེས་བྱ་བ་ནི་མེ་དམིགས་པའི་ངོ་བོ་སྟེ་གྲང་བ་མ་དམིགས་པའོ། །དུ་བ་མེ་ལ་ངེས་པ་ཉིད་དུ་མངོན་སུམ་གྱིས་གྲུབ་ན་དུ་བ་མཐོང་བ་ལས་མེ་རྗེས་སུ་དཔག་པར་འགྱུར་ གྱི། འགལ་བ་མི་དམིགས་པ་འདི་ལ་ནི་མེད་པར་ངེས་པ་ཉིད་དེ་ལྟ་བུར་འཛིན་པ་མ་ཡིན་ཏེ། མི་དམིགས་པ་དང་མེད་པ་དག་ལ་དབྱེ་བ་མེད་པའི་ཕྱིར་འགལ་བ་ཅན་གྱི་མེད་པར་རྟོགས་སོ་ཞེས་མི་དམིགས་པར་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་གྱི་ཐ་མི་དད་པ་མེད་ན་རྗེས་སུ་དཔག་ པ་མེད་པས་རྩོད་པའི་གནས་སུ་འགྱུར་རོ་ཞེས་བསྟན་པ་ནི། མེ་ལས་གྲང་བ་མེད་པར་ནི་ཞེས་བྱ་བའོ། །གྲང་བ་ལས་གཞན་པ་ནི་གྲང་བ་མེད་པ་སྟེ། དེའི་འབྲས་བུ་ལས་ཀྱང་གཞན་པ་ནི་མེད་པ་ཡོད་པར་ཡིན་པར་བསྟན་པ་ནི། གང་གི་ཚེ་ཞེས་བྱ་བའོ། །དྲོ་བའི་རེག་པ་ལ་ གཟུགས་ནི་གྲང་བ་མེད་པའི་ངོ་བོ་ལ་འབྲས་བུའི་གཏན་ཚིགས་སོ། །གྲང་བ་མེད་པ་ཡང་དེ་ལས་གཞན་པའི་ངོ་བོ་དེའི་འབྲས་བུ་མེད་པའི་ངོ་བོའོ། །དེ་ལ་རྒྱུ་མེད་པར་བསྟན་པ་ནི། དེས་ན་རྗེས་སུ་དཔག་པ་ཞེས་བྱ་བའོ། །འབྲེལ་པ་འཛིན་པའི་མངོན་སུམ་ཁོ་ནའི་རྗེས་སུ་དཔག་ པ་ལས་རྗེས་སུ་དཔག་པར་བྱ་བ་གྲུབ་པ་ན་རྗེས་སུ་དཔག་པ་མེད་པའི་རྩོད་པའི་གནས་གང་ཡིན་པ་དེ་ཡང་མངོན་སུམ་ལས་རྗེས་སུ་དཔག་པ་ཐ་དད་པ་མེད་ན་དེ་གྲུབ་པས་དེ་ཉིད་འགྲུབ་པོ་ཞེས་བྱ་བ་མི་རིགས་སོ་ཞེས་ཟེར་བ་ནི། གལ་ཏེ་དེ་ལྟ་ན་ནི་ཞེས་བྱ་བ་ནས་ཚད་མར་མི་འགྱུར་རོ་ཞེས་ བྱ་བའི་བར་དུའོ། །དམིགས་པའི་ངོ་བོ་ཡོད་པ་ཉིད་ལ་མི་དམིགས་པ་ཉིད་མེད་པ་དེའི་ཕྱིར་ཡང་རྗེས་སུ་དཔག་པས་མེད་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ཉམས་པར་འགྱུར་རོ་ཞེས་ཟེར་བ་ནི་མེས་མེད་པར་སྒྲུབ་ཀྱི་ཞེས་བྱ་བའོ། །མི་དམིགས་པས་མེད་པའི་དབྱེ་བ་མེད་ལ་ གཞན་དམིགས་པ་མི་དམིགས་པ་སྟེ། མེད་པ་ན་ཅི་ཞིག་གང་གིས་སྒྲུབ་པར་བྱེད་ཅེས་བསྟན་པ་ནི་མེ་ཉིད་ཅེས་བྱ་བའོ། །མི་དམིགས་པ་ལས་མེད་པ་ཇི་ལྟ་བ་དེ་བཞིན་དུ་གཞན་དམིགས་པའི་མི་དམིགས་པའི་ངོ་བོ་ལས་སོ། །དེའི་ཕྱིར་ཐ་སྙད་ལས་གཞན་བསྒྲུབ་པར་བྱ་བ་ཡོད་པ་མ་ ཡིན་ནོ། །ཇི་སྐད་བསྟན་པའི་རིམ་པས་གང་གི་ཕྱིར་མི་དམིགས་པ་ཉིད་མེད་པ་སྒྲུབ་པར་བྱེད་པ་དེའི་ཕྱིར་རང་གི་སྒྲས་བརྗོད་ན་ཡང་ཞེས་བྱ་བ་ནི་མི་དམིགས་པ་སྟེ། ཡང་གི་སྒྲས་ནི་རང་གི་སྒྲ་མ་ཡིན་པས་བརྗོད་པ་སྟེ་འགལ་བ་སྒྲུབ་པ་ལ་མེ་ཡོད་པའི་ཕྱིར་རོ་ཞེས་བྱ་བས་སོ། །མ་ བརྗོད་པར་ཡང་ཞེས་བྱ་བ་ནི་གཞན་ནོ། །འགལ་བའི་གནས་སྐབས་ཡིན་པའི་ཕྱིར་འགྲེལ་པར་ནི་དེའི་སྒྲ་ནི་རང་གི་སྒྲ་ཞེས་བཤད་དོ། །རྒོལ་བ་པོ་གང་གི་མི་དམིགས་པ་དེ་གཞན་དམིགས་པའི་ངོ་བོ་མངོན་སུམ་ལས་སམ་རྗེས་སུ་དཔག་པ་ལས་འགྲུབ་པ་མེད་པའི་ཐ་སྙད་སྒྲུབ་པར་ བྱེད་པ་ཡིན་པར་མི་འདོད་ཅིང་དངོས་པོ་རྣམས་ཀྱི་མེད་པ་ཉིད་ཅི་ལས་ཀྱང་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་འདོད་པ་དེ་དག་གི་དེ་ནི་ཡིད་སྨོན་གྱི་ལ་ཐུ་ཙམ་ཡིན་ནོ་ཞེས་བསྟན་པ་ནི། །གལ་ཏེ་དེ་ནི་ཚད་མིན་དེས། །ཞེས་བྱ་བའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་འགལ་བ་ཉེ་བར་བསྟན་ པས་སམ། ཚད་མ་གཞན་གྱིས་ཀྱང་ཞེས་བྱ་བའི་དོན་ཏོ། །གང་ལ་ཚད་མ་གཞན་མེད་པར་སྒྲུབ་པར་བྱེད་པ་ཉིད་ཀྱི་ལུང་ལ་སོགས་པ་འདོད་པ་དེ་ལ་ཡང་དེ་ལྟ་བུར་འགྱུར་ལ། དེ་ཉིད་རྣམ་པ་འགས་མི་དམིགས་པའི་ཁོངས་སུ་གཏོགས་པ་ཡིན་ན། འདིས་མ་མཚོན་ པའི་སྦྱོར་བའི་དབྱེ་བས་འཕངས་པ་ཉིད་ཡིན་པར་བསྟན་པ་ནི། དེ་དང་དགག་བྱ་དང་ངོ་། །འགལ་བ་ནི་མེ་ལ་སོགས་པའོ། །དེའི་འབྲས་བུ་ནི་དུ་བ་ལ་སོགས་པ་དེ་བརྗོད་པ་ལ་སོགས་པའོ། །ཇི་སྐད་བསྟན་པའི་མི་དམིགས་པ་དང་བྲལ་བའི་སྦྱོར་བ་ལ་སོགས་པ་གྲུབ་པ་མ་ཡིན་ པར་བསྟན་པ་ནི། འགལ་བ་དང་ཞེས་བྱ་བའོ། །འགལ་བ་བསྒྲུབ་པ་མ་གྲུབ་པར། ཐབས་དང་བཅས་པ་ནི་དགག་པ་ལ་རྒྱུ་དང་ཁྱབ་པར་བྱེད་པ་དག་མི་དམིགས་པ་དང་བཅས་པའོ། །ཅི་ཞེ་ན་འགལ་བ་བསྒྲུབ་པ་མ་བྱས་པ་སྟེ་རང་བཞིན་མི་དམིགས་པ་རྣམ་པ་བཞིའི་མི་ དམིགས་པ་མ་བསྟན་པར་ཞེས་བྱ་བའི་དོན་ཏོ། །ཇི་སྐད་བསྟན་པའི་མི་དམིགས་པ་དང་བྲལ་བའི་སྦྱོར་བ་བསྟན་པ་ནི། སྨྲ་བ་ནི་ཚིག་སྟེ་ཤི་བའི་སེམས་ཉིད་ལ་སོགས་པ་གང་གི་དང་པོ་ཡིན་པ་དེ་ལས་ཐམས་ཅད་མཁྱེན་པ་དང་འཇིག་རྟེན་གཞན་ཏེ་ཉིང་མཚམས་སྦྱོར་བ་བཀག་ པ་ནི་འགལ་བ་བསྒྲུབ་པ་ལས་འགྱུར་བ་ཡིན་ཏེ་གཞན་མེད་པའི་ཕྱིར་རོ། །སྨྲ་བ་པོ་ཉིད་ལ་སོགས་པས་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་དེ་ཡོད་ན་མེད་པའམ་དེ་བསལ་ན་གནས་པར་རྟོགས་པ་གྲུབ་པ་མ་ཡིན་ཏེ། དབང་པོ་ལས་འདས་པའི་ཕྱིར་རོ། །སྐད་ཅིག་ པ་མ་ཡིན་པ་ཉིད་ནི་སྔོན་པོ་ལ་སོགས་པ་རྣམས་ལ་བདག་ཉིད་དུ་སྒྲོ་བཏགས་པ་སྣང་དུ་རུང་བ་ཡིན་ན་སྐད་ཅིག་པ་ཉིད་དང་འགལ་བ་ཡིན་ཏེ་དེ་བསྟན་པ་ནི། དབང་པོ་ལས་འདས་ཞེས་བྱ་བའོ། །ཉོན་མོངས་པ་དང་ལན་དག་གཏན་མེད་པ་འགལ་བ་མ་ཡིན་ནམ། དེ་ཡོད་ན་དེ་ ཆེས་ཤིན་ཏུ་འགྲིབ་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་པ་དང་ཚིག་དག་ལ་ཡང་བརྟག་པར་བྱའོ་ཞེ་ན་འདི་ནི་མི་རིགས་ཏེ། ཤེས་པ་འཕེལ་བ་ཡང་ཚིག་ལ་འགྲིབ་པས་ལོག་པར་སྒྲུབ་པའི་ཕྱིར་རོ་ཞེས་བསྟན་པ་ནི། གལ་ཏེ་ཤེས་པ་ཁྱད་པར་དུ་འཕེལ་བའི་རྗེས་སུ་ འགྲོ་བ་ཞེས་བྱ་བ་སྟེ། ཤེས་པའི་རྒྱུ་མཚན་ཚིག་ཡིན་ཏེ་དེ་འཕེལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཤེས་པ་ཐམས་ཅད་དང་། ཚིག་དག་ལྷན་ཅིག་པར་མ་མཐོང་ཡང་འགལ་བ་རྟོགས་པ་མ་ཡིན་ཏེ། ཕྱིན་ཅི་ལོག་ཏུ་རྟོགས་པའི་ཕྱིར་རོ་ཞེས་བསྟན་པ་ནི། གལ་ཏེ་སྨྲ་པོ་རིག་མིན་ན། །ཞེས་བྱ་བ་སྟེ། གང་གི་ཕྱིར་དེ་འཕེལ་བ་ལ་འགྲིབ་པ་ནི་འགལ་བ་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་མི་དམིགས་པའི་ཁྱད་པར་གྱི་སྨྲ་བ་པོ་ཉིད་ནི་གྲང་བ་མི་དམིགས་པའི་ཁྱད་པར་གྱི་དྲོ་བའི་རིག་པ་བཞིན་དུ་འགལ་ བ་ཅན་མ་ཡིན་ནམ་སྙམ་དུ་སེམས་པ་ནི་དེ་འདྲ་ཞེས་བྱ་བའོ། །དེ་ལྟ་ན་ནི་མི་དམིགས་པ་ཉིད་སྒྲུབ་བྱེད་ཡིན་ཏེ་འདིས་སྒྲུབ་པར་བྱེད་པའི་ཕྱིར། བསྒྲུབ་བྱ་ངེས་པའི་རྒྱུ་མཚན་ནི་སྒྲུབ་བྱེད་ཉིད་མི་དམིགས་པ་ཁྱད་པར་དང་ལྡན་པར་བརྗོད་པར་བྱ་བའོ་ཞེས་བྱ་བའི་དོན་ཏོ། ། ཁྱད་པར་མི་ལྡན་ན་མ་ངེས་པ་ཡིན་པར་བསྟན་པ་ནི་ངེས་བྱེད་མིན་པར་ཏེ་སྒྲུབ་བྱེད་མ་ཡིན་པའོ། །གལ་ཏེ་མི་དམིགས་པ་ཙམ་ལས་མེད་པར་མ་ངེས་ན་དངོས་པོ་ཡོད་པར་ངེས་པར་འགྱུར་རོ་ཞེས་ཟེར་ན་ཡང་དེ་ཕྱིར་ཤིན་ཏུ་ཞེས་བྱ་བའོ། །རེས་འགའ་ལྐོག་ཏུ་གྱུར་པ་ནི་ཡོད་པ་དང་མེད་པ་ ཉིད་དུ་ཚད་མ་དག་གིས་ངེས་པར་བྱེད་པ་ཡིན་ལ། དབང་པོ་ནི་ཐམས་ཅད་དུ་ལྐོག་ཏུ་གྱུར་པ་ཡིན་ཏེ། དོན་གྱིས་གོ་བ་རྟོགས་པ་ཡིན་གྱི་ཐམས་ཅད་མཁྱེན་པ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་ཕ་རོལ་པོ་ཁས་ལེན་པ་ཡིན་ནོ། །ཐམས་ཅད་ཤེས་པ་ནི་དངོས་པོ་ཐམས་ཅད་གསལ་བར་མཐོང་ བ་ཡིན་ཞིང་རྣམ་པར་རྟོག་པ་དང་འགལ་བ་མ་ཡིན་ནམ་དེའི་འབྲས་བུ་ཚིག་དང་ཡང་འགལ་བ་ཡིན་ནོ། །དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ལ་སྨྲ་བ་པོ་ཉིད་འབྲས་བུ་འགལ་བར་ཐལ་བར་འགྱུར་རོ་སྙམ་དུ་སེམས་པ་ནི། འོན་ཏེ་གྱུར་ན་ཡང་ཐམས་ཅད་མཁྱེན་པ་ཞེས་བྱ་བའོ། ། ཐམས་ཅད་མཐོང་བར་གསལ་བ་ཡིན་ཡང་ད་ལྟར་བ་ཉིད་བཞིན་དུ་རྟོག་པ་འཇུག་པ་ཡིན་ནོ། །མ་བརྟགས་མ་དཔྱད་པར་ཚིག་འཇུག་པ་མ་ཡིན་ནོ་ཞེས་གསུངས་སོ་ཞེས་བྱ་བ་ནི་ལུང་རིགས་རྣམས་ཀྱི་དང་རྣམ་པར་རྟོག་པས་ཀྱང་ཕྱི་རོལ་ཉིད་རང་གི་གཟུགས་བརྙན་ལྟ་བུར་དེ་ཉིད་དུ་ཞེན་ པས་བརྗོད་པར་བྱ་བ་ཡིན་ཏེ། ཚིག་གི་རྒྱུ་མཚན་རྟོགས་པས་དེ་ཡོད་ཀྱང་དེ་རིག་པ་ཡོད་པ་ཉིད་ཡིན་ལ། བརྡ་བྱེད་པ་པོའི་རྟོག་པ་ནི་བག་ཆགས་ཀྱི་གནས་སྐབས་ཅན་ཡོད་ན་དེའི་ཕྱིར་ཚིག་མེད་པ་ཅི་ལས་ཡིན་ཞེས་བླ་ན་མེད་པའི་ཐེག་པ་མི་ཤེས་པ་མ་ཡིན་པ་དག་གིའོ། །དེ་གཉི་ག་ ཡང་ལྷན་ཅིག་ཚིགས་སུ་བཅད་པ་གཅིག་བརྗོད་པས་བསྟན་པ་ནི། དོན་ཀུན་གསལ་བ་ཉིད་དུ་ནི། །ཞེས་བྱ་བ་སྟེ། གོམས་པ་ལས་བརྗོད་པར་འདོད་པ་འཇུག་པ་ཞེས་བྱ་བ་ལ་བརྗོད་པར་འདོད་པ་ནི་སྔར་ཡིན་ལ་བརྡ་བྱེད་པ་པོའི་གོམས་པ་ལས་ནི་ཕྱིས་ཚིག་འཇུག་པར་འགྱུར་བ་ཡིན་ཏེ། དཔག་ཏུ་ཡོད་པ་ལས་གཞན་པ་ནི་དཔག་ཏུ་མེད་པའོ། །ཚིག་ཅེས་བྱ་བ་དང་མི་འབྱུང་བ་ནི་མ་ཡིན་ནོ་ཞེས་བྱ་བ་དང་སྦྱར་རོ། །ཚིག་རྣམས་ཀྱི་ཞེས་བྱ་བ་ནི་འདས་མ་ཐག་ཏུ་བསྟན་པའི་ཕྱོགས་ལ་ལན་བཏབ་པ་ཡིན་ནོ། །ཀུན་བསླངས་པས་ཞེས་བྱ་བ་ནི་ལུས་ཀྱི་ལས་སོ། །ཉེ་བ་ ཞེས་བྱ་བ་ནི་ཆེས་དང་པོར་ཉེ་བ་སྟེ། སྔར་མ་མཐོང་བ་ཞེས་བྱ་བའི་ཐ་ཚིག་གོ། །མངོན་སུམ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱིས་དེ་སྔ་མ་ཡིན་པའི་ཕྱིར་རོ། །ཕན་ཚུན་འགལ་བ་ཡང་དཔེར་ན་མེ་དང་གྲང་བའི་ཞེས་བྱ་བའོ། །གལ་ཏེ་ཆོས་ནི་ཐ་དད་པ་ཞེས་བྱ་བ་ནི་ གཞན་གྱིས་ཐ་མི་དད་པར་སྒྲོ་བཏགས་ན་ཡང་འགལ་བ་ཅན་ནི་འགལ་བ་ཡིན་པར་བསྟན་པ་ནི། ཐ་དད་ཐ་དད་མེད་པ་ཞེས་བྱ་བ་སྟེ། ཁ་བ་མེད་པ་ནི་གྲང་བ་མེད་པ་ནའོ། །མེད་པ་སྐྱེ་བ་ནི་མེད་པའི་བདག་ཉིད་ཐོབ་པ་ཡིན་ན་ཡོད་པ་དང་མེད་པ་གཅིག་པ་ཉིད་དུ་ཁས་ལེན་པ་ནི་ འགལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐ་དད་མེད་པ་ཞེས་བྱ་བ་ནི་ཁས་ལེན་པའི་ཡུལ་ཡིན་ལ། གཞན་གྱིས་ཁས་བླངས་པ་དེ་ཉིད་བསྟན་པ་ནི། སྐྱེ་བ་ནི་ཡོད་པ་ལས་ཞེས་བྱ་བའོ། །འགལ་བ་ཡང་ཞེས་བྱ་བ་ཁོ་ན་མ་ཡིན་ཏེ་ཞེས་བསྟན་ཏོ། །ཐ་དད་པ་མེད་པ་ཞེས་བྱ་བ་ནི་ ཐ་དད་པར་ཁས་ལེན་ན་འགལ་བ་མེད་པའོ། །དངོས་པོ་མེད་པར་བསྟན་པ་དང་ཅིག་ཤོས་ཅིག་མ་ཡིན་ནོ། །མ་ཚང་བ་མེད་པར་རྒྱུ་ཅན་ཡོད་པ་གཞན་ཡོད་ན་མེད་པར་རྟོགས་པ་ཞེས་བྱ་བའི་འགལ་བའི་མཚན་ཉིད་རྗེས་སུ་བརྗོད་པ་ནི། མ་ཚང་བ་མེད་རྒྱུ་ཅན་ཞེས་བྱ་བའོ། །ཡོད་ པ་ཞེས་བྱ་བ་ནི་རྒྱུན་གྱིས་གནས་པའོ། །གང་དུ་འདི་མཐོང་ཞེ་ན་མེ་དང་གྲང་བ་ལའོ། །གལ་ཏེ་གཞན་གྱིས་ཞེས་བྱ་བ་འདིས་འགལ་བ་ཉིད་རྣམ་པར་དཔྱོད་པར་བྱེད་པ་ཡིན་ནོ། །གལ་ཏེ་རྒྱུ་ཡོད་གྱུར་ན་ནི། །ཞེས་བྱ་བ་ནི་སྐད་ཅིག་ཕྱི་མའི་རྒྱུན་ལའོ། །རྒྱུ་མེད་ན་དེས་བྱས་པའི་ འབྲས་བུ་མི་སྐྱེ་བ་ནི་འགལ་བར་བྱེད་པ་མ་ཡིན་པར་བསྟན་པ་ནི། འོན་ཏེ་རྒྱུ་ཡོད་མིན་ན་ཡང་། །ཞེས་བྱ་བའོ། །རྒྱུ་མེད་པའི་ངོ་བོའི་མ་ཚང་བ་ཉིད་འགལ་བ་ཅན་གྱིས་བྱས་པ་མ་ཡིན་ཏེ། རང་ཉིད་ཡོད་པའི་ཕྱིར་རོ་ཞེས་བསྟན་པ་ནི་གལ་ཏེ་མེད་པ་ཞེས་བྱ་བའོ། །རང་གི་ངོ་བོ་ སྟེ་ནུས་པ་ཅན་གྱི་ངོ་བོས་སོ། །ཡོད་པ་ཡང་འགལ་བ་ཅན་གྱིས་ཕྱིན་ཅི་ལོག་ཏུ་བྱེད་པར་མི་ནུས་སོ་ཞེས་བསྟན་པ་ནི་ཡོད་པ་ཡང་ཞེས་བྱ་བའོ། །དེའི་རྒྱུ་ནི་མ་ཚང་བ་མེད་པའི་རྒྱུའོ། །རང་ཉིད་ཅེས་བྱ་བ་ནི་མ་ཚང་བ་མེད་པར་སྐྱེས་པ་མ་ཡིན་པ་ནི་ མ་ཚང་བའོ། །མེ་གང་གི་ལྷན་ཅིག་བྱེད་པ་མ་ཡིན་གྱི་གྲང་བ་དེ་ལས་མེ་མེད་པ་དང་ལྷན་ཅིག་པའི་གྲང་བ་ནི་གྲང་བ་སྐྱེད་པར་བྱེད་དོ། །ལྷན་ཅིག་བྱེད་དང་ཞེས་བྱ་བ་ལ་སོགས་པ་ཉིད་བཤད་པ་ནི། ཞན་པ་དང་ཆེས་ཞན་པ་ཞེས་བྱ་བའོ། །གྲང་བར་ཤིན་ཏུ་གསལ་བ་ལ་མི་ གསལ་བའི་མེ་ནི་ཅི་ཙམ་མ་ཚང་བར་བྱེད་ཀྱང་། གསལ་བར་འགྱུར་བ་གྲང་བ་ནི་དེ་ལས་བཟློག་པ་ཡིན་ཏེ། ཆེས་ཤིན་ཏུ་བའི་དེ་ལས་བཟློག་པ་ལས་ཆེས་ཤིན་ཏུ་གསལ་བར་བྱེད་པ་ཡིན་པའི་ཕྱིར་འགལ་བ་མེད་དོ། །སྐད་ཅིག་ཕྱི་མ་ལྡོག་པ་ཉིད་དེས་བྱས་པ་མ་ཡིན་ནམ་ཞེས་ ཟེར་བ་ལ་རྒྱུའི་བྱེད་པ་ནི་སྐྱེ་བ་ལ་ཞེས་བྱ་བའོ། །རང་གི་རང་བཞིན་དེ་འདི་ནི་རང་གི་རྒྱུས་ངེས་པར་བསྟན་པར་བྱས་པ་ནི། ཡང་ན་གྲང་བའི་ཞེས་བྱ་བའོ། །ཆེས་གསལ་བར་འབར་བའི་མེའི་འབར་བ་ལ་ཡང་དེ་ལྟར་གྱུར་པའི་རྒྱུ་དང་ཉེ་བར་ལྡན་པ་མུན་པ་དང་། གྲང་བ་དག་གི་རྒྱུ་ ཉིད་དེ་དག་གི་རྒྱུར་མི་འགྱུར་གྱི་སྐྱེས་ཟིན་པ་གསལ་བ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། ཤིན་ཏུ་གསལ་བའི་ཞེས་བྱ་བའོ། །དེ་ཉིད་ཀྱིས་ན་ཞེས་བྱ་བ་ནི་སྣང་བ་སྐྱེས་པའོ། །སྣང་བ་འབྱུང་བ་ལས་སྔ་རོལ་ན་ཡོད་པའིའོ། །སྣང་བ་དང་དུས་མཚུངས་པར་ནི་ཞིག་པ་མ་ཡིན་པར་ བསྟན་པ་ནི། རང་བཞིན་གང་གིས་ཀྱང་ཞེས་བྱ་བའོ། །ས་ཕྱོགས་ན་ཞེས་བྱ་བ་ནི་འགའ་ཞིག་ན་ཞེས་བྱ་བའི་དོན་ཏོ། །ཡང་ཞེས་བྱ་བ་ནི་ཡུལ་གཞན་ན་ཡོད་པའོ། །དེ་ཉིད་ཀྱི་ཚེ་ཞེས་བྱ་བ་ཁྱད་པར་མ་ཡིན་ནོ་ཞེས་ཟེར་བ་ནི་དུས་གཞན་དུ་ཞེས་བྱ་བའོ། །གལ་ཏེ་ཡུལ་གཞན་དུ་མ་དམིགས་པ་ དེ་ཉིད་ཡུལ་གཞན་ན་ཡོད་པ་ནི་དུས་གཞན་ན་འབྱུང་བ་མ་ཡིན་གྱི་དེ་ཉིད་དུ་གཞན་དུ་ཡིན་ནོ་སྙམ་དུ་སེམས་པ་ནི། དུས་གཞན་མ་མཐོང་འཇིག་ཡིན་ན། །ཞེས་བྱ་བའོ། །ཡུལ་གཞན་ན་མེད་ཀྱང་ཡུལ་གཞན་ན་ཡོད་པ་བཞིན་དུ། དུས་གཞན་ན་མེད་པ་དུས་གཞན་དུ་གྲུབ་པ་ཆོས་ཅན་ཐ་ དད་པར་རྟོག་པས་མི་མཐུན་པ་ཉིད་བརྗོད་པ་ནི་གཏན་ཚིགས་ཀྱི་རྒྱ་ཉམས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྒྱུ་དང་འབྲས་བུའི་ཁྱད་པར་ཉིད། །ཅེས་བྱ་བ་ནི་གྲང་བ་ནི་གྲང་བ་གཞན་སྐྱེད་ན་མེ་དང་ལྷན་ཅིག་སྐྱེད་པར་མི་ནུས་སོ། །དེ་ཁོ་ན་ལྟར་ཞེས་བྱ་བ་ནི་མེ་དང་བྲལ་བ་གྲང་བའི་རང་བཞིན་སྐྱེད་ པར་བྱེད་པ་བཞིན་དུ་སྐད་ཅིག་པ་མ་ཡིན་པའི་རང་བཞིན་དང་བྲལ་བ་ནི་སྐད་ཅིག་པ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་སྔོན་པོ་ཉིད་ལ་སོགས་པ་རྣམས་ཀྱང་སྔོན་པོ་འབའ་ཞིག་གི་རང་བཞིན་སྐྱེད་པར་བྱེད་པ་ཡིན་གྱི་སེར་པོ་ལ་སོགས་པ་དང་ལྷན་ཅིག་པ་མ་ཡིན་པའི་རང་བཞིན་སྐྱེད་པར་བྱེད་ ནུས་པ་ཡིན་ནོ། །མེ་དང་ལྷན་ཅིག་པ་ལས་དེ་དང་བྲལ་བའི་གྲང་བ་ནི་སྔོན་པོ་དང་སེར་པོ་ཁོ་ན་བཞིན་དུ་འགལ་བ་ཡིན་པར་བསྟན་པ་ནི་དེས་ན་ཞེས་བྱ་བའོ། །རྒྱུའི་དབང་གིས་ཞེས་བྱ་བ་ནི་ཇི་སྐད་བསྟན་པས་སོ། །མེད་པའི་སྒྲུབ་པའི་འགལ་བ་དམིགས་པ་གང་ཡིན་པ་དེ་མ་ཡིན་ནོ་ ཞེས་བྱ་བ་དང་སྦྱར་རོ། །བཟློག་པ་ལ་ནི་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་དང་འཇིག་རྟེན་ཕ་རོལ་ཡང་ཡོད་པ་ལས་སོ། །ཇི་ལྟར་དམིགས་པ་ལས་ཡོད་པ་གྲུབ་པ་དེ་བཞིན་དུ་མི་དམིགས་པ་ལས་ཀྱང་མེད་པ་གྲུབ་པ་མ་ཡིན་ནམ། མི་དམིགས་པ་ངེས་པར་མི་བྱེད་པ་ཇི་ལྟར་ ཡིན་སྙམ་དུ་སེམས་པ་ལ་ཇི་ལྟར་དངོས་པོ་ཉིད་བསྒྲུབ་པ་ན་ཞེས་བྱ་བའོ། །སྒྲུབ་པ་ནི་དམིགས་པ་ལས་མ་ཡིན་ནོ། །དངོས་པོ་རྣམས་ཀྱི་སྟེ་ལྐོག་ཏུ་གྱུར་པ་རྣམས་ཀྱི་སྒྲུབ་པར་བྱེད་པ་ནི་ངེས་པ་ལའོ། །དེ་བཞིན་དུ་དངོས་པོ་ཉིད་ལྡོག་པ་ནི་ལྡོག་པར་བྱེད་པ་ཡིན་གྱི་དམིགས་པ་ནི་མ་ཡིན་ ནོ་ཞེས་བྱ་བའི་དོན་ཏོ། །འདིས་གྲུབ་པར་བྱེད་པས་སྒྲུབ་པར་བྱེད་པ་སྟེ་འབྲེལ་པ་ཅན་ནོ་ཞེས་བསྟན་པ་ནི་ཇི་ལྟར་འབྲེལ་པ་ཞེས་བྱ་བའོ། །དཔེར་ན་འབྲས་བུ་དང་ཁྱབ་པར་བྱ་བ་ཞེས་བྱ་བ་ནི་དངོས་པོ་སྒྲུབ་པར་རྟོགས་པར་བྱེད་པ་པོའི་ཚིག་གོ། །འདོད་པ་ཙམ་ལས་བྱུང་བ་དང་དངོས་ པོ་མ་ཡིན་པ་སྒྲུབ་པར་བྱེད་པ་ཉིད་ཀྱང་མ་ཡིན་ནོ་ཞེས་ཞར་ལ་བསྟན་པ་ནི། འདིས་ནི་རྟོགས་པས་སྦྱར་བའི་ཆོས་ཞེས་བྱ་བའོ། །སྒྲུབ་བྱེད་མ་ཡིན་པ་ཅི་ལས་ཤེ་ན། གང་ལས་གང་ནའང་སྲིད་ཕྱིར་རོ། །ཞེས་བྱ་བ་སྟེ། དངོས་སུ་བའི་ཆོས་སྤྱི་བསྟན་པ་སྒྲུབ་བྱེད་ཡིན་གྱི་ གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་དངོས་པོ་ཐམས་ཅད་ཉིད་རང་ལོག་པས་དངོས་པོ་ཐམས་ཅད་ཉིད་ལྡོག་པར་བྱེད་དམ་འོན་ཏེ་ཅུང་ཟད་ཁོ་ན་ཡིན་ཞེས་ཟེར་བ་ལ། དེ་ལ་ཡང་ཁྱབ་པར་བྱེད་པའི་ཆོས་ཞེས་བྱ་བ་སྟེ། ཁྱབ་བྱེད་ནི་རང་ལོག་པས་ ཁྱབ་བྱ་ལྡོག་པར་བྱེད་དེ། དེ་ཉིད་ཀྱི་ཕྱིར་སྒྲུབ་བྱེད་ཀྱང་ཐམས་ཅད་མ་ཡིན་གྱི་འོ་ན་ཅི་ཞེ་ན། དེ་ལོག་པས་གང་ཡིན་པ་གང་འཇུག་པས་འཇུག་པར་འགྱུར་བའོ། །དེའི་ཕྱིར་དངོས་ཉིད་སྒྲུབ་པ་ན། །དངོས་པོ་རྣམས་ཀྱི་སྒྲུབ་བྱེད་འདོད། །ཅེས་བྱ་བ་ཡང་ཐམས་ཅད་ནི་མ་ཡིན་ནོ་ཞེས་ བསྟན་པ་ཡིན་ནོ། །སྤྱི་སྟོན་པའི་ཚིགས་སུ་བཅད་པ་སྔ་མའི་དོན་མདོར་བསྡུ་བས་སྡུད་པར་བྱེད་པའི་ཕྱིར་བསྡུ་བ་ཡིན་ཏེ། རྣམ་པར་འཇོག་པར་བྱེད་པའི་དོན་ཏོ་ཞེས་བྱ་བའི་དོན་ཏོ། །ཁྱབ་པར་བྱེད་པ་ལོག་པ་ནི་རང་ལོག་པ་ཡིན་ལ། དེ་ཡང་མངོན་སུམ་གྱིས་གྲུབ་པ་ཡིན་ནམ། གཞན་དམིགས་པའི་ངོ་བོ་ཡིན་པའི་ཕྱིར་དེ་ཇི་སྐད་རྣམ་པ་འགར་ཞེས་བརྗོད་ཅེས་ཟེར་བ་ལ། མེད་པ་ལ་ནི་དེ་ཉིད་ཀྱི་ཞེས་བྱ་བ་སྟེ། ཚད་མ་མེད་པ་ནི་མི་དམིགས་པའོ། །དེ་ཉིད་ཀྱི་ཁྱབ་པར་བྱེད་པ་ཉིད་ཀྱིའོ། །མེད་པ་ལ་ནི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལ། ཤིན་ཏུ་ རྨོངས་པའི་དོན་དུ་རྟགས་བརྗོད་པ་གང་གི་ཕྱིར་ཡིན་པ་དེའི་ཕྱིར་དེ་ལྟར་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྨོངས་པ་མ་ཡིན་པ་རྣམས་ལ་ཡང་རྟགས་ཉིད་ཅིའི་ཕྱིར་མ་ཡིན་ཞེས་ཟེར་བ་ལ། གནག་རྫི་མོའི་བར་ཞེས་བྱ་བའོ། །མ་བསྒྲིབས་པ་ཞེས་བྱ་བ་ལ་བསྒྲིབས་པ་ནི་ ལྐོག་ཏུ་གྱུར་པ་མི་རིགས་པ་མ་གྲངས་པ་ཡིན་ལ། དེ་ལས་བཟློག་པ་ནི་མ་བསྒྲིབས་པ་སྟེ་རྟགས་ལ་ལྟོས་པ་མ་ཡིན་པའོ། །གང་གི་ཕྱིར་དམིགས་སུ་རུང་བ་མ་དམིགས་པ་ནི་མེད་པ་ཉིད་ཀྱི་ཐ་དད་ཀྱི་ཡུལ་ཅན་ཉིད་དུ་བྱས་པ་རྣམས་ལ་ཡང་ངེས་པ་ཡིན་ལ། དེས་ན་དེའི་ངེས་པ་ ལ་ཁྱབ་པར་བྱེད་པ་མི་དམིགས་པ་ལ་སོགས་པ་རྗེས་སུ་དྲན་པ་ཡིན་ཞེས་ཟེར་བ་ནི། རྣམ་འགྲེལ་གྱི་རིགས་པ་དང་འགལ་བ་ཡིན་ནོ། །ཡང་ན་བརྗོད་པ་གང་ཡིན་པ་དེ་ཤིན་ཏུ་རྨོངས་པའི་དོན་དུ་ཞེས་ངག་གི་དོན་མཆོག་ཏུ་འཛིན་པའོ། །ཤེས་པ་གཅིག་ལ་འདྲེ་བ་ལ་གང་ གི་ཚད་མ་མེད་པ་ཉིད་དེ་ཁོ་ནའི་མི་དམིགས་པ་ཡིན་གྱི་མི་སྣང་བའི་མེད་པའམ། མེད་པའི་ཐ་སྙད་ལ་ནི་མ་ཡིན་ཏེ། མི་དམིགས་པའི་ཕྱིར་རོ་ཞེས་བརྗོད་པའི་བར་དུ་རྨོངས་པའི་དོན་དུ་ཡིན་ནོ་ཞེས་བྱ་བ་ནི་བཤད་པ་གཞན་ཡིན་ནོ། །དམིགས་པ་ལོག་པ་ཡང་རང་བཞིན་མི་དམིགས་ ངོ་བོ་ནི་དངོས་པོའི་ལྡོག་བྱེད་ཉིད་མ་ཡིན་ནམ། དངོས་པོ་ཉིད་ལོག་བཞིན་པ་ནི་ཇི་ལྟར་ལྡོག་བྱེད་ཡིན་པར་བརྗོད་སྙམ་དུ་སེམས་པ་ལ་འགྲེལ་པ་བཤད་པ་ནི། རང་བཞིན་མི་དམིགས་པ་ཡང་གོ་བར་བྱེད་པ་མ་ཡིན་ནམ་ཞེས་བྱ་བའོ། །གནག་རྫི་མོ་ལ་སོགས་པ་ཡང་རྣམ་པར་ དཔྱོད་པ་དང་། མ་བྲལ་བ་ན་འདི་ལ་མི་རྨོངས་པ་ཡིན་ནོ། །དེ་ལྟ་ན་རྨོངས་པ་གང་ཡིན་ཞེ་ན། གྲངས་ཅན་ཞེས་བྱ་བ་སྨོས་སོ། །གང་དུ་ཚད་མ་ལྔ་པོ་དག །དངོས་པོའི་ངོ་བོར་མ་སྐྱེས་པ། །དངོས་པོའི་མེད་པ་རྟོགས་པའི་ཕྱིར། །དེ་ལ་མེད་པ་ཚད་མ་ཉིད། །ཅེས་བྱ་བའི་རིགས་པ་མ་ ཡིན་ནམ་ཞེས་པ་ལ་ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་ཚད་མ་ལྔ་པོ་ལོག་པ་ཡང་རང་བཞིན་ནམ་ཁྱབ་པར་བྱེད་པ་མི་དམིགས་པ་ཁོ་ནའོ་ཞེས་བསྟན་པ་ནི། མི་དམིགས་པ་ནི་འདི་ཙམ་ཞིག་ཅེས་བྱ་བ་སྟེ། མི་དམིགས་པ་དེ་ཡང་དངོས་སུ་མེད་པར་ངེས་པའི་འབྲས་བུ་ཅན་ནོ། །འདི་ཙམ་ ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །རྒྱུ་འམ་རང་བཞིན་ཏེ་ཁྱབ་པར་བྱེད་པར་སྣང་བར་འདོད་པ་ཡིན་ལ། སྣང་བ་མེད་པ་ནི་མ་དམིགས་པ་སྟེ། རུང་བ་མི་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་དུ་མངོན་སུམ་ལོག་པ་ནི་མེད་པ་སྒྲུབ་པར་བྱེད་པ་མ་ཡིན་ཞིང་རྗེས་ སུ་དཔག་པ་ལུང་ལ་སོགས་པའི་ཡང་མ་ཡིན་ནོ། །གང་གི་ཕྱིར་དེ་ནི་དངོས་པོ་མཐོང་བ་མ་ཡིན་ཞིང་ཁྱབ་པར་བྱེད་པ་ཡང་མ་ཡིན་ནོ། །རྒྱུའམ་རང་བཞིན་ཞེས་བྱ་བ་ནི་སྣང་དུ་རུང་བ་ཙམ་ཉེ་བར་མཚོན་པ་ཡིན་ལ། བྱེད་པ་པོ་དང་ཁྱབ་བྱེད་དང་རང་བཞིན་མི་དམིགས་པ་རྣམས་ནི་མེད། སྒྲུབ་པར་བྱེད་པ་ཡིན་པར་འདི་ཙམ་ཞིག་ཅེས་བྱ་བས་བསྟན་པ་ཡིན་ཏེ། རང་བཞིན་གྱི་སྒྲ་ནི་དངོས་པོའི་ངོ་བོ་དང་ཁྱབ་པར་བྱེད་པའི་ངོ་བོ་ལ་ཡང་འཇུག་པ་ཡིན་པའི་ཕྱིར་འགྲེལ་པར་རྣམ་པ་གསུམ་ཁོ་ན་ཞེས་བྱ་བའོ། །གཞན་མ་ཡིན་པ་ནི་རྒྱུ་ལ་སོགས་པ་ལས་གཞན་པའོ། །རྣམ་ པ་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རུང་བ་ཉིད་མ་ཡིན་པའོ། །འབྲས་བུ་དང་རང་བཞིན་དང་། མི་དམིགས་པ་དེ་དག་གིས་བསྐྱེད་པ་ཡིན་ལ། དེས་ན་ཞེས་བྱ་བ་ནི་རྟགས་ཅན་གྱི་ཤེས་པས་སོ། །དེ་ལྟར་ཞེས་བྱ་བ་ནི་ཁ་དོག་ལ་སོགས་པ་མི་རྟག་པ་ཞེས་བྱ་བའོ། ། དངོས་པོའི་ཆོས་མ་ཡིན་པ་ནི་མི་རྟག་པ་ལ་སོགས་པའོ། །གལ་ཏེ་དངོས་མེད་ངོ་བོ་མིན། དེ་ཉིད་རང་གི་མཚན་ཉིད་དོ། །དེ་ལྟར་གྲུབ་པར་བསྒྲུབས་ཕྱིར་རོ། །ཞེས་བྱ་བས་རྗེས་སུ་དཔག་པ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་ནམ། དེ་བཞིན་དུ་མངོན་སུམ་གྱི་རྗེས་སུ་དཔག་ པའི་ཤེས་པ་ཡང་ཡིན་ན། མི་རྟག་པ་ཉིད་ཀྱི་སྤྱི་དང་སྦྱོར་བའི་ཁ་དོག་གི་སྤྱིའི་སྣང་བ་ད་ལྟ་ཅི་ཞིག་ཡིན། གང་དུ་ཁ་དོག་སྤྱི་ལ་སྦྱོར་ཕྱིར་རོ་ཞེས་བྱ་བ་འདི་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་ཁ་དོག་འདི་མི་རྟག་པའོ་ཞེས་བྱ་བའོ། །རྗེས་སུ་དཔག་པས་ཞེས་བྱ་བ་ནི་མཚམས་ སྦྱོར་བའི་ཡིད་ལས་སོ། །དེ་བསྟན་པ་ནི་རང་དང་སྤྱིའི་མཚན་ཉིད་ཅེས་བྱ་བའོ། །རང་གི་མཚན་ཉིད་དང་ཁ་དོག་ཉིད་ཀྱང་ཐ་སྙད་འདོགས་པར་མ་ཡིན་པ་དེའི་ཕྱིར་རྣམ་པ་འདི་དག་ཏུ་མངོན་སུམ་གྱིས་སམ་རྗེས་སུ་དཔག་པས་ཁ་དོག་ལ་སོགས་པའི་སྤྱི་བཟུང་ནས་རྣམ་པ་ གཞན་བསྟན་པ་ནི། མི་རྟག་པ་ཉིད་ཀྱིས་ཞེས་བྱ་བའོ། །འདི་ཙམ་གྱིས་ནི་སྔོན་དུ་བྱུང་བའི་ཚད་མའི་བྱ་བ་བསྟན་ཏོ། །དེའི་འོག་ཏུ་ཡིད་ཀྱི་མཚམས་སྦྱོར་བ་སྟེ། སྦྱོར་བ་བསྟན་པ་ནི་ཡིད་ཀྱི་ཞེས་བྱ་བའོ། །གཞན་དུ་མངོན་སུམ་གྱི་ངེས་པའམ་རྗེས་སུ་དཔག་པ་ལ་ནི་རིམ་པ་འདི་མ་ཡིན་ ཏེ། གཟུང་བ་ལ་འཛིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། དེ་ལ་ཚད་མ་ཉིད་ཅེས་བྱ་བ་སྟེ། ཚད་མ་ཉིད་ཡིན་ན་སོ་སོ་བའམ་སོ་སོ་བ་མ་ཡིན་པ་ཞེས་སེམས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་རྗེས་སུ་དཔག་པའི་ཚད་མས་མི་རྟག་པའི་ཁ་དོག་སྤྱི་ལ་སྦྱོར་བ་ཡིན་ན། མངོན་ སུམ་གྱིས་གྲུབ་པའི་ཆོས་ཅན་ལ་ཚད་མ་གཞན་ཐོབ་པའི་སྐྱོན་མེད་དོ། །མངོན་སུམ་གྱིས་རིམ་པ་ནི་ཁ་དོག་གི་མཚན་ཉིད་ལ་སྦྱོར་བ་ནི་ཡིད་ཀྱི་ངེས་པ་སྟེ་ཚད་མ་མ་ཡིན་པར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཞར་ལ་བྱུང་བའི་ཚད་མ་ཉིད་ནི་དགག་པར་འོས་པ་ཡིན་པའི་ཕྱིར་ཞར་ལ་བྱུང་བ་ བསྟན་པ་ནི། རྗེས་སུ་དཔག་པས་ཞེས་བྱ་བའོ། །ཆོས་ཅན་ཏེ་སྤྱི་མངོན་སུམ་གྱིས་སམ་རྗེས་སུ་དཔག་པས་འཛིན་ན་ཚད་མ་གཞན་ཡུལ་དེ་ལའོ་ཞེས་བྱ་བའི་དོན་ཏོ། །གཉི་ག་ལ་སྐབས་ཀྱིས་བྱུང་བའི་རྒོལ་བ་གཉིས་ལ་རེ་ཞིག་ཁ་དོག་ལ་སོགས་པ་ནི་གཟུགས་དང་རོ་ལ་སོགས་ པ་མངོན་སུམ་གྱིས་གྲུབ་པ་མི་རྟག་པ་ཉིད་ནི་མེད་པའི་ངོ་བོ་ཡིན་པའི་ཕྱིར་དེ་འགྲུབ་མི་སྲིད་དོ་ཞེས་ཟེར་བ་ནི་མི་རྟག་པ་ཉིད་ཅེས་བྱ་བའོ། །སྔོན་པོ་ལ་སོགས་པའི་དངོས་པོ་ལས་མི་རྟག་པ་ཉིད་གཞན་མ་ཡིན་ཏེ། མཐའི་སྐད་ཅིག་མ་མཐོང་བ་ལ་ཐ་དད་པར་མ་ངེས་པའི་ཕྱིར། སྔར་ཡང་ དངོས་པོ་དམིགས་པ་ཐ་མི་དད་པ་མི་རྟག་པ་ཉིད་ཀྱི་སྙིང་པོ་ཅན་ཉིད་ཁོ་ན་ཡིན་ནོ་ཞེས་བསྟན་པ་ནི་གཞན་དུ་མེད་ཅེས་ཞེས་བྱ་བའོ། །སྔར་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལས་སོ། །གལ་ཏེ་ཁ་དོག་ལ་སོགས་པ་ལས་ཐ་དད་པ་མ་ཡིན་པ་མི་རྟག་པ་ཉིད་ཡིན་ན་ཁ་དོག་ལ་སོགས་པ་མི་རྟག་གོ་ ཞེས་བརྗོད་བྱ་ཐ་དད་པ་མེད་པའི་ཕྱིར་རོ། །གཞི་མཐུན་པར་མི་འགྱུར་གྱི་རྣམ་གྲངས་ཉིད་དུ་འགྱུར་རོ་སྙམ་དུ་སེམས་པ་ལ་དུ་མའི་དངོས་ཞེས་བྱ་བ་སྟེ། ལྡོག་པའི་ཁྱད་པར་གྱི་རྒྱུ་མཚན་གྱི་བརྗོད་བྱའི་ཁྱད་པར་ལས་ནི་སྐྱོན་འདི་མེད་དོ་ཞེས་བྱ་བའི་དོན་ཏོ། །མཚུངས་པ་ཅན་རྣམས་ ཀྱི་ཞེས་བྱ་བས་དོན་དམ་པ་པའི་སྣ་ཚོགས་པ་ཉིད་དུ་དོགས་པ་མ་ཡིན་ནམ། དོན་དམ་པ་པ་མ་ཡིན་ནོ་ཞེས་བྱ་བ་ནི་ལན་གྱི་དོན་ཏོ། །རེ་ཞིག་རང་གི་མཚན་ཉིད་བརྗོད་བྱ་མ་ཡིན་ཞེས་བསྟན་པ་ནི། དུ་མའི་དངོས་པོ་ཞེས་བྱ་བའོ། །རྣམ་པར་བརྟགས་པ་དོན་དམ་པ་པ་མ་ཡིན་པར་ བསྟན་པ་ནི། ཐ་དད་པ་ནི་ཞེས་བྱ་བའོ། །བརྟགས་པའི་སྤྱི་ལ་གཞི་མཐུན་པ་གསུམ་གྱིས་ཡིན་ན། རྣམ་པར་རྟོག་པ་གཟུང་བ་ལ་འཛིན་པ་ཇི་ལྟར་ཡིན་ཞེས་ཟེར་བ་ལ། བསྟན་པ་ནི་རྣམ་པར་རྟོག་པའི་སྤྱིའི་ཆོས་དངོས་པོ་རྣམས་ཀྱི་དེ་དང་དེ་ལས་ཐ་དད་པ་མངོན་སུམ་གྱིས་ གྲུབ་པ་རྟེན་ཡིན་ཏེ། བརྟགས་པ་ནི་དེ་མཐོང་བ་ལས་བྱུང་བའི་ཕྱིར་རོ། །འོན་ཏེ་ཐ་དད་པ་མཐོང་བ་ཡང་ངེས་པ་མ་ཡིན་ཏེ། འགའ་ཞིག་ལ་ངེས་པའི་ཕྱིར་རྗེས་སུ་དཔག་པར་འདོད་པ་ཡིན་པར་བསྟན་པ་ནི། དེ་མ་གྲུབ་ན་ཞེས་བྱ་བའོ། །ངེས་པའམ་ཞེས་བྱ་བ་ནི་གཞི་མི་མཐུན་ པ་སྟེ་བ་ལང་ངམ་རྟའམ་སྐྱེས་བུ་བཞིན་དུའོ། །དངོས་པོ་སྣང་བཞིན་པ་ལ་དེའི་རྟོག་པ་ནི་ཐ་སྙད་ལ་མཐར་ཐུག་པ་མ་ཡིན་ནམ། ལྐོག་ཤལ་ལ་སོགས་པ་དང་ལྡན་པའི་ཕྱིར་འདི་ནི་བ་ལང་ཡིན་ནོ་ཞེས་བྱ་བ་བཞིན་དུ་འདི་མེ་དང་ལྡན་པ་ཡིན་ཏེ་དུ་བ་དང་ལྡན་པ་ ཉིད་ཀྱི་ཕྱིར་རོ་ཞེས་མེ་ཡོད་པར་མ་མཐོང་བའི་ཕྱིར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་འབྲས་བུའི་གཏན་ཚིགས་ཞེས་བྱ་བའོ། །འབྲས་བུའི་རྗེས་སུ་དཔག་པ་ལ་དངོས་པོ་མ་མཐོང་བ་ཁོ་ནས་གཞན་ལ་བརྟེན་པ་ཡིན་པར་བསྟན་པ་ནི་གལ་ཏེ་དེར་ཡང་ཞེས་བྱ་བའོ། །ཚད་མ་གཞན་ འཇུག་ན་ཞེས་བྱ་བ་ནི་ཚད་མ་གཞན་ལ་ལྟོས་པའི་ཕྱིར་རོ། །དེ་འཛིན་ན་ནི་མེར་དེས་ནའོ། །དེ་དང་ཐ་མི་དད་པ་མེ་འཛིན་པ་ནི་དེ་ཐ་མི་དད་པ་ཁྱད་པར་འཛིན་པ་སྟེ། མེའི་ཁྱད་པར་ལས་ཐ་དད་པ་ཙམ་མ་ཡིན་ཏེ། དེ་མི་འཛིན་ན་ཡང་ཐམས་ཅད་མི་འཛིན་པ་དེའི་ཕྱིར། ལྐོག་ཤལ་ལ་ སོགས་པའི་བ་ལང་གི་རྣམ་པར་རྟོག་པ་དངོས་པོ་འཛིན་པ་ལས་འདི་ཐ་དད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །སྐྲ་ཤད་ལ་སོགས་པ་དག་ལ་ཞེས་བྱ་བ་ནི་རབ་རིབ་ཅན་གྱིས་དམིགས་པ་རྣམས་ལ་ཡིན་གྱི་ཐམས་ཅད་ལ་ནི་མ་ཡིན་ནོ། །འབྱུང་བར་འགྱུར་བ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ ནི་རང་བཞིན་གྱི་གཏན་ཚིགས་དང་ཞེས་བྱ་བའོ། །ལྐོག་ཤལ་ལ་སོགས་པ་ལ་མཐོང་བ་ན་བ་ལང་ཉིད་ཅེས་ཐ་སྙད་བྱེད་པ་མ་ཡིན་ནམ་མེ་ལ་ནི་མ་མཐོང་ན་ཇི་ལྟར་ཐ་སྙད་བྱེད་ཅེ་ན་དེ་དང་འབྲེལ་པ་ཅན་མཐོང་བའི་ཕྱིར་སྐྱོན་མེད་དོ། །དེ་བསྟན་པ་ནི་རྟགས་རྟོགས་པ་ཉིད་ཀྱིས་ཞེས་བྱ་བ་སྟེ། གལ་ཏེ་ཡང་སྤྱིའམ་ཁྱད་པར་མ་མཐོང་ན་དེ་དང་འབྲེལ་པ་ཅན་ལ་དེ་དང་ཐ་སྙད་ཡིན་པས་དེའི་ཐ་སྙད་ནི་དེ་ལའམ། དེ་དང་འབྲེལ་པ་ཅན་ལ་ཞེས་བྱ་བར་ཁྱད་པར་མེད་དོ། །གང་གིས་ཀྱང་མ་རྟོགས་པ་ཞེས་བྱ་བར་སྦྱར་རོ། །སྤྱི་རྟོགས་པ་ཡིན་ན་ཡང་མ་རྟོགས་པའི་ཁྱད་པར་ནི་མ་ ཡིན་ནོ། །གལ་ཏེ་རྟོགས་པ་ཉིད་ཁོ་ན་ཡིན་པའི་ཕྱིར་རྟོགས་པ་ལ་ཐེ་ཚོམ་མ་ཡིན་དུ་ཟིན་ཀྱང་། མ་རྟོགས་པ་ལ་ནི་འདི་སྤྱིའམ་ཁྱད་པར་ཡིན་ཞེས་བྱ་བ་འབྱུང་བ་ཁོ་ན་ཡིན་ལ། མ་རྟོགས་པ་བློ་ལ་མི་གནས་པ་ནི་ཐེ་ཚོམ་གྱི་ཡུལ་མ་ཡིན་ཏེ། ཐེ་ཚོམ་ནི་དེར་མངོན་པར་ཞེན་ པའི་བདག་ཉིད་ཡིན་པའི་ཕྱིར་དེའི་ཕྱིར་ཐེ་ཚོམ་ལས་འཇུག་པ་ཡིན་ནོ་ཞེས་བྱ་བ་ནི་མི་རིགས་སོ། །གལ་ཏེ་མི་རྟག་པ་ཉིད་དངོས་པོ་ལས་གཞན་མ་ཡིན་ལ་དངོས་པོའི་ཆོས་ཉིད་ཡིན་ན་བུམ་པ་ལ་སོགས་པ་བཞིན་དུ་རྡོ་རྗེ་ཕ་ལམ་ལ་སོགས་པ་ཡང་རྟོགས་པར་འགྱུར་རོ་སྙམ་དུ་སེམས་པ་ ནི་གལ་ཏེ་མི་རྟག་པ་ལ་སོགས་པ་ཞེས་བྱ་བ་སྟེ། དེ་ལ་མཐའི་སྐད་ཅིག་མཐོང་བའི་ལམ་མེད་པར་ངེས་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལ་ལར་ནི་རྡོ་རྗེ་ཕ་ལམ་ལ་སོགས་པ་ལའོ། །དེ་ཞེས་བྱ་བ་ནི་མི་རྟག་པ་ཉིད་དུའོ། །ཡོངས་སུ་མི་ཤེས་པ་ནི་མ་ངེས་པའོ། ། འདྲ་བ་ཉིད་གཞན་རྒྱུན་དུ་འཇུག་པས་ཡོད་པའི་ཕྱིར་དང་། མི་འདྲ་བ་སྐྱེད་པར་བྱེད་པ་མེད་པའི་ཕྱིར་དེ་ཉིད་འདི་ཡིན་ནོ་ཞེས་འཁྲུལ་པ་ཡིན་ནོ། །དེའི་ཕྱིར་མཐོང་བ་ཡང་ཐ་དད་པར་ངེས་པ་གསལ་པོ་མེད་པའི་ཕྱིར་མ་མཐོང་བ་ཁོ་ན་ཡིན་པར་བསྟན་པ་ནི་མིག་འཕྲུལ་གྱི་རི་ལུ་དག་གི་ཐ་ དད་པ་བཞིན་ནོ། །རི་ལུ་གཅིག་བསྟན་ནས་དེ་ལས་གཞན་བསྟན་ན་ཐ་དད་པ་ཡིན་ཡང་འདྲ་བ་ཉིད་ཀྱི་ཕྱིར། དེ་ཉིད་ཡིན་པའི་བློ་ལ་ནི་མཐོང་བ་ཡང་མ་མཐོང་བ་དང་འདྲ་བ་ཡིན་ཏེ་མ་ངེས་པའི་ཕྱིར་རོ། །དེ་ཕྱི་མའི་རི་ལུ་གཞན་གྱིས་མཐོང་བ་བོར་ནས་རྟོག་པ་བསྐྱེད་ནས། བསྒྲིབས་པ་ཡིན་གྱི། མཐོང་བ་ཡང་དེ་བྲོ་ནས་སྐྱེ་བའི་ཕྱིར་མཚུངས་པ་ཡིན་པར་བསྟན་པ་ནི་ཕན་ཚུན་སྤངས་པས་ཞེས་བྱ་བའོ། །དེ་ཉིད་འདིའོ་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མའི་སྣང་བ་གཅིག་ཏུ་བྱེད་ལ། དེ་ལ་སྔར་མཐོང་བ་དང་། མཐོང་བར་བྱ་བ་ཡང་འདས་པ་ཡིན་ལ་འདས་པ་ལ་ དེ་ལྟར་རྟོགས་པ་ནི་མི་རིགས་ཏེ་འདས་པའི་ཕྱིར་རོ། །དེ་བཞིན་དུ་ད་ལྟར་བ་ཡང་གེགས་བྱ་བར་མི་ནུས་པའི་ཕྱིར་ཐ་དད་པར་གོ་བར་མི་ནུས་སོ། །འདི་ལས་དེ་ཐ་དད་པར་མ་མཐོང་བ་འདི་དེ་ལས་ཐ་དད་པར་མཐོང་བ་མ་ཡིན་པར་བསྟན་པ་ནི། ཐ་དད་དངོས་པོ་དེ་ཞེས་བྱ་བ་སྟེ། མཐོང་དུ་རུང་ བ་དང་མཐོང་བ་ཡང་ངོ་། །དེས་ཞེས་བྱ་བ་ནི་སྔ་མས་སོ། །མི་མཐུན་པའི་སྐད་ཅིག་མ་མི་སྐྱེ་བ་ཡང་ལ་ལར་སྐྱེ་ན་ཡང་། ལ་ལར་དོན་གྱི་རྒྱུ་ལ་མི་རྟག་པ་ཉིད་དུ་རྟོག་པ་མ་ཡིན་ནམ། རྡོ་རྗེ་ཕ་ལམ་ལ་སོགས་པ་ལ་འདྲ་བ་གཞན་མཐོང་བའི་ཕྱིར་ཉེ་བར་མི་མཚོན་པར་རིགས་ལ། གཞན་དུ་ མི་འདྲ་བ་བྱུང་བ་ན་གཅིག་ཀྱང་གཞན་དུ་འགྱུར་རོ་སྙམ་དུ་སེམས་པ་ལ། མི་འདྲ་བ་མ་བྱུང་ཡང་དེ་མཐོང་བར་བསྟན་པ་ནི། ཇི་ལྟར་རྟགས་མེད་ཅེས་བྱ་བའོ། །ཕྱིས་འབྱུང་བ་དང་འབྲེལ་པ་མེད་པ་སྔ་མ་གང་གི་ཡིན་པ་དེ་ཕྱིས་འབྱུང་བ་ཡིན་ནོ། །ཅི་ལས་ཤེ་ན་མར་དང་སྡོང་ བུ་ལ་སོགས་པའི་ཚོགས་པ་ལ་ཡང་དང་པོ་བཞིན་དུ་ལྟོས་པའི་ཕྱིར་རོ། །དེ་ལྟར་བསྟན་པ་ནི་སྒྲོན་མ་ལ་སོགས་པའི་ཞེས་བྱ་བའོ། །འབྲེལ་པ་མེད་པ་ཕྱིས་འབྱུང་བ་གང་ཡིན་པ་དེ་ནི་མཐའི་སྐད་ཅིག་མའོ་ཞེས་བྱ་བ་ནི་ཁ་ཅིག་གིའོ། །དེ་ནི་ལ་ལར་དེ་ཡོངས་མི་ཤེས་ཏེ་ཞེས་བྱ་བའི་ཁྱད་པར་གྱི་ ཚིག་གིས་རྟོགས་པའི་དོན་ཡིན་ནོ། །སྒྲོན་མ་དུས་གཞན་ན་གནས་པ་སྐད་ཅིག་མ་དང་པོ་ཉིད་ལ་སྐྱེད་པར་ཀོང་བུ་དང་སྡོང་བུ་ལ་སོགས་པའི་ཚོགས་པ་ལ་རྗེས་སུ་དཔག་པ་དོན་མེད་པར་བསྟན་ནས། མི་ལ་སོགས་པ་ཡང་སྐད་ཅིག་མ་དང་པོ་ཉིད་ལ་བདག་ཉིད་ཐམས་ཅད་འཛིན་པའི་ཕྱིར་རྗེས་ སུ་འཇུག་པ་དོན་མེད་པར་བསྟན་པ་ནི། དེ་བཞིན་དུ་གལ་ཏེ་ཞེས་བྱ་བའོ། །དེ་དུས་གཞན་དུ་གནས་པ་ཡང་ཡིན་ལ་འཛིན་པ་ཡང་ཡིན་པའོ། །འཛིན་པ་ཞེས་བྱ་བ་ནི་གཞན་དང་གཞན་མཐོང་བར་ལྟོས་པའི་རྟོག་པའོ། །རྟོག་པ་གཉིས་པ་ལ་བསྟན་པ་ནི་འཛིན་པ་ཞེས་བྱ་བ་ལ། ཅིག་ཅར་ཁོ་ན་ ཞེས་བྱ་བ་ནི་སྐད་ཅིག་མ་གཅིག་ཁོ་ན་ལ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དུས་རིང་ཞེས་བྱ་བ་ནི་དུས་གཞན་དང་གཞན་དུ་རྗེས་སུ་འཇུག་པའོ། །དངོས་པོ་ལས་ཐ་མི་དད་པའི་མི་རྟག་པ་ཉིད་དངོས་པོ་བཞིན་དུ་འཛིན་པར་འགྱུར་བ་མ་ཡིན་ནམ། དེ་ལྟ་ཡིན་ན་ནི་རྩོད་པ་མེད་དོ་སྙམ་དུ་ སེམས་པ་ལ། དངོས་པོ་ལས་ཐ་མི་དད་པར་ཡང་ནུས་པ་ནི་མི་རྟག་པ་ཉིད་ཀྱི་ཆོས་སུ་གྱུར་པ་ནི་དེ་འཛིན་པས་གཟུང་བ་ལ་ཡང་རྨོངས་པ་མེད་དོ། །འབྲས་བུ་ནི་མཐའི་སྐད་ཅིག་མཐོང་བ་མེད་པའི་ཕྱིར་ཏེ། མ་མཐོང་བ་ཅི་ལས་ཡིན་ཞེ་ན་དེ་མ་ཐག་མེད་པའི་སྟེ་བར་དུ་ཆོད་པས་སོ། །གང་གི་ ཕྱིར་མི་འདྲ་བའི་རྒྱུ་རྣམས་ཐམས་ཅད་དུ་འདི་ལས་ཉེ་བར་གནས་པ་མ་ཡིན་ནོ། །མཐའི་སྐད་ཅིག་མཐོང་བ་ན་མི་རྟག་པ་ཉིད་ཇི་ལྟ་བ་ཁོ་ནར་སྣང་ཡང་ཅིའི་ཕྱིར་ངེས་པ་མེད་ཅེས་ཟེར་བ་ལ་ངེས་གསལ་མེད་པའི་ཕྱིར་རོ་སྟེ་མ་གོམས་པས་ཉེ་བར་མ་མཚོན་པའི་ཕྱིར་རོ། །འགྲེལ་པར་ནི་དཔེ་ཉིད་ཀྱི་ སྒོ་ནས་འབྲས་བུའི་ནུས་པ་གསུངས་པ་ཡིན་ནོ་ཞེས་འཆད་པ་ནི། དཔེར་ན་ཞེས་བྱ་བའོ། །དེ་ཉིད་ནི་རྨོངས་པའོ། །བཟློག་པའི་ཆེད་དུ་ཡོད་པའི་ཕྱིར་སྐད་ཅིག་པ་ཡིན་ནོ་ཞེས་རྗེས་སུ་དཔག་པ་བརྗོད་པ་ཡིན་གྱི་དེའི་ངོ་བོ་བསྒྲུབ་པའི་ཆེད་དུ་མ་ཡིན་ནོ། །དངོས་པོ་གྲུབ་པ་ཁོ་ནས་དེ་ཉིད་འགྲུབ་པའི་ ཕྱིར་རོ། །གོམས་པ་ལས་དེ་དེའི་མཚོན་པ་པོ་རྣམས་ནི་མཐའི་སྐད་ཅིག་མ་མཐོང་བ་མེད་ཀྱང་མཐོང་བ་ཉིད་ལས་ངེས་པར་བྱེད་པར་བསྟན་པ་ནི། རྣམ་པ་ཐམས་ཅད་ངེས་པར་བྱེད་ཅེས་བྱ་བའོ། །དེ་ཐམས་ཅད་ཀྱང་ཡིན་ལ་རྣམ་པ་ཡང་ཡིན་པས་རྣམ་པ་དེ་དག་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་ མེད་པ་དང་སྟོང་པའི་ངོ་བོའོ། །རྣམ་པ་ཐམས་ཅད་དང་ལྡན་པ་ཞེས་འདོན་པ་ལ་ཡང་ནུས་པ་དང་མི་རྟག་པ་ཉིད་ལ་སོགས་པ་རྣམ་པ་དུ་མ་དང་ལྡན་པ་ལ་ཕྱིར་སྐྱོན་མེད་དོ། །བློའི་ཆེན་པོ་ཉིད་ཀྱང་གོམས་པ་ལས་གསལ་བ་ཉིད་དོ། །ཡོད་པ་དང་མི་རྟག་པ་ལ་སོགས་པའི་དབྱེ་བ་དང་བྲལ་བའི་དོན་ ལ་ནི་ཁྱད་པར་ལ་བརྟེན་པའི་རྗེས་སུ་དཔག་པ་བརྟགས་པའི་ཡུལ་ཅན་མ་ཡིན་ནམ། མྱུར་བར་སྒྲུབ་པར་བྱེད་པར་འདོད་པ་ལས་བྱུང་བའི་རྟོག་པ་ནི་ཐམས་ཅད་རྙེད་པར་སླ་བའི་ཕྱིར་རོ་སྙམ་དུ་སེམས་པ་ལ་ཐམས་ཅད་ལས་ནི་ལྡོག་པའི་ཞེས་བྱ་བ་སྟེ། དེ་དང་དེ་ལས་ལྡོག་པའི་དངོས་པོའི་རྒྱུ་མཚན་གྱི་བློ་དུ་ མ་དེ་དང་དེའི་ཆོས་ཅན་དུ་སྟོན་པར་བྱེད་ཅིང་རྗེས་སུ་དཔག་པ་འཇུག་པར་བྱེད་པ་ཡིན་གྱི། དེ་བཞིན་དུ་འདོད་པ་ཙམ་ལས་བྱུང་བ་རྣམས་ནི་དེ་ལྟ་མ་ཡིན་ནོ། །ཐ་དད་རྟེན་ཅན་བཞིན་ཞེས་བྱ་བ་ནི་དམིགས་པ་ཐ་དད་པ་ཅན་བཞིན་ནོ་ཞེས་བྱ་བས་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་དབྱེ་བ་བསྟན་ཏོ། །སྒྲ་རྣམས་ཀྱང་ བརྡ་ཡོད་ན་ཁྱད་པར་འདི་ཁོ་ན་རྗོད་པར་བྱེད་པར་བསྟན་པ་ནི། ཅི་ལྟར་བརྡར་བཏགས་པ་ནི་ཇི་ལྟར་བསྐུལ་བའོ། །རྟགས་དང་བདེ་བ་ལ་སོགས་པར་སྣང་བའི་ཡུལ་ལ་ནི་རང་བཞིན་གྱིས་མེད་ཀྱང་དེ་ལས་བཟློག་པར་སྣང་བ་མེད་པ་ནི། ཉེ་བར་མཚོན་པ་མེད་པ་ཡང་ཚད་མའི་རྟོགས་པར་བྱེད་པ་མི་སྲིད་ དོ་སྙམ་དུ་སེམས་པ་ལ་འཁྲུལ་རྒྱུ་མེད་ན་དེ་ཡིས་ནི་ཞེས་བྱ་བའོ། །གོམས་པས་གསལ་བ་ཉིད་ལ་སོགས་པས་གློ་བུར་དུ་བྱུང་བ་ཅན་རྣམས་ལ་འཁྲུལ་པའི་ས་བོན་མེད་ན། མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པའི་སྣང་བ་ཡོད་པར་སྐྱེད་པར་བྱེད་པ་ནི་མཚམས་སྦྱོར་བར་བྱེད་པའོ། ། དེའམ་གཞན་ལ་རྟོགས་པར་བྱེད་པ་ནི་རྗེས་སུ་དཔག་པས་སོ། །འགྲེལ་པར་ཡང་འདི་བཞིན་དུ་གོ་བར་བྱའོ། །སྐྱེ་བ་ཅན་ཞེས་བྱ་བ་ནི་སྐྱེ་བ་ལེན་པའོ། །སྔར་མཐོང་བ་ཞེས་བྱ་བ་ནི་སྐད་ཅིག་པའི་ཤེས་པས་མཐོང་བའོ། །ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་བརྗེད་པ་ལས་སོ། ། འདི་ལ་འཁྲུལ་པའི་ས་བོན་མེད་པ་ནི་རྗེས་སུ་དཔག་པ་ལས་དེ་བཞིན་དུ་གྱུར་པ་གཞན་གྱིས་རབ་ཏུ་སྦྱར་བ་ཡིན་ལ། གཞན་གྱི་ཡང་གཞན་ལས་སོ་ཞེས་ཐོགས་པ་མེད་པའི་ཕྱིར་སྐྱོན་མེད་དོ། །ཚད་མའི་བྱ་བ་མཆོག་ཏུ་འཛིན་པ་ལ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མའི་ཚིག་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། ། ཡང་ན་སྔ་མ་སྔ་མ་རྗེས་སུ་ཚོལ་བ་མེད་ཀྱང་ཁོ་བོ་ཅག་ལ་སོགས་པ་ཉིད་ཀྱིས་མ་དམིགས་པས་མི་རྟག་པ་ཉིད་གྲུབ་པར་བསྟན་པ་ནི། ཡང་ན་འདིར་ཡང་ཞེས་བྱ་བ་སྟེ། ཁོ་བོ་ཅག་གི་གནས་སྐབས་ལ་ཡང་ངོ་། །ཇི་ལྟར་ཞེ་ན་སྔར་བྱུང་ཞེས་བྱ་བ་སྟེ། མཐའ་གཉི་གའི་མི་འབྱུང་ བ་བར་དུ་བྱུང་བའི་དངོས་པོ་ནི་མི་རྟག་པ་ཡིན་གྱི་ཞེས་བྱ་བའི་དོན་ཏོ། །དངོས་པོ་སྔར་དང་ཕྱིས་ཀྱང་ཡོད་པར་ཁས་ལེན་པ་འདི་ནི་གཞན་གྱི་འདོད་པ་ཡིན་ནོ་ཞེས་བྱ་བ་ཁ་ཅིག་གི་ཡིན་པར་བསྟན་པ་ནི་གཞན་དག་སྨྲ་བ་ནི་ཞེས་བྱ་བའོ། །བྱུང་བ་ཙམ་གྱིས་མ་ཡིན་ནོ་ཞེས་བྱ་བ་ནི་ཡོད་པ་ཙམ་གྱིས་མི་ རྟག་པ་ཉིད་དུ་སྨྲ་བ་ལ་ཡང་མཚུངས་པ་མ་ཡིན་ནམ། གང་ཕྱིར་འདི་ཡང་སྔར་དང་ཕྱིས་ཀྱང་ནུབ་པ་ཁོ་ནས་མི་རྟག་པ་ཉིད་དོ་ཟེར་ན་རྒྱུ་མེད་པ་ཉིད་ཀྱིས་དམ་པའི་དེ་ཁོ་ན་ཉིད་ཀྱི་སྣང་བ་ཚེ་དང་ལྡན་པ་ལ་ཇི་ལྟར་ཡིན། མེད་པའི་དུས་ན་དངོས་པོ་མེད་ཅིང་། ཡོད་པའི་དུས་ན་ཡང་དེ་དག་མ་ཡིན་ན་དེ་ དག་གི་ཇི་ལྟར་ཡིན། མི་རྟག་པ་ཉིད་དམ་ཡོད་པ་ཉིད་དམ་དེ་དང་འབྲེལ་པ་ནི་གཉིས་པོ་དེའི་བར་དུ་གཅོད་པར་བྱེད་པ་དག །དངོས་པོའི་དུས་སུ་འབྱུང་བ་ཡང་དངོས་པོ་ལ་འགྱུར་རོ་སྙམ་དུ་སེམས་པ་ལ། གང་གི་ཞེས་བྱ་བའོ། །མཐའ་གཉིས་ནི་སྔ་ན་མེད་པ་དང་ཞིག་ནས་མེད་ པ་དག་གིའོ། །ཆོད་པ་ནི་བར་དུ་གཅོད་པར་བྱེད་པ་ཡོད་པའམ་དེ་དང་འབྲེལ་པ་ཡང་རུང་བ་མི་རྟག་པ་ཉིད་དོ། །དེས་ནི་སྨྲ་བ་པོས་བརྗོད་པ་སྟེ་སེམས་པའོ། །ཡོད་པ་དེ་དང་འབྲེལ་པའི་དུས་སུ་མ་བྱུང་ན་མེད་པ་དག་ཇི་ལྟར་དེ་དག་གི་ཁྱད་པར་ཡིན་ཡང་བློས་བྱས་པའི་ཁྱད་པར་དུ་ཡོད་པ་ན་ ཡང་ཅིས་མི་འགྱུར་ཞེས་བསྟན་པ་ནི། དེ་ཉིད་མི་རྟག་ཅིས་མ་ཡིན། །ཞེས་བྱ་བའོ། །མེད་པ་དག་དང་དུས་ཐ་དད་པའི་དངོས་པོ་འབྲེལ་པ་མེད་པས་དྲུག་པ་ལ་སོགས་པར་མི་རིགས་ན། མཐའ་མངོན་པར་འདོད་པ་དག་ལ་ཡང་ཡོད་པ་བར་དུ་གཅོད་པར་བྱེད་པའམ། འབྲེལ་པ་ལ་ ཡང་དྲུག་པ་ལ་སོགས་པས་སྦྱོར་བ་ཇི་ལྟར་ཡིན་པ་བསྟན་པ་ནི་མཐའ་ལ་ཞེས་བྱ་བའོ། །མཐའ་གང་དག་ལ་ཡོད་པ་དང་འབྲེལ་པ་དག་གི་བར་དུ་གཅོད་པར་བྱེད་པ་དེ་དག་གང་གི་ཡིན། ཡོད་པ་དང་འབྲེལ་པ་དག་གི་ནི་མ་ཡིན་ཏེ་རྒྱུག་པའི་ཕྱིར་རོ། །དངོས་པོའི་ཡང་མ་ཡིན་ཏེ་དུས་ཐ་དད་པ་ཉིད་ཀྱིས་ འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་ཡོད་པ་ཉིད་དང་འབྲེལ་པ་ཞེས་བྱ་བའོ། །ཐ་དད་པ་མེད་པས་ཞེས་བྱ་བ་ནི་དབྱེ་བ་མེད་པའི་ཕྱིར་རོ། །སྔ་ན་མེད་པ་ཞེས་བྱ་བ་ནི་རྒྱུ་ཉིད་འབྲས་བུས་སྟོང་པ་མ་ཡིན་ནམ། ཞིག་ནས་མེད་པ་ཡང་འབྲས་བུ་རྒྱུས་སྟོང་པ་ཡིན་ནོ་སྙམ་དུ་སེམས་པ་ལ། གལ་ ཏེ་རྒྱུ་འབྲས་ཞེས་བྱ་བ་ལ་སོགས་པའོ། །མེད་པ་བཞིན་དུ་འབྲས་བུ་དང་རྒྱུ་དག་ཀྱང་ཡོད་པའི་དུས་ཀྱི་དངོས་པོ་དང་འབྲེལ་པ་མེད་པའི་ཕྱིར་སྔ་ན་མེད་པ་ནི་དངོས་པོའི་མ་ཡིན་ཞེས་ཉེ་བར་མཚོན་པའི་ཕྱིར་ཞིག་ནས་མེད་པ་ཞེས་བྱ་བ་ཡང་ཡིན་ནོ། །མ་ཡིན་པར་དགག་པ་ཡང་དགག་པའི་ཁྱད་ པར་གྱི་མིང་ཅན་ནི་འབྲས་བུའམ་རྒྱུ་ཡིན་གྱི། དགག་པ་དང་བྲལ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྔ་ན་མེད་པ་དང་ཞིག་ནས་མེད་པའི་ཕྱོགས་ལས་འབྲས་བུ་དང་རྒྱུ་ནི་མཐའ་གཉིས་ཀྱི་ཕྱོགས་ཏེ་ཕྱོགས་གཞན་ནོ་དེའི་ཉམས་པ་ནི་དེ་ཉམས་པ་ཡིན་ཏེ། མེད་པ་ཁས་བླངས་པའི་ཁོངས་ སུ་གཏོགས་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཕྱོགས་གཞན་ལ་བརྟེན་པར་ཡང་ཞེས་བྱ་བའོ། །ཁ་ཅིག་གི་བཤད་པ་བསྟན་པ་ནི། འདིས་ནི་སྔ་ན་མེད་པའི་ཁྱད་པར་ཅན་ཡིན་ནོ་ཞེས་བྱ་བའོ། །སྔ་ན་མེད་པའི་ཁྱད་པར་ཅན་ནི་རྒྱུ་མ་ཡིན་གྱི་འོན་ཀྱང་ཡོད་པ་དང་འབྲེལ་བའི་འདུ་ བ་ནི་འབྲས་བུའམ། རང་གི་རྒྱུའམ་འདུ་བའི་རྒྱུ་ལས་འབྲས་བུ་ལ་དེར་བྱེད་ན་རྒྱུན་བརྗོད་དོ་ཞེས་བསྟན་པ་ནི། ཡོད་པ་ཉིད་དང་རང་རྒྱུད་དང་། །ཞེས་བྱ་བའོ། །རེ་ཞིག་དངོས་པོའི་རང་གི་ངོ་བོ་བྱེད་པ་མ་ཡིན་ཏེ། ཁས་མ་བླངས་པའི་ཕྱིར་རོ། །ཡོད་པ་དང་འདུ་བ་དག་ཀྱང་རྟག་ པ་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་རྒྱུ་མ་ཡིན་ཞེས་བྱ་བའི་དོན་ཏོ། །འབྲས་བུ་སྐྱེ་བཞིན་པའམ་སྐྱེས་པའི་འབྲས་བུ་རང་གི་རྒྱུ་ལ་འབྲེལ་པར་འགྱུར་བའི་ཕྱིར་རོ་ཞེས་གཞུང་གཉིས་བསྡུ་བའི་ཕྱིར་ཕལ་ཆེར་ཞེས་བྱ་བའི་ཐ་ཚིག་གོ། །གང་ཞིག་མེད་པ་དེ་བྱེད་དོ་ ཞེས་བྱ་བ་ནི་རིམ་པ་ཡིན་ལ། འདི་ཁྱེད་ཀྱི་འདོད་པ་ལ་ནི་མ་ཡིན་ཞེས་བསྟན་པ་ནི་གང་ཞིག་མེད་པ་དེས་བྱེད་ན་ཞེས་བྱ་བའོ། །ལོག་པའི་དངོས་པོ་ཉིད་ཁོ་ན་མེད་པ་ཡིན་པར་བསྟན་པ་ནི་སྔར་མེད་པ་ཁོ་ན་ཞེས་བྱ་བའོ། །དེ་ལྟ་མོད་ཀྱི་དངོས་པོའི་དུས་ན་མེད་པ་སྔ་ན་མེད་པ་དང་ཞིག་ནས་མེད་པ་ དག་དངོས་པོ་མི་རྟག་པ་ཉིད་དུ་འགྱུར་བ་བསྟན་པ་ནི། དེའི་ཕྱིར་ཞེས་བྱ་བ་སྟེ་སྒྲོ་འདོགས་པ་ནི་དོན་ལ་རེག་པ་དང་བྲལ་བའི་བློ་དག་ནི་ཐ་དད་པ་མེད་པའི་དོན་རྣམས་ལ་ཡང་སྒྲ་རྣམས་སུ་བརྗོད་བྱ་ཐ་དད་པར་བྱེད། སྦྱོར་བར་བྱེད། འབྲེལ་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་གི་སྒྲས་དོན་ ཐ་དད་པར་འདོད་པ་རྣམས་ལ་རྟོགས་པས་སྦྱར་བ་འབྲེལ་པ་ཡིན་པར་བསྟན་པ་ནི། གལ་ཏེ་དངོས་པོ་ལ་ཡོད་དངོས་པོ་ཞེས་བྱ་བ་ནས། དོན་དམ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །དེ་འདི་ལྟར་ཡིན་གྱི་མཚམས་སྦྱོར་བའི་ཁ་དོག་གི་སྤྱི་ལ་མི་རྟག་པ་ཉིད་སྦྱར་བ་དེའི་ཕྱིར། གཞལ་ བྱ་གཞན་མེད་དོ་ཞེས་ཉེ་བར་སྡུད་པ་ནི། དེས་ན་ཁ་དོག་གི་ཞེས་བྱ་བའོ། །ཚད་མའི་རྗེས་སུ་བྱུང་བ་དེ་ཉིད་འདི་ཡིན་ནོ་ཞེས་རྗེས་སུ་འབྲངས་པ་སྤྱི་དང་ཁྱད་པར་གྱི་བདག་ཉིད་ཀྱི་ཡུལ་ཅན་ནི་ཚད་མ་གཞན་ནོ་སྙམ་དུ་སེམས་པ་ལ། ཡང་ནས་ཡང་དུ་ཞེས་བྱ་བ་སྟེ་ཚད་མས་མཐོང་བ་ལ་སླར་ཡང་ ངོ་ཤེས་པ་ནི་ཚད་མ་སྔ་མ་དང་ཡུལ་ལ་ཁྱད་པར་མེད་པ་ཡིན་ཏེ། དེ་དང་གྲུབ་པ་དང་བདེ་བ་གཅིག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བགྲོད་བྱ་མ་ཡིན་པ་སྒྱུག་མོ་ལ་སོགས་པ་ལ་བགྲོད་པ་ནི་སྐད་ཅིག་མའི་རྒྱུན་ལ་ལྟོས་ནས་ཡིན་གྱི་སྐད་ཅིག་མ་གཅིག་གི་ཡུལ་ནི་མ་ཡིན་ཏེ། རྒྱུ་དང་འབྲས་བུ་ རྒྱུན་ལ་གཅིག་ཏུ་ཐ་སྙད་འདོགས་པའི་ཕྱིར་རོ་ཞེས་བསྟན་པ་ནི་བགྲོད་པར་བྱ་བ་མ་ཡིན་པ་ལ་བགྲོད་པ་ལ་སོགས་པ་ཞེས་བྱ་བའོ། །དེ་འདི་ལྟར་མངོན་སུམ་གྱི་རྗེས་སུ་བྱུང་བའི་ཞེན་པ་དང་རྗེས་སུ་དཔག་པ་ལ་ཡང་གཟུང་བ་དང་འཛིན་པ་ཡིན་ལ། ཐ་སྙད་ཙམ་ཡིན་ཏེ་ཡིད་ལས་བྱུང་བའི་ སྤྱི་ཙམ་གྱི་ཡུལ་ཡིན་པ་དེའི་ཕྱིར་གཞལ་བྱ་གཞན་མ་ཡིན་པར་བསྟན་པ་ཡིན་ནོ། །མཐོང་ནས་སླར་ལོག་པ་ཤིང་ལ་སོགས་པས་བར་དུ་ཆོད་པ་ན་ཅི་ད་དུང་ཡང་ཡོད་དམ་ཞེས་ཐེ་ཚོམ་ཟ་བས་དེ་ཉིད་རྗེས་སུ་དཔོག་པར་བྱེད་ཀྱི་དེ་དང་འདྲ་བ་ལ་ནི་མ་ཡིན་ནོ། །དེ་ནི་དབང་པོ་ལས་སྐྱེས་པའི་རྗེས་སུ་དཔག་པ་ཡིན་ཏེ། སྤྱིའི་ཡུལ་མ་ཡིན་པའི་ཕྱིར་ཚད་མ་གཞན་མ་ཡིན་ནོ་སྙམ་དུ་སེམས་པ་ལ། སྐད་ཅིག་སོ་སོར་ཐ་དད་ཕྱིར། །ཞེས་བྱ་བའོ། །མངོན་སུམ་མམ་རྗེས་སུ་དཔག་པ་ཡང་ཉེ་བའི་འཇུག་པའི་ཡུལ་སྟོན་པར་བྱེད་པ་ཡིན་གྱི། སྔར་མཐོང་བ་ཉེ་བ་ནི་མ་ཡིན་ཏེ། ཉེ་བའི་ཡུལ་ཅན་ཡིན་ཡང་མངོན་ སུམ་མ་ཡིན་པ་མ་ཡིན་ནམ། དབང་པོ་ལས་སྐྱེས་པ་མ་ཡིན་པའི་ཕྱིར་ལ་དེ་ལ་ཕྱིར་དེ་ཉིད་ཚད་མ་གཞན་ཡིན་ཏེ། རྗེས་སུ་དཔག་པ་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་ལ། ཁྱད་པར་ཡུལ་ཅན་ཉིད་ཀྱང་མིན། །ཞེས་བྱ་བ་སྟེ། འབྲེལ་བ་འཛིན་པའི་དུས་སུ་མཐོང་བའི་ཐུན་མོང་ལ་ཉེ་བ་ཡིན་པར་ འཇོག་པར་བྱེད་ལ། དེ་ཡང་སྤྱིའི་ཡུལ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་མཐོང་བ་ནི་འབྲེལ་པ་འཛིན་པའི་དུས་སུ་མཐོང་བ་ཁོ་ན་ཁྱད་པར་ཡུལ་ཉིད་བྱེད་པ་མ་ཡིན་ནམ། དེ་དང་འདྲ་བ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ། གལ་ཏེ་ཞེས་བྱ་བ་སྨོས་སོ། །དེ་ཉིད་ནི་རྗེས་སུ་དཔག་པར་ བྱ་བ་ཉིད་དེ། མངོན་སུམ་འཇུག་པའི་ཡུལ་དུ་འབྱུང་བ་གལ་ཏེ་རྗེས་སུ་དཔག་པར་བྱ་བ་ཡིན་ན་རྗེས་སུ་དཔག་པ་ནི་ཚད་མ་མ་ཡིན་ཏེ། གཟུང་བ་ལ་འཛིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་དཔག་པའི་དུས་སུ་འབྱུང་བ་ལ་ནི་འདྲ་བའི་ཡུལ་ཅན་ཉིད་དུ་བརྗོད་པར་བསྟན་པ་ནི། ཇི་སྟེ་ མཐོང་བས་ཞེས་བྱ་བའོ། །གལ་ཏེ་བརྗེད་ཕྱིར་ཞེས་བྱ་བ་ནི་མངོན་སུམ་གྱིས་མཐོང་བ་བརྗེད་པ་ལ་རྗེས་སུ་དཔག་པ་རྟོགས་པའི་དོན་ཅན་མ་ཡིན་ནོ། །བརྗེད་པ་ཉིད་ལ་དཔེ་མེད་པའི་ཕྱིར་རྗེས་སུ་དཔག་པ་མ་ཡིན་པར་བསྟན་པ་ནི། དེ་ཉིད་ཕྱིར་ན་ཞེས་བྱ་བ་ནི་ཁྱད་པར་སོ་སོར་ངེས་པ་མ་ཡིན་ནའོ། ། འདུ་བྱེད་པ་མ་ཉམས་པའི་མངོན་སུམ་ཡིན་ན་རྗེས་སུ་དཔག་པ་ཚད་མ་མ་ཡིན་ལ། འདུ་བྱེད་པ་ཉམས་པ་ལ་ནི་ཡིན་ནོ་སྙམ་དུ་སེམས་པ་ནི། དྲན་པ་ཡོད་ན་ཞེས་བྱ་བ་ལ་སོགས་པ་ནས་ཚད་མ་ཉིད་ཡིན་པ་བཞིན་ནོ་ཞེས་བར་དུའོ། །མ་ཡིན་ཏེ་དེ་ལ་ནི་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། ། འདིར་ནི་དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ནི་ཁྱད་པར་མཐོང་བ་ལའོ། །དེ་ལྟ་ཞེས་བྱ་བ་ནི་རང་བཞིན་གྱི་རྗེས་སུ་དཔག་པ་བཞིན་ནམ་གློ་བུར་བའི་རྗེས་སུ་དཔག་པ་བཞིན་དུའོ། །སྔོན་དེ་འདྲ་བ་ཞེས་བྱ་བ་ནི་འབྲེལ་པ་འཛིན་པའིའོ། །བརྗེད་པ་ཉིད་ཀྱིས་མེད་པའི་ཕྱིར་རང་བཞིན་ རྗེས་སུ་དཔག་པ་མ་ཡིན་ལ། གློ་བུར་བའི་རྗེས་སུ་དཔག་པ་མ་ཡིན་པར་བསྟན་པ་ནི་གོམས་པས་བསྐྱེད་པ་ཞེས་བྱ་བ་སྟེ། གོམས་པས་བསྐྱེད་པ་ལས་ཞེས་བྱ་བ་ནི་གློ་བུར་བའི་རྗེས་སུ་དཔག་པ་ལ་གོམས་པ་མེད་དོ། །རྣམ་པ་གཞན་དུ་འགྱུར་བ་སྲིད་ཕྱིར་རོ་ཞེས་བྱ་བ་ནི་བརྗེད་པའི་ ཕྱིར་དང་རྗེས་སུ་དཔག་པ་ནི་རྟོག་པའི་དོན་ཅན་ཡིན་པར་ཁས་མ་བླངས་པའི་ཕྱིར་རོ། །མ་བརྗེད་ན་རྗེས་སུ་དཔག་པ་སྤྱིའི་ཡུལ་ཅན་ཁོ་ན་ཡིན་པར་བསྟན་པ་ནི། མངོན་སུམ་གྱི་ཚད་མས་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའོ། །དེ་ལ་ཞེས་བྱ་བ་ནི་སྐྱེས་བཞིན་ པ་ལའོ། །སྐྱེས་དངོས་དངོས་པོ་གྲུབ་པ་ཞེས་བྱ་བ་ནི་སྔར་མཐོང་བའི་དངོས་པོ་གྲུབ་པའོ། །གཞན་ལ་དེ་ཉིད་དུ་འཛིན་པ་འཁྲུལ་པ་ཡིན་པར་བསྟན་པ་ནི། གལ་ཏེ་མཐོང་ན་དེ་དངོས་ནི། །ཞེས་བྱ་བའོ། །མངོན་སུམ་གྱི་གྲུབ་པ་ཁོ་ནའམ་ཁྱད་པར་མཐོང་བ་ལས་གྲུབ་པ་ལ་ནི་ཚད་ མ་ཉིད་མ་ཡིན་པ་སྟེ། གཟུང་བ་ལ་འཛིན་པ་ཡིན་ནོ་ཞེས་བསྟན་པ་ནི། དེས་གྲུབ་ཅེས་བྱ་བའོ། །འདི་ཉིད་བཤད་པ་ནི་མ་མཐོང་བ་ནི་ཞེས་བྱ་བའོ། །གལ་ཏེ་མ་བཟུང་བ་ཞེས་བྱ་བ་ནི་མངོན་སུམ་གྱིས་སོ། །ཇི་སྟེ་རྗེས་སུ་དཔག་པ་དངོས་པོ་འཛིན་པ་ཞེས་བྱ་བ་ནི་མངོན་སུམ་གྱིས་ གཟུང་བ་ཉིད་ཁྱད་པར་མཐོང་བས་འཛིན་པ་ཡིན་ནོ། །མངོན་སུམ་དང་ཅིག་ཤོས་ཞེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པར་བྱ་བ་དག་གོ། །གཅིག་གྲུབ་པ་ན་ཞེས་བྱ་བ་ནི་གཉིས་ཀྱི་ནང་ནས་གཅིག་ཁོ་ན་ལས་གྲུབ་པར་འགྱུར་བས་ཆོག་མོད། །གཉིས་ཀྱིས་ཅི་ཞིག་བྱ་བ་དེ་ལ་རག་ ལས་པའི་ཕྱིར་ཞེས་བྱ་བ་ནི། མིག་ལ་སོགས་པའི་བྱེད་པའི་བྱེད་པ་ལ་རག་ལས་པའི་ཕྱིར་རོ། །གང་གི་ཚེ་སྣང་བ་ཡོད་པ་དེའི་ཚེ་ཡང་འཛིན་པ་མ་ཡིན་ནོ་ཞེས་ཟེར་བ་ལ་འོ་ན་སྣང་བ་དེ་ཞེས་བྱ་བ་སྨོས་སོ། །དེ་ལྟ་ན་དེ་དག་ཚད་མ་དང་ཅིག་ཤོས་གང་ཡིན་ཞེ་ན། གཞན་དང་མཚམས་ནི་སྦྱོར་བའི་ཞེས་ བྱ་བ་སྟེ། སྔར་མཐོང་བ་དང་ལྷན་ཅིག་པའི་ཞེན་པ་སྟེ། ངེས་པ་ནི་དྲན་པ་ཡིན་པར་བརྗོད་པ་དེའི་ཕྱིར་མངོན་སུམ་ཚད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དྲན་པ་ཉིད་མེད་པར་བསྒྲུབ་པ་ལ་དེ་རྟགས་ལ་ལྟོས་པ་སྟེ། འདྲ་བ་ལ་སོགས་པའི་རྟགས་ལ་ལྟོས་པའོ། །དྲན་པ་ཉིད་ཁོ་ན་ལ་ཡོད་པའི་ཕྱིར་ འཁྲུལ་པ་ཅན་ཡིན་ནོ་ཞེ་ན། མ་ཡིན་འཁྲུལ་ཕྱིར་ཞེས་སྨོས་སོ། །འགྲེལ་པ་ནི་གསལ་བ་ཡིན་ནོ། །མངོན་སུམ་རྟོག་དང་བྲལ་བར་ནི། །མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་བྱ་བའི་བཤད་པ་མཐོང་ནས། བཤད་པར་བྱ་བའི་མདོ་ལ་འཇུག་པར་བྱེད་པ་བསྟན་པ་ནི་ དེ་ལ་མངོན་སུམ་ནི་ཞེས་བྱ་བ་ལ་སོགས་པའོ། །གཞན་དུ་སྣང་བ་ནི་དེ་ལས་བཟློག་པའོ། །རྟོག་པ་ལས་བྲལ་བ་དེའི་ངོ་བོ་མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར་ཞེས་བྱ་བ་ནི་དེའི་བདག་ཉིད་དགག་པ་ལ་ཁྱད་པར་མེད་པའི་མི་དམིགས་པར་འདོད་ལ། ཐ་དད་པ་དགག་པ་ལ་ནི་རང་བཞིན་གྱི་ཁྱད་ པར་བསྟན་པ་ནི། སོ་སོ་རང་གི་རིག་བྱ་ཡིན། །ཞེས་བྱ་བའོ། །མིང་ནི་སྒྲ་ཡིན་ལ་རྟེན་ཅན་ནི་སྒྲར་རུང་བའི་སྣང་བ་ཞེས་བྱ་བའི་ཐ་ཚིག་གོ། །རྐྱེན་གཞན་ཚང་བ་བསྟན་པ་ནི། །ཐམས་ཅད་ལ་ནི་སེམས་བསྡུས་ནས། །ཞེས་བྱ་བའོ། །ཐམས་ཅད་ལས་ནི་ཡུལ་ཐམས་ཅད་ལས་སོ། ། སེམས་ནི་རྣམ་པར་རྟོག་པའོ། །གཡོ་བ་མེད་པ་ནི་བློ་འདར་བ་མེད་པས་ཏེ། རྟོག་པའི་རླུང་དང་བྲལ་བའི་ཕྱིར་རོ། །རྟོག་པ་མེད་ནའང་ཡོད་པའི་ཕྱིར། །རྟོག་པ་མེད་པ་གཞན་ཡིན་པར་བརྗོད་པ་འདིས་ཡིན་པ་དེའི་ཕྱིར་བཤད་པ་སྟེ། དེའི་གནས་སྐབས་ལ་རྣམ་པར་རྟོག་པ་མེད་པ་ནི་ མངོན་སུམ་ཁོ་ནས་རྟོག་པ་ཡིན་པར་བསྟན་པ་ནི། མངོན་སུམ་ཁོ་ནས་ཞེས་བྱ་བའོ། །གནས་སྐབས་དེ་ལ་ཡང་རྣམ་པར་རྟོག་པའི་རྣམ་པ་ཉིད་ཀྱིས་རྗེས་སུ་འཇུག་པ་མ་ཡིན་ནམ། དེ་མེད་ན་དེའི་མེད་པ་ཡང་ཇི་ལྟར་ངེས་པ་ཡིན། ངེས་པ་ནི་རིགས་པ་མ་ཡིན་ན་ཁྱད་པར་མེད་པར་མེད་ པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་འདི་ལ་ཞེས་བྱ་བའོ། །ཉམས་སུ་མྱོང་བ་ནི་རང་གི་ཡུལ་ལ་རང་གི་བྱ་བ་རྗེས་སུ་འཇུག་པའི་རྟོག་པ་སྐྱེད་པར་བྱེད་ཅིང་དེ་ལས་སྔ་རོལ་དུ་འབྱུང་གི་དེ་དང་མཚུངས་པ་མ་ཡིན་པ་མ་ཡིན་ནམ་ཞེས་ཟེར་བ་ལ་ཡང་ཅུང་ཟད་རྣམ་པར་རྟོག་ན་ཞེས་བྱ་བའོ། །རྟོག་ པ་ཅན་བཞིན་དུ་རྟོག་པ་ཅན་མ་ཡིན་པ་ཡང་རང་གི་ངོ་བོར་གྲུབ་ན་རྟོག་པ་ཅན་སྐྱེད་པར་བྱེད་པ་ཡིན་ནོ། །དབང་པོ་བཞིན་དུ་སྐྱེད་པར་བྱེད་པ་ཉིད་དུ་རྟོག་པ་མེད་པ་ཅན་ནི་སྐྱེད་པར་བྱེད་པ་ཡིན་པར་མི་རྟོགས་སོ་ཞེ་ན། རྣམ་པར་རྟོག་པ་མེད་པ་ཡང་ཞེས་བྱ་བའོ། །དེའི་ཚེ་ ཞེས་བྱ་བ་ནི་རྟོག་པ་དང་བྲལ་བའི་དུས་སུའོ། །མཚན་ཉིད་ཐ་དད་པས་ཞེས་བྱ་བ་ནི་ངེས་པ་དང་མ་ངེས་པར་སྣང་བའི་ཕྱིར་རོ། །ཚོགས་པ་ཡོད་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་རྟོག་པ་བསྐྱེད་པ་ལ་དྲན་པས་ཕན་བཏགས་པའི་དབང་པོ་ཡིན་ལ་གཞན་ལ་ནི་འབའ་ཞིག་ཡིན་ནོ། །ད་ནི་རྗེས་སུ་དཔག་ པས་ཡུལ་ཐ་དད་པའི་མཚན་ཉིད་ལས་ཀྱང་རྟོག་པ་མེད་པའི་མངོན་སུམ་བསྟན་པ་ནི། གཅིག་ཏུ་མཐོང་བའི་ཁྱད་པར་ནི་ཞེས་བྱ་བ་སྟེ། འདིས་མངོན་སུམ་གྱི་ཡུལ་ཁྱད་པར་ནི་རྣམ་པར་རྟོག་པའི་རུང་བ་མ་ཡིན་པར་བསྟན་པ་ཡིན་ནོ། །རྣམ་པར་རྟོག་པའི་རུང་བ་ཉིད་ཀྱང་རུང་བ་ཉིད་མ་ཡིན་ པར་བསྟན་པ་ནི། དེ་ལས་མིན་པ་ནི་ཐ་དད་པ་ལས་སོ། །གཞན་ནི་ཐ་དད་པ་མ་ཡིན་པའོ། །གཞན་སྔ་མ་ཡིན་པ་ལ་ལྟོས་ནས་སྔ་མ་ཁོ་ན་སྟེ། གཞན་ཞེས་བྱ་བ་ནི་རྣམ་ཤེས་ལས་སོ། །ཐ་དད་བློ་མེད་ཅེས་བྱ་བ་བཤད་པ་ནི། རྣམ་པ་གཞན་སྣང་བ་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །རྣམ་ པར་རྟོག་པ་ནི་ཁྱད་པར་གྱི་ཡུལ་ཁོ་ན་ལ་མ་ཡིན་ཏེ། སྒྲ་དང་མཚུངས་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་ཁྱད་པར་རྣམས་ལ་ཞེས་བྱ་བའོ། །ཅི་ལས་ཤེ་ན་རྗེས་སུ་འགྲོ་མེད་པས་ཞེས་བྱ་བའོ། །སྒྲ་དང་མཚུངས་པའི་ཡུལ་ཅན་གྱི་རྣམ་པར་རྟོག་པ་ཡིན་པ་ཅི་ལས་ཤེ་ན་ རྣམ་པར་རྟོག་པའི་ཡུལ་ལ་སྒྲ་སྦྱོར་བར་མཐོང་བའི་ཕྱིར་རོ་ཞེས་བསྟན་པ་ནི། སྒྲ་རྣམས་ཡུལ་ནི་གང་དེ་ཉིད་ཅེས་བྱའོ། །བརྡ་ནི་ཡུལ་དུས་ཀྱི་རྗེས་སུ་འགྲོ་བ་མ་ཡིན་ནམ། དེའི་ཕྱིར་དེས་ཉེ་བར་མཚོན་པའི་ཁྱད་པར་རྣམས་ལ་ཡང་བྱེད་པ་ཉིད་ཇི་ལྟར་ཡིན། དོན་ཇི་སྙེད་པའི་མིང་གི་སྒྲ་རྣམས་སོ་ ཞེས་ཇི་སྐད་སྨྲས་པས་སོ་སྙམ་དུ་སེམས་པ་ལ་དེས་འདི་ཞེས་ནི་འབྲེལ་པ་ལ་ཞེས་བྱ་བ་སྟེ་བརྡས་སྒྲ་དང་དོན་དག་གི་ཁྱད་པར་རྣམས་རྗོད་པར་བྱེད་པ་དང་བརྗོད་པར་བྱ་བར་རྟོགས་པ་ཡིན་ལ། དེ་འདི་ཞེས་བྱ་བ་ཡང་མདུན་ན་གནས་པ་ཐམས་ཅད་ཀྱི་ཐུན་མོང་བ་ཉིད་ཡིན་ནོ། །དབང་པོའི་ཚོགས་ དོན་མེད་པར་འགྱུར་རོ་ཞེས་བྱ་བ་ནི་སྒྲ་ཁོ་ན་ལས་མངོན་སུམ་སྐྱེ་བའི་ཕྱིར་རོ། །ལྐོག་ཏུ་གྱུར་པ་ནི་འདས་པ་ཡིན་ནོ། །དོན་བྱེད་ནུས་པའི་ཁྱད་པར་གྱིས་སྣང་བ་ཐ་དད་པ་ནི་དབྱེ་བས་བྱེད་པ་ཡིན་པར་བསྟན་པ་ནི། དོན་བྱེད་པ་ཐ་དད་པས་ཞེས་བྱ་བའོ། །དེའི་ཕྱིར་ཡུལ་ཐག་རིང་པོ་ན་གནས་ པའི་ཞེས་བྱ་བ་ལ་སོགས་པ་ནི་རིགས་པ་མ་ཡིན་ཏེ། དངོས་པོ་དུ་མ་ལ་ཐག་རིང་པོ་ན་འགའ་ཞིག་སྣང་བ་ཉེ་བ་ལ་ཡང་དེ་ཉིད་ཡིན་ནོ་ཞེས་ཇི་ལྟར་དངོས་པོའི་ཡུལ་ལ་སྣང་བ་མ་ཡིན་པར་བརྗོད། གང་དག་ཐག་རིང་པོ་ན་སྣང་བ་དེ་དག་ཁོ་ན་ཉེ་བ་ཉིད་ལ་ནི་གཞན་དུ་ཡིན་པའི་ཕྱིར། ཐག་ རིང་བ་དང་ཉེ་བ་དག་ཡུལ་གཅིག་ཉིད་མ་ཡིན་པའི་ཕྱིར་གསལ་བར་སྣང་བ་ཞེས་བྱ་བ་ལ་སོགས་པ་ལེགས་པར་གསུངས་པ་ཡིན་ནོ། །འདིའི་ཞེས་བྱ་བ་ནི་ལྐོག་ཤལ་ལ་སོགས་པ་དང་ལྡན་པའིའོ། །འདི་ཞེས་བྱ་བ་ནི་བ་ལང་ཞེས་བྱ་བ་སྒྲའི་ངོ་བོ་འདི་ཡིན་ནོ། །ལྐོག་ཏུ་གྱུར་པ་ ཡང་དྲན་པའི་བློ་ལ་གནས་པའི་ཕྱིར་དེ་ལྟར་ཐ་སྙད་འདོགས་པ་ཡིན་ནོ། །གང་གི་ཚེ་ཡང་མངོན་སུམ་པའི་དངོས་པོ་ལ་མིང་གི་བྱེད་པ་ཡིན་པ་དེའི་ཚེ་ཡང་འདིའི་འདིའོ་ཞེས་བློའི་ཡུལ་དུ་བྱས་པ་ཉིད་ཀྱི་མངོན་སུམ་གྱི་བརྡའི་ཡུལ་དག་གི་སྣང་བ་ཐ་དད་པ་ཡིན་པར་བསྟན་པ་ནི་མིག་ལ་ཞེས་ བྱའོ། །ཕན་གདགས་བྱ་འདོགས་བྱེད་ཀྱི་ངོ་བོ་ཞེས་བྱ་བ་ལ་ཕན་གདགས་པར་བྱ་བ་ནི་བརྗོད་བྱ་སྟེ་ལས་སོ། །ཕན་འདོགས་པར་བྱེད་པ་ནི་རྗོད་བྱེད་དེ་བྱེད་པ་པོའམ་བྱེད་པའོ། །བསྐྱེད་བྱ་སྐྱེད་བྱེད་ཀྱང་ཡོད་པར་བསྟན་པ་ནི། དེས་ན་རེས་འགའ་ནི་ཞེས་བྱ་བའོ། །བློའི་ངོ་བོ་དང་བློའི་ སྣང་བའི་རིག་བྱེད་དག་ནི་ངག་གི་རིག་བྱེད་ཡིན་ལ། གལ་ཏེ་ཡང་དེ་དག་མངོན་སུམ་གྱི་ཡུལ་དུ་བརྗོད་བྱ་ཉིད་ཀྱིས་སམ། རྗོད་བྱེད་ཉིད་ཀྱིས་ལས་བྱེད་པ་ཉིད་དུ་སྣང་བ་མ་ཡིན་པ་དེ་ལྟ་མོད་ཀྱི་དེ་ཉིད་བརྗོད་བྱ་དང་ཅིག་ཤོས་ཡིན་ནོ་སྙམ་དུ་སེམས་པ་ལ། བརྡ་བྱས་པའི་སྒྲ་ལས་དེའི་ངོ་བོར་ སྣང་བ་མེད་པས་བརྡ་ནི་དེའི་ཡུལ་ཅན་མ་ཡིན་པར་བསྟན་པ་ནི། དབང་པོའི་བྱ་བ་མེད་པ་ལ་ཞེས་བྱ་བའོ། །སྒྲ་ལས་རང་གི་མཚན་ཉིད་རྟོགས་པ་ཡིན་ནོ་སྙམ་དུ་སེམས་པ་ལ། འབྲེལ་བ་མ་བྱས་པ་སྟེ་མ་བརྗོད་པའོ། །གང་ལ་བརྡ་ཡིན་པ་དེའི་བརྗོད་པའི་རིམ་གྱིས་དབང་པོའི་ བྱ་བ་ཡོད་ཀྱང་སྒྲ་ལས་རྟོགས་པ་མ་ཡིན་ནོ། །རང་ཉིད་ཀྱིས་རྟོགས་ན་དབང་པོའི་བྱ་བ་མེད་ཀྱང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འགྲེལ་པར་བཤད་པ་ནི་གསལ་བ་ཡིན་ནོ། །སྒྲ་དང་མཚུངས་པའི་ཡུལ་ཉིད་རྟོག་པ་ཡིན་པར་ཉམས་སུ་མྱོང་བ་དང་འགལ་བ་ཡིན་ ནོ་སྙམ་དུ་སེམས་པ་ནི་འོ་ན་ཇི་ལྟར་འདི་ཞེས་བྱ་བ་ལ་སོགས་པས་བ་ལང་ངོ་ཞེས་བྱ་བ་ནི་བླང་བར་བྱ་བའི་ཡུལ་མིན་ནོ། །སྤྲུལ་ཞེས་བྱ་བ་ནི་དོར་བར་བྱ་བའི་ཡུལ་ཡིན་ནོ། །འཛིན་པ་ལ་ཐ་དད་པ་མེད་པ་བསྟན་པ་ནི་འཛིན་པར་བྱེད་པ་ཞེས་བྱ་བའོ། །གཟུང་བ་མེད་པར་བསྟན་པ་ནི། འདི་ལ་ རྣམ་པར་རྟོག་པ་ཞེས་བྱ་བའོ། །རྟོག་པ་མེད་པ་ལས་གཟུང་བྱ་ལྡོག་པའི་བྱ་བའི་ཁྱད་པར་ནི། གཟུང་བ་ལ་འཛིན་པ་ཡིན་པར་གསལ་བའི་ཕྱིར་བསྟན་པ་ནི་ངེས་པའི་དང་ནི་མ་ངེས་པ་ཉིད་ཀྱིས་ཞེས་བྱ་བ་ནི། རྗེས་སུ་དཔག་པ་ཡིན་ནོ་ཞེས་བྱ་བ་ནི་དྲན་པ་ལའོ། །སྔོན་པོའི་མཐོང་བ་ དང་རྣམ་པར་རྟོག་པ་དག་ལ་རྒྱུན་གྱིས་འཇུག་ལ་ཅིག་ཅར་འཇུག་པ་ཡིན་ནོ་ཞེས་བསྟན་པ་ནི། རྟོག་བཅས་རྟོག་པ་མེད་པའི་ཡིད། །ཅེས་བྱ་བའོ། །འཇུག་པ་མྱུར་ཕྱིར་ཞེས་བྱ་བ་ནི་མཐོང་བ་དང་རྣམ་པར་རྟོག་པ་དག་རྒྱུ་དང་འབྲས་བུ་དག་གིའོ། །རིམ་གྱིས་ཐ་དད་པ་གྲུབ་ པ་ཡིན་ཡང་རྨོངས་པས་གཅིག་ཉིད་དུ་མངོན་པར་སེམས་པ་བྱུང་བའི་ཕྱིར་རོ། །ཐ་དད་པའི་བསྒྲུབ་པ་བསྟན་པ་ནི། གལ་ཏེ་བ་ལང་སྙམ་པའི་རྣམ་པར་རྟོག་པ་ཞེས་བྱ་བའོ། །ཡི་གེའི་རང་གི་མཚན་ཉིད་སྣང་བ་ལས་རྣམ་པར་རྟོག་པར་མི་འདོད་ཀྱི་འོན་ཀྱང་གསལ་བའི་འཛིན་པ་ ལས་ཡིན་ནོ་ཞེས་ཟེར་བ་ལ་གང་གི་ཕྱིར་ཞེས་བྱ་བའོ། །ཡི་གེ་མི་གསལ་བར་སྣང་བ་ལ་བ་ཁྲ་མོའི་རང་གི་མཚན་ཉིད་སྣང་བའི་དབྱེ་བ་བསྟན་ནས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ཀྱང་ཐ་དད་པར་བསྟན་པ་ནི། ཡི་གེར་སྣང་བའི་ཤེས་པ་ཉིད་ཅེས་བྱ་བའོ། །རང་གི་མཚན་ཉིད་ ལས་མི་གསལ་བའི་རྗོད་བྱེད་ཀྱི་རྣམ་པ་བསྟན་ནས། བརྗོད་བྱ་གཟུང་བའི་རྣམ་པའི་དབྱེ་བ་བསྟན་པ་ནི། སྔོན་གྱི་རང་བཞིན་ཉིད་དུ་ཞེས་བྱ་བའོ། །འབྲས་བུ་གཅིག་པ་ཉིད་ཀྱིས་ཞེས་བྱ་བ་ནི་བ་ལང་གི་ཤེས་པ་གཅིག་ཡོད་པའི་ཕྱིར་ཡི་གེ་ག་ལ་སོགས་པ་གཅིག་ཉིད་དུ་ཐ་སྙད་ལྟ་ བུའོ། །རིམ་གྱིས་འཛིན་པར