Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 181

Văn bản gốc(Tây Tạng)

Trang 19 / 21 (50.000 ký tự/trang)
མའི་བག་ཆགས་ལས་གཅིག་ཉིད་དུ་བརྟག་པ་ཡིན་ལ། ད་ལྟར་བ་རྣམས་ལ་ནི་དེར་སྒྲོ་འདོགས་པའི་རྒྱུ་མཚན་ཡིན་པས་གཙོ་བོར་བརྗོད་པ་ཡིན་པར་བསྟན་པ་ནི། ཐོག་མ་མེད་པའི་བག་ཆགས་ལས། །ཞེས་བྱ་བའོ། །ཡང་ན་དང་པོའི་བྱ་བ་

བྱེད་པ་ཙམ་ལས་སྐད་ཅིག་མ་གཞན་ལས་དེ་དང་འདྲ་བ་ཉིད་ལས་དེར་ཐ་སྙད་འདོགས་པར་བྱེད་པའི་ཡུལ་ཡིན་པར་བསྟན་པ་ནི་ཡང་ན་དང་པོ་ཞེས་བྱ་བའོ། །དེ་ཉིད་དང་གཞན་ཉིད་དུ་ཞེས་བྱ་བ་ནི་བུམ་པ་དང་སྣམ་བུ་དག་གི་དཀར་པོ་ཉིད་ནི་ཆོས་ཅན་ཐ་དད་པ་ཡིན་ཡང་ཐ་དད་པ་མ་ཡིན་པའི་ཕྱིར་
སྣམ་བུ་ཉིད་ཀྱི་དཀར་པོ་དང་ཅིག་ཤོས་ལ་སོགས་པ་ཆོས་ཅན་གྱི་དེ་ཁོ་ན་ཉིད་ཡིན་པ་དེ་ཉིད་ཀྱི་ཕྱིར་གཞན་ཉིད་ཡིན་ནོ། །ཅི་ལས་ཤེ་ན་དེ་ཉིད་ལས་ཞེས་བྱ་བའོ། །འདི་དག་ཐ་དད་པ་མ་ཡིན་ཡང་རིག་པས་ཐ་དད་པ་ཡིན་ནོ། །ཐོག་མ་མེད་པའི་བག་ཆགས་ཀྱིས་བྱས་པའི་རྗེས་སུ་དཔག་པ་ཞེས་བྱ་བ་ནི་རྣམ་པར་རྟོག་
པའི་ཁྱད་པར་ཡིན་གྱི་དེ་དག་ཙམ་ནི་མ་ཡིན་ནོ། །དོན་དམ་པ་མ་ཡིན་པ་ནི་བདེན་པ་མ་ཡིན་པའོ། །ཡོད་པ་ནི་ཀུན་རྫོབ་ཏུའོ། །དེ་ལྟ་བུར་གྱུར་མ་གྲུབ་ཕྱིར། །ཞེས་བྱ་བ་ནི་མ་གྲུབ་པའི་ཕྱིར་རོ། །དེ་ཉིད་གཞན་ཉིད་འགོག་པར་འགྱུར་བའི་ཞེས་བྱ་བ་གང་དུ་ཞེ་ན་དོན་དམ་པར་རྣམ་པར་དཔྱད་ནའོ། །
གང་དུ་གནས་ཤེ་ན་ཀུན་རྫོབ་པའི་དངོས་རྣམས་ལ་ཞེས་བྱ་བར་སྦྱར་བའོ། །ཐ་མི་དད་ཅེས་བྱ་བ་ནི་དེ་ཉིད་དང་གཞན་ཉིད་དུ་དབྱེར་མེད་པའོ། །གཉི་ག་ཞེས་བྱ་བ་ནི་ཐ་དད་པ་དང་ཐ་མི་དད་པ་དག་སྟེ་དབྱེ་བ་མངོན་སུམ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐ་དད་ལ་ཞེས་བྱ་བ་ནི་དེ་ཉིད་དང་གཞན་ཉིད་དུའོ། །ཤེས་
པ་ལ་ཞེས་བྱ་བ་ནི་དམིགས་ཀྱིས་བསལ་བའི་རྟོག་པས་གྲུབ་པའོ། །ཤེས་པ་ནི་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བ་མི་སླུ་བ་ཅན་ཡིན་གྱི་རྣམ་པར་རྟོག་པ་ཙམ་ནི་མ་ཡིན་ནོ། །དེའི་ཕྱིར་རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བ་ལ་སོགས་པའི་དབྱེ་བ་བཞིན་དུ་སུན་དབྱུང་བར་བྱ་བ་དང་།
སུན་འབྱིན་པར་བྱ་བ་ཡང་རྟོག་པ་ཙམ་ལས་བྱུང་བ་ཡིན་པར་བསྟན་པ་ནི་ཀུན་རྫོབ་ཀྱི་ཐ་དད་པ་འགའ་ཞིག་ཅེས་བྱ་བའོ། །དོན་དམ་པ་ལའང་ཞེས་བྱ་བ་ནི་རང་རིག་པ་ལ་སོགས་པའི་མངོན་སུམ་ལའོ། །བརྟགས་པ་བ་ལ་ནི་གཉི་ག་མི་སླུ་བ་ཡིན་ལ་གཞན་ལ་ནི་གཉི་ག་མ་ཡིན་པ་མ་ཡིན་ནམ། དེའི་ཕྱིར་
ཁྱད་པར་ཅི་ཞིག་ཡོད་ཅེས་ཟེར་བ་ལ་བདག་ཉིད་ཇི་ལྟའི་ཞེས་བྱ་བའོ། །རྗེས་སུ་དཔག་པ་ལ་སོགས་པའི་རྣམ་པར་རྟོག་པ་ནི་དངོས་པོའི་ཁྱད་པར་ལ་མི་སླུ་བ་ཅན་ཡིན་གྱི་སུན་འབྱིན་པའི་རྟོག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་པོའི་ཁྱད་པར་ལ་མི་སླུ་བ་ཅན་སྒྲ་མི་རྟག་སྟེ་ཐམས་ཅད་ཉིད་མ་ཡིན་

པའི་ཕྱིར་སྒྲ་ལ་སོགས་པ་ཉིད་མ་ཡིན་ནམ་སྙམ་དུ་སེམས་པ་ལ་འདིར་ནི་ཞེས་བྱ་བ་སྟེ་ཐ་སྙད་ཀྱིས་བཞག་པ་ནི་རྣམ་པར་རྟོག་པས་སོ། །འདྲེས་པ་ཞེས་བྱ་བ་ནི་འབྲེལ་པ་ཅན་ཏེ། ཁྱད་པར་གང་གིས་བློ་དེ་བསྒྲུབ་བྱ་གང་ལ་ཡོད་པ་དེ་ཉིད་གཞག་པ་ཡིན་གྱི་གཞན་མ་ཡིན་པའི་ཕྱིར་མ་གྲུབ་པ་ཡིན་ཏེ། སྒྲུབ་
པར་བྱེད་པའི་དུས་ན་ཐ་དད་པ་མེད་པའི་ཕྱིར་རོ། །སྒྲ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཐ་དད་པ་ཉིད་ཡོད་པ་མ་ཡིན་ནམ་ཞེས་ཟེར་བ་ལས་ལོག་པ་ཐ་དད་པས་ཞེས་བྱ་བའོ། །དེ་ལྟ་ན་དེ་ཅི་ལས་ཡིན་ཞེས་ཟེར་བ་ལ་གང་ལས་ཞེས་བྱ་བའོ། །བྱས་པ་ཉིད་ནི་ཐུན་མོང་ཡིན་ཏེ། སྒྲ་དང་གཞན་ལ་ཡང་ཡོད་པའི་ཕྱིར་
རོ། །ཐུན་མོང་མ་ཡིན་པ་ནི་སྒྲ་ཉིད་ཡིན་པར་བསྟན་པ་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པ་ཉིད་ཀྱིས་ཞེས་བྱ་བའོ། །བྱས་པའི་དངོས་པོ་ནི་བྱས་པ་ཉིད་དོ་ཞེས་བྱ་བ་བཞིན་དུ་སྒྲ་ཉིད་ལ་སོགས་པ་བྱེད་པ་ལས་ཡིན་པར་བསྟན་པ་ནི་དེ་ཇི་ལྟར་ཞེས་བྱ་བ་སྟེ། ལྡོག་པའི་ཁྱད་པར་ནི་མེད་དོ་ཞེས་བྱ་བའི་དོན་ཏོ། །
སྒྲའི་རྒྱུ་མཚན་གྱིས་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ནི་བརྡ་མེད་ན་རྗོད་བྱེད་མ་ཡིན་པའི་ཕྱིར་རོ། །དོན་མ་མཐོང་བའི་ཕྱིར་བརྡའི་དབང་ཡིན་པས་རང་དབང་ཁོ་ན་ཡིན་པར་བསྟན་པ་ནི་དེ་ལྟ་བུ་ཉིད་ཅེས་བྱ་བ་སྟེ་སྒྲའི་གོ་བྱ་ཉིད་དོ། །ངག་བརྗོད་པ་ཞེས་བྱ་བས་རང་དབང་གི་ཚད་མ་ཡིན་ཞེས་བྱ་བར་གཟུང་བར་
བྱའོ། །གཞན་ཉིད་མེད་པའི་ཕྱིར་མ་གྲུབ་པ་འབའ་ཞིག་མ་ཡིན་གྱི་དམ་བཅའ་བའི་དུས་སུ་རྟོགས་པ་ཉིད་ཀྱིས་སྦྱོར་བ་མེད་པའི་ཕྱིར་ཡང་ངོ་ཞེས་བསྟན་པ་ནི། གལ་ཏེ་སྒྲ་ཡང་གཞན་ཡང་སྒྲ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའོ། །ཆོས་ཅན་གྱི་རང་གི་ངོ་བོ་ཡང་བསྒྲུབ་བྱ་སྒྲུབ་པར་བྱེད་ན་མེ་གྲུབ་
པ་ཡང་དེ་ལྟར་འགྱུར་བའི་ཕྱིར་རྟོགས་པར་བྱེད་པ་གཞན་གྱི་སྦྱོར་བ་མེད་པའི་ཕྱིར་བསྟན་པ་ནི་མར་མེའི་ཚུལ་དུ་ནི་ཞེས་བྱ་བའོ། །ཆོས་ཅན་གྱི་དུས་སུ་བརྗོད་པ་གཏན་ཚིགས་ཀྱི་དུས་ན་མ་གྲུབ་པ་ཡིན་ན་བརྩལ་མ་ཐག་ཏུ་བྱུང་བའི་སྒྲ་མི་རྟག་སྟེ། བརྩལ་མ་ཐག་ཏུ་བྱུང་བའི་ཕྱིར་རོ་ཞེས་ཟེར་བ་ལ་
དེས་ན་བྱེ་བྲག་ཅེས་བྱ་བའོ། །བྱེ་བྲག་ནི་ཁྱད་པར་ཏེ་སྒྲ་ཙམ་ལས་ཡོད་པ་ནི་ཁྱད་པར་རོ། །སྒྲ་དང་ཅིག་ཤོས་ཀྱི་ཐུན་མོང་བ་གཏན་ཚིགས་ཡིན་པ་ལ་སྐྱོན་མེད་དོ། །དེ་ལས་གཞན་པ་ལས་ཞེས་བྱ་བ་ནི་བུམ་པ་ལ་སོགས་པ་ལས་སོ། །བརྩལ་མ་ཐག་པ་ལས་བྱུང་བ་ཉིད་གློག་ལ་སོགས་པ་ལ་

མེད་པ་གང་གི་ཡིན་པ་དེ་ལས་སོ། །ཆོས་ཅན་ཞེས་བྱ་བ་ནི་དེའི་ཁོངས་སུ་གཏོགས་པའི་ཕྱིར་རོ། །ཁྱབ་པ་ཉིད་ཀྱིས་ཞེས་བྱ་བ་ནི་ཆོས་ཅན་གཞན་ལ་ཡོད་པས་སོ། །རིགས་པ་མེད་པ་ཉིད་དུ་བསྟན་པ་ནི། གཏན་ཚིགས་ཡོད་ན་ཞེས་བྱ་བའོ། །དེ་ལྟ་ན་སྤྱི་དང་ཁྱད་པར་གྱི་
དབྱེ་བ་མེད་པས་མ་གྲུབ་པ་ཉིད་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ་ཕྱོགས་གཞན་ཡན་ལག་ཅེས་བྱ་བ་སྟེ། ཕྱོགས་ཀྱི་ཁྱད་པར་ཉིད་ཡིན་ཡང་ངོ་། །བྱེ་བྲག་དང་སྤྱིའི་ཁྱད་པར་འབའ་ཞིག་གིས་མ་ཡིན་ཏེ་གནོད་མེད་ཕྱིར་ཞེས་བྱ་བ་ཡང་སྟེ། ལྡོག་པའི་དབྱེ་བ་ལས་སོ། །དེ་ལྟ་ན་ཡང་གཏན་ཚིགས་ཐུན་
མོང་མ་ཡིན་པ་ཉིད་དུ་བསྟན་པ་ནི། ཐ་དད་པའི་ཆོས་ཅན་གྱི་དཔེ་གང་གི་ཡིན་པ་དེ་ལ་ཡིན་ན་མ་གྲུབ་པ་མ་ཡིན་ན་ནི་རྟོག་བྱེད་ཉིད་མ་ཡིན་པ་མ་ཡིན་ནོ། །བོང་བུ་རྭ་ཅན་འདི་རྭ་ཅན་ཉིད་ཡིན་པའི་ཕྱིར་རྟ་མ་ཡིན་པ་བཞིན་དུ་བརྩལ་མ་ཐག་དུ་བྱུང་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྤྱི་ནི་ཕྱོགས་ཀྱི་ཁྱད་པར་ཡིན་ཡང་
གཏན་ཚིགས་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྒྲ་ཉིད་ལས་འདིའི་ཁྱད་པར་གཞན་བསྟན་པ་ནི་ཡང་ན་ཞེས་བྱ་བ་སྟེ། བསྒྲུབ་བྱའི་དུས་ཀྱི་ཡན་ལག་གི་ཁྱད་པར་སྒྲ་ཉིད་ལ་སོགས་པ་ནི་ཐ་མི་དད་པའི་ཕྱིར་མ་གྲུབ་པ་ཡིན་གྱི་འདི་ནི་དེ་ལྟ་མ་ཡིན་ཏེ་ཉེ་བར་མཚོན་པའི་ཕྱིར་གཏན་ཚིགས་གཞན་ལྟ་
བུའོ། །མཉན་པར་བྱ་བ་ཉིད་ལ་སོགས་པ་ནི་ཐ་དད་པར་ཡོད་པའམ་སྤྱི་ཡང་མ་ཡིན་པ་ནི་ཉེ་བར་མཚོན་པ་མ་ཡིན་ནོ། །དེ་ཡང་རང་གི་ངོ་བོ་ཐ་དད་པ་ལས་གྲུབ་པ་ལྡོག་པས་ཐ་དད་པ་ཡང་ཡིན་ཏེ། ཉན་པ་དང་འབྲེལ་པ་དང་ཅིག་ཤོས་ཀྱི་དབྱེ་བ་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་ལ་ཆོས་ཐ་དད་ཕྱིར་
ཁྱད་པར་ཞེས་བྱ་བ་སྟེ། ཐུན་མོང་མ་ཡིན་པ་ཡང་ངོ་། །འཐད་པ་མ་ཡིན་པ་ནི་མ་གྲུབ་པ་ཞེས་བྱ་བར་སྦྱར་རོ། །ལྡོག་པའི་དབྱེ་བ་ལས་ཆོས་ཀྱི་དབྱེ་བ་བསྟན་པ་ནི། དོན་གཞན་དང་ནི་འབྲེལ་པ་ལས། །ཞེས་བྱ་བ་སྟེ་ཉན་པའི་ཤེས་པ་དང་འབྲེལ་པའི་ཕྱིར་རོ། །དེའི་ཕྱོགས་གཅིག་པའི་
ནི་འདུས་བྱས་པའི་ཕྱོགས་གཅིག་སྟེ་སྒྲའོ། །གང་ཕྱིར་གཏན་ཚིགས་ཞེས་བྱ་བ་བཤད་པར་འདོད་ནས་ཕྱོགས་སྔ་མ་བསྟན་པ་ནི་གལ་ཏེ་དེ་ལ་ཞེས་བྱ་བའོ། །བཤད་པ་ནི་གཏན་ཚིགས་དག་དང་གཏན་ཚིགས་ལྟར་སྣང་བ་ཞེས་བྱ་བའོ། །ཕྱོགས་ཆོས་རབ་ཏུ་དབྱེ་བ་ཞེས་བྱ་བ་དེ་དག་

ཙམ་གྱི་གཏན་ཚིགས་དང་དེ་ལྟར་སྣང་བ་དག་ཙམ་ཞེས་ངེས་པར་གཟུང་བའོ། །དེ་ལ་ཐེ་ཚོམ་ཟ་བ་ཡིན་ན་ཐེ་ཚོམ་ཟ་བའི་མ་གྲུབ་པའི་ཆོས་དང་ཆོས་ཅན་གྱི་ཚོགས་ཕྱོགས་ཡིན་པར་བརྟགས་ནས་ཟེར་བ་ནི། གལ་ཏེ་ཆོས་ཅན་གྱི་ཞེས་བྱ་བའོ། །མ་གྲུབ་པ་ཉེ་བར་བཟུང་ནས་བསྟན་པ་ནི་ཚོགས་
དོན་ཞེས་བྱ་བའོ། །ཚོགས་པ་ནི་གང་ཡང་རུང་བའི་ཁྱད་པར་ཡིན་པས་གང་ཡང་རུང་བ་ཡིན་གྱི་གཉི་ག་གཙོ་བོ་མ་ཡིན་པར་བསྟན་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །གང་ཡང་རུང་བའི་ཁྱད་པར་གྱི་ཆོས་ལ་སོགས་པ་མ་གྲུབ་པའི་ཕྱིར་ཁྱད་པར་ལ་སོགས་པ་གཙོ་བོ་མིན་ཡང་ཞེས་གསུངས་པ་
ཡིན་པར་བསྟན་པ་ནི་ཉེ་བར་བཏགས་པའི་ཕྱིར་རོ་ཞེས་བྱ་བའོ། །ཆོས་མི་མཐུན་པ་ཉིད་ཅན་དཔེ་ཆོས་ཅན་ཞེས་བྱ་བས་ཆོས་མཐུན་པ་ཉིད་ཅན་གྱི་དཔེ་ཆོས་ཅན་ཡང་ངོ་། །མ་ཡིན་ཏེ་མེད་ལ་མེད་ཅེས་བྱ་བས་རང་གི་རིག་པ་ཡོད་པ་ཡང་ངོ་། །གསུམ་པ་ཞེས་པ་ནི་མཐུན་པའི་ཕྱོགས་དང་མི་མཐུན་
པའི་ཕྱོགས་ལས་གཞན་པའོ། །ངེས་པར་གཟུང་བའི་ཕྱིར་རོ་ཞེས་བྱ་བ་ནི་རིགས་མཐུན་པ་ཉིད་ལའོ། །བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་ཆོས་དེ་བསྒྲུབ་བྱ་ལས་བཟློག་པ་ཡིན་པས་འཇིག་རྟེན་པ་ཡིན་པའི་ཕྱིར་ཆོས་གཞན་དུ་ཆོས་ཅན་ཉེ་བར་བརྟགས་པ་ཉིད་མ་ཡིན་ཏེ་གྲུབ་པའི་ཕྱིར་རོ་
ཞེས་ཟེར་བ་ནི་གལ་ཏེ་ཉེ་བར་བརྟགས་པའི་ཞེས་བྱ་བའོ། །རྣམ་པར་གཅོད་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཨུཏྤ་ལ་སྔོན་པོ་ལྟ་བུའོ། །དབྱུག་པ་ལ་སོགས་པ་ཡང་དེའི་ཚོགས་པ་ལས་དེ་ལྟར་སྐྱེས་པ་ནི་ངེས་པར་བྱེད་པའི་ཚོགས་པ་གཅིག་ལ་ངེས་པར་བྱེད་པ་ཡིན་པར་བསྟན་པ་ནི་ཆོས་
རྣམས་ནི་ཞེས་བྱ་བའོ། །ཁྱད་པར་དུ་ནི་ངེས་པ་ཅན་ནོ། །ཐམས་ཅད་འབྲས་བུའི་གཏན་ཚིགས་ཉིད་དུ་ཞེས་བྱ་བ་ནི་ཆོས་ཅན་ལ་ཐ་དད་པ་ཡིན་ན་རྒྱུ་ཉིད་ཀྱིས་ངེས་པར་བྱེད་པའི་ཕྱིར་ཆོས་ཅན་ལ་ངེས་པ་ཉིད་ཅེས་བྱ་བ་ནི་ཐུན་མོང་བ་ཉིད་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངེས་པ་ཅན་གྱི་ཆོས་
མ་ངེས་པར་གཟུང་བ་དང་བཅས་པའི་ངག་ཡིན་པའི་ཕྱིར་དེའི་རྗེས་སུ་འགྲོ་བ་ཁོ་ནས་ངེས་པར་བྱེད་པ་ནི་ལྡན་པ་མ་ཡིན་པའི་དོན་ཉིད་བསལ་བའི་ཆེད་དུ་ཡིན་པ་དེ་ལྟ་ན་ཡང་ངེས་པར་གཟུང་བ་རྗེས་སུ་མི་འགྲོ་བ་མ་ཡིན་ཏེ། སྔ་མ་དང་ཕྱི་མ་ཉིད་ཀྱིས་ཐ་དད་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་

ངེས་ལྡན་ཞེས་བྱ་བའོ། །ཐ་དད་བྱེད་པ་ནི་ཐམས་ཅད་ལ་ཡོད་པའི་དོན་བསྟན་པ་ན་གལ་ཏེ་ཞེས་བྱ་བའོ། །ངེས་པར་གཟུང་བ་སྣ་ཚོགས་པ་ཉིད་དུ་བསྟན་པ་ནི་ཁྱད་པར་ཅན་དག་དང་ཞེས་བྱ་བའོ། །ངེས་པར་གཟུང་བ་ཡོད་ན་དེ་ལྟར་འགྱུར་ཏེ་བ་ལང་ཉིད་ཅེས་བྱ་བ་ལྟ་བུའོ། །མེད་
ན་ནི་ཕྱོགས་ཀྱི་ཆོས་ལ་སོགས་པ་ཇི་ལྟར་ཡིན་ཞེས་ཟེར་བ་ལ་དེ་སྦྱར་མེད་ཀྱང་ཞེས་བྱ་བ་སྟེ་ཕྱོགས་ལ་ཡོད་དམ་མེད་ཅེས་བྱ་བའི་གནས་སྐབས་ལ་ཕྱོགས་ཀྱི་ཆོས་ཞེས་བརྗོད་པས་ངེས་པར་གཟུང་བའི་དོན་མི་ལྡན་པ་རྣམ་པར་གཅོད་པར་རྟོགས་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕྱོགས་
ཉིད་ཀྱི་ཁྱད་པར་ཡིན་པའི་ཕྱིར། ཆོས་ཉིད་ངེས་པར་གཟུང་བ་ཡིན་ཏེ། གང་ལ་ཉིད་ཀྱི་སྒྲ་ཡོད་པ། །དེ་ལས་གཞན་པ་ངེས་པར་གཟུང་བར་བྱ་བ་ཡིན་ཞེས་བྱ་བའི་རིགས་པས་སོ་ཞེས་བསྟན་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའོ། །རྗོད་བྱེད་ཡིན་པར་སྨྲ་བ་ནི། །གལ་ཏེ་དེ་དག་ཐ་དད་པས། །
ཞེས་བྱ་བ་སྟེ་དོན་ཐ་དད་པས་སོ། །ངག་གི་དོན་གྱི་རྗེས་སུ་འགྲོ་བ་བསལ་བར་བྱེད་པ་ནི་མ་ཡིན་ཏེ། དེ་ཞེས་བྱ་བ་སྟེ། ཐ་དད་པ་མེད་པར་ཇི་ལྟར་འགྱུར། །ཞེས་སྦྱར་རོ། །རྣམ་པར་གཅོད་པ་ནི་དངོས་པོ་མེད་པས་འདོད་པ་ལ་སོགས་པ་མེད་པ་སྟེ་རྗེས་སུ་འགྲོ་བ་མེད་པས་སོ་ཞེས་བྱ་བའི་
དོན་ཏོ། །ཁོ་བོས་མཐོང་བ་སྦྱོར་བ་མེད་ན་དེའི་དོན་བརྗོད་པར་འདོད་པ་ཇི་ལྟར་ཡིན་པ་དེ་བསྟན་པ་ནི། གང་གི་ངག་འབྲས་ཞེས་བྱ་བ་སྟེ། གཞན་རྣམ་པར་བཅད་པའི་འཇུག་པའི་ཡུལ་ངེས་ནས་ཚད་མ་གང་ཡིན་པ་དེས་རྟོགས་པ་ནི་སྦྱོར་བ་མ་བྱས་ཀྱང་དོན་དེ་རྟོགས་པ་ཡིན་ནོ་ཞེས་བྱ་བའོ། །
རྣམ་པར་གཅོད་པའི་བདག་ཉིད་ཀྱིས་དངོས་པོར་ངེས་པ་ན་རང་གི་ངོ་བོ་ལ་ནུས་པ་མེད་པའི་ཕྱིར་མི་འདོད་པ་ལ་སོགས་པ་སྐྱོན་ཡང་མེད་དོ། །ངག་ཅེས་བྱ་བ་ཚིག་གི་བདག་ཉིད་ཁོ་ན་ཡིན་གྱི་གསལ་བ་ལ་སོགས་པ་གཞན་མ་ཡིན་པར་བསྟན་པ་ནི་ངག་རྫོགས་པར་བྱེད་པ་ཞེས་བྱ་བའོ། །དེ་ལས་གཞན་
པ་ཞེས་བྱ་བ་ནི་གསལ་བར་བྱེད་པ་ལ་སོགས་པའོ། །དེ་དང་ཐ་དད་པ་མེད་པས་ཞེས་བྱ་བ་ནི་རྣམ་པར་གཅད་པར་བྱ་བ་ཐ་དད་པ་ལས་སོ། །རྣམ་པར་གཅོད་པའི་བདག་ཉིད་ཀྱིས་དངོས་པོ་ཉིད་དུ་ངེས་པ་ཡིན་གྱི་བདག་ཉིད་ནི་མ་ཡིན་ཏེ། བདག་ཉིད་ལ་ནུས་པ་མེད་པའི་ཕྱིར་རོ། །ཇི་སྟེ་དངོས་པོ་ཡིན་ལ་

ཞེས་བྱ་བ་ནི་སྤྱིའམ་དེས་འཕངས་པའི་ཁྱད་པར་རོ། །འབྲེལ་པ་ནི་རྗེས་སུ་འགྲོ་བའོ། །ཐ་དད་ཀྱང་ནི་དབྱེ་བ་ཡོད་ཀྱང་ངོ་། །འབྲེལ་པའི་ཕྱིར་ནི་ངེས་པའི་ཕྱིར་ཏེ། ཐ་དད་པ་མེད་པའི་ཕྱིར་རོ། །རང་གི་ངོ་བོ་མ་ཡིན་པ་དངོས་པོའི་དབྱེ་བ་ཡིན་ན། མངོན་སུམ་ནི་ཐ་མི་དད་པར་འཛིན་པ་ཡིན་ཏེ། གཞན་
འདི་རང་གི་ངོ་བོ་ལ་མི་འཇུག་པའི་ཕྱིར་ཞེས་བསྟན་པ་ནི་ཐ་དད་ནི་དངོས་པོ་ཞེས་བྱ་བའོ། །རང་ཉིད་རྗེས་སུ་འགྲོ་བའི་ཕྱིར། །ཞེས་བྱ་བ་ནི་ཐ་མི་དད་པའི་ཕྱིར་རོ། །གཉི་ག་ཡང་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་ཅིག་ཤོས་དག་གོ། །གང་ཞིག་གང་གི་ཞེས་བྱ་བ་ནི། སྣང་བ་ལ་སོགས་
པའོ། །དེ་ཞེས་བྱ་བ་ནི་སྣང་བ་ལ་སོགས་པའི་གཞིའོ། །དེའི་ཞེས་བྱ་བ་ནི་བརྟེན་པ་བུམ་པའིའོ། །སྣམ་བུའི་དབུས་ན་ཞེས་བྱ་བ་ནི་རྟེན་ལའོ། །བུམ་པའི་ཞེས་བྱ་བ་ནི་བརྟེན་པའིའོ། །སྣམ་བུའི་ཞེས་བྱ་བ་ནི་ཐ་སྙད་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དངོས་པོ་མེད་པའི་དབུས་
སུ་ཞེས་བྱ་བ་ནི་རྒོལ་བའོ། །དངོས་པོ་ལ་བཞིན་དུ་དངོས་པོ་མེད་པ་ལ་ཡང་གནས་པ་ནི་མེད་པ་གཞན་ཉིད་དང་ཁྱད་པར་མེད་པ་ཡིན་ལ་དེ་ལྟར་ན་ཡང་ཁྱབ་པ་མ་ཡིན་པར་བསྟན་པ་ནི། དོན་དེ་རང་གི་ངོ་བོས་ཞེས་བྱ་བ་སྟེ། རང་གི་ངོ་བོས་གནས་པས་ཁྱབ་པ་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྱད་
པར་མེད་པ་ཉིད་དུ་བསྟན་པ་ནི་གང་ཞིག་གང་ན་ཞེས་བྱ་བའོ། །ཁྱབ་པ་ཅན་དབུས་སུ་བྱེད་པར་ནི་མི་ནུས་ཏེ། དུམ་བུ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། དངོས་མེད་ངོ་བོ་ཉིད་ཀྱིས་ནི། །ཞེས་བྱ་བའོ། །ཁྱབ་པ་ཅན་གྱི་དངོས་པོ་རྣམས་མེད་པས་སྡུད་པར་མི་བྱེད་པར་བསྟན་པ་ནི།
རང་གི་ངོ་བོ་ཙམ་གྱིས་ཞེས་བྱ་བ་སྟེ། ཡོད་པ་ཙམ་གྱི་བར་དུ་གནས་པར་བྱེད་པ་མ་ཡིན་པ་ནི་སྡུད་པར་བྱེད་པ་མ་ཡིན་པའོ། །དངོས་པོ་མ་འདྲེས་པར་གྲུབ་པ་དེའི་ཕྱིར་དངོས་མེད་ཚད་མ་ཉིད་ཅེས་ཟེར་བ་ལ། དངོས་པོ་མེད་པ་ནི་ཞེས་བྱ་བའོ། །འོན་ཏེ་ཁྱབ་པ་ཉིད་མེད་ན་འོན་ཏེ་སྔར་ནི་མེད་པ་
ཉིད་དོ་ཞེས་བྱ་བ་ནི་ཁྱབ་པ་ཉིད་དོ། །གཞན་ནི་ཞེས་བྱ་བ་ནི་ཁྱབ་པ་ཉིད་དོ། །ཇི་སྐད་དུ་སྨྲས་པས་ཞེས་བྱ་བ་ནི་བྲམ་ཟེ་སྤུན་ཟླས་རྒྱུས་པས་སོ། །དེ་ལས་གཞན་པ་གཉིས་ནི་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག་གོ། །འཁྲུལ་པར་འགྱུར་བ་ནི་མ་འདྲེས་པ་རྣམས་བསྲེས་པའི་ཕྱིར་

རོ། །ལྟོས་པ་རེ་རེ་ཞིང་སྟེ་ས་མཚམས་རེ་རེར་ཞེས་བྱ་བར་ནི་རྒོལ་བའོ། །སླར་ལོག་པས་འགྲོ་བ་ནི་དངོས་པོའི་དབྱེ་བ་བྱེད་པས་མ་ཡིན་ལ། ཉེ་བར་འགྲོ་བ་ནི་དབྱེ་བར་བྱེད་པར་འདོད་པ་ལ་རང་དབང་ཡིན་པས་རང་གི་ངོ་བོ་ཐ་དད་པ་དང་། མེད་པ་ཡང་རབ་ཏུ་དཔོག་
པ་ཡིན་པར་བསྟན་པ་ནི་ཚད་མས་གྲུབ་པ་ནི་ཞེས་བྱ་བའོ། །རང་ཉིད་ལས་ཐ་དད་པ་ཡིན་ན་ཐམས་ཅད་ཟིལ་གྱིས་ནོན་པའི་ཕྱིར་དེ་ལས་ཐ་དད་པ་མ་ཡིན་པར་བསྟན་པ་ནི་ངོ་བོས་ཞེས་བྱ་བའོ། །ཐ་དད་ནི་ཐ་དད་པར་བྱེད་པའོ། །དངོས་པོ་བརྗོད་པ་ཞེས་བྱ་བ་ནི་དངོས་པོའི་ངོ་བོ་བརྗོད་པའོ། །འཆོལ་
བ་ནི་ཞེས་བྱ་བ་ནི་ཐ་མི་དད་པའོ། །དངོས་པོའི་ངོ་བོ་ཞེན་པར་བྱ་བ་ཡིན་པའི་ཕྱིར་རང་གི་ངོ་བོ་མ་གྲུབ་པ་མ་བརྗོད་པ་ཡིན་པར་བསྟན་པ་ནི་བུམ་པ་དེ་ཉིད་ཅེས་བྱ་བའོ། །དངོས་པོ་ཉིད་རྣམ་པར་གཅོད་པ་རྣམས་ཀྱི་ཞེན་པར་བྱ་བ་ཡིན་གྱི་གཞན་ནི་མ་ཡིན་ཏེ་མ་རྟོགས་པའི་ཕྱིར་རོ། །ལྡོག་པ་ནི་དེ་ལས་
གཞན་པ་སྤྱིར་གྱུར་པ་བརྗོད་བྱ་མ་ཡིན་པར་བསྟན་པ་ནི། ལྡོག་མེད་པ་ཉིད་སྤྱི་དང་ནི། །ཞེས་བྱ་བའོ། །སྤྱིའི་རྟོག་པ་ཞེས་བྱ་བ་ནི་ལྡོག་པའི་སྤྱིའི་རྟོག་པའོ། །དང་པོའི་ཐ་དད་པར་རྟོགས་པ་གཉིས་པ་མཐོང་བ་ལ་ཐ་མི་དད་པར་དེ་ཉིད་འདིའོ་ཞེས་རྟོགས་པ་ལས་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་རྟོགས་པའི་
ཕྱིར་ཐ་དད་པ་དང་ཐ་མི་དད་པ་ཡིན་ནོ་ཞེས་ཟེར་བ་ནི། འོན་ཏེ་ཐ་དད་པར་ཡང་ཞེས་བྱ་བའོ། །དང་པོའི་ཐ་དད་པར་མཐོང་བ་ནི་རང་གི་ཡུལ་དེ་མ་ཡིན་པ་ལས་ལོག་པར་སྟོན་པར་བྱེད་ཅིང་དེ་ལས་བཟློག་པ་རྣམ་པར་གཅོད་པར་བྱེད་པ་ཡིན་པར་བསྟན་པ་ནི། གལ་ཏེ་ཐ་དད་པར་ཞེས་བྱ་བའོ། །གཉིས་
པ་ཡང་དེ་ལྟར་ཡིན་པར་བསྟན་པ་ནི། ཐ་དད་མེད་པར་ཞེས་སྡུད་པའོ། །ཉ་ཕྱིས་ལ་དངུལ་གྱི་ཤེས་པ་བཞིན་དུ་ཞེས་བྱ་བ་ནི་དོན་ཡིན་ནོ་ཞེས་བསྟན་པ་ནི། གཅིག་ལ་ནི་ཞེས་བྱ་བ་སྟེ། དངུལ་ལ་སོགས་པའི་ཤེས་པའོ། །འདི་མ་ཡིན་ནོ་ཞེས་སྒྲུབ་པར་བྱེད་པས་བསྡུས་པ་འདི་ནི་དེ་ལྟ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་
སྤྱི་དེ་ཞེས་བྱ་བའོ། །འདི་ལ་ཡང་བསྡུ་བ་གཅིག་ཉིད་ལ་གནོད་པ་ཡིན་པར་བསྟན་པ་ནི་ཕན་ཚུན་ཐ་དད་ཅེས་བྱ་བའོ། །སྔ་ན་ཐ་དད་པ་ཕྱིས་ཐ་མི་དད་པ་ཡིན་པའི་ཕྱིར། དེའི་བདག་ཉིད་ཀྱིས་བསྡུས་པ་ཡིན་ནོ་སྙམ་དུ་སེམས་པ་ལ་རང་བཞིན་ཐ་དད་ཅེས་བྱ་བ་སྟེ། དངོས་པོ་ཐ་མི་དད་པའི་

ངོ་བོར་མཐོང་བ་ལས་ཐ་མི་དད་པ་ཡིན་ན་ཕྱིན་ཅི་ལོག་ཉིད་དུ་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་སྤྱི་མ་ཡིན་ནོ་ཞེས་བྱ་བ་ནི་བཟློག་པའི་ཤེས་པས་གནོད་པའི་ཕྱིར་རོ། །འོན་ཏེ་སྤྱི་དང་ལྡན་པས་ཕྱི་ཡིན་ན་སྟེ། གསལ་བའི་ངོ་བོ་ཞེས་བྱ་བ་དེ་དག་ཙམ་མི་རྒོལ་བའོ། །དེ་ལ་སྤྱི་གཞན་ཞེས་བྱ་བ་ནི་ལན་ཡིན་
ཏེ། དེ་ལ་ཞེས་བྱ་བ་ནི་ཐ་དད་པ་དང་ཐ་མི་དད་པར་གྲགས་པའི་ངོ་བོ་གཉིས་ལའོ། །དེ་གཉིས་ཞེས་བྱ་བ་ནི་ཐ་དད་པ་དང་ཐ་མི་དད་པའི་ངོ་བོའི་དངོས་པོ་གཉིས་སོ། །སྤྱིའི་རང་བཞིན་གཉིས་ལ་ཞེས་བྱ་བ་ནི་ཐ་དད་པ་དང་ཐ་མི་དད་པའི་ངོ་བོ་ལ་ཡིན་ནའོ། །མཚུངས་པར་མི་འགྱུར་བ་ནི་དེ་དང་ལྡན་པའི་
སྤྱི་ལ་ཡིན་པའི་ཕྱིར་རོ། །གསལ་བ་ལ་མ་ཡིན་ཞེས་བྱ་བ་ནི་སྤྱིའི་རང་བཞིན་གཉིས་ཉིད་ཀྱིས་བར་དུ་ཆོད་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་ཏེ་དེ་ལ་སྤྱི་གཞན་ཞེས་བྱ་བ་ལ་སོགས་པ་ནི་འདིས་བཤད་པ་ཡིན་ནོ། །ཐ་དད་པ་དང་ཐ་མི་དད་པ་དག་གི་ཐ་དད་པ་ལ་ཡང་ཐ་མི་དད་པའི་ངོ་བོ་ཡོད་པ་དེའི་
ཕྱིར་གསལ་བ་ལ་མཚུངས་སོ་ཞེས་བྱ་བ་དེའི་ཁྱད་པར་ལས་བྱུང་བ་ཡིན་ཏེ། བར་དུ་གཅོད་པར་འགྱུར་བ་མེད་པར་འགྱུར་རོ་ཞེས་ཟེར་བ་ནི་འོན་ཏེ་ཁྱད་པར་དང་སྤྱི་དག་ཅེས་བྱ་བ་སྟེ། ཐ་དད་པ་དང་ཐ་མི་དད་པ་དག་གོ། །དེ་དག་གི་ཞེས་བྱ་བ་ནི་ཐ་དད་པ་དང་ཐ་མི་དད་པ་དག་གི་ཡིན་པ་
དག་གོ། །སྤྱི་གཞན་ཞེས་བྱ་བ་ནི་སྤྱི་དེ་དེའི་ངོ་བོ་དེ་དག་གི་ཡང་སྤྱི་ནི་གཞན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་ཕྱི་མའི་སྤྱི་ལ་ལྟོས་ནས་སྔ་མའི་སྤྱིའོ། །དེ་ལྟ་བུའི་ངོ་བོ་ཡིན་ན་གསལ་བ་རྣམས་ཡིན་ཏེ་ཐ་དད་པར་སྣང་བའི་ཕྱིར་རོ་ཞེས་བསྟན་པ་ནི། སྤྱི་དང་
སྤྱིའི་རང་བཞིན་དག་ཅེས་བྱ་བའོ། །མཚུངས་པ་ཉིད་ནི་མཚུངས་པའི་བློའི་ཡུལ་ཉིད་སྔ་མའི་སྤྱི་ཡོད་ན་གསལ་བ་ལ་མི་འགྱུར་རོ། །ཅི་ལས་ཤེ་ན། སྔ་མའི་སྤྱི་དང་འབྲེལ་པ་མེད་པའི་ཕྱིར་རོ། །མཐའི་ཞེས་བྱ་བ་ནི་ད་ལྟ་བུའི་སྤྱིའི་ཕྱིས་བརྟགས་པས་སོ། །དེས་ན་གཅིག་ཀྱང་ཞེས་བྱ་བ་ནི་སྤྱིའི་མ་ཡིན་
པ་དང་། དེའི་ངོ་བོ་དག་གི་མ་ཡིན་པ་དང་། དེའི་སྤྱིའི་མ་ཡིན་པ་དང་གསལ་བའི་མ་ཡིན་པ་སྟེ། ཁྱད་པར་མེད་པས་ཁྱད་པར་ཅན་ཉིད་དུ་མི་རིགས་པའི་ཕྱིར་རོ། །དངོས་པོ་ཅན་མ་ཡིན་པའི་ཡུལ་རྣམས་ཡིན་ནོ། །ཡོངས་སུ་རྫོགས་པ་མེད་པ་ནི་རང་གི་ངོ་བོའི་མཐར་ཐུག་པ་ཉིད་ཀྱིས་ཐ་དད་

ཕྱིར་རོ། །སྤྱིའི་ངོ་བོ་དག་ཐ་དད་པས་གསལ་བ་ཉིད་ལ་ཡང་གཞན་མེད་པ་ན་གསལ་བ་ལ་ཡང་དེ་ལྟར་འགྱུར་བར་བསྟན་པ་ནི། ཡོངས་སུ་རྫོགས་པ་ཡོད་ཀྱང་ཞེས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་སྤྱིའི་ངོ་བོ་དག་ལའོ། །དེ་དག་གི་ཐ་དད་པ་ཉིད་ཀྱིས་གསལ་བར་
འགྱུར་བ་དག་གི་སྤྱིའི་ངོ་བོ་མ་ཡིན་ན། དེ་ལས་ཐ་མི་དད་པ་སྔ་མ་ལ་སྤྱི་མ་ཡིན་པར་བསྟན་པ་ནི། མཐའི་མཚུངས་པ་ཉིད་ཅེས་བྱ་བའོ། །དེ་ལས་ཐ་མི་དད་པས་སྔ་མ་ཡང་ཞེས་བྱ་བ་ནི་གསལ་བ་ཡང་ངོ་། །སྤྱི་ཇི་ལྟ་བ་བཞིན་དུ་ཐ་དད་པ་རྣམས་ཀྱང་ཐ་དད་པ་ཡང་ཞེས་བསྟན་པ་ནི། དེ་བཞིན་དུ་གལ་
ཏེ་ཞེས་བྱ་བའོ། །གསལ་བ་ཐ་དད་པ་སྤྱིས་གཞན་དུ་མི་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་ཐ་དད་པ་མ་ཡིན་ན་སྤྱི་གཞན་མ་ཡིན་པར་བསྟན་པ་ནི་གསལ་བ་ཐ་དད་པ་མེད་ན་ཞེས་བྱ་བའོ། །དངོས་པོའི་ངོ་བོ་འཛིན་པ་ལ་ཆ་ཤས་དང་ཆ་ཤས་ཅན་ཉིད་མ་ཡིན་ལ། གཞན་ལ་ནི་དེར་འགྱུར་བ་
ཁོ་ན་ཡིན་པར་བསྟན་པ་ནི་གལ་ཏེ་རྟོགས་པ་ཞེས་བྱ་བ་སྟེ། གང་གི་ཕྱིར་བ་ལང་ངོ་ཞེས་བྱ་བས་བ་ལང་མ་ཡིན་པ་ལས་ལོག་པ་ཉིད་དམིགས་ཀྱིས་བསལ་བ་ཉིད་དུ་ངེས་པ་ཡིན་ནོ། །ཐ་དད་མེད་པ་ཞེས་བྱ་བ་ནི་གསལ་བའི་ངོ་བོའོ། །ཐ་དད་འདྲེ་བ་ཞེས་བྱ་བ་ནི་རིགས་མི་མཐུན་པ་དང་འདྲེས་པ་
དེ་ལ་སྲིད་པའོ། །དེ་ལ་རྟོག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་རྟོག་པ་གཞག་པ་ཡིན་གྱི་དངོས་པོ་ཇི་ལྟ་བ་བཞིན་དུ་མ་ཡིན་པར་བསྟན་པ་ནི། ཡུལ་ཐག་རིང་པོ་ན་ཞེས་བྱ་བའོ། །དེ་ཉིད་ཐ་དད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གསལ་བ་ལས་སོ། །ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ནི་ལོག་པ་དང་
ལོག་པ་མ་ཡིན་པའོ། །ཡུལ་ཐག་རིང་པོ་དང་ལྷན་ཅིག་བྱེད་པའི་མིག་ནི་ཐ་དད་པའི་སྤྱི་འཛིན་པ་ཡིན་ནོ་ཞེས་ཟེར་བ་ནི། དེ་ལྟ་ཡིན་དུ་ཟིན་ཀྱང་ཐ་དད་པ་ཡིན་ཏེ་ཞེས་བྱ་བ་ནི་ལྡོག་པའོ། །སྤྱི་མིན་ཞེས་བྱ་བ་ནི། མཚུངས་པ་རྣམས་ཀྱི་ངོ་བོ་ཡིན། །ཞེས་བྱ་བའི་རིགས་པས་སོ། །དེ་ལས་ཞེས་བྱ་
བ་ནི་མཚུངས་པ་ཉིད་ལས་སོ། །གཞན་པ་ནི་སྤྱིར་འདོད་པ་གསལ་བར་འགྱུར་ཏེ་ཐ་དད་པའི་ཕྱིར་རོ། །འོ་ན་གསལ་བ་ལ་ཞེས་བྱ་བ་ནི་ལན་ནོ། །དེའི་ཚེ་ཡང་ཞེས་བྱ་བ་ནི་འཁྲུལ་པ་ལ་ཡང་ངོ་། །བེའུ་མ་ཚོལ་བ་ན་མ་ཧེ་ལ་སོགས་པའི་ཚོགས་མང་པོ་བོར་ནས་རང་གི་སྤྱིའི་དབང་གིས་བ་ལང་

ཚོགས་སུ་ཉེ་བར་འགྲོའོ་ཞེས་བྱ་བའི་རིགས་པས་ཁ་ཅིག་ལས་ལོག་ན་ཁ་ཅིག་ལ་འཇུག་པར་མཐོང་བའི་ཕྱིར་དེ་ལྟ་བུ་རྟོགས་པ་ཡིན་ནོ་ཞེས་ཟེར་བ་ལ། དེ་ལས་གཞན་དག་ལས་ལྡོག་པས་ཞེས་བྱ་བའོ། །རྣམ་པར་རྟོག་པས་ཀྱང་ངོ་ཞེས་བྱ་བ་ནི་འཇུག་པའི་ཡུལ་ཉེ་བར་སྟོན་པར་བྱེད་པ་
ཉིད་དུ་ཁས་བླངས་པའི་ཕྱིར་རོ། །དངོས་པོའི་ཡུལ་ཅན་མ་ཡིན་པ་ཉིད་དོ་ཞེས་བསྟན་པ་ནི། སྒྲུབ་པའི་བདག་ཉིད་ཀྱིས་མ་ཡིན་གྱི་འོ་ན་ཅི་ཞེ་ན་ལྡོག་པའི་མཚན་ཉིད་ཀྱིས་ཡིན་ནོ། །དུམ་བུ་མ་ཡིན་པར་རྟོག་པ་ཡོད་པ་དེ་དག་ཙམ་གྱིས་སྐྱེས་བུ་རྣམས་འཇུག་པ་ཡིན་གྱི་བདེན་པ་དང་ཅིག་
ཤོས་ཉིད་ཀྱི་དབྱེ་བ་ཅན་མ་ཡིན་པར་བསྟན་པ་ནི། ལྡོག་པའི་འབྲེལ་ཡུལ་ཞེས་བྱ་བའོ། །དབྱེ་བ་བྱེད་པ་པོའི་ངོ་བོ་རྣམ་པར་རྟོག་པས་དམིགས་ཀྱིས་བསལ་བ་མ་ལུས་པའི་ཐུན་མོང་ནི་སྤྱི་ཡིན་གྱི་དངོས་པོ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། ཅི་ཙམ་གྱིས་ཞེས་བྱ་བའོ། །ཐ་དད་ཅེས་བྱ་བ་ནི་རྣམ་པར་
གཅོད་པ་སྟེ་མི་སླུ་བ་ཅན་ནོ། །བོང་བུའི་འོ་མ་དང་མཚུངས་པར་འགྱུར་ཞེས་བྱ་བ་ནི། བླང་བྱ་མ་ཡིན་པ་ཉིད་ཀྱིས་སོ། །དེ་ལ་ཡང་ཞེས་བྱ་བ་ནི་ཐ་སྙད་ལ་ཡང་ངོ་། །དེའི་ཕྱིར་ཞེས་བྱ་བ་ནི་ལན་ཡིན་ཏེ། ཐ་སྙད་ནི་མཐོང་བ་ལ་བརྟེན་ནས་ཚད་མ་ཡིན་གྱི་འབའ་ཞིག་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་
ཏོ། །དོན་དམ་པ་ལ་སྐྱོན་བསྟན་པ་ནི། འདི་ཆུ་ཀླུང་འདི་ན་རྟག་ཅེས་བྱ་བའོ། །འོན་ཏེ་ཐ་སྙད་འདི་གང་ཡིན་ཞེ་ན། ཆ་ཤས་པས་རྟོགས་པ་ཡིན་པར་བསྟན་པ་ནི། རྣམ་གཅོད་འབྲས་ཅན་ཞེས་བྱ་བའོ། །ཡོད་པ་ནི་རྣམ་པར་གཅོད་པའོ། །ཅི་ལས་ཤེ་ན་རྟོགས་པར་འགྱུར་བའི་ཕྱིར་རོ། །ཡོན་ཏན་མ་
ལུས་ཕུན་ཚོགས་པ། །འབྱུང་འགྱུར་མྱུ་གུ་འཐོན་གྱུར་ལ། །ཕྲག་དོག་མེས་གདུངས་དེ་ལས་གང་། །སྲུང་ནུས་རྒྱལ་བ་ཅན་དུ་འགྱུར། །ངེས་པར་གཟུང་བ་ནི་རྣམ་པར་གཅོད་པར་བྱེད་པ་ཡང་ཐམས་ཅད་དུ་མ་ཡིན་ཞིང་། གནས་སྐབས་སུ་བརྗོད་པར་འདོད་པ་ལ་ཡིན་ཏེ། ཟླ་བོ་ཉིད་མིན་པས་
ཞེས་བསྟན་པ་ནི་དེར་ཡང་ཟླ་བོ་ཞེས་བྱ་བའོ། །ཕྱོགས་ལ་ཡོད་དམ་མེད་པ་ཞེས་བྱ་བའི་རིམ་པ་ལ། ཕྱོགས་ཀྱི་ཆོས་ཞེས་བརྗོད་པ་ནི། ཕྱོགས་ལ་མེད་པ་ཉིད་སེལ་བར་བྱེད་པའོ་ཞེས་ངེས་པར་གཟུང་བའི་འབྲས་བུ་ལ་དེར་ཐ་སྙད་འདོགས་པ་ཡིན་པར་བསྟན་པ་ནི། དེས་ན་མི་ལྡན་རྣམ་

གཅོད་པས། །ཞེས་བྱ་བའོ། །ཁྱད་པར་དང་འབྲེལ་པ་ཡིན་ཡང་གཞན་དང་ལྡན་པ་རྣམ་པར་གཅོད་པའི་ངེས་པར་གཟུང་བ་ཡིན་པས་འདྲེས་པ་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་འཕོང་སྐྱེན་པ་ཞེས་བྱ་བའོ། །སྒྲ་ལས་ཁྱད་པར་གྱི་དོན་ཡང་ཁྱད་པར་ཅན་ཉིད་ཡིན་པ་དེའི་
ཕྱིར་དེ་ཉིད་ཀྱི་ངེས་པར་གཟུང་བ་དང་སྦྱོར་བ་དང་སྦྱོར་བ་ཡིན་པར་བསྟན་པ་ནི། ཁྱད་པར་དུ་ནི་ཞེས་བྱ་བ་སྟེ། སྒྲའི་ཚུལ་དུ་གནས་སྐབས་ལས་མི་ལྡན་པ་རྣམ་པར་གཅོད་པ་ཡིན་ལ་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་དབྱེ་བའོ། །དེ་བསྟན་པ་ནི་འདིར་ནི་སྐབས་ཀྱིས་ཞེས་བྱ་བའོ། །དངོས་པོའི་ཆོས་
ནི་དོན་ཏོ། །དེ་འདིའི་རྣམ་པར་དབྱེ་བ་ཚད་མས་གྲུབ་པ་ཡིན་པར་བསྟན་པ་ནི། འདིར་ངེས་པར་གཟུང་བའི་དོན་ཞེས་བྱ་བའོ། །དེ་ལྟ་ན་ནི་རྣམ་པར་དབྱེ་བ་མེད་པར་རྒོལ་བ་ཚད་མ་དང་འགལ་བར་འགྱུར་བར་བསྟན་པ་ནི། གཞན་དང་ལྡན་པ་རྣམ་པར་གཅོད་པས་ཞེས་བྱ་བའོ། །རྗེས་སུ་དཔག་པ་
ཉིད་ལས་རྟོགས་པར་ཞེས་བྱ་བ་ནི་ཁྱད་པར་ལ་སོགས་པ་ཞེས་བྱ་བ་ནས་རྟོགས་པ་ཡིན་ཞེས་བྱ་བའི་བར་དུའོ། །ཐ་དད་པ་ནི་རྣམ་པར་གཅོད་པའོ། །འབྲེལ་པ་ནི་རྗེས་སུ་འགྲོ་བའོ། །ཐ་དད་པ་དང་འགྲེལ་པ་དག་ནི་གཉི་གའོ། །ཕྱོགས་ཀྱི་ཆོས་ཀྱི་དབྱེ་བ་བརྗོད་པ་ནི་གཏན་ཚིགས་དང་དེ་ལྟར་
སྣང་བ་ཅི་ཙམ་ཡིན་པ་ངེས་པར་བྱ་བའི་ཆེད་དུ་བརྗོད་པ་ཉིད་རྣམ་པར་འབྱེད་པ་ནི་རང་བཞིན་འབྲས་བུ་གྲུབ་དོན་དུ་སྟེ་རང་བཞིན་འབྲས་བུའི་ངོ་བོ་ཅི་ཙམ་ཡིན། ཅི་ཞེ་ན། སྤྱི་བརྗོད་པ་ལ་ཡང་དགོས་པ་གཞན་ཡིན་ཏེ། ལྡོག་པ་ཅན་ཐ་དད་རྗེས་སུ་འགྲོ་བ་ཅན་ཡང་གཏན་ཚིགས་ཡིན་ནོ་ཞེས་བྱ་བའི་རྒོལ་བ་
བསལ་བ་ཡིན་པར་བསྟན་པ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པ་དག་གོ། །དགོས་པ་གཞན་ལྷག་མ་མ་ལོག་པ་ཉིད་ཀྱི་ཕྱིར་སྒྲུབ་བྱེད་མ་ཡིན་པ་མི་མཐུན་པའི་ཕྱོགས་ལས་ལོག་པ་སྒྲུབ་བྱེད་ཡིན་ཏེ་དེ་བསྟན་པ་ནི་ལྷག་མ་ཞེས་བྱ་བའོ། །མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་
ལ་འཇུག་གོ། །ངེས་པར་ཞེས་བྱ་བ་ནི་ལྡོག་པ་ཅན་དང་རྗེས་སུ་འགྲོ་བ་ཅན་ནོ། །ལྷག་མ་ཞེས་བྱ་བས་ལྡོག་པ་གཙོ་བོ་ཉིད་ཀྱིས་རྣམ་པར་གཅོད་པའི་རྗེས་སུ་དཔག་པའི་ཡུལ་ཉིད་གསལ་བར་བྱེད་པ་ཡིན་པར་བསྟན་པ་ནི་ལྷག་མ་གསུམ་ཞེས་བྱ་བའོ། །རྟག་སོགས་ལ་ཞེས་བྱ་བར་བརྗོད་པ་ཉིད་

ཀྱིས་རྣམ་པར་དབྱེ་བ་ནི་རྟག་པ་དང་མི་རྟག་ཅེས་བྱ་བའོ། །མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་དང་རྣམ་པ་གཉིས་ཉིད་ཀྱིས་གཞལ་བྱ་བྱས་དང་མི་རྟག་པ་རྣམས་ནི་རྟག་དང་མི་རྟག་རྩོལ་བྱུང་རྣམས་ལའོ། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་མེད་པ་དང་མི་མཐུན་པའི་ཕྱོགས་ལ་ཡོད་
པ་དང་མེད་པ་དང་གཉི་ག་ཉིད་ཀྱིས་བྱས་དང་མཉན་བྱ་རྩོལ་བྱུང་རྣམས་ནི་བར་དུ་གསུམ་དག་ལའོ་ཞེས་བྱ་བ་སྟེ། རྟག་པ་ནི་ཐེར་ཟུག་པ་ཡིན་ལ་མི་རྟག་པ་ནི་འདི་ལ་མི་མཐུན་པའི་ཕྱོགས་ཡིན་ནོ། །མཐུན་པའི་ཕྱོགས་ལ་རྣམ་པ་གཉིས་མི་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་དང་རྣམ་པ་
གཉིས་ཉིད་ཀྱིས་མི་རྟག་པ་རྩོལ་བྱུང་རེག་མིན་ཏེ། གསུམ་པོ་རྣམས་ནི་རྩོལ་བྱུང་མིན་དང་མི་རྟག་ཅེས་བྱ་བ་རྣམས་ལའོ། །གཞན་གྱིས་ཞེས་བྱ་བ་ནི་གོ་བྱེད་ཀྱིས་སོ། །རྒྱུ་གོ་བྱ་ལ་གོ་བྱེད་འཁྲུལ་པ་སྲིད་པར་བསྟན་པ་ནི་རྒྱུ་ནི་ཞེས་བྱ་བའོ། །འབྲས་བུ་རྣམ་གཉིས་ཞེས་བྱ་བ་ནི་འབྲས་བུ་འབྱུང་བ་
དང་མི་འབྱུང་བ་ཡང་ངོ་། །བརྩལ་མ་ཐག་ཏུ་བྱུང་བའི་ཤེས་པའི་འབྲས་བུ་བཞིན་དུ་རྒྱུའི་དེ་མ་ཐག་ཏུ་བྱུང་བའི་ཤེས་པའི་འབྲས་བུ་བྱས་པ་ཡིན་ལ། འབྲས་བུ་ཉིད་ནི་མཚན་ཉིད་ཀྱིས་ཡིན་ནོ་སྙམ་དུ་སེམས་པ་ལ་ཁས་ལེན་པ་ནི་རྒྱུའི་དེ་མ་ཐག་ཏུ་ཞེས་བྱ་བ་སྟེ། འབྲས་བུ་ཡང་ཁྱབ་བྱེད་ཡིན་པས་
རང་བཞིན་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤེས་པ་ནི་དངོས་པོ་རྣམས་ཀྱི་རང་བཞིན་མ་ཡིན་པ་མ་ཡིན་ནམ་ཞེས་ཟེར་བ་ལ་ཇི་ལྟར་དམིགས་པ་མེད་ཅེས་བྱ་བའོ། །ཡོད་ན་ཁ་ཅིག་ཏུ་འབྱུང་ལ་ཁ་གཅིག་ཏུ་མི་འབྱུང་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གོ། །དེ་ལྟར་ཡང་ཟེར་བ་ནི་རྐང་
མིག་པའོ། །བཤད་པ་བྱེད་པ་ནི་མུ་སྟེགས་ཤ་བ་རའོ། །གསལ་བ་དམིགས་པ་ཉིད་ཡིན་པར་ཅི་ལས་ཤེས་ཞེས་ཟེར་བ་ལ། གསལ་བའི་ཞེས་བྱ་བའོ། །སྔར་ཡོད་པ་ཞེས་བྱ་བ་ནི་དེའི་ཚེ་རིག་པས་འབྲས་བུ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་ཡིན་ཏེ། ཐམས་ཅད་ལ་ཡོད་པའི་ཕྱིར་རོ། །
གསལ་བ་ཡང་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་བ་ལ། ཐམས་ཅད་ཐམས་ཅད་ལ་ཞེས་བྱ་བའོ། །ངེས་པར་བྱེད་པ་ཞེས་བྱ་བ་ནི་འཇི་བའི་གོང་བུ་ལ་བུམ་པ་ཁོ་ན་ཡིན་གྱི་སྣམ་བུ་མ་ཡིན་པའམ། ཡང་ན་བྱེད་པ་ཁོ་ནས་རྒྱུ་ལས་བྱུང་བ་ཡིན་གྱི་སྔ་ན་ནི་མ་ཡིན་ནོ། །བཟློག་པ་ཞེས་བྱ་བ་ནི་བྱེད་པ་པོའི་བྱ་བ་ལས་

སྔ་རོལ་དུའོ། །ཕྱིས་ཞེས་བྱ་བ་ནི་དུས་ཕྱིས་སོ། །དམིགས་པ་ནི་རྟོགས་པ་ནི་སྟེ་ཡོད་པའོ། །རྟོགས་པ་སྟེ་དམིགས་པ་ཡོད་པའོ། །དེ་ཡང་ནི་ངེས་པའི་ཡང་བྱེད་པ་སྟེ་བྱེད་པ་པོ་རྣམས་ཀྱིས་བྱ་བ་མ་ཡིན་པའོ། །གསལ་བའི་དངོས་པོ་བྱེད་པ་མ་ཡིན་པར་བསྟན་པ་ནི་ཡོད་
ནའང་ཞེས་བྱ་བ་སྟེ་ཉེ་བར་བསྡུ་བ་ཡིན་ཏེ། དེ་ནི་འདི་ལྟར་རྫ་མཁན་གྱིས་འབད་པའི་དེ་མ་ཐག་ཉིད་དུ་ཤེས་བཞིན་པའི་བུམ་པ་བཞིན་དུ་སྒྲ་ཡང་ཡིན་གྱི་མར་མེའི་འབད་པའི་དེ་མ་ཐག་ཏུ་ཤེས་བཞིན་པ་ནི་མ་ཡིན་ཏེ། ཡོད་པའི་ཤེས་པ་ནི་འབད་པ་དང་འབད་པ་མེད་ཀྱང་འབྱུང་བ་ཡིན་གྱི་སྒྲ་ནི་དེ་ལྟ་མ་ཡིན་
ནོ་ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་དོན་ཏོ། །དེ་ནི་འདི་ལྟར་ཤེས་པ་ཇི་སྙེད་པ་ཡང་སྒྲ་མེད་པ་ཉིད་ལ་ཡིན་པའི་ཕྱིར་ཤེས་པ་ལ་སྔར་མཐོང་བ་ངོ་ཤེས་པ་ནི་དེ་དང་དོན་གཅིག་པར་བྱེད་པའི་རྒྱུ་མཚན་ཡིན་གྱི་ཡོད་པ་ཉིད་ལ་ཚད་མ་མ་ཡིན་པར་བསྟན་པ་ནི། འོ་ན་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནས་
སླར་འཚོ་བ་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །དེ་ནི་འདིའོ་ཞེས་བྱ་བར་གཞི་མཐུན་པ་ཉིད་ནི་དབང་པོའི་ཡུལ་མ་ཡིན་ཏེ། དྲན་པས་ཕན་བཏགས་པའི་མིག་རོའི་ཡུལ་ཅན་མ་ཡིན་པར་བསྟན་པ་ནི། དྲན་པའི་དོན་ལ་ཞེས་བྱ་བའོ། །རྟོགས་པ་ཞེས་བྱ་བ་ནི་དོན་ལ་མི་སླུ་བ་ཅན་ནོ། །རང་གི་རྣམ་པ་
ལ་དོན་དུ་ཞེན་པས་དྲན་པ་ལ་གཞལ་བྱ་མེད་པའི་ཕྱིར་སྣང་བཞིན་པའི་དེ་དང་གཅིག་ཉིད་མེད་པ་ཁོ་ན་ཡིན་པར་བསྟན་པ་ནི། དྲན་པ་ཚད་མ་མ་ཡིན་ཕྱིར། །ཞེས་བྱ་བའོ། །ཆོས་ནི་ངོ་བོར་གྱུར་པའོ། །སྔར་མཐོང་བས་འདུས་བྱས་པའི་མཐོང་བ་གཉིས་པ་སྣང་བཞིན་པ་ལ་སྔར་མཐོང་
བ་ཉིད་རིག་པ་ཡིན་ནོ་སྙམ་དུ་སེམས་པ་ལ། སྔ་མའི་དུས་དང་འབྲེལ་པ་ནི། །ཞེས་བྱ་བ་སྟེ། སྔར་མཐོང་བ་ཉིད་འཛིན་པ་ཁོ་ན་ལ་འཇིག་རྟེན་པ་དྲན་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེའི་དོན་མེད་པ་མཐོང་བ་ལས། །དེའི་ཚེ་ཐ་སྙད་སྔ་མ་བཞིན་དུ་ཡིན་པར་བསྟན་པ་ནི། དངོས་པོ་ཙམ་ཞིག་སྣང་བ་
ནི། །ཞེས་བྱ་བའོ། །དང་པོར་ཞེས་བྱ་བ་ནི་མཐོང་བ་ལ་ཡུལ་དང་དུས་ལ་སོགས་པའི་ངེས་པ་མེད་པ་འཛིན་པ་ནི་རྟག་པ་ཉིད་དུ་སྣང་བ་ཡིན་ཏེ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར་དང་། མེད་པའི་ཡུལ་ཉིད་མ་ཡིན་པའི་ཕྱིར་ཡང་ངོ་། །རྣམ་བཅད་ཡོད་པའི་མེད་པ་ཅན། །ཡུལ་དུས་དག་ལ་

དངོས་པོ་གང་། །དེ་ནི་རྟག་པའི་མིན་ཞེས་བྱ་བའི་རིགས་པས་སོ། །ཞེས་ཟེར་བ་དེ་ནི་དེ་ཉིད་དུ་མི་འཛིན་པ་ཁོ་ན་དེ་དགག་པ་ཡིན་པར་བསྟན་པ་ནི་དུས་ཀྱི་ཆ་ཀུན་ཞེས་བྱ་བའོ། །ཆོས་ཅན་ཞེས་བྱ་བ་ནི་རྟོགས་པར་བྱ་བའི་དངོས་པོ་དེའོ། །ཇི་ལྟར་གཅིག་ཉིད་འཇུག་བཞིན་པ་ལ་གཅིག་ཉིད་
བདེན་པ་དེ་བཞིན་དུ་གཞན་ཡང་འགྱུར་རོ་སྙམ་དུ་སེམས་པ་ནི་གཅིག་ཅིག་ཅེས་བྱ་བའོ། །ལན་ནི་ཅིས་མ་རྟོགས་ཞེས་བྱ་བ་སྟེ་ཅིས་ཚད་མ་མ་ཡིན་པའོ། །བདེན་པ་དང་མི་བདེན་པ་དག་ལས་ཡང་དེ་ཅིའི་ཕྱིར་མ་ཡིན་ཞེས་བསྟན་པ་ནི་བདག་དང་ཞེས་བྱ་བ་སྟེ། བདེན་པ་ཉིད་མི་བདེན་པ་ཡིན་
ནོ་ཞེས་བྱ་བ་ནི་འགལ་ལོ་ཞེས་བྱ་བའི་དོན་ཏོ། །སྔར་མཐོང་བ་ངོ་ཤེས་པ་ནི་ཐ་དད་པ་མི་མཐུན་པའི་ཕྱོགས་ལ་མེད་པའི་ཕྱིར་ཐ་མི་དད་པ་ལ་ལྡོག་པ་ཅན་གྱི་གཏན་ཚིགས་ཡིན་ནོ་ཞེས་བསྟན་པ་ནི། འོན་ཏེ་གཞན་དུ་ཞེས་བྱ་བའོ། །ཁྱད་པར་གཞན་ཞེས་བྱ་བའི་འདྲ་བ་ཉིད་སྔར་མཐོང་བས་འདུས་
བྱས་པའི་འདྲ་བ་མཐོང་བ་ན། བྲེགས་ནས་སྐྱེས་པའི་སྐྲ་ལ་སོགས་པ་ཐ་དད་པ་ཡང་སྔར་མཐོང་བ་ངོ་ཤེས་པ་ཡིན་པར་བསྟན་པ་ནི་འདི་ནི་ཞེས་བྱ་བའོ། །སྐྲ་ལོ་ནི་བྲེགས་ནས་སྐྱེས་པའི་སྐྲའོ། །ཞིག་པ་དང་མ་ཞིག་པ་དག་གཅིག་པ་ཉིད་གཞལ་བྱ་མ་ཡིན་པར་བསྟན་པ་ནི། སྔ་མའི་རང་བཞིན་ཞེས་
བྱ་བའོ། །འདི་ལ་ཚད་མ་ཡང་མེད་པར་བསྟན་པ་ནི་ཞིག་པ་གང་དུ་ཡང་ཞེས་བྱ་བའོ། །སྔར་མཐོང་བའི་འདུ་བྱེད་པ་ཉིད་ལས་ནགས་དེའོ་ཞེས་འདྲ་བར་ཡང་རྟོགས་པ་མ་ཡིན་ནམ། དེའི་ཕྱིར་དེ་གཅིག་པ་ཉིད་ཡིན་ཏེ། ཉམས་སུ་མྱོང་བ་དང་རྗེས་སུ་མཐུན་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི་དེ་དག་དང་
ལྷན་ཅིག་ཅེས་བྱ་བའོ། །སྔ་མ་ཉིད་དང་འདྲ་བ་ནི་མཚན་ཉིད་མི་མཐུན་པ་མ་ཡིན་ཏེ། མཚན་ཉིད་མི་མཐུན་པ་བཞིན་དུ་དབང་པོའི་ཡུལ་ཡིན་གྱི་གཅིག་ཉིད་ནི་མ་ཡིན་ཏེ་ཉེ་བ་མ་ཡིན་པའི་ཕྱིར་རོ། །སྔར་ཉམས་སུ་མྱོང་བ་མ་དྲན་ན་རྟོགས་པ་མ་ཡིན་ཏེ་དེའི་རྟོགས་པ་ཉིད་དྲན་པ་ཡིན་པའི་ཕྱིར་
རོ། །མི་དྲན་ནམ་མཚན་ཉིད་མི་མཐུན་པ་ལ་སོགས་པའི་ཤེས་པ་མ་ཡིན་པས་ད་ལྟར་བའི་བསྒྲུབ་བྱ་མ་ངེས་པར་རིག་པ་ལས་དེ་དྲན་པར་རིགས་པའི་ཕྱིར་རོ་ཞེས་བསྟན་པ་ནི། མྱོང་མིན་དོན་གྱི་ཡུལ་ཅན་ནའང་། །ཞེས་བྱ་བའོ། །ཉམས་སུ་མྱོང་བའི་དོན་གྱི་ཡུལ་ཅན་ཞིག་པ་ལ་ཇི་ལྟར་འགྱུར་ཞེས་

བྱ་བ་ནི་ཉེ་བ་ཉིད་ཉམས་སུ་མྱོང་བ་ཡིན་གྱི་སྔར་ཉམས་སུ་མྱོང་བ་དེ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་ཁོ་ན་ཡིན་ནོ་ཞེ་ན། མྱོང་མིན་དོན་གྱི་ཡུལ་ཅན་ནའང་། །ཞེས་བྱ་བའོ། །དེ་ནི་ཇི་ལྟར་དྲན་པ་ཡིན། །ཞེས་བྱ་བ་ནི་དྲན་བཞིན་པ་དང་ལྷན་ཅིག་གཅིག་
ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏེ། འདྲ་བ་ཁོ་ན་མཐོང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་སྔ་མ་མ་ཡིན་པའི་ཡུལ་ཉིད་ཀྱིས་ཉེ་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཉེ་བ་ལ་ཉེ་བ་མ་ཡིན་པའི་ཤེས་པ་ནི་སྔར་མཐོང་བའི་ངོ་ཤེས་པ་མ་ཡིན་ནོ། །དབང་པོ་དང་འབྲེལ་པ་
མ་ཡིན་དུ་ཟིན་ཀྱང་མི་སླུ་བ་མེད་ན་ཚད་མ་ཉིད་ཇི་ལྟར་ཡིན་ཞེས་ཟེར་བ་ལ། མི་སླུ་བ་དང་ལྡན་པ་ལས། །ཞེས་བྱ་བའོ། །དོན་བྱེད་དེ་མིན་ནམ་ཅི་ཞེས་བྱ་བ་ནི་མི་དམིགས་པའམ་གཞན་པ་སྟེ་དང་པོའི་མཐོང་བ་ལྟ་བུའོ། །དོན་བྱ་བ་དེ་བྱེད་པས་ཞེས་བྱ་བ་ནི་འདྲ་བ་ཉིད་ལས་ཡིན་གྱི་སྤྱི་གཅིག་པ་ནི་མ་
ཡིན་ནོ། །བྲེགས་ནས་སྐྱེས་པའི་སྐྲ་ལ་སོགས་པ་ལ་ཡང་སྔར་མཐོང་བ་ངོ་ཤེས་པར་བྱ་བ་གསལ་བ་མ་ཡིན་པར་བསྟན་པ་ནི་དོན་བྱ་བ་དང་བྲལ་བའི་ཞེས་བྱ་བའོ། །དེའི་རང་བཞིན་ནི་དོན་བྱ་བ་དེ་བྱེད་པ་ཉིད་ཀྱི་ངོ་བོའི་རྟགས་གང་གི་ཡིན་པ་དེའིའོ། །བུམ་པ་ལ་སོགས་པ་རྣམས་ལ་ཞེས་བྱ་བ་ནི་
གཞན་དང་གཞན་རྣམས་ལའོ། །དྲན་མིན་མངོན་པར་ཤེས་པ་ནི། །དྲན་ཡང་ཐ་དད་པར་འགྱུར་རོ། །ཞེས་བྱ་བ་བསྟན་པ་ནི། རྟོགས་པར་བྱེད་པའི་ནུས་པ་ཞེས་བྱ་བའོ། །གལ་ཏེ་གཞན་ན་མེད་པ་ཞེས་བྱ་བའི་མ་དང་ཕ་ལ་སོགས་པའོ། །འཁྲུལ་པ་ཞེས་བྱ་བ་ནི་སླུ་བའོ། །དེ་དང་མཚུངས་པ་ནི་
མི་སླུ་བ་ཅན་གྱི་བུ་དང་མཚུངས་པ་ལའོ། །དཔེར་ན་དེའི་བུ་ལ་སོགས་པ་ཕྱི་མ་ལའོ། །དེ་ཉེ་བར་ལེན་པ་རྒྱུན་གང་གི་ཡིན་པ་དེ་ཡང་དེ་ཡིན་ལ་རྒྱུན་ཡང་ཡིན་པ་དེ་ལའོ། །དེ་དང་ཉེ་བ་ནི་འཇིགས་པ་དང་ངོ་ཚ་བ་དང་ཉེ་བས་སོ། །མིང་ཡང་དེ་ཟིན་པར་ཞེས་བྱ་བ་ནི་བསྒྱུར་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །
རྟག་པའམ་མི་རྟག་པ་ཡང་རུང་དེ་འདི་ཡིན་ནོ་ཞེས་བྱ་བའི་བློའི་ཡུལ་ཉིད་ཀྱིས་འཇིགས་པ་དང་ངོ་ཚ་བ་ལ་སོགས་པའི་ཐ་སྙད་ཀྱི་རྒྱུ་ཡིན་གྱི་ཡོད་པ་ཙམ་གྱིས་ནི་མ་ཡིན་ནོ་ཞེས་མཚུངས་པ་ཡིན་ཏེ། དེ་བསྟན་པ་ནི་འཁྲུལ་པ་དེ་ཉིད་ཅེས་བྱ་བའོ། །དེའི་ནི་ཐ་སྙད་བྱེད་པ་པོའི་ཅི་སྟེ་མ་ཡིན། དེ་ལྟའི་

ཐ་སྙད་ཅེས་བྱ་བ་ནི་འཇིགས་པ་དང་ངོ་ཚ་བའི་ཐ་སྙད་དོ། །རྟག་པ་ཡང་རྒྱུ་ལས་དེ་ལྟར་སྐྱེས་པ་ཉིད་འཇིགས་པ་ཡོད་པ་དང་ངོ་ཚ་བ་ཡོད་པ་ཞེས་ཟེར་བ་ལ་གཞན་གྱི་རྟག་ལ་ཞེས་བྱ་བའོ། །དེ་ནི་འདི་ལྟར་འབད་པ་མ་ཡིན་ཏེ་མར་མེ་བཞིན་དུ་སྔ་ན་མ་གྲུབ་པའི་ཕྱིར་རོ། །སྒྲའི་གསལ་བྱེད་ནི་དེ་ཐ་
དད་པས་ཐ་དད་པའི་ཕྱིར་ཡང་མ་ཡིན་པར་བསྟན་པ་ནི་རྐྱེན་གྱི་དབྱེ་བས་ཞེས་བྱ་བའོ། །གསལ་བར་བྱེད་པ་ཡང་དེའི་དབྱེ་བས་དབྱེ་བ་ཅན་མཐོང་ངོ་ཞེས་ཟེར་བ་ནི། ཅི་སྟེ་སྒྲོན་མས་གསལ་ན་ཞེས་བྱ་བ་སྟེ་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཅན་ཉིད་ནི་འབྲས་བུ་ཉིད་ལ་མ་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་
ཏོ། །ངོ་བོ་གཞན་དུ་བྱེད་པའི་བྱེད་པ་པོའམ་མཐོང་བ་པོ་རབ་རིབ་བཞིན་དུ་འཁྲུལ་པ་ཡིན་པར་བསྟན་པ་ནི། གལ་ཏེ་དངོས་རྣམས་ཞེས་བྱ་བའོ། །གཞན་དང་གཞན་ཡི་གེ་ག་ལ་སོགས་པ་མ་གཏོགས་པ་གཎྜཱིའི་སྒྲ་དམིགས་པའི་ཡུལ་མ་ཡིན་པར་བསྟན་པ་ནི། གལ་ཏེ་འཁྲུལ་པའི་རང་བཞིན་ལས། །
ཞེས་བྱ་བའོ། །ཐ་དད་ཅེས་བྱ་བ་ནི་ཐ་དད་པའི་ཆེ་བ་དང་ཆུང་བ་ལས་ལོག་པའི་ཆེ་བ་ཉིད་ལ་སོགས་པའོ། །ཐ་མི་དད་པས་ནི་གཞན་པ་མ་ཡིན་པས་སོ། །ཐ་དད་པ་ཉིད་མིན་ནི་ཐ་མི་དད་པ་ཁོ་ནའོ། །འཁྲུལ་པ་ཉིད་ཉམས་འགྱུར་བ་ནི། །ཐུག་པ་མེད་པར་དགོངས་པ་ཡིན་པར་བསྟན་པ་ནི།
འཁྲུལ་པའི་རང་བཞིན་དེ་ལས་ཀྱང་། །ཞེས་བྱ་བའོ། །ཆུང་ངུ་ལ་སོགས་པའི་ཡིག་གེ་ག་ལ་སོགས་པའི་བཤད་པ་ནི་འཁྲུལ་པ་ལ་ཡང་ཞེས་བྱ་བའོ། །ཆུང་ངུ་དང་ཆེན་པོ་ལ་སོགས་པ་ནི་སྐད་ཅིག་མ་མ་ཡིན་ནམ། རྗོད་པ་དང་འཛིན་པ་དང་འབྲེལ་པའི་ཤེས་པའི་དུས་ན་མི་གནས་པས་
རྗོད་བྱེད་མ་ཡིན་པ་ནི་ཡིག་གེ་ག་ལ་སོགས་པ་ཙམ་དོན་བྱེད་པའི་ཕྱིར་ཡོད་པ་ཡིན་གྱི་གཞན་མ་ཡིན་ནོ་ཞེས་ཟེར་བ་ནི་གལ་ཏེ་སྒྲ་ཙམ་གྱིས་ཞེས་བྱ་བའོ། །དམིགས་པའི་མཚན་ཉིད་ཀྱི་དོན་གྱི་བྱ་བ་བྱེད་པ་ཉིད་ཡོད་པ་ན་ཆུང་ངུ་ལ་སོགས་པ་ཉིད་ཀྱི་ཡིན་ལ་བརྡ་ལས་བྱུང་བའི་རྗོད་བྱེད་ཉིད་ཀྱང་སྒྲའི་
དོན་མ་ཡིན་པར་བསྟན་པ་ནི་སྒྲ་ལ་དོན་རྟོགས་ཞེས་བྱ་བའོ། །དབྱེ་བ་བྱེད་པའི་བྱེད་པ་པོ་གཙོ་བོ་ཡིན་གྱི་ཅིག་ཤོས་གཙོ་བོ་མ་ཡིན་པར་བསྟན་པ་ནི་བརྒྱུད་པ་ཡིས་ཞེས་བྱ་བའོ། །ཐ་དད་མིན་ཞེས་བྱ་བ་ནི་ཆུང་ངུ་ལ་སོགས་པའོ། །ཚིགས་སུ་བཅད་པའི་དོན་གཞན་བསྟན་པ་ནི། གལ་ཏེ་སྒྲ་རྟག་

པར་ཞེས་བྱ་བའོ། །སྔ་ན་ཡོད་ན་བཙལ་མ་ཐག་ཏུ་ཤེས་བྱའི་ཡུལ་དོན་དུ་ཅི་ལས་འགྱུར་ཞེས་བསྟན་པ་ནི་སྔར་ཡང་ཞེས་བྱ་བའོ། །དེ་ལས་བཟློག་པ་བསལ་བ་ནི་མི་རྟོགས་པར་ཞེས་བྱ་བའོ། །ཕྱིས་ཀྱི་རྩོལ་བའི་སྔོན་རོལ་དུ་ཞེས་བྱ་བར་སྦྱར་རོ། །དེ་ལྟ་མ་
ཡིན་ན་ཞེས་བྱ་བ་ནི་གསལ་བ་ལ་ཡང་ངོ་། །དོན་གཞན་བསྟན་པ་ནི། རྩོལ་བའི་སྔོན་རོལ་དུ་ཞེས་བྱ་བའོ། །དེ་ལས་གཞན་གྱིས་ཞེས་བྱ་བ་ལ་དེ་ལས་ནི་སྔ་མའི་རྩོལ་བ་ལས་སོ། །གཞན་གྱིས་ནི་ད་ལྟར་བས་སོ། །གཞན་ནི་སྔ་མ་རྣམ་པར་གཅོད་པའོ། །དེ་ལྟར་ན་ཡང་
ཤེས་པ་ཐ་མི་དད་ན་ཁྱབ་པ་ཅན་རྟོགས་པ་ཉིད་ཡིན་པར་བསྟན་པ་ནི་སྔ་ཕྱི་ཤེས་པ་གཅིག་ཡིན་ཞེས་བྱ་བ་སྟེ། འདི་ཙམ་གྱིས་ནི་རྩོལ་བ་སྒྲ་ལ་དགོས་པ་མེད་པར་བསྟན་ཏོ། །མཐོང་བ་དམིགས་པ་ན་དེ་ཉིད་དུ་ངོ་ཤེས་པས་དེ་འདི་ཡིན་ནོ་ཞེས་གྲུབ་པ་ཡིན་ལ། དེ་མ་དམིགས་པ་ནི་བསྒྲིབས་པས་ཡིན་ཏེ། དཔེར་ན་
རྒོད་པའི་ཕྱིར་མས་མ་མཐོང་བ་ཡིན་ཏེ། ཡུལ་མ་བྱུང་བའི་ཕྱིར་རོ་སྙམ་དུ་སེམས་པ་ནི། འོ་ན་གང་གི་ཚེ་ཞེས་བྱ་བའོ། །མངོན་སུམ་གྱིས་ངོ་ཤེས་པ་ན་དང་པོ་མཐོང་བ་བཞིན་དུ་དེའི་འདུ་བྱེད་པ་ལ་ཡང་དབང་པོ་ལས་བྱུང་བ་ནི་ཉེ་བར་རྟོགས་པ་ཡིན་གྱི་སྔར་མཐོང་བའི་ཡུལ་ཉིད་རྟོགས་པའི་ནི་མ་ཡིན་ནོ། །
དེའི་ཐ་སྙད་ནི་དེ་ཉིད་ཁོ་ནས་ཡིན་གྱི་ངོ་ཤེས་པས་ནི་མ་ཡིན་ནོ། །སྔར་མཐོང་བ་ངོ་ཤེས་པ་ནི་དྲན་པ་དང་སྣང་བ་གཅིག་ཏུ་འདྲ་བ་ཉིད་ཀྱི་ཕྱིར་འཁྲུལ་པ་ཡིན་ལ་དེ་མི་བྱེད་པ་རྣམ་པར་གཅོད་པའི་ཡུལ་ཅན་ཡིན་པ་དེའི་ཕྱིར་འབད་པས་བསྒྲིབས་པ་སྤངས་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། སྒྲ་བྱུང་བ་ཁོ་ན་ཡིན་
པར་བསྟན་པ་ནི། དེ་ཡང་རྣམ་འགྱུར་ཞེས་བྱ་བའོ། །དམིགས་པ་ལྡོག་པས་ཞེས་བྱ་བ་ནི་སྔ་མའོ། །གཞན་དམིགས་པ་ནི་གཞན་གྱིས་དམིགས་པའི་ངོ་བོ་དེ་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་ལ་གཞན་གྱིས་དམིགས་སོ་ཞེས་བྱ་བའོ། །འདི་ལ་ནི་སྔ་རོལ་གྱི་ངོ་བོ་ལའོ། །བར་དུ་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མའི་མངོན་
སུམ་དག་གིའོ། །བར་མ་མངོན་སུམ་གྱི་ཡུལ་ཉིད་དུ་མ་ཡིན་པར་བསྟན་པ་ནི་སྒྲིབ་པས་ཆོད་པ་ཞེས་བྱ་བའོ། །དེ་ཉིད་ཀྱི་ཚེ་ཞེས་བྱ་བ་ནི་ཕྱིས་ཉིད་དོ། །ཡོད་པ་ནི་བྱུང་བའོ། །འགྱུར་བ་མེད་པ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཚེ་ཞེས་བྱ་བར་སྦྱར་རོ། །རྗེས་སུ་དཔག་པ་ཞེས་བྱ་བ་ནི་སྔར་མཐོང་བ་ངོ་ཤེས་

པའིའོ། །གཞན་གྱིས་ཞེས་བྱ་བ་ནི་གཅིག་བསྒྲིབས་ན་ཡང་ངོ་། །ངས་མ་མཐོང་བ་དེས་མཐོང་བ་ཡིན་ནོ་ཞེས་བྱ་བའི་གཞན་གྱི་ཚིག་མངོན་སུམ་གྱིས་གནོད་པ་ཡིན་པར་བསྟན་པ་ནི་གཞན་གྱིས་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་འདྲེས་པའོ། །དེ་ལྟ་བུ་ཉིད་ཀྱིས་རྣམ་པར་འགྱུར་བ་ནི་བ་སྤུ་ལྡང་བ་ལ་
སོགས་པའོ། །བ་སྤུ་ལྡང་བ་ལ་སོགས་པའི་རྟགས་ནི་དེ་ལྟ་བུར་གྱུར་པས་འདྲ་བ་ཡིན་པའི་ཕྱིར་རྟགས་ཅན་ཡང་དེ་ལྟར་ཡིན་པར་བསྟན་པ་ནི་དེ་ལྟ་བུ་ཉིད་འགྲུབ་ཀྱི་ཞེས་བྱ་བའོ། །འདྲ་བའི་བདག་ཉིད་ཀྱིས་མངོན་སུམ་མ་ཡིན་ནོ་ཞེས་བྱ་བའི་རིག་པ་ནི། རྗེས་སུ་དཔག་པ་ནི་ཞེས་བྱ་བའོ། །དེ་
ཉིད་རྗེས་སུ་དཔག་པ་ལ་གནོད་བྱེད་ཡིན་པར་བསྟན་པ་ནི་གལ་ཏེ་བ་སྤུ་ལྡང་བ་ཞེས་བྱ་བའོ། །རང་དང་གཞན་གྱིས་ཞེས་བྱ་བ་ནི་རིམ་གྱིས་པས་ཅིག་ཅར་ཡང་དེ་རྟོགས་པ་མེད་ན་གཉི་ག་ལ་གཅིག་ཏུ་རྟོགས་པ་མེད་པས་གནོད་པར་བྱེད་པ་ཞེས་བྱ་བར་ངེས་པར་རྟོགས་པ་མ་ཡིན་ནའོ། །གནོད་བྱེད་
སྐྱེས་པ་མེད་པར་ནི། །ཞེས་བྱ་བ་ནི་རང་ཉིད་ཀྱིས་སོ། །རྨོངས་པ་ཡིས་ནི་ཕོངས་པ་ཉིད་ཀྱིས་སོ། །ཐ་སྙད་པ་རྣམས་ཀྱིས་ནི་རྟོགས་པ་ཙམ་གྱི་རྗེས་སུ་འབྲེང་བ་རིགས་པ་ཡིན་གྱི་གཞན་མ་ཡིན་ནོ་ཞེས་ཟེར་བ་ནི། ཞིབ་མོར་ལྟ་བས་ཞེས་བྱ་བ་ནི་རྣམ་པར་དཔྱོད་པས་སོ། །བསྟན་བཅོས་བརྩམས་པ་ནི་
དཔྱོད་པ་པའི་མིང་ཅན་གྱི་རྣམ་པར་དཔྱད་པའོ། །མཆོད་སྦྱིན་ལ་འཇུག་པས་ཞི་བའི་བཏུང་བ་ལ་འཇུག་པ་མ་ཡིན་ཏེ། མེའི་སྦྱིན་སྲེག་གི་དབང་དུ་བྱས་པའི་ཆོ་ག་དང་དབང་བསྐུར་བར་བསྐྱེད་པའི་ཆོ་ག་རྣམས་དང་ལྷན་ཅིག་དབང་དུ་བྱེད་པ་ཆེན་པོ་ཉིད་ཀྱིས་གཅིག་ཏུ་གནས་པ་ན་དེའི་ཕྱོགས་གཅིག་གི་
དབང་བསྐུར་བ་ལ་སོགས་པ་རྣམས་ལ་གནམ་སྟོང་དང་ཟླ་བ་ཉའི་སྦྱིན་སྲེག་གི་ཆོ་ག་མཐའ་ཡས་པ་ལ་འཇུག་པར་ཁས་བླངས་པའི་ཕྱིར་ཞི་བའི་བཏུང་བ་དང་མེའི་སྦྱིན་སྲེག་ལ་ཡང་འཇུག་པ་དེས་ཁས་བླངས་པར་འགྱུར་རོ་སྙམ་དུ་སེམས་པ་ལ་གྲུབ་མཐའ་མ་ལུས་པར་གྲུབ་པའི་ཕྱིར་སྔ་ན་མེད་
པ་ཉིད་རྟོགས་པ་ལ་འགལ་བ་མེད་པའི་ཕྱིར་རོ། །ཡན་ལག་ཐམས་ཅད་སྒྲུབ་པར་བྱེད་པ་ཉིད་ལས་མཆོད་སྦྱིན་བཞིན་དུ་སྔ་ན་མེད་པ་ཉིད་དུ་འདོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་བྲམ་ཟེ་དང་། གར་མཁན་ལ་སོགས་པ་བློ་རྩིང་བ་

རྣམས་ཐ་སྙད་བྱེད་པ་ཡིན་པར་བསྟན་པ་ནི། ཐ་སྙད་ལ་རྩིང་བའི་བློ་ཞེས་བྱ་བའོ། །ཁྱོད་ཀྱི་སྤྱོད་པ་ནི་ཐ་སྙད་ཐམས་ཅད་དང་འགལ་བ་ཡིན་ནོ་ཞེས་ཟེར་བ་ལ། གལ་ཏེ་དཔྱད་ན་ཞེས་བྱ་བའོ། ཚད་མ་དང་ལྡན་པས་ཕྱུང་བའི་རྒྱུན་ནི་སུ་ཡིས་བཟློག་པར་ནུས་ཞེས་བྱ་བ་བསྟན་
པ་ནི་བཟློག་པར་ནུས་པ་མ་ཡིན་ཏེ་ཞེས་བྱ་བའོ། །རྣམ་པར་དཔྱད་པས་ཕྲ་བའི་དེ་ཉིད་རྣམ་པར་གཞག་པ་ཡིན་ཡང་རྣམ་པར་རྟོག་པ་ལས་བྱུང་བའི་འཇིག་རྟེན་པའི་ཐ་སྙད་ཁོ་ན་ཡིན་པར་བསྟན་པ་ནི་ཇི་ལྟར་སྣང་བཞིན་ཞེས་བྱ་བའོ། །ལོང་བ་བརྒྱུད་པ་ཉིད་ཀྱིས་ཞེས་བྱ་བ་ནི་རྣམ་རྟོག་གི་བསྐྱེད་བྱའི་
རྟོག་པ་ཉིད་ལས་སོ། །རྣམ་པར་རྟོག་པ་ཉིད་འཁོར་བ་ཡིན་ལ། རང་རིག་པ་ལས་ནི་མྱ་ངན་ལས་འདས་པ་ཡིན་གྱི་རྣམ་རྟོག་ལས་གཞན་འཁོར་བ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་རྣམ་རྟོག་སྤང་བ་ཁྱོད། །རྟག་ཏུ་མྱ་ངན་འདས་ཉིད་ཡིན། །ཞེས་བྱ་བའི་རིགས་པ་བསྟན་པ་
ནི་ཀུན་རྫོབ་ཙམ་ལ་མ་གཏོགས་པ་ཞེས་བྱ་བའོ། །གཉིས་མེད་པར་འགྱུར་རོ་ཞེས་བྱ་བ་ནི་རང་རིག་པ་ཡིན་པའི་ཕྱིར་རོ། །དེ་མ་བརྟགས་ན་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་བྱེད་པ་ལའོ། །རང་ཉིད་ཀྱིས་སྤྲོས་པའི་རང་བཞིན་ནི་ཉམས་པར་འགྱུར་བ་སྟེ་ཟད་པར་འགྱུར་བ་ཇི་ལྟར་ཏེ་མ་ཡིན་པར་བསྟན་
པ་ནི་ཇི་སྲིད་ཅེས་བྱའོ། །འདི་ཉིད་ཡིན་ནོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་འགྲོ་བ་ཡིན་ཏེ་འཁོར་བ་ནི་སོ་སོའི་སྐྱེ་བོས་བྱས་པ་ཡིན་པའི་ཕྱིར་རོ། །དེ་ལ་བགས་ཀྱིས་ཞེས་བྱ་བ་ནི་ཅིག་ཅར་ཉིད་རང་རིག་པ་ཉིད་ལ་འཇུག་པ་མ་ཡིན་པའི་ཕྱིར་རོ། །དབང་པོ་ལས་བྱུང་བ་དེའི་བྱ་བ་ལས་ལྷག་པའི་བྱ་བ་བྱེད་
ན་འདས་པ་དང་འདུས་བྱས་པའི་ཐོག་མ་མེད་པའི་འཁོར་བ་འཛིན་པར་ཐལ་བར་འགྱུར་བར་བསྟན་པ་ནི། དེ་ལྟ་མ་ཡིན་ན་དངོས་པོ་རྣམ་པར་གཞག་པ་མེད་པ་ཞེས་བྱ་བ་སྟེ། སོ་སོར་ངེས་པ་འཛིན་པ་མེད་པར་འགྱུར་རོ། །དབང་པོའི་བྱེད་པའི་ཡུལ་གྱི་མཐོང་བ་ནི་སྔ་མ་དང་ཕྱི་མ་དག་གི་ཡོད་པ་བཞིན་དུ་
མེད་པ་ཡང་དུས་ཀྱིས་བསྐལ་པ་ཡིན་པས་བསྐལ་པ་རྣམས་ནི་མེད་པར་ངེས་པར་བྱེད་པ་མ་ཡིན་པར་བསྟན་པ་ནི། གལ་ཏེ་བར་གྱི་རང་བཞིན་ཞེས་བྱ་བའོ། །ཡུལ་ཉིད་བཞིན་དུ་ཡིན་པར་བསྟན་པ་ནི། གང་དུ་དམིགས་པའི་མཚན་ཉིད་ཅེས་བྱ་བའོ། །སྔ་མ་དང་ཕྱི་མ་དག་ནི་བར་དུ་དམིགས་པའི་

མཚན་ཉིད་དང་དེ་བཞིན་དུ་གཅིག་ཡིན་པར་བསྟན་པ་ནི་དེའི་རང་བཞིན་ཞེས་བྱ་བའོ། །དེ་ཉིད་དང་དེ་ཉིད་མ་ཡིན་པ་ནི་མཚན་ཉིད་མི་མཐུན་པ་ཉིད་དོ། །དེ་ཉིད་ཅེས་བྱ་བ་ནི་སྔ་མ་ཉིད་དོ། །དེ་མེད་ན་ཞེས་བྱ་བ་ནི་དེའི་དུས་སུ་མེད་པའི་ཕྱིར་རོ། །དེ་ལྟར་རོ་ཞེས་བྱ་བའི་དོན་ཡོད་པ་ལ་མ་གཏོགས་པའི་
དུས་ན་དངོས་ལས་ཐ་མི་དད་པས་དབྱེ་བ་མེད་པར་བསྟན་པ་ནི། གཅིག་ཉིད་ན་ཞེས་བྱ་བའོ། །དེ་ལྟ་ན་ཡང་དུས་དེ་མེད་པའི་ཕྱིར་ཞེས་བྱ་བ་ནི་དངོས་པོ་ཉེ་བ་ལ་དེ་ལས་ལྷག་པ་མ་ཡིན་པ་ཡང་ཉེ་བ་ཡིན་པའི་ཕྱིར་དུས་སྔ་མ་ལ་མེད་པའོ། །དེ་ཞེས་བྱ་བ་ནི་སྔ་མའིའོ། །དུས་ཐམས་ཅད་པ་ཞེས་
བྱ་བ་ནི་གཅིག་ཉིད་ཀྱི་ཕྱིར་རོ། །ཁྱད་པར་མ་དམིགས་པ་ནི་ཁྱད་པར་ཅན་ཡང་དེ་ཡིན་ནོ་ཞེས་ཟེར་བ་ནི་འོན་ཏེ་དུས་ཀྱི་ཞེས་བྱ་བའོ། །གཞན་ཞེས་བྱ་བ་ནི་མཐོང་བའི་དུས་ཀྱི་ཆའོ། །དེ་ལྟར་ཉིད་སྣང་བཞིན་པ་དང་སྣང་བཞིན་པ་མ་ཡིན་པ་དེ་མ་རྟོགས་པས་ཐ་དད་པ་ཡིན་པར་བསྟན་པ་ནི་མི་
སྣང་བ་དང་ཞེས་བྱ་བའོ། །འདིས་ནི་ཞེས་བྱ་བ་ནི་གཞན་མཐོང་བ་མེད་པའི་ཕྱིར་རོ། །སྔ་མ་དང་ཅིག་ཤོས་ཀྱི་ཡན་ལག་གི་གསལ་བྱ་དེ་ལྟར་འགྱུར་བ་ཡིན་པར་བསྟན་པ་ནི། སྔ་མ་དང་ཕྱི་མའི་ཞེས་བྱ་བའོ། །གཅིག་ཉིད་ཡིན་པར་བསྟན་པ་ནི། དེའི་ཕྱིར་གལ་ཏེ་ཞེས་བྱ་བའོ། །རྟག་པ་
ཉིད་དུ་སྨྲ་བ་ཡང་སྐད་ཅིག་མ་ཉིད་གསལ་བ་ཡིན་པར་བསྟན་པ་ནི་དེས་ན་ཞེས་བྱ་བའོ། །དེའི་ཚེ་ཡང་། ཀུན་དུ་ལྡོག་ལས་ཅི་ཞིག་བྱ། །ཞེས་བསྟན་པ་ནི་དེ་ལ་ཡང་ཞེས་བྱ་བའོ། །དབང་པོ་ལ་ཕན་འདོགས་པ་དམིགས་པ་ངེས་པར་བྱེད་པ་མ་ཡིན་པར་བསྟན་པ་ནི། དེའི་ཚེ་ཡང་ཞེས་བྱ་བའོ། །འདི་
ལ་ཡང་ཚིགས་སུ་བཅད་པའི་དོན་སྦྱོར་བར་བྱེད་པ་ནི། དེས་ན་ངེས་པར་ཞེས་བྱ་བའོ། །རྟག་པ་ཉིད་ཡིན་ན་དབང་པོ་ལ་ཕན་འདོགས་ཀྱང་དེ་ཁོ་ན་བཞིན་དུ་དམིགས་པར་བྱེད་པ་ཡིན་པར་བསྟན་པ་ནི། ལེགས་བྱས་ལས་ཀྱང་ཞེས་བྱ་བའོ། །དེ་ལྟ་བུར་གྱུར་པ་ཡང་དེ་ཡིན་ལ་ཉེ་བར་དམིགས་
པ་ཡང་ཡིན་པའོ། །སྐད་ཅིག་ཙམ་དམིགས་པ་ནི་ཕན་འདོགས་པ་མེད་ཀྱང་ཡིན་པར་བསྟན་པ་ནི་ལེགས་པར་བྱས་ཀྱང་ཞེས་བྱ་བའོ། །དེ་ལ་ནི་དབང་པོ་ལའོ། །ཡོད་མ་ཡིན་ཞེས་བྱ་བ་ནི་དངོས་པོ་གཙོ་བོ་ཉིད་དོ། །དེ་ནི་ཞེས་བྱ་བ་ནི་ལེགས་པར་བྱས་པ་དང་ཅིག་ཤོས་དག་གི་ཡང་ངོ་། །

རྟག་པ་ཉིད་ནི་དབང་པོ་ལ་རུང་བ་ཉིད་མ་ཡིན་ཏེ། ཉེ་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ཉེ་བའི་ཡུལ་མ་ཡིན་པའི་ཕྱིར་ཉེ་བ་མ་ཡིན་པར་བསྟན་པ་ནི། རྟག་པ་ཉིད་ནི་ཡོད་མི་འགྱུར། ཞེས་བྱ་བའོ། །དམིགས་པ་དང་ཉེ་བ་དམིགས་པ་ཡིན་པར་བསྟན་པ་ནི་དམིགས་པ་ཉིད་
ནི་ཡོད་པའི་ཕྱིར་ཞེས་བྱ་བའོ། །ཇི་ལྟར་ཡོད་པ་ཉིད་ཡིན། །ཞེས་བྱ་བ་ནི་ཡོད་པའི་ཐ་སྙད་དོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་མི་སྣང་བ་མི་དམིགས་པ་ཡིན་པའི་ཕྱིར་རོ། །ཡོད་པའི་ཐ་སྙད་ནི་དམིགས་པ་ལ་ཡིན་ལ་ཐ་མི་དད་པའི་ཕན་འདོགས་པས་ཀྱང་མི་རྟག་པ་ཡིན་པར་བསྟན་པ་ནི་སྒྲ་ལ་ཕན་འདོགས་
པའི་ཞེས་བྱ་བའོ། །ཡུལ་དང་དུས་ལ་དངོས་པོ་གང་། །རྣམ་པར་མ་དཔྱད་ཡོད་པ་ཡིན། །ཞེས་བྱ་བ་མ་གྲུབ་པར་བསྟན་པ་ནི། ལྟོས་པ་མེད་པ་ཞེས་བྱ་བ་སྟེ། འགའ་ཞིག་གི་ཚེ་ཞེས་བྱ་བ་ནི་འབྲས་བུ་མི་བྱེད་པ་ཞེས་བྱ་བ་དང་སྦྱར་རོ། །ལྟོས་པ་མེད་པ་ནི་ཡུལ་དང་དུས་སུ་བཅད་པ་མ་ཡིན་
པའོ། །རེས་འགའ་བ་ནི་ཁ་ཅིག་ཏུ་འབྲས་བུ་མི་བྱེད་པའོ། །བྱེད་པ་སྟེ་བྱེད་པ་པོ་ཉིད་ཤེས་པའི་གཟུང་བྱ་ཉིད་ཡིན་གྱི་དེ་རེས་འགའི་ཁ་ཅིག་ཏུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་རེས་འགའ་བ་སྟེ་དུས་ལ་སོགས་པ་བཅད་པའི་འབྲས་བུ་ནི་བྱ་བ་སྟེ་ཤེས་པའོ། །དེ་ལྟ་མ་ཡིན་ན་དམིགས་
པས་བཅད་པའི་དམིགས་པར་མི་འགྱུར་ལ་དེའི་ངོ་བོ་འཛིན་པ་ནི་རྣམ་པར་མ་བཅད་པ་འཛིན་པའོ། །དེ་ཞེས་བྱ་བ་ནི་རྣམ་པར་གཅོད་པར་རྟོགས་པའོ། །ཁྱབ་པ་ཞེས་བྱ་བ་ནི་མ་བཅད་པའི་གཟུང་བྱའི་ཁྱབ་པ་ཅན་ནོ། །འཁྲུལ་པ་ཡིན་ཡང་ཞེས་བྱ་བ་ནི་མ་བཅད་པའི་རྟོགས་པའོ། །
གལ་ཏེ་འཁྲུལ་པས་ཞེས་བྱ་བ་ནི་གྲུབ་མཐའ་ལ་དོགས་པའོ། །བཅད་པའི་ཡུལ་ལ་དབང་པོ་ལས་སྐྱེས་པ་ནི་འགལ་བ་ཅན་གྱི་མ་བཅད་པའི་རྣམ་པར་རྟོག་པ་ལ་གནོད་པ་བྱེད་པ་ཡིན་པར་བསྟན་པ་ནི་ངོ་ཤེས་པའི་ནུས་པ་དེ་ཞེས་བྱ་བའོ། །བརྟགས་པ་རྣམ་པར་བཅད་པ་མ་ཡིན་པ་ལ་མངོན་སུམ་
གཅོད་པ་མ་ཡིན་པར་བསྟན་པ་ནི། ངོ་ཤེས་ཀྱི་རྟོགས་པ་ནི་ཞེས་བྱ་བའོ། །བཅད་པ་འཛིན་པ་ཡིན་ཡང་བཅད་པ་མ་ཡིན་ན་བུམ་པ་ལ་སོགས་པ་ཡང་དེ་ལྟར་འགྱུར་བར་བསྟན་པ་ནི་གལ་ཏེ་ཁྱབ་པ་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་ཁྱབ་པ་ཅན་དུའོ། བརྟགས་པ་པའི་གཅིག་ཉིད་ནི་མངོན་སུམ་

དུ་གྲུབ་པའི་དུ་མ་ཉིད་ཀྱིས་གནོད་པ་ཡིན་པར་བསྟན་པ་ནི། གཅིག་ཉིད་མི་བདེན་པ་ཡིན་ནོ་ཞེས་བྱ་བའོ། །དབང་པོ་ལས་སྐྱེས་པ་ནི་བརྟགས་པ་པ་ལ་དུ་མ་ཉིད་དུ་མཐོང་བ་ལ་ཡིན་ཏེ། འགལ་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །རྟོག་པ་ནི་མངོན་སུམ་གྱི་ཡུལ་
ལ་གཞན་དུ་བྱེད་ན་གནོད་པ་ཡིན་པར་བསྟན་པ་ནི་ཐ་དད་དངོས་ལ་ཞེས་བྱ་བའོ། །ཐ་མི་དད་པ་མ་གྲུབ་པ་ལ་ཐ་དད་པ་བཞིན་དུ་ཐ་དད་པ་མ་གྲུབ་ན་ཐ་མི་དད་པས་རྟོགས་པ་མ་ཡིན་པར་བསྟན་པ་ནི་ཐ་དད་པ་ཉིད་བདེན་པ་ཡིན་ན་ཞེས་བྱ་བའོ། །ཐ་དད་པ་རང་དབང་ཁོ་ན་ཡིན་པར་བསྟན་པ་ནི་གང་
ཕྱིར་ཞེས་བྱ་བའོ། །ཐ་མི་དད་པ་ནི་ཐ་དད་པར་མཐོང་བ་དག་འདྲེས་པའི་བདག་ཉིད་ཡིན་པའི་ཕྱིར་དེ་ལྟ་མ་ཡིན་པར་བསྟན་པ་ནི། ཐ་མི་དད་པ་ནི་ཞེས་བྱ་བའོ། །ཁྱབ་པ་ཅན་གྱི་མཐོང་བ་རྣམ་པར་མི་གཅོད་པ་ལ་ཐལ་འགྱུར་བསྟན་ནས་རྣམ་པར་གཅོད་པ་བསྟན་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །རེས་
འགའ་ཤེས་པ་གང་གི་བྱ་བ་ཡིན་པ་དེ་ལ་གཟུང་བ་ཉིད་མ་ཡིན་པ་འགལ་བ་ཡིན་ཏེ། དེ་བྱེད་པ་གཟུང་བ་ཡིན་པའི་ཕྱིར་རོ། །དེ་བྱེད་པ་ནི་གསལ་བར་བྱེད་པ་ལ་སོགས་པ་ལ་ལྟོས་པ་མེད་པར་མཐོང་ལ། སྔ་ན་དེ་ཁོ་ན་རྣམ་པར་གཅོད་ན་རྟོགས་པར་བྱས་པ་ལྟོས་པ་དང་བཅས་པ་ཉིད་དམ།
གཟུང་བར་བྱ་བ་མ་ཡིན་པ་ཉིད་ཇི་ལྟར་ཡིན་ཏེ། དེའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །དེ་བཤད་པ་ནི་གཞན་དུ་ཞེས་བྱ་བའོ། །རྟག་པ་དེ་ཉིད་བསྟན་པ་ནི་ཚད་མ་མེད་པའི་རང་བཞིན་ཞེས་བྱ་བའོ། །དེ་ཁོ་ན་བཞིན་དུ་ཞེས་བྱ་བ་ནི་རྒྱུན་མི་འཆད་པ་ཉིད་ཀྱིས་སོ། །འབྲས་བུ་ནི་འཛིན་པར་བྱེད་པར་འགྱུར་
བ་ཡིན་ཏེ། འཛིན་པར་བྱེད་པ་གཞན་མེད་པའི་ཕྱིར་རོ། །འབྲས་བུ་མི་བྱེད་ན་གཟུང་བར་བྱ་བ་མ་ཡིན་ནོ། །དེའི་རང་བཞིན་ནི་སྔ་མའི་གཟུང་བའི་བདག་ཉིད་ལའོ། །འཛིན་པ་ན་ཞེས་བྱ་བ་ནི་རྣམ་པར་གཅོད་པའི་ཚེ་ན་རྟོགས་པ་ནའོ། །དེ་ཡང་ནི་སྔ་མ་སྣང་དུ་རུང་བ་སྟེ། གཅིག་གི་རང་བཞིན་
ལ་མཐོང་བ་རྒྱུན་ཆད་པར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །བརྩལ་མ་ཐག་ཏུ་ཤེས་པ་སྐྱེ་བའི་རང་བཞིན་ཉིད་ཀྱིས་འབྲས་བུ་དང་རང་བཞིན་དག་གྲུབ་པ་ཡིན་ན། དེའི་དོན་བྱས་པ་ཉིད་ནི་ཟློས་མ་ཡིན་ནོ་སྙམ་དུ་སེམས་པ་ལ། འདི་ཉིད་ཀྱིས་ཞེས་བྱ་བ་སྟེ་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཁོ་ནས་

གྲུབ་ཀྱང་ངོ་། །རང་བཞིན་འབྲས་བུ་དང་ལྷན་ཅིག་བསྟན་པ་ན་བྱས་པ་ཉིད་རང་བཞིན་ཁོ་ན་ཡིན་པ་ཐ་དད་བྱས་པ་ནི་རང་བཞིན་གྱི་གཏན་ཚིགས་ཐམས་ཅད་དེ་འདྲར་ཞེས་བྱ་བ་འབྲས་བུའི་གཏན་ཚིགས་དང་འདྲ་བ་སྟེ། མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་འཇུག་པ་ཡིན་
པར་ཤེས་པར་མི་འགྱུར་བར་ཞེས་བྱ་བའི་དོན་ཏོ། །བྱས་པ་བཞིན་དུ་ཕྱོགས་ཀྱི་ཆོས་བསྡུས་པ་ལ་དེ་ལ་རིགས་མཐུན་ལ་ཡོད་དང་། རྣམ་གཉིས་མེད་ལ་མེད་གང་ཡིན། །ཞེས་བྱ་བ་ལ་སོགས་པ་ལོགས་སུ་བརྗོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣམ་པར་དབྱེ་བ་བརྗོད་པ་ཡིན་ནོ། །ཅིའི་
ཕྱིར་ལོགས་སུ་བརྗོད་ཅེ་ན་ཞེས་བྱ་བ་ནི་བསམ་པར་བྱ་བ་ཡིན་པར་ཁོ་བོས་མཐོང་ངོ་། །བྱས་པ་ཉིད་ལ་སོགས་པ་རང་བཞིན་དང་འབྲས་བུའི་གཏན་ཚིགས་ཀྱི་ཚུལ་གསུམ་རྟགས་ལས་དོན་མཐོང་བ་ཞེས་བྱ་བ་ལ་སོགས་པས་རང་གི་དོན་གྱི་རྗེས་སུ་དཔག་པ་ལ་རྟོགས་པའི་དོན་དག་ཡིན་ཡང་
བསྡུས་པ་འདིར་ཅིའི་ཕྱིར་བརྗོད་སྙམ་དུ་སེམས་པ་ལ་རྗེས་སུ་དཔག་པའི་མཚན་ཉིད་དུ་རྟོགས་པའི་དོན་ཡིན་ཡང་བསྡུས་པ་འདིར་གཏན་ཚིགས་བརྗོད་པར་བྱས་པ་ནི་རྟོགས་པའི་དོན་དུ་སྟེ། ངེས་པའི་དོན་དུ་ཡིན་ལ་ཕྱོགས་ཀྱི་ཆོས་ལ་དབང་བའི་ངེས་པར་གཟུང་བ་ལས་འདི་དག་ཉིད་ཡིན་ནོ་སྙམ་
དུ་དོགས་པ་ཟློག་པའི་ཕྱིར་རོ། །ཡང་ན་ཅིའི་ཕྱིར་ལོགས་སུ་ཞེས་བྱ་བ་ལ་ཚིགས་སུ་བཅད་པ་འདི་ཡིན་ནོ། །འདི་ནི་དཔེ་མེད་པའི་ཕྱིར་ཞེས་བྱ་བ་ནི་བརྗོད་པ་མེད་པའི་ཕྱིར་མཚན་ཉིད་མི་སྲིད་པ་སྟེ་བྱས་པ་ཉིད་དོ། །ཡང་ན་རང་གི་དོན་གྱི་རྗེས་སུ་དཔག་པའི་མཚན་ཉིད་ལས་ཅིའི་ཕྱིར་ལོགས་སུ་
བརྗོད་པ་ནི་ཚིགས་སུ་བཅད་པ་འདིའོ། །དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ནི་མཐུན་ཕྱོགས་ལ་ཡོད་མེད་རྣམ་གཉིས་ཞེས་བྱ་བ་འདི་ལ་ཡོད་པ་ཉིད་ནི་བྱས་པ་ཉིད་དེ་རང་བཞིན་ཉིད་ཡིན་ལ་ཤེས་པའི་ངོ་བོའི་འབྲས་བུ་མ་བརྗོད་པའི་འདྲ་བ་ནི་མ་ཡིན་ནོ། །དཔྱོད་པ་པ་རྣམས་ཀྱི་ནི་ཤེས་པ་རྩོལ་བ་
ལས་བྱུང་བ་ཡིན་གྱི་སྒྲ་མ་ཡིན་པའི་ཕྱིར་དེ་དག་ལ་འབྲས་བུ་ཡིན་ཏེ་དེ་བསྟན་པ་ནི་གཞན་གྱི་འདོད་པས་ཞེས་བྱ་བའོ། །རྩོལ་བའི་བསྐྱེད་བྱའི་ཤེས་པ་ནི་དེ་དག་གི་ཡུལ་འཛིན་པར་བྱེད་པ་ཡིན་ལ་དེས་ཀྱང་སྐྱེད་པར་བྱེད་པའི་ཕྱིར་མི་རྟག་པའི་སྒྲའི་བསྐྱེད་བྱ་ཡིན་པར་བསྟན་པ་ནི། དེ་ལ་ཇི་སྐད་

བརྗོད་པ་ཡིན་ཏེ་ཞེས་བྱ་བའོ། །མི་རྟག་པ་ཉིད་ལ་ཤེས་པ་འགལ་བ་ཡིན་ནོ་ཞེས་ཟེར་བ་ནི་འོན་ཏེ་ཡང་ཞེས་བྱ་བ་སྟེ། དེ་ལྟར་འཛིན་པ་ལ་ཡང་འཛིན་པའི་ཕྱིར་སྐད་ཅིག་མ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ཟེར་བ་ནི་ཕྱིས་མཐོང་བ་ན་ཞེས་བྱ་བའོ། །སྔ་མས་ཕྱི་མ་དང་དེས་སྔ་མ་འཛིན་པ་མ་ཡིན་ན་ངེས་པས་དེ་དྲན་
པར་མི་འགྱུར་ཞེས་ཟེར་བ་ནི། དྲན་པར་ཇི་ལྟར་འགྱུར་ཞེས་བྱ་བའོ། །གཟུང་བ་ཉིད་ནི་ཞེས་བྱ་བ་ནི་མངོན་སུམ་སྔ་མས་སམ་འདིས་ཀྱང་སྟེ་སྔོན་པོར་ངེས་པ་བཞིན་དུ་མཐོང་བ་སྔོན་དུ་འགྲོ་བ་ཅན་གྱི་དེ་ཉིད་འདིའོ་ཞེས་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྔ་མའམ་ཕྱི་མ་མ་མཐོང་བ་ནི་རང་གི་དུས་ཀྱི་དོན་བྱེད་པའི་
ཡུལ་ཅན་ཡིན་ལ་དེ་ཉིད་འདིའོ་ཞེས་བྱ་བའི་རྣམ་པར་རྟོག་པ་ནི་འདྲ་བ་མཐོང་བའི་རྗེས་སུ་འབྲང་བ་ཅན་ཡིན་གྱི་དེ་ཉིད་ལ་ནི་མ་ཡིན་ཏེ། ནུས་པ་མེད་པས་ཉམས་སུ་མྱོང་བ་མ་ཡིན་པའི་ཕྱིར་ཞེས་བསྟན་པ་ནི་འཛིན་པ་ཡིས་ནི་ཞེས་བྱ་བའོ། །སྐད་ཅིག་མ་ཉིད་ནི་རྟག་ཏུ་ཐེ་ཚོམ་ཟ་བ་ཡིན་ཏེ། རྣམ་པར་
དཔྱད་པས་ལོག་པའི་ཕྱིར་རོ་ཞེས་བསྟན་པའི་མ་དམིགས་པ་ལ་ཞེས་བྱ་བའོ། །ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ད་ལྟར་བ་ལས་སོ། །འབྱུང་བར་འགྱུར་བ་ལ་ཐེ་ཚོམ་ཡིན་གྱི་གཟུང་བཞིན་པ་ཉིད་འབྱུང་བར་འགྱུར་བ་ཡིན་པར་བསྟན་པ་ནི། དེའི་ཚེ་གཟུང་བ་ནི་ཞེས་བྱ་བའོ། །དངོས་པོ་བཞིན་
དུས་ཀྱང་རང་གི་ངོ་བོས་འཛིན་པ་ཐེ་ཚོམ་ཟ་བ་དང་འགལ་བ་ཡིན་པར་བསྟན་པ་ནི། དེ་ཡང་ཞེས་བྱ་བ་སྟེ་དུས་ཀྱང་ངོ་། །ཁྱོད་ཀྱི་འདོད་པ་ཞེས་བྱ་བ་སྟེ་འོ་ན་འབྱུང་བར་འགྱུར་བའི་དུས་དང་འབྲེལ་པའི་ཕྱིར་འབྱུང་བར་འགྱུར་བ་ཞེས་བྱ་བའོ། །དེ་ལྟར་ཉིད་དུ་སྣང་བ་ཡང་ཞེས་བྱ་བ་ནི་ཉེ་བ་ན་སྣང་བ་ཡང་འདྲ་
བར་འཛིན་པ་ལས་དྲན་པ་ཡིན་གྱི་དེ་འཛིན་པ་ལས་མ་ཡིན་པར་བསྟན་པ་ནི་ཐལ་བ་འདི་ཞེས་བྱ་བའོ། །ཡོད་མིན་ཞེས་བྱ་བ་ནི་ད་ལྟར་མ་ཡིན་པའོ། །དེ་མིན་རང་བཞིན་ཞེས་བྱ་བ་ནི་རྣམ་པ་མེད་པའོ། །བདག་མེད་ཤེས་ཞེས་བྱ་བ་ནི་ལུས་ལ་སོགས་པ་ལས་མི་མཐུན་པ་ཤེས་པ་དང་ཆོས་མཐུན་
པ་ཡིན་ནོ། །དེའི་ཚེའང་ཞེས་བྱ་བ་ནིའང་གི་སྒྲས་ཉམས་སུ་མྱོང་བ་དང་དྲན་པའི་དུས་ཉིད་ཀྱི་ཤེས་པ་དང་ཆོས་མི་མཐུན་པ་ཉིད་ཡིན་པ་དེ་ལྟར་ན་འདི་ལྟར་འགྱུར་ཏེ་འཛིན་པ་དང་ནི་ཞེས་བྱ་བའོ། །འཛིན་པ་དང་དྲན་པ་དག་ཤེས་པ་གཞན་ལས་ཐ་དད་པ་ཡིན་ན་ཐམས་ཅད་ཐམས་ཅད་ཀྱི་ཤེས་པར་

འགྱུར་རོ་ཞེས་བྱ་བའི་སྐྱོན་ལྡོག་པ་ལ་ཡིན་པར་བསྟན་པ་ནི། དང་པོར་འཛིན་དང་དྲན་པ་འདི། །ཞེས་བྱ་བ་འདིས་སོ། །དེ་ཡོད་ན་དེ་དག་འབྱུང་བས་དེ་ཉིད་ཡིན་ན་ཐལ་ཆེས་པར་བསྟན་པ་ནི་ལུས་ཀྱང་ཞེས་བྱ་བའོ། །མི་རྟག་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་དུས་གཉིས་སུ་མི་གནས་པའི་ཕྱིར་
རོ། །འདུ་བ་སྟེ་བྱེད་པ་ནི་ནམ་མཁའ་ལ་སོགས་པ་ལ་མ་ཡིན་ནོ་སྙམ་དུ་སེམས་པ་ནི་དེ་ལ་དེ་གཉིས་མི་འདུ་བའི་ཕྱིར་རོ་ཞེས་བྱ་བའོ། །བདག་མངོན་སུམ་བ་མ་ཡིན་ཏེ་བདག་གོ་ཞེས་བྱ་བའོ། །ཤེས་པའི་ཡུལ་ཉིད་རྩོད་པའི་ཡུལ་ཉིད་ཡིན་པའི་ཕྱིར་རོ། །ཤེས་པ་པོའི་དྲན་པ་པོ་ཉིད་དུ་སྒྲུབ་པར་བྱེད་པའི་རྗེས་སུ་
འབྲེལ་པ་ནི་ནམ་མཁའ་ལ་སོགས་པ་ལ་ཡང་མཚུངས་པ་ཡིན་པར་བསྟན་པ་ནི་དེ་ནི་རྗེས་སུ་འབྲེལ་པའི་ཕྱིར་ཞེས་བྱ་བའོ། །དེར་ཡང་ཞེས་བྱ་བ་ནི་ནམ་མཁའ་ལ་ཡང་ངོ་། །དེ་དག་གི་ལོག་པ་དང་ཅིག་ཤོས་དག་ལ་ཐམས་ཅད་ཀྱི་ཚེ་འབྱུང་བ་དང་ཅིག་ཤོས་ཀྱི་ཐལ་འགྱུར་གྱི་རྩོད་པ་མཚུངས་པའམ། འདུ་
བ་ལ་ལྡོག་པ་དང་ཅིག་ཤོས་ཀྱི་རྒོལ་བ་མཚུངས་པའོ། །དྲན་པ་ལས་འཛིན་པ་མེད་པར་བསྟན་པ་ནི་དྲན་པས་ཀྱང་ཞེས་བྱ་བའོ། །འཛིན་པ་ལ་དྲན་པ་མེད་པར་བསྟན་པ་ནི་དྲན་པས་ཞེས་བྱ་བ་སྟེ། སྔར་རྗེས་སུ་འབྲེལ་པ་འཛིན་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་སྒྲུབ་པའོ། །བརྩལ་མ་ཐག་པའི་ཤེས་པ་ནི་མི་
རྟག་པའི་འབྲས་བུ་ཅན་ཡིན་ནོ་ཞེས་བྱ་བ་དེ་དག་ཙམ་གནས་སྐབས་པ་ཡིན་ལ་ནང་གི་ཁྱད་པར་གྱི་དབྱེ་བ་གནས་པ་མ་ཡིན་པར་བསྟན་པ་ནི་ཤིན་ཏུ་ཞིབ་མོར་བརྟག་པ་ནི་ཞེས་བྱ་བའོ། །གཞན་ནི་མ་ཡིན་ཞེས་བྱ་བ་ནི་ཕྲད་པ་ཅན་ལ་སོགས་པའོ། །དེའི་ཡང་བསྡུ་བའི་ཆེད་དུ་དེའི་རྣམ་པར་དབྱེ་བ་ཡིན་ནོ་ཞེས་བྱ་
བའི་དོན་བསྟན་པ་ནི་འདི་ལས་ལན་བཏབ་པ་ནི་ཞེས་བྱ་བའོ། །ཁོ་བོས་མཐོང་བ་ནི་བསྒྲུབ་བྱའི་འབྲས་བུ་དེ་ཉིད་ཀྱིས་ངོ་བོ་ཅན་མ་ཡིན་པ་བཞིན་དུ་དེ་ལ་འཁྲུལ་པ་མེད་པ་ཡིན་པ་དེ་ལ་ཡང་ཡིད་ཆེས་པ་མ་ཡིན་ན། གར་ཡང་མི་འགྱུར་རོ་ཞེས་བྱ་བར་དགོངས་པས་དེ་དག་གི་དབྱེ་བ་ཡིན་པར་བསྟན་པ་ནི། ཡོད་པ་གང་
མེད་མི་འབྱུང་བ། །ཞེས་བྱ་བའོ། །གོ་བྱེད་ཉིད་མ་ཡིན་ཡང་འབྲས་བུ་ཡིན་པ་དེ་བཞིན་དུ་མ་འཁྲུལ་པའི་ངེས་པ་མ་ཡིན་ནོ་ཞེས་ཟེར་བ་ནི་གལ་ཏེ་མི་འཁྲུལ་པ་ཞེས་བྱ་བའོ། །དེ་འཁྲུལ་པ་མེད་པ་ཞེས་བྱ་བ་ནི་རང་གི་དུས་ཀྱི་མེ་ལ་འབྲས་བུ་ཉིད་ཀྱི་ཁྱད་པར་གོ་བྱེད་ཡིན་གྱི་དེ་ཙམ་ཉིད་མ་ཡིན་ཏེ་ངེས་པ་ཉིད་ལྟ་བུའོ། །

དེ་གོས་ཀྱི་ཆོས་བཞིན་དུའམ་དུ་བ་ཡང་ངེས་པ་ཙམ་དང་བྲལ་བ་མ་ཡིན་པར་བསྟན་པ་ནི་འབྲས་བུ་ཉིད་ཡིན་པས་ན་ཞེས་བྱ་བའོ། །མེའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའི་དུ་བ་བཞིན་དུ་འབྲས་བུ་ཉིད་ཀྱི་ཁྱད་པར་གྱིས་ཁྱད་པར་ཅན་ཡིན་པ་དེའི་གོ་བྱེད་ཡིན་གྱི་དེའི་རྒྱུ་མཚན་མ་ཡིན་པ་ནི་མ་ཡིན་པར་བསྟན་པ་ནི་དེ་ཉིད་
ཀྱི་ཕྱིར་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་དེ་མེད་ན་མེད་པ་གང་ཡིན་པ་སྟེ། ངེས་པ་དང་འབྲེལ་པ་ཞེས་བྱ་བ་ལ་སོགས་པའི་སྤྱིའི་སྒྲ་ཡིན་ཡང་ལྡོག་པས་འབྲས་བུ་ཉིད་སྟོན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་བྱེད་པ་ལས་བྱུང་བ་གང་ཡིན་པ་དེ་ནི་དེའི་འབྲས་བུ་མ་ཡིན་ནམ། ངེས་པ་ནི་དེ་ལས་མ་སྐྱེས་ཀྱང་
སྨིན་དྲུག་ཤར་བ་ལ་སོགས་པ་ལས་སྣར་མ་འཆར་བ་ལ་སོགས་པ་ལ་ཡིན་ན་ཞེས་ཟེར་བ་ལ་གང་ཞིག་ཅེས་བྱ་བའོ། །བྱེད་པ་ལ་དེ་ལས་གཞན་པ་མེད་ཀྱང་དེའི་བསྐྱེད་བྱ་བཞིན་དུ་འདི་ལས་དེ་མེད་ན་མེད་པ་ཡིན་པས་དེའི་འབྲས་བུ་ཉིད་ཡིན་ནོ། །སྨིན་དྲུག་ཤར་བ་ལ་སོགས་པ་ཡིན་ཡང་དེ་མེད་པ་ལ་ཐེ་ཚོམ་ཟ་བ་
ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཁྲུལ་པའི་ཕྱིར་གོ་བྱེད་མ་ཡིན་ཡང་གོ་བྱེད་གནས་པ་གོ་བར་བྱེད་པ་ཡིན་ནོ། །གང་གིའོ་ཞེས་བྱ་བའི་ཐ་དད་པའི་ཁྱད་པར་ནི་བཟློག་པ་ལ་ནུས་པ་མེད་པའི་ཁྱད་པར་ཅན་ཉིད་ཡིན་པར་བསྟན་པ་ནི། རིགས་པ་ན་འདི་ཉིད་ཡིན་ཏེ་ཞེས་བྱ་བའོ། །འདི་ནི་ཐ་དད་པ་ཁས་བླངས་ནས་
བསྟན་པ་ཡིན་གྱི་འདི་ནི་མ་ཡིན་ནོ་ཞེས་བསྟན་པ་ནི་གཞན་དང་ཞེས་བྱ་བ་སྟེ་འབབ་པ་དང་ངོ་། །དེ་འདི་ལྟར་ཅུང་ཟད་གོ་བར་བྱེད་པ་ཡིན་གྱི་གཞན་ནི་གོ་བྱེད་དང་གོ་བྱེད་མ་ཡིན་པར་བསྟན་པ་ནི་རང་བཞིན་གང་གིས་ཞེས་བྱ་བའོ། །འབྲས་བུ་ཡང་རྣམ་པར་འབྱེད་པ་བཞིན་དུ་ཡོད་པ་གང་མེད་མི་འབྱུང་བའམ་ཞེས་བསྟན་
པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་གང་ཞེས་བྱ་བ་ནི་བསྒྲུབ་བྱའོ། །རང་ཞེས་བྱ་བ་ནི་སྒྲུབ་བྱེད་ཀྱི་ཆོས་ཀྱི་བདག་ཉིད་དོ། །དེ་དང་ཞེས་བྱ་བ་ནི་བསྒྲུབ་བྱ་དང་ངོ་། །གང་གི་ཚེ་སྒྲུབ་བྱེད་ཀྱི་བདག་ཉིད་བསྒྲུབ་བྱ་ཡིན་པ་དང་། སྒྲུབ་བྱེད་ཀྱང་འདིའི་ཡིན་པའི་ཕྱིར་དེ་ཡང་གོ་བྱེད་དུ་འགྱུར་རོ་སྙམ་དུ་སེམས་པ་ལ་རྣམ་དབྱེར་
མེད་ཅན་ཞེས་བྱ་བའོ། །བསྒྲུབ་བྱ་ཡང་མི་རྟག་པ་ཉིད་ལ་སོགས་པ་བྱས་པ་ཉིད་ལ་སོགས་པ་གོ་བྱེད་ཁོ་ན་ཡིན་གྱི་ཤིང་ཉིད་ཤིང་ཤ་པའི་ནི་མ་ཡིན་ཏེ། དེ་དང་དེ་མ་ཡིན་པའི་བདག་ཉིད་དུ་ངེས་པ་དང་མ་ངེས་པའི་ཡུལ་ཅན་ཡིན་པས་དེ་ཉིད་མ་ཡིན་པའི་ཕྱིར་རོ། །གང་ཞིག་ཅེས་བྱ་བ་ནི་སྒྲུབ་བྱེད་ཀྱི་

ཆོས་དེ་ཞེས་བྱ་བར་སྦྱར་རོ། །ཤིང་གི་བདག་ཉིད་ཅེས་བྱ་བ་ནི་ཤིང་གང་གི་བདག་ཉིད་ཡིན་པའོ། །གལ་ཏེ་ཇི་ལྟར་ཞེས་བྱ་བ་ནི་མངོན་སུམ་ནི་གཉི་ག་དབྱེ་བ་མེད་པར་འཛིན་པ་ཡིན་ཞེས་བྱ་བའི་དོན་ཏོ། །ཤིང་ཤ་པ་གང་གི་བདག་ཉིད་ཡིན་པ་དེ་དེ་བཞིན་ནོ། །དེ་བཞིན་བསྒྲུབ་བྱེད་དང་
ཅིག་ཤོས་ཉིད་ཀྱི་ཕྱིར་དེའམ་དེ་དང་དེ་མ་ཡིན་པའི་བདག་ཉིད་ཅེས་བྱ་བའི་ཁྱད་པར་ཡིན་པར་བསྟན་པ་ནི་མ་ཡིན་ཏེ། རྣམ་པར་དབྱེར་མེད་པ་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེའི་བདག་ཉིད་གོ་བྱེད་དང་ཅིག་ཤོས་སུ་མཚུངས་པ་ཡིན་གྱི་དབྱེར་མེད་པ་ནི་དེ་ལྟ་མ་ཡིན་པའི་ཕྱིར་དེའི་མཚན་མ་ཡིན་
ནོ་སྙམ་དུ་སེམས་པ་ནི་གལ་ཏེ་དེའི་ཞེས་བྱ་བའོ། །དབྱེར་མེད་པའི་ངེས་པ་དེའི་བདག་ཉིད་མ་ཡིན་ཡང་གོ་བྱེད་ཁོ་ན་ཡིན་པར་བསྟན་པ་ནི། དེའི་བདག་ཅེས་བྱ་བའོ། །དབྱེར་མེད་པའམ་ངེས་པ་ཞེས་བྱ་བ་ཡང་མཚུངས་པར་བརྗོད་པ་ཅན་དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་གི་ཁྱད་པར་དམིགས་པར་བྱེད་པ་
ཡིན་ཏེ། གཞན་ལས་ནི་ངེས་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་འདི་བཤད་ཟིན་པ་ཞེས་བྱ་བའོ། །དེའི་ནི་གོ་བྱེད་ཀྱི་རྒྱུ་མཚན་ནོ། །དེ་དག་ཅེས་བྱ་བ་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་གོ། །དེའི་ཁྱད་པར་གྱིས་ཁྱད་པར་ཅན་གོ་བྱེད་ཉིད་དུ་བསྟན་པ་ནི་དེའི་ནང་གི་ཞེས་བྱ་བའོ། །གཞན་མ་ངེས་པའི་ཕྱིར་མ་ངེས་
པ་ཉིད་འདི་དག་ངེས་པ་ལ་མེད་པར་བསྟན་པ་ནི་དེའི་བདག་ཉིད་ནི་ཞེས་བྱ་བའོ། །དེ་སྟེ་སྒྲུབ་བྱེད་བདག་ཉིད་གང་གིས་ཡིན་པ་དེ་ནི་དེའི་བདག་ཉིད་ཡིན་ལ་དེ་བསྒྲུབ་བྱ་བདག་ཉིད་གང་གིས་ཡིན་པའོ། །དེའི་བདག་ཉིད་དང་དེ་ལས་བྱུང་བ་དང་བྲལ་བ་ཡང་གོ་བྱེད་ཡིན་པར་མཐོང་ངོ་ཞེས་བྱ་བ་ནི་འདི་ལ་བསྟན་པ་ནི།
ལྡན་པ་ཅན་སོགས་གང་དག་ལ། །ཞེས་བྱ་བའོ། །དེའི་བདག་ཉིད་ནི་ཤིང་ཤ་པ་ཤིང་གི་བདག་ཉིད་མཐོང་བ་ཡིན་པས་ཇི་ལྟར་ཡིན་ཞེས་བརྒལ་ཞིང་བརྟག་པར་མི་བྱའོ། །དུ་བ་ནི་མེ་ལས་བྱུང་བ་ཡིན་ལ་འདི་སྨིན་དྲུག་ཤར་བ་སྣར་མ་འཆར་བ་ལ་སོགས་མ་ཡིན་པའི་ཕྱིར་བཟློག་པ་ལས་ལྡོག་པ་ལ་ཐེ་ཚོམ་
ཟ་བ་ཡིན་ལ། དེ་བསྟན་པ་ནི་དེ་དག་འཁྲུལ་པ་སྲིད་པའི་ཕྱིར་ཞེས་བྱ་བའོ། །འདི་ལས་གཞན་དུ་འགྱུར་བ་མེད་དོ་ཞེས་བྱ་བ་ནི་གོ་བྱེད་ཉིད་མེད་པར་རོ། །དེས་ན་ཞེས་བྱ་བ་ནི་མ་ནུས་པའི་ཤེས་པས་སོ། །ལྡོག་པ་ལ་འཁྲུལ་པ་ཅན་འབྲས་བུ་ཡིན་ནོ་ཞེས་བྱ་བའི་མཚན་ཉིད་བཞིན་དུ་དེ་ཡང་འབྲས་བུ་ཁོ་ན་

ཡིན་པར་བསྟན་པ་ནི་དེ་ལྟ་ཡིན་དང་ཞེས་བྱ་བའོ། །ཁྱབ་པར་བྱེད་པ་ཞེས་བྱ་བ་ནི་ངེས་པར་བྱེད་པ་སྟེ་འབྲེལ་པའི་ཡུལ་ཅན་ནོ། །ཤིང་ཤ་པ་གང་གི་བདག་ཉིད་ཡིན་པ་དེའི་མ་ངེས་པ་ཞེས་བྱ་བ་ནི་རེས་འགའ་བ་སྟེ། ཤིང་ཤ་པ་ལ་ཡོད་པའི་ཤིང་དང་གཞན་ལ་ཡོད་པ་ཡང་ཡིན་ལ་དེ་ལ་གནས་པ་ཉིད་
ཀྱིས་གོ་བྱེད་ཡིན་གྱི་གཞན་ལ་ཡོད་པས་ནི་མ་ཡིན་ནོ། །མེ་ཡང་དུ་བ་ལ་ངེས་པ་ཅན་དང་རྣམ་པ་གཞན་ཡང་ཡིན་པའི་ཕྱིར་རྒྱུའི་གཙོ་བོ་དང་གཙོ་བོ་མ་ཡིན་པ་དམིགས་པ་ཡིན་གྱི་གཏན་དུ་རྒྱུ་མ་ཡིན་པ་ནི་མ་ཡིན་ནོ། །མ་ངེས་པས་ཞེས་བྱ་བ་ནི་ངེས་པའི་ངོ་བོས་གོ་བྱེད་ཡིན་གྱི་གཞན་གྱིས་ནི་མ་ཡིན་ཏེ། དེའི་
བསྐྱེད་བྱའི་ཁྱད་པར་འཛིན་པ་ཡིན་ན་མངོན་པར་འདོད་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །གོ་བྱེད་ཀྱི་རྒྱུ་མཚན་དེའི་བདག་ཉིད་དང་། །ཅིག་ཤོས་ལ་སོགས་པ་ལས་དེ་ལ་མ་ངེས་པ་ཉིད་དུ་མི་འགྱུར་ན་ངེས་པ་ཅན་གྱི་གོ་བྱེད་ཉིད་ཀྱི་རྒྱུ་མཚན་ཡིན་ནོ། །གང་དེའི་རྗེས་སུ་འཇུག་པ་མ་ཡིན་པ་ཞེས་བྱ་བ་ནི་ངེས་
པ་ཅན་གྱི་རྗེས་སུ་འཇུག་པ་མེད་པའོ། །ཡང་ན་དེ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པའམ་རྒྱུ་ཡང་ངོ་། །དེའི་ཞེས་བྱ་བ་ནི་ཁྱབ་བྱའི་འམ་འབྲས་བུ་ཡིན་ཏེ་རྒྱུ་མཚན་ནི་ངེས་པ་ཅན་ནོ། །གང་དེའི་རྗེས་སུ་འཇུག་པ་མ་ཡིན་པ་ནི་གང་གི་རྗེས་སུ་འཇུག་པ་མེད་པའོ། །དེའི་ཕྱིར་ངེས་པ་མེད་པ་ཉིད་ནི་ངེས་པར་བྱེད་པ་ཉིད་མ་
ཡིན་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ཡིན་ཡང་ཞེས་བྱ་བ་ནི་དེའི་རྗེས་སུ་འཇུག་པ་ཡིན་ཡང་ངེས་པར་བྱེད་པ་ཉིད་ཡིན་ན་འབྲས་བུ་དང་ཁྱད་པར་བྱེད་པ་དག་ལ་ཡང་རྗེས་སུ་བྱེད་པ་ཉིད་དུ་ཐལ་ཆེས་པ་ཉིད་ཡིན་ནོ། །དེ་དེ་བཞིན་ནོ་ཞེ་ན་ཞེས་བྱ་བ་ཆ་ཤས་ཀྱིས་མ་ངེས་པ་དང་ངེས་པ་ཉིད་དོ། །ཕྲད་པ་
དང་འདུ་བ་ལ་སོགས་པའི་དབྱེ་བ་ནི་འདི་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། ལྡན་པ་ཅན་སོགས་གང་དག་ལ། །ཞེས་བྱ་བ་སྟེ། འབྲེལ་པ་དང་ཅིག་ཤོས་བཞིན་དུ་ཕྲད་པ་ལ་སོགས་པ་ཁྱད་པར་དུ་བྱས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞི་བཞིན་དུ་ཕྲད་པ་འཁྲུལ་པ་ཅན་ཡིན་པར་བསྟན་
པ་ནི་མཚུངས་པའི་ཕྱིར་རོ་ཞེས་བྱ་བའོ། །བརྟེན་པ་ཉིད་ནི་རྟེན་གྱིས་ཕན་འདོགས་པ་ཉིད་ཡིན་པས་འབྲས་བུ་བྱེད་པ་ཁོ་ན་ཉིད་ཡིན་པར་བསྟན་པ་ནི་དེ་ལྟ་ཡིན་ན་ཞེས་བྱ་བའོ། །འབྲས་བུ་རིགས་པ་ནི་གཞན་ཕྲད་པ་ཉིད་ཅན་ལ་ལྟོས་པ་ཡིན་ལ་དེ་མེད་ན་མེད་པ་མ་ཡིན་ནམ་སྙམ་དུ་སེམས་པ་ལ་མ་ཡིན་ཏེ། དེ་མེད་

ན་མེད་ཅེས་བྱ་བ་འདི་ཉིད་འབྲས་བུ་ཡིན་ཏེ། ངེས་པ་ཅན་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། འབྲེལ་པ་ཡོད་པ་ཞེས་བྱ་བའོ། །ངེས་པ་དང་བྲལ་བའི་ཕྲད་པ་ཅན་གཞན་གྱི་ལ་ཡང་སྒྲུབ་བྱེད་མ་ཡིན་པར་བསྟན་པ་ནི། ངེས་པ་མེད་པ་སྒྲུབ་བྱེད་མིན། །ཞེས་བྱ་བའོ། །
ངེས་པ་ཉིད་རྗེས་སུ་འགྲོ་བ་ཡིན་གྱི་ནམ་མཁའི་དཀྱིལ་དུ་འགྲོ་བའི་དུ་བའི་རྩེ་མོ་ལ་མེ་འགྲོ་བ་ནི་མ་ཡིན་ནོ། །མེད་ན་མི་འབྱུང་བར་ངེས་པ་ནི་བུམ་པ་ལ་སོགས་པ་ལ་བདག་མེད་ན་མེད་པའི་ཕྱིར་སྲོག་ལ་སོགས་པའི་ཡང་མ་ཡིན་ནམ་དེའི་ཕྱིར་དེ་ཡང་གཏན་ཚིགས་ཉིད་དུ་འགྱུར་རོ་ཞེས་ཟེར་བ་ལ། ལྡོག་པ་
ཉིད་ནི་ངེས་པ་ཉིད། །ཅེས་བྱ་བ་སྟེ་བདག་མེད་པས་བྱས་པའི་སྲོག་ལ་སོགས་པ་མེད་པ་བདག་ཁྱབ་པར་བྱེད་པ་ཉིད་ཡིན་ན་ཡིན་ཏེ། གཞན་ལོག་པས་གཞན་ལྡོག་པར་ངེས་པ་མེད་པའི་ཕྱིར་ངེས་པ་ཅན་ལྡོག་པ་ནི་ཁྱབ་པར་བྱེད་པ་དང་ཁྱབ་པར་བྱ་བ་ཉིད་དུ་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྡོག་པས་
རྗེས་སུ་འགྲོ་བ་འཕངས་པ་ཡིན་གྱི་མ་མཐོང་བ་ཙམ་ནི་མ་ཡིན་ནོ། །མེད་ན་མི་འབྱུང་བ་ཡང་དེ་ཡོད་པ་ཉིད་ན་ཡོད་པ་ཁོ་ན་ཡིན་པར་བསྟན་པ་ནི་བདག་མེད་པ་ལས་ལྡོག་པ་ཉིད་ཅེས་བྱ་བའོ། །རྗེས་སུ་འགྲོ་བ་གཅིག་ཏུ་འཛིན་པ་མེད་དེ་ཐམས་ཅད་དུ་ཞེས་དེའི་ལྡོག་པ་ལ་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་
བསྟན་པ་ནི་མི་མཐུན་པའི་ཕྱོགས་ཞེས་བྱའོ། །རྗེས་སུ་འགྲོ་བ་དེ་ལྟར་འཛིན་པ་ནི་རང་བཞིན་དང་འབྲས་བུ་ཉིད་འཛིན་པའི་ཕྱིར་ཏེ། ཡོད་ན་འབྱུང་བ་ཙམ་ནི་རྗེས་སུ་འགྲོ་བ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་རྗེས་སུ་འགྲོ་བའི་སྒོ་ནས་ནི་ཞེས་བྱ་བའོ། །ངེས་པར་བཟུང་བས་ཞེས་བྱ་བ་ནི་རང་བཞིན་དང་འབྲས་
བུ་ཉིད་གཟུང་བས་སོ། །རྗེས་སུ་འགྲོ་བ་བཟུང་བ་དེའི་འབྲས་བུ་ཉིད་ཁོ་ན་ལྡོག་པས་རིག་པར་བྱེད་པ་ཡིན་པར་བསྟན་པ་ནི་གཞན་ཡོད་པ་ན་ཡང་ཞེས་བྱ་བ་ནི་རྒྱུ་མ་ཡིན་པ་ཡོད་ཀྱང་ངོ་། །གཞན་མེད་ན་ཡང་ཞེས་བྱ་བ་ནི་རྒྱུ་མ་ཡིན་པ་ལས་ལོག་པ་མེད་པའོ། །ལྡོག་པའམ་རྗེས་སུ་འགྲོ་བ་ཙམ་ལ་ཡང་གཞན་
པ་མ་ལུས་པ་ལ་ལྟོས་པ་མ་ཡིན་ཏེ། དེ་ནི་འབྲས་བུ་ཉིད་ཀྱི་རྗེས་སུ་འགྲོ་བ་ལ་ཡིན་ཏེ། གསལ་བ་གཅིག་པོ་ལ་ཡང་དེའི་འབྲས་བུ་ཉིད་རྟོགས་པའི་ཕྱིར་རོ་ཞེས་བསྟན་པ་ནི། འདི་ཉིད་ལ་ནི་ཞེས་བྱ་བའོ། །དེ་ཙམ་གྱིས་ནི་ཞེས་བྱ་བ་ནི་གསལ་བ་ཙམ་གྱིས་སོ། །རྗེས་སུ་འགྲོ་བ་འདི་ལ་ལྡོག་པ་ཡང་གོ་སླ་

བ་ཉིད་བསྟན་པ་ནི་དེ་ཡང་གཞན་ལས་ཞེས་བྱ་བའོ། །མེད་ན་མི་འབྱུང་བ་འབྲས་བུ་ཉིད་རྗེས་སུ་འགྲོ་བ་བསྟན་པ་ནི་འདི་ཉིད་ལས་ཞེས་བྱ་བའོ། །མེད་ན་མི་འབྱུང་བ་འབྲས་བུ་ཡིན་པའི་ཕྱིར་གཞན་ལྡོག་པ་དང་རྗེས་སུ་འགྲོ་བ་ཡན་ལག་མ་ཡིན་ཏེ་འབྲེལ་པའི་བདག་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། ལས་
ཞེས་བྱ་བའོ། །གཞན་དུ་ནི་མེའི་གསལ་བ་གཞན་ལའོ། །འབྲས་བུ་ཉིད་རྗེས་སུ་འགྲོ་བ་བསྟན་པ་ནི་འདི་ཉིད་ལས་ཞེས་བྱ་བའོ། །མེད་ན་མི་འབྱུང་བའ
Luận tạng Tây Tạng (Tengyur) — Tập 181 | Tra cứu Kinh điển | Tàng Kinh Việt