Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 181

Văn bản gốc(Tây Tạng)

Trang 18 / 21 (50.000 ký tự/trang)
ཁ་ཅིག་ཁོ་ནར་ཏེ་རི་བོང་ཅན་ཟླ་བ་ཉིད་ཡིན་གྱི་དངུལ་ལ་སོགས་པ་མ་ཡིན་ཏེ། དེ་ལྟ་ཡིན་ན་ངེས་པའི་ཡུལ་ཅན་དངོས་སུ་བ་དགག་པར་མ་ཡིན་ལ་གྲགས་པས་གྲུབ་པ་མ་ཡིན་པ་མ་ངེས་པའི་ཡུལ་ཅན་ཡིན་པས་རི་བོང་ཅན་མ་ཡིན་
པ་དངུལ་ལ་སོགས་པ་ལ་ཡང་ཇི་ལྟ་ཐུན་མོང་མ་ཡིན་ཞེས་བྱ་བ་ནི་འགྲེལ་པར་རོ། །ཇི་ལྟར་བུམ་པ་ལ་སོགས་པ་ལ་ཟླ་བ་མ་ཡིན་པ་ཉིད་གྲགས་པས། གྲུབ་པ་དངོས་སུ་བ་ཡིན་པ། དེ་བཞིན་དུ་རི་བོང་ཅན་ལ་ཡང་ཟླ་བ་ཉིད་ཡིན་པར་བསྟན་པ་ནི་དེ་ནི་དངོས་སྟོབས་ཞེས་བྱ་བ་སྟེ། དེ་ནི་ཞེས་བྱ་བ་
ནི་ཟླ་བ་ཉིད་དོ། །དངོས་པོ་ལ་སྟེ་རྩ་འདི་ནི་ཚིམ་པར་བྱེད་པའོ་ཞེས་བྱ་བས་ཟླ་བ་ཉིད་དེ་ལ་འཇུག་པར་བྱེད་པའི་རྒྱུ་མཚན་མེད་ན་རི་བོང་ཅན་མ་ཡིན་པ་སྟེ། བུམ་པ་ལ་སོགས་པ་ལ་ཟླ་བ་ཉིད་བཟློག་ཀྱང་ངོ་། །འགྲེལ་པ་ནི་གསལ་ལོ། །དེ་ལྟར་ན་བུམ་པ་ལ་སོགས་པ་ལ་སུ་ཞིག་གིས་བཟློག་པས་སྐྱོན་
ཡིན་པར་བསྟན་པ་ནི་དེ་ཕྱིར་ཞེས་བྱ་བ་ལའོ། །འགྲེལ་པར་དང་པོའི་གནས་སྐབས་ན་ཡང་འདི་དང་འབྲེལ་པ་ནི་ཐུན་མོང་མ་ཡིན་པ་ཉིད་ཀྱི་གནས་སྐབས་ཉེ་བར་བསྡུ་བ་འབྲེལ་པར་དཀའ་བ་ཡིན་པའི་ལན་བསྟན་པ་ནི་རུང་བ་ཉིད་དེས་ཞེས་བྱ་བའོ། །རུང་བ་ཉིད་ཀྱང་རྒྱུ་མཚན་དང་བཅས་པ་མ་ཡིན་ནམ་

ཞེས་ཟེར་བ་ལ། གལ་ཏེ་སྒྲ་ཐམས་ཅད་ཅེས་བྱ་བའོ། །རྒྱུ་མཚན་མེད་ཀྱང་རྒྱུ་མཚན་ལ་འཇུག་པར་མཐོང་བ་མ་ཡིན་ནམ། དེ་བཞིན་དུ་དེ་དང་ལྡན་པ་ཡང་འགྱུར་རོ་ཞེས་ཟེར་བ་ལ། སྒྲ་རྣམས་འཇུག་པའི་ཞེས་བྱ་བའོ། །ཁྱབ་པར་བྱེད་པ་མ་ཡིན་པ་མི་སྲིད་པར་བསྟན་པ་ནི་རྒྱུ་མཚན་
ལ་ཡང་ཞེས་བྱ་བའོ། །དངོས་སུ་བའི་འབྲེལ་པ་མེད་པ་ཐུན་མོང་མ་ཡིན་པ་ཉིད་ཀྱིས་མ་ཡིན་པར་བསྟན་པ་ནི་གལ་ཏེ་ལ་ལར་ཞེས་བྱ་བའོ། །གཞན་དུ་ཡང་ཞེས་བྱ་བ་ནི་རྒྱུ་མཚན་དང་ལྡན་པ་ལའོ། །བ་ལང་ལ་སོགས་པའི་སྒྲ་འདོད་པ་ལས་བྱུང་བ་ནི་ད་ལྟར་རམ་དུས་གཞན་དུ་དྲན་པ་
ཡིན་ནོ་ཞེས་ཟེར་བ་ནི་འདོད་པ་ཞེས་བྱ་བའོ། །མ་དམིགས་པ་ཞེས་བྱ་བ་ནི་ལན་ནོ། །འདས་པའི་འདོད་པ་ཡོད་ཀྱང་གང་ལས་ཀྱང་མ་དམིགས་པའི་ཕྱིར་དྲན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱུ་མཚན་ཡོད་ཀྱང་ཇི་ལྟར་རྒྱུ་མཚན་མེད་པ་ཡིན་ཞེས་ཟེར་བ་སེལ་བ་ནི། གཞན་དག་སྨྲ་བ་ནི་ཞེས་བྱ་བ་སྟེ།
རྒྱུ་མཚན་དང་ལྡན་པ་ཉིད་ཀྱི་རྒྱུ་མཚན་ལ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཡང་ན་དངོས་པོའི་སྒྲ་གཞན་མ་ཡིན་པར་བསྟན་པ་ནི་རྗེས་སུ་འགྲོ་བ་ཞེས་བྱ་བའོ། །རྒྱུ་མཚན་ཡིན་ན་རྒྱུ་མཚན་དང་ལྡན་པ་དངོས་པོའི་རྐྱེན་ཡིན་ཡང་ཇི་ལྟར་བརྗོད་བྱ་ཡིན་སྙམ་དུ་སེམས་པ་ནི། ཅི་སྟེ་ཞེས་བྱ་བའོ། །རྒྱུ་
མཚན་ལ་འཇུག་པ་ནི་དེ་དང་ལྡན་པ་འབྲེལ་པ་ཡོད་ན་འགྱུར་བར་བསྟན་པ་ནི། གང་གི་ཚེ་ཞེས་བྱ་བའོ། །དངོས་པོའི་རྐྱེན་གྱིས་སྒྲ་ཐ་དད་པ་ཡིན་གྱི་དོན་ཐ་དད་པ་མ་ཡིན་པར་བསྟན་པ་ནི། དངོས་པོའི་རྐྱེན་མེད་པར་ཞེས་བྱ་བའོ། །རྐྱེན་ཐམས་ཅད་ནི་ཞེས་བྱ་བས་དངོས་པོའི་རྐྱེན་གྱི་མཐའ་ཅན་ལ་ཁྱད་
པར་མེད་པ་རྫས་ཀྱི་སྒྲས་སེལ་བར་བྱེད་པའོ། །རྒྱུ་མཚན་དང་ལྡན་པའི་རྒྱུ་མཚན་གྱི་ཁྱད་པར་ནི་རྫས་ཀྱི་སྒྲ་ལ་རྒྱུ་མཚན་ཡིན་ལ་དེ་བཞིན་དུ་དངོས་པོའི་སྒྲ་ལ་ཡང་ཁྱད་པར་ཡིན་པའི་ཕྱིར་ཐ་དད་པར་བསྟན་པ་ནི་རྫས་ལ་འཇུག་པ་ཞེས་བྱ་བའོ། །དངོས་པོའི་མཐའ་ཅན་གྱི་སྒྲ་གཞན་ཉིད་ནི་མ་ཡིན་ཏེ།
དེ་ནི་སྒྲ་གཞན་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ཉེ་བར་མཚོན་པ་ཁོ་ན་ཡིན་པར་བཤད་པ་ནི། རང་བཞིན་དང་ཞེས་བྱ་བའོ། །རིམ་གྱིས་སམ་ཅིག་ཤོས་ཀྱི་རྣམ་པས་ཀྱང་རྒྱུ་མཚན་ཡིན་པར་བསྟན་པ་ནི་དེ་ལྟར་མ་ཡིན་ན་ཞེས་བྱ་བའོ། །དེས་རྣམ་པར་བཅད་པ་ཉིད་མ་རྟོགས་པར་བསྟན་པ་ནི་

དེས་ན་རྒྱུ་མཚན་ཞེས་བྱ་བའོ། །རྒྱུ་མཚན་དང་ལྡན་པར་རྟོགས་པ་དེ་གཙོ་བོར་དང་ཅིག་ཤོས་ལ་སོགས་པ་ཡང་འདོད་པ་ལས་བྱུང་བ་ཡིན་པར་བསྟན་པ་ནི་གཙོ་བོ་ཕལ་པ་ཞེས་བྱ་བའོ། །སྦྲང་རྩི་ནི་རྫས་དེ་གྲགས་ཙམ་གྱི་འདོད་པ་ལས་བྱུང་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་
ལན་ནོ། །བྱ་རོག་ལ་སོགས་པ་གང་ཡིན་པ་དང་རིགས་ལ་སོགས་པ་གང་ཡིན་པ་ཡང་རྫས་ཀྱི་རྗོད་བྱེད་དེ་ཉིད་ལས་མཚོན་པས་ནི་བྱ་རོག་ལ་སོགས་པས་སོ། །མཚོན་པར་གྱུར་པ་མ་ཡིན་པས་ཞེས་བྱ་བ་ནི་རིགས་ལ་སོགས་པས་སོ། །དེས་ཞེས་བྱ་བ་ནི་རྒྱུ་མཚན་གྱིས་སོ། །རྒྱུ་མཚན་མེད་
ཀྱང་གོམས་པས་འཇུག་པ་ཡིན་ན་ཐམས་ཅད་ལ་འཇུག་པ་ཡིན་པར་བསྟན་པ་ནི་དེ་ལྟ་ན་འོ་ན་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་རྒྱུ་མཚན་མེད་ཀྱང་འཇུག་པ་ཡིན་ནའོ། །སྐྱེས་བུའི་འདོད་པའི་དབང་གིས་གྲགས་པ་ནི་གང་ན་ཡོད་པར་མི་འགྱུར་ཞེས་བསྟན་པ་ནི་ཁྱི་ཤ་ལ་ཡང་ཞེས་བྱ་བའོ། །
ཉེས་པ་དང་ལྡན་པ་འགའ་ཡང་ལྡོག་པ་མ་ཡིན་ཞེས་བྱ་བར་སྦྱར་རོ། །འདོད་པ་ལས་བྱུང་བའི་ཆོས་ཀྱི་རུང་བ་ཉིད་བཞིན་དུ་དེ་དགག་པའི་རུང་བ་ཉིད་ཡིན་ན། ཇི་ལྟར་དེ་དང་འགལ་བ་ཡིན། །ཞེས་ཟེར་བ་ལ་རུང་བ་ཉིད་ཅེས་བྱ་བའོ། །དེ་ཞེས་བྱ་བ་ནི་འདོད་པ་ལས་བྱུང་བ་རྟོགས་པའི་གོ་བྱ་སྟེ། དེའི་གོ་བྱ་
བཀག་ན་དེ་མ་ཡིན་པའི་གོ་བྱར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བརྡ་སྐད་བཀག་པ་མེད་པ་ལས་བྱུང་བའི་རུང་བ་ཉིད་རྗེས་སུ་དཔག་པའི་ཡུལ་གང་ཡིན་པ་དེ་སྟེ། དེ་ལས་བཟློག་པ་དེ་དང་འགལ་བ་མ་ཡིན་པ་ལ་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་རྣམས་སྒྲ་ཐམས་ཅད་ཀྱི་རུང་བ་
ཉིད་དུ་བརྗོད་པས་སྒྲ་ཡང་དོན་ཐམས་ཅད་ཀྱི་རུང་བ་ཉིད་དུ་བརྗོད་པར་འགྱུར་བར་བསྟན་པ་ནི་སྒྲ་རྣམས་ལ་ནི་ཞེས་བྱ་བའོ། །དེར་ཞེས་བྱ་བ་ནི་ངེས་པ་ཡོད་པ་མ་ཡིན་པ་ལའོ། །འགོག་པ་ནི་འཇིག་རྟེན་ལ་དོན་གང་དག་ལ་གྲགས་པའི་ཚིག་རྣམས་སྲིད་པ་ཡིན་ན་དེ་དོན་དང་ལྡན་པ་ཉིད་ཡིན་གྱི་དོན་གཞན་དང་ལྡན་
པ་ནི་མ་ཡིན་པའོ། །མ་ཡིན་ཏེ་འདིར་གཞན་དུ་ཞེས་བྱ་བ་ནི་བྱེད་པ་གྲུབ་པའི་ཕྱིར་རོ། །དེར་བརྟག་པའི་རྒྱུ་མཚན་ཞེས་བྱ་བ་ནི་ཚད་མ་ཉིད་དོ། །ཡང་ན་འཇིག་རྟེན་སྨྲ་ཉིད་ལ། །རྗེས་དཔག་མེད་པ་བརྗོད་པ་ཅི། །ཞེས་བྱ་བ་དེ་ལ་ཡང་རྩ་བ་ནི་ཁྱད་པར་མེད་པའི་དོན་རྣམས་སྒྲའི་རུང་བ་ཉིད་ཁོ་ན་ཡིན་པར་བསྟན་པ་ནི། དེས་ནི་

རྒྱུ་མཚན་ཅན་སྒྲའི་ཞེས་བྱ་བའོ། །རུང་བ་ཉིད་ལ་སྒྲའི་བརྡ་ནི་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བའི་རྣམ་པར་རྟོག་པས་སྤྲུལ་པའོ། །སྐྱེས་བུ་རེ་ཞིང་བརྡའམ་བརྗོད་པ་རེ་རེ་ཉིད་ལའམ། འགྲོ་བའི་དང་པོར་བྱེད་པའམ། །གཅིག་པོ་སུ་ཡིས་ཅིག་ཅར་ཡིན། །ཞེས་བྱ་བ་ལ་སོགས་པས་ཡིན་ན། །ཇི་
ལྟར་གསལ་བར་བྱ་བ་ཡིན། །ཞེས་ཟེར་བ་ལ། དཔྱོད་པ་ལ་ཞེས་བྱ་བའོ། །དེ་ལས་ནི་དཔྱོད་པ་ལ་སོགས་པ་ལས་སོ། །གྲགས་པ་ནི་བརྡ་ལས་བྱུང་བའི་གནོད་པ་མི་རིགས་ཏེ། ཡོན་ཏན་དང་འཕེལ་བ་ཉིད་ལ་སོགས་པ་བཞིན་དུ་ནུས་པ་ཉིད་ཀྱི་ཕྱིར་རོ། །བརྡ་ལས་རུང་བ་ཉིད་ཀྱི་ཡུལ་ཅན་གྱི་རྟོགས་པ་ནི་
རྗེས་སུ་དཔག་པ་ཡིན་ལ། ཡོངས་སུ་བཤད་པ་པའི་ཡུལ་དུ་ཐ་དད་པར་བརྗོད་པ་གཞན་དུ་ངེས་པའི་ཡུལ་ཅན་ཡིན་པ་དེ་ཡང་འགྱུར་བར་སྲིད་པར་བསྟན་པ་ནི། དེས་ན་ཞེས་བྱ་བའོ། །སྔ་མ་བཞིན་ཞེས་བྱ་བ་ནི་རང་གི་ཚིག་དང་བསྟན་བཅོས་བཞིན་དུའོ། །གྲགས་པ་སྤོང་བ་ནི་དོན་དམ་པ་པ་མ་
ཡིན་ནོ་ཞེས་བྱ་བར་སྦྱར་རོ། །རང་གི་བསྟན་བཅོས་ཚད་མ་ཉིད་དུ་ཁས་བླངས་པ་ལ་དེས་གནོད་པ་དང་བརྡ་ལས་བྱུང་བའི་རུང་བ་ཉིད་ལ་གནོད་པར་གྲགས་པས་གནོད་པ་ཡིན་ནོ་ཞེས་བྱ་བའི་དགོངས་པ་ནི་ཐ་དད་པར་བྱེད་པ་པོ་ཡིན་གྱི་གཞན་མ་ཡིན་ཞེས་བྱ་བར་ཇི་ལྟར་རྟོགས་པ་ཡིན་ཞེས་ཟེར་
བ་ལ། གྲུབ་པ་ཐ་དད་ཅེས་བྱ་བ་སྟེ། རྗེས་སུ་དཔག་པ་སྨོས་པས་དེའི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །ཐ་དད་པར་བཤད་པའི་དགོས་པ་ཉིད་ཡིན་པར་ཤེས་པར་བྱེད་པ་ནི། དམ་བཅའ་བ་ཙམ་གྱིས་ཞེས་བྱ་བ་སྟེ། གཏན་ཚིགས་བརྗོད་པས་སོ། །བརྗོད་པ་ཙམ་གྱིས་རྗོད་བྱེད་དང་བརྗོད་བྱ་
དག་གམ་སྔ་མ་དང་། ཕྱི་མའི་བརྗོད་བྱ་དག་འགལ་བ་ཡིན་པའི་ཕྱིར་གནོད་པར་བྱེད་པའི་རྗེས་སུ་དཔག་པ་ཐུན་མོང་མ་ཡིན་པ་ཉིད་ཀྱིས་ཀྱང་དོན་ཐམས་ཅད་དུ་སྲིད་པ་ཉིད་ཡིན་ཏེ། འདོད་པ་ལས་བྱུང་བ་ཉིད་ཀྱིས་མི་གནོད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །ཐ་དད་པར་བྱེད་པར་ཡུལ་
གྱི་དབྱེ་བ་སྟོན་པ་ཡིན་ལ། གཏན་ཚིགས་དང་བཅས་པ་ཉིད་ཀྱིས་ནི་དེའི་ཁྱད་པར་རོ། །དེ་ཡང་ལྷག་པ་ལས་ཁྱད་པར་ཙམ་རྟོགས་པའི་ཕྱིར། དེ་ལྟ་མ་ཡིན་ཏེ་གལ་ཏེ་ཞེས་བྱ་བ་ནི་ཇི་ལྟར་ཡིན་ཞེས་བསམ་པར་བྱ་བའོ། །རྒྱས་པ་ལས་ཅིག་ཤོས་དགོས་པ་གང་གི་ཡིན་པའི་ཚིག་དེ་གང་

དག་གི་ཡིན་པ་དེ་དག་གོ། །རི་བོ་འབིགས་བྱེད་ཀྱི་ནང་ན་གནས་པ་ནི་དྲང་སྲོང་བྱ་ཌཱིའོ། །མི་བཟད་པ་ནི་མི་བཟད་པ་ཅན་ཉིད་དོ། །ཤར་བ་ནི་མཐོ་རིས་དང་བྱང་གྲོལ་གྱི་ལམ་ཆེས་ཆེ་བར་སོན་པའོ། །དེ་ཉིད་མཐོ་བའི་རི་བོ་ཡིན་ཏེ་ཐམས་ཅད་ལས་འཕགས་པའི་
ཕྱིར་རོ། །ལམ་གོལ་བ་ནི་དམན་པ་རྣམས་ཀྱི་ལམ་ཏེ་ལམ་ངན་པ་མ་ཡིན་པའོ། །ནུབ་པར་ནི་ནུབ་རི་ལ་སྟེ་ཉམས་པ་ནི་ནུབ་པའོ། །འོད་ཟེར་ནི་རྣམས་ཉིད་ཕྱག་སྟེ། དེས་འབྲས་བུ་མེད་པའི་རྩོམ་པ་ནི་ཤར་ལ་སོགས་པ་སྟེ་དེ་མི་སྲིད་པའོ། །ཡང་ན་ཨ་སྟེ་བྱ་སྟའི་སྒྲ་ནི་འཆོལ་བར་ཏེ། མ་བརྔས་པར་
རུལ་བའི་རྩྭ་ལྟ་བུའོ། །ཚིག་རྐང་བཞི་པ་འདི་ནི་རྒྱལ་བ་ཅན་གྱིས་སྦྱར་བ་ཡིན་ནོ། །ཇི་ལྟར་གྲགས་པ་ནི་སྒྲའི་ཡུལ་དུ་རུང་བའི་ཡུལ་ཅན་ནི་རང་གི་ཡུལ་བཀག་པར་བྱེད་པ་དེ་བཞིན་དུ་མངོན་སུམ་ཡང་གཞན་ལ་མ་ཡིན་པར་བསྟན་པ་ནི་མངོན་སུམ་གྱིས་ཞེས་བྱ་བའོ། །དུ་མའི་དངོས་ཉིད་དུ་ཞེས་བྱ་
བ་ནི་བརྗོད་བྱ་རྗོད་བྱེད་ཉིད་ཀྱི་སྤྱིའི་ཁྱད་པར་ལ་སོགས་པའི་ངོ་བོ་ཉིད་དུའོ། །གྲགས་པའི་ནི་རྟོག་པའི་ཡུལ་གྱིའོ། །མཉན་ལ་ཞེས་བྱ་བ་ནི་རྣ་བའི་ཤེས་པ་ལའོ། །ངོ་བོ་ཉིད་གང་ཞིག་ནི་བརྗོད་བྱ་རྗོད་བྱེད་ལ་སོགས་པ་གཉིས་དང་བྲལ་བ་དེའི་ངོ་བོར་སྣང་བ་ཉམས་སུ་མྱོང་བ་མེད་པའི་ཕྱིར་དེ་ལ་མངོན་སུམ་
གྱིས་གནོད་པ་ཡིན་ན་ཕྱོགས་མ་ཡིན་པ་ཉིད་ཅེས་བྱ་བ་རྗེས་སུ་འཇུག་པ་ཡིན་གྱི། རྗོད་བྱེད་མ་ཡིན་པ་ལ་སོགས་པ་གཞན་མ་ཡིན་ཏེ། དེ་ལ་མངོན་སུམ་ཉིད་མི་འཇུག་པས་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ། །དེ་ཉིད་སྤོང་ན་མངོན་སུམ་གྱིས་གནོད་འགྱུར་ཞེས་བྱ་བར་སྦྱར་བ་ཡིན་གྱི་འབྲེལ་པའི་ནི་
མ་ཡིན་ནོ། །རྣ་བའི་དབང་པོས་གཟུང་བར་བྱ་བ་ཉིད་ནི་སྒྲ་མཉན་པར་བྱ་བ་ཡིན་ལ། དེའི་འདི་ཡིན་པའམ་དེ་ལས་བྱུང་བ་ནི་སྣང་བ་ཡིན་པའི་ཕྱིར་མཉན་པར་བྱ་བ་ཡིན་ལ། དེ་མ་ཡིན་ཞེས་བྱ་བར་བསྒྲུབ་པར་བསྟན་པ་ནི། འོ་ན་ཅི་ཞེ་ན་ཞེས་བྱ་བའོ། །སྔོན་པོ་ནི་དེ་ལས་གཞན་པ་ལས་སྔོན་པོ་མ་
ཡིན་པ་ལས་བཞིན་དུ་ལོག་པ་ཉིད་མངོན་སུམ་པ་ཡིན་ཏེ། རྟོགས་པ་མ་རྟོགས་པར་ཞེས་བྱ་བ་ནི་མི་སྣང་བ་ཡང་ཞེས་བྱ་བའོ། །མཉན་པར་བྱ་བ་མ་ཡིན་པའི་དཔེ་འབའ་ཞིག་ལས་དོན་འདི་མ་ཡིན་གྱི་མདོ་ལས་ཀྱང་ཡིན་པར་བསྟན་པ་ནི། དེ་དོན་ཞེས་བྱ་བའོ། །དོན་བཤད་ཅེས་བྱ་བ་ནི་

མངོན་སུམ་དོན་ཞེས་བྱ་བ་ལའོ། །བརྗོད་པར་བྱ་བ་ཉིད་དང་སྤྱི་ལ་སོགས་པ་ཡང་མངོན་སུམ་གྱིས་མཐོང་བའི་ཡུལ་ལ་རྟོགས་པའི་གོ་བྱ་ནི་དངོས་པོ་ཁོ་ན་མ་ཡིན་ནམ་ཞེས་ཟེར་བ་ལ། ངོ་བོ་དེ་ཉིད་ཅེས་བྱ་བའོ། །དེ་ཉིད་དེ་དང་དེ་ལས་ལོག་པའི་རྒྱུ་མཚན་གྱི་རྟོག་པ་ནི་དེ་ཉིད་དྲན་པར་
བྱེད་པ་ཡིན་པར་བསྟན་པ་ནི་ལྷག་མ་ཞེས་བྱ་བའོ། །ལྡོག་པའི་ངོ་བོ་ཡིན་པ་ཉིད་ཡིན་པའི་ཕྱིར་དངོས་པོ་མ་ཡིན་པར་བསྟན་པ་ནི། སྤྱི་ནི་དངོས་མེད་ངོ་བོ་ཡིན། །ཞེས་བྱ་བའོ། །གཉིས་མེད་ཅེས་བྱ་བ་ལ་སོགས་པས་སོ་སོར་སྣང་བར་མ་ཡིན་པར་བསྟན་པས། རྟོག་པ་མེད་པར་རྟོགས་པས་
གཉིས་ཀྱི་བདག་ཉིད་ཀྱི་དངོས་པོ་ཡང་འཛིན་པ་མ་ཡིན་ན། རྟོག་པ་གཅིག་པུའི་གོ་བྱ་ལ་ནི་མངོན་སུམ་གྱིས་གནོད་པ་ཆེས་མ་ཡིན་པར་བསྟན་པ་ནི། དེས་ན་ཞེས་བྱ་བའོ། །གཉིས་མེད་ཅེས་བྱ་བ་ལ་སོགས་པའི་དོན་བསྟན་པ་ནི། རང་བཞིན་གཉིས་པ་ཞེས་བྱ་བ་ལ་སོགས་པའོ། །སྔོན་པོའི་
མཚན་ཉིད་མི་མཐུན་པ་ནི་སྔོན་པོ་ལ་ཡིན་པ་ལས་བཞིན་དུ་སྔོན་པོ་གཞན་ལས་ཀྱང་ཡིན་ན། དེ་རིགས་མཐུན་པ་དང་མི་མཐུན་པའི་རྣམ་པ་དེས་ན་ཇི་ལྟར་ཡིན་ཞེས་ཟེར་བ་ལ་གལ་ཏེ་ཞེས་བྱ་བའོ། །གཞན་དག་ལས་ལྡོག་པ་ནི་བ་ལང་མ་ཡིན་པ་ལས་སོ། །དེ་བཞིན་དུ་གཞན་དག་ལས་ཞེས་བྱ་
བ་ནི་ཁྲ་བོ་ལ་སོགས་པ་ལས་སོ། །གསལ་བ་ནི་སྤྱིས་རྣམ་པར་བྱེད་ཅིང་རྟོགས་པར་བྱེད་པ་ཡིན་ན། རྣམ་པར་བྱས་པ་དེས་ནི་སྤྱི་རྟོགས་པ་ཡིན་པའི་ཕྱིར་མི་རིགས་པར་བསྟན་པ་ནི་གསལ་བས་གསལ་བྱ་ཞེས་བྱ་བའོ། །རང་གི་ངོ་བོར་ཡོད་པའི་ཕྱིར། །ཞེས་བྱ་བ་ནི་གཞན་ལས་ལོག་པས་སོ། །
ཡོད་པ་མིན་པ་ནི་ཁྱབ་པས་སོ། །སྔ་མ་ལྡོག་པར་འགྱུར་བ་མ་ཡིན་པ་ནི་ཁྱབ་པ་ཅན་ནོ། །ངེས་པར་གཟུང་བ་ཉིད་ལས་ཞེས་བྱ་བ་ནི་ངེས་པར་གཟུང་བའི་སྣང་བ་ལས་སོ། །ངེས་པར་གཟུང་བའི་ཁྱད་པར་ལས་ངེས་པ་ཡིན་གྱི་དེའི་ངོ་བོ་ཉིད་ཀྱི་ནུས་པ་ལ་སོགས་པའི་སྤྱི་ནི་ཞེན་པར་བྱ་བ་ཡིན་ཏེ། གཞན་
མ་ཡིན་ནོ་ཞེས་ཟེར་བ་ལ། སྤྱི་ནི་ཞེས་བྱ་བའོ། །ཇི་ལྟར་གསལ་བ་ཡིན་ཞེས་བྱ་བ་ནི་མངོན་པར་གསལ་བ་སྟེ། སྤྱི་ནི་ཞེས་བྱ་བར་སྦྱར་རོ། །མི་འདྲ་བ་ཉིད་ཀྱིས་ཞེས་བྱ་བ་ནི་གསལ་བའི་ངོ་བོ་རྣམས་ཀྱིས་སོ། །རྟ་ངང་པ་ལ་སོགས་པ་ལ་ཅིའི་ཕྱིར་མ་ཡིན་ཞེས་བྱ་བ་ནི་སྤྱི་ངེས་པ་ཁོ་ན་ལ་ལྟོས་

པའོ། །ཇི་ལྟར་ནུས་པ་ཡོད་པ་ཡིན། །ཞེས་བྱ་བ་ནི་སྤྱི་དང་ཁྱད་པར་ལ་ཞེས་བྱ་བར་སྦྱར་རོ། །ཆང་མི་འཐུང་བ་ལ་སོགས་པ་ཆང་འཐུང་བ་ལ་སོགས་པ་མ་ཡིན་པ་སྟེ་སྐྱབས་ཡིན་ཞེས་བྱ་བར་སྦྱར་རོ། །རྣ་བའི་དབང་པོས་གཟུང་བ་མཉན་པར་བྱ་བ་ཡིན་ཞེས་བྱ་
བ་ལ་སོགས་པ་བསྒྲུབ་པར་བྱ་བ་ལ་ཡང་དེ་སྒྲུབ་བྱེད་ཀྱི་གནོད་པ་ཉིད་བརྗོད་པའི་ཕྱིར་ཐམས་ཅད་འཐད་པ་ཉིད་ཡིན་པར་བསྟན་པ་ནི་རྣམ་ཀུན་ཞེས་བྱ་བའོ། །དེ་ལ་ཕན་པའི་རྐྱེན་ནི་འབྲེལ་པ་ཉིད་བརྗོད་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། དེ་ལས་ཁྱད་པར་ཅན་ནོ། །དེ་ལ་སྟེ་དབང་པོ་ལ་བརྟེན་པའི་ཕྱིར་
གཉིས་སུ་མེད་པའི་ངོ་བོ་ཉིད་གྲུབ་པས་ནི་ཤེས་པས་སོ། །དེའི་སྟེ་སྒྲུབ་བྱེད་ཀྱི་སྟོབས་ཀྱིས་གནོད་པ་ཉིད་ཀྱི་ཕྱིར་བརྗོད་པར་རིགས་པ་ཡིན་པའི་ཕྱིར་རོ། །གཞན་གྱིས་ཏེ་རང་གི་མཚན་ཉིད་ལ་སོགས་པས་འདི་ཡང་དེའི་ངོ་བོ་བཞིན་དུ་བརྗོད་པར་མི་འགྱུར་རོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །གྲུབ་
པས་ཏེ་དོན་ལ་དེ་ལྟ་བུའི་ངོ་བོ་ཡིན་ན་དེ་ལ་སྟེ་དབང་པོའི་ཤེས་པ་ལ་བརྟེན་པའི་ཕྱིར་མ་ཡིན་ནོ་ཞེས་ཀྱང་བཤད་དོ། །གྲུབ་པས་ཞེས་བྱ་བ་ནི་ཚད་མས་སོ། །དེ་ལས་ཞེས་བྱ་བ་ནི། གནོད་བྱེད་ཉིད་ལ་བརྟེན་པའི་ཕྱིར། །ཞེས་བྱ་བ་ནི་འགྲེལ་པར་རོ། །ལྷག་མ་ནི་གོ་སླའོ། །སྒྲ་རང་གི་མཚན་ཉིད་ཀྱི་སྒྲ་
ཡང་རྗོད་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ནི་རང་གི་མཚན་ཉིད་དང་མཉན་པར་བྱ་བའི་སྒྲ་དག་ལ་ཁྱད་པར་མེད་པར་བརྗོད་པ་ནི་དགོས་པ་བྱས་པ་ལྟ་བུར་མ་ཡིན་པ་དེའི་ཕྱིར་བསམ་པར་བྱ་བ་མིན་ནོ། །རྗོད་བྱེད་ཀྱི་ངོ་བོ་མ་ཡིན་པ་ནི་ཉེ་བར་བརྗོད་པའི་ངོ་བོ་མ་ཡིན་པའོ། །ཡོད་པ་ཉིད་ཅེས་བྱ་བ་ནི་འཇི་བའི་གོང་
བུ་དང་གོང་བུ་དག་གི་གནས་སྐབས་ལའོ། །མི་གསལ་བ་ནི་མ་དམིགས་པ་ཡིན་ཏེ་སྣང་དུ་རུང་བ་མ་དམིགས་པའི་ཕྱིར་མེད་པའི་དེ་ཉིད་ཡིན་ལ་དེ་འདིས་མ་མཚོན་པ་དང་རྟག་པ་ཉིད་ལ་ཡང་ཐམས་ཅད་ཀྱི་ལུས་ལ་སོགས་པའི་ངོ་བོ་འཛིན་པ་དང་འགལ་བ་ཡིན་པར་བསྟན་པ་ནི། དེ་ལྟ་ཡིན་ན་
རྒྱུ་རྣམས་ནི། །ཞེས་བྱ་བའོ། །འབྲས་བུ་སྔ་ན་གྲུབ་པ་ཡོད་ན་ཡང་རྒྱུ་རྣམས་གསལ་བར་བྱེད་པ་ཉིད་ཡིན་ནོ་ཞེས་ཟེར་བ་ནི་གསལ་བར་བྱེད་དོ་ཞེ་ན་ཞེས་བྱ་བའོ། །མེད་པ་ཉིད་ལ་ནི་དེའི་དབང་ཡིན་པས་དེའི་འབྲས་བུ་ཡིན་ཏེ་དེ་ལས་སྐྱེས་པ་ཉིད་དེ་ཡིན་པར་བསྟན་པ་ནི་རྫ་མཁན་སོགས་

ཞེས་བྱའོ། །རྫ་མཁན་གྱི་བྱེད་པའི་དེ་མ་ཐག་ཏུ་སྣང་བ་ནི་འཇི་བའི་གོང་བུ་ལ་བར་དུ་མ་ཆོད་ཀྱང་མ་མཐོང་བ་ཡོད་པར་ཁས་ལེན་ན། བོང་བུའི་རྭ་ཡང་ཡོད་པར་འགྱུར་བར་བྱེད་པ་ཡིན་པར་བསྟན་པ་ནི་རྡུལ་ཕྲན་བརྒྱད་དག་ཏུ་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་སྔ་ན་མེད་པ་བྱུང་བ་ནའོ། །
མེད་པ་རི་བོང་གི་རྭ་ལ་སོགས་པ་རྒྱུ་མ་ཡིན་མོད་ཀྱང་། རི་བོང་གི་རྭའི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་ནི་མི་རིགས་པར་བསྟན་པ་ནི་དེ་དེ་ལ་ཡོད་ཅེས་བྱ་བ་སྟེ། རི་བོང་གི་རྭ་གསལ་བ་དེ་ལའོ། །འདི་ཞེས་བྱ་བ་ནི་གོང་བུའིའོ། དེ་སྐྱེད་མེད་པར་ཞེས་བྱ་བ་ནི་རྒོལ་བའོ། །མེད་འདོད་ལ་ཞེས་བྱ་བ་ལ་སོགས་པ་ནི་
ལན་ནོ། །དེ་ལྟ་མིན་ན་ཞེས་བྱ་བ་ནི་ཡོད་པ་མ་ཡིན་ནའོ། །དེ་ལ་ཞེས་བྱ་བ་ནི་ནུས་པ་ཅན་ཉིད་ལའོ། །དེ་ཞེས་བྱ་བ་ནི་བུམ་པ་ལའོ། །ཡོད་པར་ཞེས་བྱ་བ་ནི་འཇི་བའི་གོང་བུ་ལའོ། །དེ་ལས་ཞེས་བྱ་བ་ནི་སྐྱེ་བ་ལས་སོ། །དེ་ཡིན་ན་ནི་ཡོད་པ་དང་འབྲེལ་པ་མ་བཟུང་ན་ཇི་ལྟར་རྟོགས་པར་བྱེད། དོན་
གྱི་གོ་བ་ལས་ཀྱང་དེ་ལྟ་མ་ཡིན་པར་བསྟན་པ་ནི་ཡོད་པ་དང་ཞེས་བྱ་བའོ། །རྒྱུ་ཉིད་ལས་བཞིན་དུ་ཡོད་པ་ལས་ཀྱང་འབྲས་བུ་ལ་སྔ་ན་ཡོད་པར་ཁྱད་པར་མེད་པའི་ཕྱིར་ཞེས་བསྟན་པ་ནི་ཇི་ལྟར་ཞེས་བྱ་བའོ། །དེ་དང་འབྲེལ་པ་ལས་འབྲས་བུ་ཡིན་པའི་ཕྱིར་དང་། དེའི་འབྲས་བུ་ཡིན་པ་
ནི་འབྲས་གང་གང་ཞིག་ཅེས་བྱ་བའི་རིགས་པས་སོ། །གང་གི་འབྲས་བུ་འབྱུང་བར་འགྱུར་བ་ཡིན་པ་དེ་ཡོད་པ་སྔོན་དུ་འགྲོ་བ་ཅན་དེ་ཡིན་ནོ། །སྙམ་དུ་སེམས་པ་ནི་དེ་ཡོད་ཅེས་བྱ་བའོ། །འབྲས་བུ་དེ་དེ་ཉིད་ཀྱི་འབྲས་བུ་ཇི་ལྟར་ཡིན་རང་ཉིད་ཀྱིས་རང་ཉིད་འབྲས་བུ་མ་
ཡིན་ནོ་ཞེས་བྱ་བ་ནི་ལན་ནོ། །གཞན་བཞིན་ཞེས་བྱ་བ་ནི་འབྲས་བུ་ཡོད་པ་ལས་གཞན་པ་ནི་རྫ་མཁན་ལ་སོགས་པའོ། །ཅི་ལས་ཤེ་ན་ནུས་པ་ལས་ཞེས་བྱ་བའོ། །ནུས་པ་ནི་འབྲས་བུའི་ངོ་བོ་ཡིན་ཏེ་གཞན་གྱི་ངོ་བོ་ཉིད་ལ་འབྲས་བུར་ངེས་པའོ། །འབྲས་བུ་ཁོ་ན་ལ་ནུས་པ་ཉིད་དུ་སྐྱེ་བར་བྱེད་པ་
ཡིན་པར་བསྟན་པ་ནི་ཐ་དད་མེད་ན་ཞེས་བྱ་བའོ། །འབྲས་བུ་ཡོད་ན་དེ་སྐྱེད་པར་བྱེད་མ་ཡིན་ན་འོ་ན་ཅི་ཞེ་ན། གསལ་བ་ཡིན་པར་ཟེར་བ་ནི། །གལ་ཏེ་ནུས་ལ་ཞེས་བྱ་བའོ། །ནུས་ལས་ནི་འབྲས་བུའི་ངོ་བོ་ལས་སོ། །གཞན་ནམ་ཅི་ནི་གཞན་མ་ཡིན་པ་ཡིན་ལ། དེ་ཡང་བསྐྱེད་བྱ་མ་ཡིན་ཏེ།

ནུས་པ་ཉིད་བཞིན་དུ་སྔ་ན་ཉིད་ཡོད་པའི་ཕྱིར་རོ། །གལ་ཏེ་གཞན་ཡོད་ན་བསྐྱེད་བྱ་མ་ཡིན་ཏེ། ཡོད་པ་ཉིད་ཀྱི་ཕྱིར་རོ། །གསལ་བ་བློ་ཞེས་བྱ་བས་འདི་ཉིད་བཤད་པ་ཡིན་ནོ། །མྱོང་ཞེས་བྱ་བ་ནི་སེམས་པ་ཅན་ནོ། །དེས་ན་འབྲས་བུ་དང་འབྲེལ་པ་ཅན་ནི་བྱེད་པ་པོའི་
བྱེད་པ་པོ་གསལ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཉེ་བར་བསྡུ་བ་ཡིན་ཏེ། སྔ་མ་ཡོད་པ་ལ་ཚད་མ་མེད་པའི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ནི་མི་རྟག་པ་ཉིད་དུ་རྗེས་སུ་དཔག་པའོ། །རང་གི་བདག་ཉིད་ཀྱི་ཆོས་ཀྱི་ཆོས་ཅན་ཡིན་གྱི་གཞན་གྱིས་མ་ཡིན་པའི་ཕྱིར་ཤུགས་ཀྱིས་གྲུབ་ན་རང་གི་ཆོས་ཅན་ལ་
ཞེས་བྱ་བས་ཅི་ཞིག་བྱ་ཞེས་ཟེར་བ་ལ། ཀུན་དུ་ཞེས་བྱ་བའོ། །བསྟན་བཅོས་སུ་རིགས་པ་འདི་གྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་གྱིས་རྒོལ་བ་ཡིན་པའམ། འདི་ནི་གྲུབ་པའི་མཐའ་ཁོ་ན་ཡིན་ཏེ། ཆོས་གཞན་དང་ལྡན་པ་ཉིད་ཀྱིས་ཆོས་ཅན་བསལ་བའི་དོན་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འགྲེལ་
པར་རོ། །གྲུབ་པའི་ཉེ་བར་དགོད་པ་ཅིའི་ཕྱིར་ཡིན་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །དེ་ཞེས་བྱ་བ་ནི་སྒྲུབ་པར་འདོད་པའོ། །ཆོས་ཅན་གཞན་བསལ་བར་བྱ་བའི་ཆེད་དུ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན་ཆོས་ཅན་དེ་ཉིད་ཆོས་གཞན་གྱི་ཆོས་ཅན་གཞན་ཡིན་པའིའོ་ཞེས་བསྟན་པ་ནི་དེ་ལྟ་ན་ཡང་ཞེས་བྱ་བའོ། །
ཆོས་ཅན་གཞན་ཡང་ཆོས་ཅན་དེ་ཉིད་ཡིན་པས་གནོད་པ་མ་ཡིན་ནམ། ཇི་ལྟར་སྐྱོན་མིན་མེད་པ་ཡིན། །ཞེས་ཟེར་བ་ལ་གཞན་དུ་ཞེས་བྱ་བ་སྟེ། ཆོས་གཞན་དང་ཆོས་ཅན་ལ་གནོད་པ་ཡིན་ན། རང་གི་ཆོས་ཀྱིས་ཆོས་ཅན་ལ་གནོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བཀོད་ནས་ལན་འདེབས་
པ་ནི་དོན་འདི་ཞེས་བྱ་བ་སྟེ། རང་གི་ཆོས་བཞིན་དུ་ཆོས་ཅན་ཡང་བསལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བསལ་བས་དེ་ལ་བརྟེན་པ་ཡང་བསལ་བ་ཡིན་པར་བསྟན་པ་ནི། རྟེན་ནི་ཞེས་བྱ་བའོ། །ཆོས་ཅན་ལ་ཡང་གནོད་པའི་སྐྱོན་ནི་ཆོས་ཉིད་ལ་བརྒྱུད་པས་ཉེ་བར་གནོད་པ་ཡིན་གྱི་གཞན་དུ་ནི་
མ་ཡིན་ནོ་ཞེས་བསྟན་པའི་ཆེད་དུ་རང་གི་ཆོས་ཅན་སྨོས་པ་ཡིན་པར་བསྟན་པ་ནི་གཞན་དུ་ཞེས་བྱ་བ་སྟེ། རྟེན་པ་ལ་འགལ་བ་མེད་ཀྱང་ངོ་། །དེ་ལྟའི་རྣམ་ཅན་ཞེས་བྱ་བ་ནི་ཆོས་ཅན་ལ་བསྒྲུབ་བྱར་རོ། །ཆོས་ཅན་ཙམ་གྱི་གནོད་པ་ཡང་དེ་གནོད་ཉིད་ནི་ཆོས་ཅན་ལ་གནོད་པར་སེམས་པ་སྟེ།

ཆོས་ཙམ་གྱི་གནོད་པ་ནི་ཆོས་ལ་གནོད་པ་ནི་མི་བྱེད་ན་དེ་ལ་གནོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཁ་ཅིག་དག་གི་ལོག་པར་རྟོགས་པ་ཡིན་པར་བསྟན་པ་ནི། འགའ་ཞིག་ཆོས་ཅན་ཞེས་བྱ་བའོ། །དཔེར་ན་མཁའ་སོགས་ཞེས་བྱ་བའོ། །མེད་པར་དགག་པས་བསྒྲུབ་བྱ་སྒྲུབ་པ་ནི་དེ་
དང་འགལ་བས་ཆོས་ཅན་ལ་འགལ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་དངོས་པོ་མ་ཡིན་པ་ཉིད་ལ་བསྒྲུབ་བྱའམ་སྒྲུབ་བྱེད་ཀྱི་གནོད་པ་མ་ཡིན་ཏེ་བཀག་པ་ཙམ་ཡིན་པའི་ཕྱིར་རོ། །ཆོས་ཅན་མི་གནོད་ན་ཆོས་ཙམ་ལ་གནོད་པ་ཡིན་ཡང་བསྒྲུབ་བྱའི་ཆོས་ལ་སྐྱོན་འགའ་ཡང་མེད་པར་བསྟན་པ་
ནི། ཆོས་ཅན་འབའ་ཞིག་ལ་ཞེས་བྱ་བའོ། །བསྒྲུབ་བྱའི་ཆོས་ལས་གཞན་པའི་ཆོས་ཀྱི་ཆོས་ཅན་གནོད་པ་སྐྱོན་ཅན་མ་ཡིན་པར་བསྟན་པ་ནི། ཡང་ན་ཞེས་པ་བྱ་བའོ། །སྐབས་ཀྱི་མ་ཡིན་པ་ནི་མི་རྟག་པ་ཉིད་དོ། །ཇི་ལྟར་ཡན་ལག་ཅན་གཅིག་པོ་ཡན་ལག་དུ་མ་ལ་ཁྱབ་པ་དེ་བཞིན་དུ་ནམ་མཁའ་ཡང་
དངོས་པོ་དུ་མ་ལ་ཁྱབ་པ་ཅན་རྟག་པ་ཡིན་ནོ་སྙམ་དུ་སེམས་པ་ལ་སྣམ་བུ་ལ་སོགས་པ་ཞེས་བྱ་བའོ། །དྲངས་པ་ནི་མང་པོ་དག་གིས་ཕན་ཚུན་དུའོ། །རྩོམ་པར་མི་བྱེད་པའི་དྲངས་པ་ཡིན་ཡང་སོ་སོ་བར་འགྱུར་བ་མ་ཡིན་པར་བསྟན་པ་ནི། མགྲིན་པའི་སྦུབས་ཞེས་བྱ་བའོ། །གཞན་གྱི་ཞེས་
བྱ་བ་ནི་སངས་རྒྱས་པའིའོ། །ཆོས་ཅན་དང་ཆོས་ཀྱང་བསྒྲུབ་བྱ་ཡིན་གྱི་དེ་ལ་ཆོས་བཞིན་དུ་ཆོས་ཅན་ཙམ་ལ་གནོད་པ་ཡང་སྐྱོན་ཅན་ཁོ་ན་མ་ཡིན་ནམ་ཞེས་ཟེར་བ་ལ། འདིས་ནི་གཉི་ག་ཞེས་བྱ་བ་སྟེ། ཆོས་བཞིན་དུ་ཆོས་ཅན་ནི་ཤེས་པར་འདོད་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། དེ་ལ་དགོངས་པ་ཅན་
ཉིད་ཀྱིས་སོ། །གནོད་པ་ཡང་དེ་ལྟ་བུ་ཉིད་ཀྱིས་སྐྱོན་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་ཉིད་དུ་ཞེས་བྱ་བ་ནི་དེ་ལ་དགོངས་པ་ཉིད་ཀྱིས་སོ། །འབའ་ཞིག་ནི་དགོངས་པ་ཅན་མ་ཡིན་པའི་གནོན་པ་ནི་སྐྱོན་ཅན་མ་ཡིན་ནོ། །མ་ཡིན་ཏེ་ཞེས་བྱ་བ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ཟློག་པར་བྱེད་
པའོ། །སྒྲུབ་བྱེད་ཐམས་ཅད་ལ་ཆོས་ཅན་ཡང་བསྒྲུབ་བྱ་དང་རྗེས་སུ་མཐུན་པ་ཡིན་ལ། དེ་དང་འགལ་བ་ཅན་མ་ཡིན་པ་ཉིད་གྲུབ་པར་བསྟན་པ་ནི། གལ་ཏེ་ཆོས་ཅན་ཞེས་བྱ་བའོ། །གལ་ཏེ་ནམ་མཁའ་ལ་སོགས་པ་ལྷན་ཅིག་བྱེད་པ་རྣམས་ཀྱིས་སྒྲོ་བཏགས་པའི་ཁྱད་པར་དང་བྲལ་

ན་ནི་མེད་པར་གྲུབ་ཀྱང་སྐྱོན་མ་ཡིན་ན་བདེ་བ་ལ་སོགས་པ་ཡང་དེ་ལྟར་གྲུབ་ན་མེད་པར་འགྱུར་ཏེ། རྟག་པ་ཉིད་ཀྱི་ངོ་བོར་ཡོད་པ་གནོད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི་གལ་ཏེ་དེ་ལྟ་ན་ཞེས་བྱ་བའོ། །རྟག་པ་ཡོད་པ་མེད་ཀྱང་མི་རྟག་པ་ཡོད་པ་ལ་འགལ་བ་མེད་པའི་
ཕྱིར། དངོས་པོ་མེད་པ་ཉིད་དུ། ཅིག་ཅར་སྒྲ་སོགས་རྒྱུ་མིན་ཕྱིར། །ཞེས་བྱ་བ་ལྷག་མ་དང་ལྡན་པར་བསྟན་པ་ནི་གལ་ཏེ་འདི་ལ་ཞེས་བྱ་བ་སྟེ། ཅིག་ཅར་དུ་རྒྱུ་ཉིད་ཡིན་པ་དེས་ནི་མི་རྟག་པ་ཉིད་ཀྱི་ཕྱིར་ཡོད་པ་དང་འགལ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསྒྲུབ་བྱའི་ཆོས་ལ་གནོད་པར་བྱེད་པ་ཡང་ཆོས་ཅན་ལ་
གནོད་པ་ཅིའི་ཕྱིར་མ་ཡིན་ཞེས་ཟེར་བ་ལ། གང་ཕྱིར་རང་ཉིད་ཅེས་བྱ་བ་སྟེ། འདོད་པའི་ཆོས་དང་ཉེ་བ་ཡིན་པའི་ཕྱིར། །ཞེས་བྱ་བའི་དོན་ཏོ། །རང་ཉིད་ཅེས་བྱ་བ་ཉིད་ཀྱིས་གྲུབ་པ་ཡིན་ཡང་ཆོས་ཅན་ལ་དངོས་སུ་བྱེད་པ་ཐ་དད་པ་བྱེད་པ་ཡིན་པར་བསྟན་པ་ནི་རང་ཉིད་སྒྲ་ཡིས་ཞེས་བྱ་བའོ། །ཆོས་ཅན་
གཞན་གྱི་ལ་གནོད་པས་གནོད་པ་མ་ཡིན་པར་བསྟན་པ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་ཆོས་ཅན་གྱི་སྐྱོན་གྱིས་བསྒྲུབ་བྱའི་ཆོས་སྐྱོན་ཡིན་པའི་ཕྱིར་ཕྱོགས་ཀྱི་སྐྱོན་ཡིན་ནོ། །སྒྲུབ་བྱེད་ཀྱི་སྐྱོན་ཡང་དེ་ཉིད་ཡིན་པའི་ཕྱིར། དེའི་སྐྱོན་དུ་འགྱུར་བར་བསྟན་པ་ནི། སྒྲུབ་བྱེད་སྐྱོན་ནི་ཞེས་བྱ་བ་སྟེ་སྒྲུབ་
བྱེད་ཀྱི་སྒོ་ནས་སྐྱོན་རྣམས་དེའི་མཚན་ཉིད་ལས་གཞན་པའི་ཤེས་པར་བྱ་བ་ནི་འདིར་མ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །རྟེན་མ་གྲུབ་པ་ཉིད་ཕྱོགས་ཀྱི་སྐྱོན་མ་ཡིན་པར་བསྟན་པ་ནི། དེ་ལ་གནོད་པ་ཙམ་གྱིས་ཞེས་བྱ་བའོ། །རང་གི་ངོ་བོ་ཉིད་ཀྱིས་མ་ཡིན་ནོ་ཞེས་བྱ་བ་སེལ་བར་བྱེད་པ་བསྟན་པ་ནི། འདི་
ངེས་པ་ཡང་མ་ཡིན་ཏེ་ཞེས་བྱ་བའོ། །མ་གྲུབ་པོ་ཞེས་བྱ་བ་ལ་སོགས་པའི་དགོངས་པ་བསྟན་པ་ནི། གཞི་མ་གྲུབ་པས་ན་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་དམ་བཅའ་བ་ཙམ་གྱིས་ཞེས་བྱ་བར་སློབ་དཔོན་གྱིས་གསུངས་པར་བསྟན་པ་ནི་ཡན་ལག་ཕྱི་མ་ལ་ལྟོས་པའི་སྐྱོན་གང་ཡིན་པ་དེ་ངེས་ཏེ། ཡན་
ལག་ཕྱི་མའི་རྟེན་དུ་འབྲེལ་ཏོ་ཞེས་བྱ་བར་སྦྱར་རོ། །སྒྲ་མཉན་པར་བྱ་བ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ཆོས་ཀྱི་རང་གི་ངོ་བོ་ལས་བཟློག་པ་ལ་གནོད་པ་ལ་གནོད་པ་ཉིད་ནི། དེའི་ཁྱད་པར་དང་ཆོས་ཅན་གྱི་རང་གི་ངོ་བོ་དང་ཁྱབ་པར་བཟློག་པ་ལ་གནོད་པའི་ཉེ་བར་མཚོན་པ་ཡིན་ཏེ་དེ་ལ་མ་འཁྲུལ་

པའི་ཕྱིར་རོ་ཞེས་བྱ་བ་བསྟན་པ་ནི་འདིས་བསྒྲུབ་ཡན་ལག་ཅེས་བྱ་བའོ། །བསྒྲུབ་བྱའི་ཡན་ལག་ནི་བསྒྲུབ་བྱ་མེད་ན་མི་འབྱུང་བ་ཞེས་བྱ་བ་ནི་ཁ་ཅིག་གིའོ། །བསྒྲུབ་བྱའི་ཁོངས་སུ་གཏོགས་པ་ཡིན། །ཞེས་བྱ་བ་ནི་འགྲེལ་པ་མཛད་པ་པོའི་སྟེ། དེ་བསྟན་པ་ནི་བསྒྲུབ་བྱ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ་
ཞེས་བྱ་བའོ། །དེའི་ཆོས་ཅན་ཆོས་ཉིད་ཀྱི་རང་གི་ངོ་བོ་དང་འདྲ་བ་ནི་ཕྱོགས་ཙམ་སྟེ་ཆོས་ཀྱི་ཁྱད་པར་བརྗོད་པ་ཡིན་གྱི་གཞན་གྱི་ནི་མ་ཡིན་ཏེ། ཉེ་བར་མཚོན་པ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་ཁྱད་པར་གྱི་དཔེ་བསྟན་པ་ནི། རྫས་ཀྱི་མཚན་ཉིད་ཅན་ཏེ་བྱ་བ་དང་ལྡན་པ་དང་ཡོན་ཏན་དང་ལྡན་པ་དང་འདུ་བ་ཅན་གྱི་རྒྱུ་
ཞེས་བྱ་བའོ། །ལྕི་བ་ཉིད་ཀྱི་ཡོན་ཏན་གྱིས་དང་འོག་ཏུ་འགྲོ་བའི་བྱ་བའི་ཁྱད་པར་གྱིས་འདི་དག་གི་འདུ་བ་ཅན་གྱི་རྒྱུ་ཉིད་དང་ལྡན་པ་ནི་ཡན་ལག་རྣམས་ལས་གཞན་པ་སྣང་དུ་རུང་བ་ཡིན་ཞེས་བྱ་བ་ནི་ཁྱད་པར་རོ། །དེ་འདྲ་བའི་ཁྱད་པར་བྲལ་བ་གཞན་ཉིད་གྲུབ་ཀྱང་རྒོལ་བ་ལ་ཁྱད་ཅུང་ཟད་ཀྱང་མེད་པར་
བསྟན་པ་ནི། མ་མཐོང་ཁྱད་པར་ཅན་མིན་པ། །ཞེས་བྱ་བའོ། །དགོས་པ་ནི་གཞན་ཙམ་མ་ཡིན་གྱི་འདོད་པ་ཉིད་ཀྱི་ཕྱིར་དགོས་པ་ཡིན་ལ། མ་མཐོང་བ་རྣམས་ལ་སྟེ་རྡུལ་ཕྲ་རབ་འབྲས་བུ་མི་རྩོམ་པ་རྣམས་ལ་འབྲས་བུ་མེད་པར་མཐོང་ནས། མཐོང་བ་དང་འཛིན་པ་ལ་སོགས་པ་རྟག་ཏུ་ནུས་པ་དང་
ལྡན་པ་དེས་ན་བསྒྲུབ་བྱ་ཉིད་ཡིན་ནོ་ཞེས་བསྟན་པ་ནི་ཡན་ལག་ཅན་འདོད་དོ་ཞེས་བྱ་བའོ། །གཞན་གྱི་བ་ཙམ་ནི་ཕྱིར་རྒོལ་བ་ཡང་འདོད་པ་ཁོ་ན་ཡིན་ཏེ། བདེ་བ་ལ་སོགས་པ་ཀུན་རྫོབ་པ་ཡིན་པར་བསྟན་པ་ནི་ཁྱད་པར་ཅན་མིན་ཞེས་བྱ་བའོ། །བསྒྲུབ་བྱའི་ཆོས་ཁྱད་པར་བསྟན་ནས་དེའི་གནོད་པ་ལ་སྦྱོར་
བ་ནི་གལ་ཏེ། འདི་ལྕི་འོག་འགྲོ་འགྱུར་ཞེས་བྱ་བའི་བྱ་བ་དང་ལྡན་པ་དང་ཡོན་ཏན་དང་ལྡན་པ་དང་། འདུ་བ་ཅན་གྱི་རྒྱུ་ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་ཞེས་བྱ་བར་དམ་བཅའ་བ་ལ་ཡན་ལག་ཅན་ནི་ཡན་ལག་ལས་གཞན་མ་ཡིན་ཏེ། སྲང་མདའ་དམའ་བའི་ཁྱད་པར་མི་འཛིན་པའི་ཕྱིར་
ཞེས་བྱ་བ་སྟེ། གཞན་ཉིད་ཡིན་ན་ཡན་ལག་བཞིན་དུ་འདི་ཡང་ལྕི་བ་ཉིད་ལྷག་པ་དེའི་ཡོན་ཏན་གྱི་འབྲས་བུ་དང་། དེའི་འབྲས་བུ་དམའ་བ་ཡང་ཁྱད་པར་དུ་མི་འགྱུར་ཞིང་མཐོ་བ་ཡང་མ་ཡིན་པའི་ཕྱིར། ཆོས་གཞན་ཉིད་ཀྱི་ཁྱད་པར་ལས་བཟློག་པས་གནོད་པ་ཡིན་ནོ། །ཡན་ལག་ཅན་ནི་ཡན་

ལག་དག་ལས་གཞན་མ་ཡིན་ཏེ་ཞེས་བྱ་བས་ཆོས་ཅན་གྱི་རང་གི་ངོ་བོ་བསལ་བ་ཡིན་ཏེ། མངོན་སུམ་གྱི་ཡན་ལག་ཅན་ལས་གཞན་ཉིད་ཡིན་ན་ཡན་ལག་རྣམས་མངོན་སུམ་པ་མ་ཡིན་པར་འགྱུར་རོ། །རྫས་ནི་ཡོད་པ་མ་ཡིན་ཏེ། །ཞེས་བྱ་བ་ནི་ཡོད་ན་ཐ་དད་པར་འགྱུར་ལ་དེ་ལྟ་ན་
ཡང་ཁྱད་པར་མེད་པར་འགྱུར་རོ། །ཆོས་ཅན་གྱི་ཁྱད་པར་གསལ་བ་ནི་ཡན་ལག་ཅན་ནི་ཞེས་བྱ་བའོ། །དེ་བཤད་པ་ནི་གང་ཞིག་གང་གི་ཞེས་བྱ་བའོ། །ཡན་ལག་དག་གཞན་མ་ཡིན་པ་ཞེས་བྱ་བ་བཤད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ཡན་ལག་ཅན་ཞེས་བྱ་བ་ནི་ཡན་ལག་ཅན་ཐ་དད་པའི་ཕྱོགས་
ལ་སྲང་མདའ་དམའ་བའི་ཁྱད་པར་གཉི་གའི་མངོན་སུམ་ཉིད་དུ་ཁྱད་པར་མེད་པའི་ཁྱབ་བྱེད་རྣམས་ལ་མེད་པས་གནོད་པ་ཡིན་ནོ་ཞེས་བྱ་བའི་དོན་ནམ་ཡན་ལག་ཅན་གཞན་མ་ཡིན་པ་དང་ཡན་ལག་དག་གཞན་མ་ཡིན་ཡང་གཉི་ག་གཅིག་ཏུ་བྱས་ནས་ཆོས་ཀྱི་ཁྱད་པར་སེམས་པར་བྱེད་པས་སོ། །
རྫས་ནི་ཡོད་པ་མ་ཡིན་ཏེ། །ཞེས་བྱ་བ་ཆོས་ཅན་གྱི་རང་གི་ངོ་བོ་སེལ་བས་སོ་ཞེས་བྱ་བ་དཔེ་གཉིས་ནི་སྨྲ་བ་པོ་ཚད་མ་ཉིད་དུ་ཁས་བླངས་པས་དེས་བྱས་པའི་ངག་ཉིད་བདེ་བར་བརྗོད་པར་བྱ་བ་ཉིད་ལས་བཟློག་པ་དང་འགལ་བ་ཡིན་པར་བསྟན་པ་ནི་ངག་ཐམས་ཅད་ཀྱི་ཞེས་བྱ་བའོ། །བསྟན་ཏོ་ཞེས་བྱ་བས་
ཡན་ལག་ཅན་གཞན་མ་ཡིན་ནོ་ཞེས་བྱ་བ་སུན་འབྱིན་པའི་ཡུལ་གྱི་དམ་བཅའ་བའི་དོན་ཡིན་པར་བསྟན་ཏོ། །བློ་འཁྲུལ་པའི་རྣམ་པ་ཞེས་བྱ་བ་ཇི་ལྟར་ཡིན་ཞེ་ན་རྡུལ་ཕྲ་རབ་རྣམས་ཉིད་ཀྱི་རྣམ་པར་དབྱེ་བ་རྐྱང་པ་ལས་དམིགས་པའི་ཕྱིར་རོ་ཞེས་བསྟན་པ་ནི་ཧ་ཅང་རིང་པོ་ན་ཞེས་བྱ་བ་སྟེ། ཉེ་བའི་སྐྲ་ཤད་
སྣང་བ་ཉིད་བཞིན་དུ་ཐག་རིང་བ་ལ་ནི་མ་ཡིན་ཏེ། རྡུལ་ཕྲ་རབ་ཉིད་དུ་ཁྱད་པར་མེད་ལ་སྣང་བ་དང་མི་སྣང་བ་དག་ཏུ་རུང་བ་ཉིད་ལ་ཁྱད་པར་མེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྫས་ཀྱི་མཚན་ཉིད་དང་བྲལ་བའི་ཕྱིར་དང་ཆེན་པོ་ཉིད་ཀྱི་ཕྱིར་དང་། རྫས་དུ་མ་དང་ལྡན་པ་ཉིད་ཀྱི་ཕྱིར་དང་། ངོ་བོའི་ཁྱད་པར་དང་འདུ་
བ་ཡིན་པའི་ཕྱིར་རྫས་དམིགས་པ་མ་ཡིན་ནོ་ཞེས་བསྟན་པ་ནི་དེ་ཕྱིར་འབྲས་བུ་ཞེས་བྱ་བའོ། །འབྲས་བུ་ནི་ལྕི་བ་ཉིད་དོ། །བྱ་བ་ནི་བསྒྲིབས་པ་ལ་སོགས་པ་ཡིན་ནོ་ཞེས་བྱ་བ་ནི་གཞན་དག་གིའོ། །ངོ་བོ་ནི་རང་བཞིན་ནོ། །ཡན་ལག་བསྡུས་པ་ལས་གཞན་པ་ཤེས་པ་གཅིག་ལ་སྣང་བ་ཉམས་སུ་མྱོང་བའི་

ཕྱིར། ཡོན་ཏན་དང་བྱ་བ་དང་འབྲས་བུ་བསྟན་པ་ནི། ལྕི་བ་ཉིད་ཅེས་བྱ་བའོ། །ཕྲ་བ་ཉིད་དང་ཐག་རིང་བ་ཉིད་ཀྱིས་སྲན་མུད་ག་ལ་སོགས་པ་རྣམས་ལ་རྣམ་པར་དབྱེ་བ་དམིགས་པ་མ་ཡིན་པའི་རྡུལ་ཕྲ་རབ་རྣམས་ལ་ཤེས་པའི་སྣང་བ་སྟུག་པོ་གཅིག་ཡིན་གྱི་དོན་མ་ཡིན་པར་བསྟན་པ་ནི་སྣང་བ་ཙམ་ཉིད་
ཅེས་བྱ་བའོ། །སྲན་མུད་ག་ལ་སོགས་པར་སྣང་བ་ནི་ཐག་རིང་པོ་ལ་དེ་ལྟ་བུ་ནི་ཉེ་བ་ལ་མཐོང་བའི་ཕྱིར་སླུ་བ་ཡིན་གྱི་ཡན་ལག་ཅན་ནི་མ་ཡིན་ནོ། །དེའི་ཕྱིར་དེ་མཐོང་བ་ལས་དེའི་ལྕི་བ་ཉིད་ཉེ་བར་དཔོག་པ་ཡིན་ཏེ། མང་པོ་རྣམས་སུ་ཉུང་བ་ཉིད་ཉེ་བར་མ་མཚོན་པར་སྣང་བ་ཡིན་པར་བསྟན་པ་ནི་ཕྲ་མོ་ནས་ཞེས་
བྱ་བའོ། །འདའ་བ་ནི་རས་བལ་གྱིའོ། །རྡུལ་ཕྲ་རབ་ཉིད་ལས་དབྱེ་བ་གྲུབ་ན་མི་སླུ་བ་ཇི་ལྟར་ཡིན། རགས་པའི་ཤུགས་ཀྱིས་རྡུལ་ཕྲ་རབ་གྲུབ་པ་ཡང་མ་ཡིན་ཏེ། འདི་ཉིད་རྒྱས་པར་སྣང་བས་རྡུལ་ཕྲ་རབ་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །ཞེས་བྱ་བའི་དོན་བསྟན་པ་ནི། གལ་ཏེ་ཅི་ཉིད་མི་རྟོགས་ན། །ཞེས་བྱ་བའོ། །
དེ་རིག་པ་ནི་ཡན་ལག་ཅན་ཉིད་རིག་པའོ། །འདི་ཉིད་ལ་ཞེས་བྱ་བ་ནི་ལྕི་བ་ཉིད་ལ་སོགས་པ་རིག་པ་ཉིད་ལ་རེ་བ་ཡིན་ནོ། །གཞན་དུ་ན་ཡན་ལག་རྣམས་ཀྱིས་ཡན་ལག་ཅན་དེ་ཇི་ལྟར་བྱས་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེའི་ཞེས་བྱ་བ་ནི་གཞན་གྱིའོ། །སོ་སོར་ཞེས་བྱ་བ་ནི་གོང་བུ་གཉིས་ལ་སོགས་
པའི་རིམ་གྱིས་སོ། །གོང་བུ་གཉིས་ལ་སོགས་པའི་རིམ་པས་གོང་བུ་ལྔ་ཅིག་ཅར་སྦྱར་བས་གོང་བུ་ལྔ་པོ་རྣམས་ཀྱི་ནང་གི་ཡན་ལག་རྣམས་མེད་ན་སོ་སོར་བཅལ་བ་ནི་རིམ་གྱིས་སྦྱོར་བ་དང་། ཅིག་ཅར་སྦྱར་བ་ནི་ལྷན་ཅིག་པ་ཡིན་པའི་འདུ་བ་ཅན་རྒྱུ་ཡིན་པའི་ཕྱིར་མཐའི་ཡན་ལག་ཅན་གྱི་དུས་ན་ཡན་ལག་
ཅན་ཐམས་ཅད་ཞིག་པར་འདོད་པ་ནི་མ་ཡིན་ཏེ། ཕྲ་རབ་ཀྱི་བར་དུ་རྫས་ཀྱི་ཕྲེང་བར་ཁས་ལེན་པའི་ཕྱིར་རོ་ཞེས་བསྟན་པ་ནི་དེ་ལྟ་ཡིན་ན་ཞེས་བྱ་བའོ། །ལྷན་ཅིག་དང་རིམ་གྱིས་སྦྱར་བའི་རྡུལ་གྱི་ཕུང་པོ་ནི་རྫས་རྩོམ་པ་མ་ཡིན་ནོ། །དེ་ལྟ་བུའི་ཕྲད་པ་མེད་པའི་ཕྱིར་རོ་ཞེ་ན་རིམ་གྱིས་ཞེས་བྱ་བའོ། །རྡུལ་ཕྲ་རབ་
རྣམས་ཀྱང་འཇིག་པས་ཞེས་བྱ་བ་ནི་གཞན་གྱི་འདོད་པ་མ་ཡིན་པའོ། །རྡུལ་ཕྲ་རབ་མེད་དོ་ཞེས་བྱ་བ་ནི་ཁ་ཅིག་གི་སྟེ་སྤྱོད་པ་པ་རྣམས་ཀྱི་སྟེ། རྡུལ་ཕྲ་རབ་རྣམས་གདོན་མི་ཟ་བས་འདོད་པ་མ་ཡིན་ནོ་ཞེས་བྱ་བས་སོ། །གཅིག་གི་ངོ་བོ་གཞན་ལ་ཡོད་པ་མ་ཡིན་ཏེ་གཞན་དུ་རིག་པའི་ཕྱིར་རོ། །དེའི་ཕྱིར་རྡུལ་

ཕྲ་རབ་གཉིས་ཅན་གྱི་ཡང་ངོ་བོ་གང་ཡིན་པ་དེ་ནི་གཉི་གའི་ཐུན་མོང་བར་ཉམས་སུ་མྱོང་བ་མེད་པའོ། །ནམ་ཕྱེད་ལ་སོགས་པའི་རིམ་གྱིས་གཉིས་དང་གསུམ་དང་བཞིའི་གྲངས་ལ་སོགས་པ་ལྷན་ཅིག་བཞུས་པ་ནི་ཤིན་ཏུ་ཕྲད་པ་ཡིན་པའི་ཕྱིར་རྫས་སུ་རྩོམ་པ་ནི་ལྕི་བ་ལ་སོགས་པ་ཐ་དད་པར་
འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གྲངས་མཚུངས་པ་ནི་འདྲེས་པའི་དུས་ན་སྔ་མ་དང་སོ་སོ་བར་གྱུར་པས་སོ། །རས་བལ་གྱི་འདའ་བ་བཞག་པ་བཞིན་དུ་ཉེ་བར་མཚོན་པར་བྱ་བ་ཉིད་མ་ཡིན་པ་ནི་མངོན་སུམ་གྱིས་གནོད་པ་ཡིན་ཏེ། ཚོགས་པ་ལ་དེ་ཉེ་བར་མཚོན་པ་ཡོད་པའི་ཕྱིར་རོ་ཞེས་བསྟན་པ་ནི་གཅིག་
ཅེས་བྱ་བ་སྟེ་འདའ་བ་ཞེས་བྱ་བ་དང་སྦྱར་རོ། །གཅིག་བཞིན་དུ་ཡན་ལག་ཅན་གྱི་ལྕི་བ་ལ་སོགས་པ་ཐམས་ཅད་ཉེ་བར་མཚོན་པ་མ་ཡིན་ན་མཚུངས་པ་ཡིན་པའི་ཕྱིར་རྡུལ་ཕྲ་རབ་རྣམས་ཀྱི་ལྕི་བ་ཉིད་ཙམ་ལུས་པ་ཡིན་ནོ། །དེ་ལྟ་ན་ཡང་རྡུལ་དེའི་ཚོགས་ཉིད་རྫས་ཡིན་གྱི་གཞན་མ་ཡིན་པར་བསྟན་པ་ནི་
གལ་ཏེ་ཡུངས་ཀར་ནས་བརྩམས་ཏེ་ཞེས་བྱ་བའོ། །ཡུངས་ཀར་ནས་བརྩམས་ནས་ཞེས་བྱ་བ་ནི། གཉིས་པ་ཅན་ནས་བརྩམས་ནས་རྡུལ་ཕྲ་རབ་ལྕི་བ་ཉིད་ཁོ་ན་མཐའི་ཡན་ལག་ཅན་གྱི་གནས་སྐབས་ལ་ཡང་གཞལ་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་རིག་པ་བསྟན་པ་ནི། ཐ་མའི་ཞེས་བྱ་བ་སྟེ་རྒྱུ་དང་
འབྲས་བུར་གྱུར་པའི་ཡན་ལག་ཅན་དག་ཞིག་ན་ཡང་དེ་ཉིད་དེ་དག་གི་ལྕི་བ་ཉིད་དུ་མཐོང་ངོ་། །ཡང་ན་ཐ་མ་སྟེ་མཐའི་ཡན་ལག་ཅན་ཞིག་ཀྱང་ལྕི་བ་ཉིད་གང་ཡིན་པ་རྒྱུ་དང་འབྲས་བུར་གྱུར་པ་དེ་དག་གི་དེ་ཉིད་མཐོང་བའོ། །ཕྱིས་ཀྱང་ཞེས་བྱ་བ་ནི་ཡན་ལག་ཅན་ཞིག་པ་ཞེས་བྱ་བར་སྦྱར་རོ། །དེ་ཞེས་བྱ་བ་
ནི་འབྲས་བུའོ། །ལྕི་བ་ཉིད་ཉེ་བར་མ་མཚོན་ཀྱང་གཞལ་བར་བྱ་བའི་འདའ་བ་བཞིན་དུ་རྫས་ནི་ཡན་ལག་འདུས་པ་ལས་གཞན་པར་མཐོང་བ་མ་ཡིན་པར་བསྟན་པ་ནི། དོན་དེ་མཐོང་མེད་ཅེས་བྱ་བ་སྟེ། ཐག་རིང་བ་དང་ཉེ་བ་དང་ཉེ་བ་ལ་ཡང་ཡན་ལག་འདུས་པ་གཅིག་པོ་ཤེས་པ་ལ་སྣང་བ་ཡིན་ཏེ། དེའི་བྱེད་པ་
ལ་ཐ་མི་དད་པའི་གཅིག་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་འབྲས་བུ་ཞེས་བྱ་བ་ནི་ཡན་ལག་འདུས་པ་ལས་བྱུང་བའི་བསྒྲིབས་པ་ལ་སོགས་པའོ། །ཡན་ལག་གི་གཟུགས་ལ་སོགས་པ་ལས་ཡན་ལག་ཅན་གྱི་གཟུགས་ལ་སོགས་པ་དེ་དང་ལྡན་པ་ཡིན་གྱི་ཡན་ལག་ཅན་ལྕི་བ་ཉིད་དུ་

ཉེ་བར་མ་མཚོན་ཀྱང་སྣང་བ་ཁོ་ན་མ་ཡིན་ནམ་ཞེས་ཟེར་བ་ལ། ལྕི་བ་ཉིད་ཅེས་བྱ་བའོ། །ཐམས་ཅད་ཀྱང་དེ་ཡིན་ལ་དེའི་ཡོན་ཏན་ཡང་ཡིན་པ་དེ་རྟོགས་པ་མེད་པའི་ཕྱིར་རོ། །ནམ་ཕྱེད་ལ་སོགས་པའི་ཡན་ལག་ཅན་ནི་ཡན་ལག་རྣམས་ལས་ལྷག་པ་མ་ཡིན་ཏེ། སྲང་མདའ་དམའ་བའི་ཁྱད་པར་མི་འཛིན་པའི་
ཕྱིར་ཞེས་བྱ་བ་དེའི་འབྲས་བུ་ཐམས་ཅད་ཡོན་ཏན་ལ་སོགས་པ་ལྷག་པ་མེད་པ་ཉེ་བར་མཚོན་པའི་དོན་དུའོ་ཞེས་བསྟན་པ་ནི་དམའ་བའི་མིན་ཞེས་བྱ་བའོ། །དེའི་ཡོན་ཏན་ཐམས་ཅད་མེད་པ་ཅི་ལས་ཡིན་ཞེས་ཟེར་བ་ལ། ཇི་བཞིན་རང་གི་ཞེས་བྱ་བའོ། །མ་རྟོགས་པ་ནི་མ་དམིགས་པའོ། །འདི་ཡང་ཞེས་
བྱ་བ་ནི་ཡན་ལག་རྣམས་ལས་ཡན་ལག་ཅན་གཞན་ཡིན་པའོ། །ཆོས་ཀྱི་ཁྱད་པར་བསལ་བ་བཞིན་དུ་ཆོས་ཅན་གྱི་རང་གི་ངོ་བོ་དང་ཁྱད་པར་བསལ་བ་ཡང་ཇི་ལྟར་ཡོད་པ་ཁས་ལེན་པ་དང་། རང་གི་ཚིག་ལ་སོགས་པས་གནོད་པར་བརྗོད་པར་བྱ་བ་ཡིན་པར་བསྟན་པ་ནི་ཁས་བླངས་ཞེས་བྱ་བའོ། །ཕྱོགས་
ཀྱིས་ནི་ཞེས་བྱ་བས་ནི་ཆོས་ཀྱི་ཁྱད་པར་སེལ་བར་བྱེད་པའི་ཕྱོགས་ཀྱིས་སོ། །ངོ་བོ་ལ་གནོད་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་རང་གི་ངོ་བོའི་ཁྱད་པར་ལ་སོགས་པ་ལ་གནོད་པ་བཞིན་དུའོ། །བསྒྲུབ་བྱ་དང་ཁྱད་པར་མེད་པ་ནི་བསྒྲུབ་བྱ་ཡིན་པའི་ཕྱིར་བསྒྲུབ་བྱ་དང་མཚུངས་པ་ཡིན་པ་བཞིན་དུ་བསྒྲུབ་བྱ་
ཡིན་ཞེས་བྱ་བ་ནི་གྲུབ་པ་བསལ་བའི་དོན་དུའོ། །དེའི་ཕྱིར་གཏན་ཚིགས་ལ་སོགས་པ་མ་གྲུབ་པའི་ཚིག་དམ་བཅའ་བ་ཡིན་ཏེ། འདོད་པའི་ཁྱད་པར་མེད་ནའོ་ཞེས་བསྟན་པ་ནི་བྱ་བ་དུས་གསུམ་ཞེས་བྱ་བའོ། །ད་ལྟར་བ་ཁོ་ནར་ཅིའི་ཕྱིར་མི་བརྗོད་ཅེས་བྱ་བ་ལ་འགྲེལ་པ་ནི། དེ་ལྟ་བུའི་བདག་ཉིད་མ་ཡིན་
ཞེས་བྱ་བ་ནི་སྒྲུབ་བྱེད་ཀྱི་བདག་ཉིད་མ་ཡིན་པའོ། །རྟག་པ་ལུས་ཅན་མ་ཡིན་པའི་ཕྱིར་བློ་བཞིན་དུ་དང་། མིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་དེ་བཞིན་དུ་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པ་ནི། ཉེ་བར་དགོད་པ་སྟེ་དེ་དེའི་ཚེ་མི་འདོད་ན་ཡང་བསྒྲུབ་བྱར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །གོ་བར་བྱེད་པའི་
དབང་དུ་བྱས་པ་ནི་མ་གྲུབ་པའི་གཏན་ཚིགས་ལ་སོགས་པ་སེལ་བར་བྱེད་པ་མ་ཡིན་ཏེ། བྱེད་པ་པོ་ལ་ལྟོས་པས་བསྒྲུབ་བྱ་བསལ་བར་བྱ་བའི་ཆེད་དུ་ཡིན་ནོ་ཞེས་བསྟན་པ་ནི་ཤེས་པར་བྱེད་པའི་ཞེས་བྱ་བའོ། །ལ་བརྟེན་མིན་ཞེས་བྱ་བ་ནི་མ་གྲུབ་པའི་གཏན་ཚིགས་ལ་སོགས་པ་ལས་གཞན་པའོ། །

གཞན་དུ་ནི་ཞེས་བྱ་བ་ནི་ཤེས་པར་བྱེད་པའི་གནས་སྐབས་མ་ཡིན་ནའོ། །འདོད་པའི་ཞེས་བྱ་བའི་འདོད་པའི་རྐྱེན་བཞིན་དུ་ལས་ལ་སོགས་པ་མི་འདོད་པ་རྣམ་པར་གཅོད་པ་ཡིན་པར་བསྟན་པ་ནི་ཐམས་ཅད་ཅེས་བྱ་བ་སྟེ། ཤེས་པར་འདོད་པའི་བྱེ་བྲག་གི་ཆོས་ཅན་ལ་སྒྲུབ་བྱེད་ཁོ་ན་ངག་
གིས་བསྒྲུབ་པར་བྱ་བ་ཡིན་གྱི་སྒྲུབ་པར་བྱེད་པ་ཅིག་ཤོས་ཉིད་ཀྱིས་འདོད་པ་གྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསྒྲུབ་བྱའི་ངོ་བོ་བརྗོད་པ་ཉིད་ཀྱིས་གྲུབ་པའི་ངོ་བོ་བཀག་པ་ཡིན་ནོ་ཞེས་བྱ་བ་ཡང་མི་རིགས་ཏེ། མཚན་ཉིད་ལས་སྔར་ཡོད་པ་མི་འགྲུབ་པའི་ཕྱིར་རོ་ཞེས་ཟེར་བ་ལ། སྔར་མ་གྲུབ་པའི་ཞེས་བྱ་
བའོ། །དེ་ལ་མ་རྟོགས་པ་ནི་མཚན་ཉིད་ལ་མ་རྟོགས་པའོ། །བསྒྲུབ་པའི་ཡུལ་ཉིད་ཀྱང་མ་གྲུབ་པ་ཙམ་ལས་བྱུང་བ་དང་། དེ་བཞིན་དུ་དེ་ལ་འོང་བ་ཉིད་དང་དེ་ལྟར་འདོད་པ་ཉིད་དང་། དེའི་ཕུག་ཉིད་བརྗོད་པར་འདོད་པ་མ་ཡིན་ནོ། །ཁྱད་པར་དུ་འཕགས་པའི་ཞེས་བྱ་བ་ནི་འཇིག་རྟེན་ལས་ཁྱད་པར་མེད་ཀྱང་དེ་ལྟར་
བརྗོད་པའི་ཕྱིར་རོ། །མདོའི་རྣམ་པར་དབྱེ་བ་ནི་བྱེད་པ་པོར་འདོད་པ་དང་འདོད་ཕུག་ཀྱང་ཡིན་པ་ལ་འདོད་པ་སྔ་མ་ལ་ནི་ཁྱད་པར་དུ་འཕགས་པའི་དོན་མེད་དོ། །སྤོང་བའི་ཕྱིར་རོ་ཞེས་བྱ་བ་ནི་བྱེད་པ་པོ་རྣམས་ཀྱི་བྱ་བ་ལ་ཁྱད་པར་འཕགས་པ་མེད་པའི་ཕྱིར་རོ། །ཆོས་བསྒྲུབ་བྱ་བ་ན་ཞེས་བྱ་བའོ། །དོན་མེད་
འགྱུར་ཞེས་བྱ་བ་ནི་ཆོས་ཅན་གྲུབ་པའི་ཕྱིར་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་གཏན་ཚིགས་མ་ཡིན་ནོ། །ཕྱི་མའི་ཡན་ལག་ལ་ལྟོས་ནས་ཐ་དད་པར་གྲུབ་པ་འབའ་ཞིག་མ་ཡིན་གྱི་འགལ་བ་ཡང་ཡིན་པར་བསྟན་པ་ནི་ཚོགས་པ་ཞེས་བྱ་བའོ། །ཕན་ཚུན་ཞེས་བྱ་བ་ནི་ཚོགས་པ་ལའོ། །ངག་གི་དབྱེ་བས་དཔེ་
ལ་ཆོས་ཅན་དང་གཏན་ཚིགས་ལ་ཆོས་སོ། །ཉེ་བར་བཏགས་ནས་བསྒྲུབ་བྱ་ཡིན་པར་བསྟན་པ་ནི་མི་སྲིད་ཕྱིར་ན་ཞེས་བྱ་བའོ། །ཚོགས་པའི་མཚན་ཉིད་མེད་ན་རང་ཉིད་ཀྱིས་ངན་པར་བྱས་པ་སྤངས་པས་རྟོགས་པ་ཉིད་ཁོ་ན་ཅིའི་ཕྱིར་མ་ཡིན་ཞེས་བསྟན་པ་ནི་བསྟན་བཅོས་ཅི་བྱ་ཞེས་བྱ་བའོ། །བསྟན་བཅོས་
བྱེད་པ་ཉིད་ནི་ཉེ་བར་བཏགས་པ་སྨྲ་བ་མ་ཡིན་ཏེ། དགོས་པ་མེད་པའི་ཕྱིར་དང་། བཏགས་པ་པ་མ་ཡིན་པ་ཡོད་པའི་ཕྱིར་ཏེ། དེ་ལྟར་རྟོགས་པར་གྱིས་ཞེས་བྱ་བ་ཡང་ཐལ་ཆེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡན་ལག་ལ་སྤྱི་ཉེ་བར་བཏགས་པའི་ཕྱིར་རོ་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའི་ཚོགས་

པའི་ཆོས་ཅན་གྱི་ཕྱོགས་ཡིན་ནོ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཉེ་བར་བཏགས་ཏེ། རས་ཡུག་ཆེན་འཐག་གོ་ཞེས་བྱ་བ་ལྟ་བུའོ། །དེའི་ཆ་ཞེས་བྱ་བའི་བཤད་པ་ནི་དེའི་ཆོས་ཞེས་བྱ་བའོ། །ཆོས་ཅན་ཅིའི་ཕྱིར་མ་ཡིན་ཞེ་ན། སྨྲ་བ་པོའི་བསམ་པའི་དབང་གིས་ཞེས་བྱ་བ་སྨོས་ཏེ། སྨྲ་བ་པོའི་སྒྲའམ་བརྡ་
བྱེད་པ་པོའི་འདས་པའི་རྒན་པོ་རྣམས་ཀྱི་ཡིན་གྱི་ད་ལྟར་བ་ནི་མ་ཡིན་ཏེ། དེའི་ནུས་པས་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ཅི་ཞིག་བཟློག་པར་བྱ་བ་ཡིན་ཞེས་ཟེར་བ་ལ། དེའི་ཕྱོགས་གཅིག་ནི་ཞེས་བྱ་བ་སྟེ། ཕྱོགས་གཅིག་ནི་སྒྲའི་ནུས་པའི་ངེས་པས་ཆོས་ཅན་ཡིན་ནོ། །ཅི་ལས་ཤེ་ན་ཕྱོགས་ཀྱི་སྒྲ་སྤྱི་
བརྗོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ཆོས་ཅན་གྱི་ཁྱད་པར་ཙམ་བརྗོད་པའི་ཕྱིར་རོ། །འདི་ཉིད་བཤད་པ་ནི་ཕྱོགས་ཀྱི་སྒྲས་ནི་ཞེས་བྱ་བ་སྟེ། རྗེས་སུ་དཔག་པར་བྱ་བ་ནི་འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ནོ་ཞེས་བསྟན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྔར་
ངེས་པར་གཟུང་བར་འགྱུར་རམ་ཞེས་བྱ་བ་ནི་སྔར་བསྒྲུབ་པ་རྗེས་སུ་བརྗོད་པའོ། །དེ་ཞེས་བྱ་བ་ནི་གཞན་ཡིན་ནོ། །དེ་ལྟ་ན་གཞན་མ་ཡིན་ནོ་ཞེས་བྱ་བ་སྟེ། གཞན་དགག་པ་ཡིན་ལ་གཞན་ངེས་པར་གཟུང་བ་དེའི་སྒྲུབ་པ་ནི་དེ་ལས་གཞན་པ་བསྡུ་བའོ། །དེ་ནི་འདིའི་ངེས་པར་གཟུང་བ་མ་ཡིན་གྱི་དེའི་
ཚིག་ལ་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་བསྒྲུབ་པར་བྱ་བ་ཉིད་ཅེས་བྱ་བའོ། །འཕངས་པ་ཉིད་ཀྱིས་ཡིན་པར་བསྟན་པ་ནི་སྒྲུབ་བྱེད་བསྟན་པའི་ཞེས་བྱ་བའོ། །དོན་དེ་ཞེས་བྱ་བ་ནི་མ་གྲུབ་པའོ། །མེད་པ་གཙོ་བོའི་བསྒྲུབ་བྱའི་ཚིག་བསྒྲུབ་པ་ལ་ཡང་བསྟན་པ་ནི་གཏན་ཚིགས་སོགས་ཞེས་
བྱ་བའོ། །འདིའི་འབྲས་བུ་ནི་གཏན་ཚིགས་པ་ལ་སོགས་པར་དམ་འཆའ་བ་སྟེ། འདི་ཡང་གཏན་ཚིགས་ཀྱི་དཔེའི་མཚན་ཉིད་ཁོ་ན་ལ་ཉིད་ཅེས་བྱ་བའི་ཡི་གེ་ལས་ཁྱབ་པ་གྲུབ་པ་ནི་འགལ་བ་ཡིན་པས་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །དེར་ཞེས་བྱ་བ་ནི་མ་གྲུབ་པ་བསྒྲུབ་པའི་སྒྲུབ་བྱེད་ལ་
སོགས་པ་སྟེ། གྲུབ་པ་བཞིན་དུ་སྒྲུབ་པར་བྱེད་པ་དོན་མེད་པ་ཡིན་ཏེ། སྒྲུབ་པར་བྱེད་པའི་ཉིད་ཁོ་ནས་ཞེས་བྱ་བའི་སྒྲའི་བྱེད་པ་ཉིད་ལས་སྒྲུབ་བྱེད་དུ་བརྗོད་པ་སེལ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྔར་ངེས་བཟུང་བས་ཞེས་བྱ་བ་བསྒྲུབ་བྱ་བསྟན་པ་ཉིད་ཅེས་བྱ་བ་ནི་བཤད་པའོ། །གང་

གི་ཕྱིར་དོན་མེད་པ་དེའི་ཕྱིར་ཁྱབ་པ་འབྲས་བུ་ཅན་དམ་བཅའ་བ་ཉིད་ཡིན་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ལ་སོགས་པ་སྡུད་པར་བྱེད་པ་ནི་ཤུགས་ཀྱིས་གནས་པའོ། །སྒྲུབ་པར་བྱེད་པ་དོགས་པའང་མེད། །ཅེས་བྱ་བ་དང་། དེ་ལྟ་ནའང་དཔེ་ནི་མ་གྲུབ་པ། །ཞེས་བྱ་བ་དང་འགལ་
བ་མ་ཡིན་ནམ་ཞེས་ཟེར་བ་ནི། གལ་ཏེ་རང་ཉིད་ཀྱིས་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་སྔར་ངེས་པར་བཟུང་བ་ལ་དོན་མེད་པའི་ཕྱིར་རོ། །བསལ་བ་ཞེས་བྱ་བ་ནི། དེ་ལྟའང་དཔེ་ནི་མ་གྲུབ་ལ། །ཞེས་བྱ་བའོ། །འགལ་བ་ཉིད་ནི་སྒྲུབ་བྱེད་དོ། །འདོད་པ་དང་འབྲེལ་པ་མེད་པ་ནི་བསྒྲུབ་བྱ་དང་ངོ་། །ཕན་
མེད་ནི་འགལ་བ་ཉིད་དོ། །ལྷན་ཅིག་གནས་པ་མིན་ཞེས་བྱ་བ་ནི་མ་གྲུབ་པའོ། །ཅི་སྟེ་ཞེས་བྱ་བ་ནི་ཐམས་ཅད་མི་རྟག་པ་ཉིད་ཀྱིས་སོ། །སྒྲ་ལ་ཞེས་བྱ་བ་ནི་བསྒྲུབ་བྱའི་ཆོས་ཅན་ཉིད་ལ་མི་རྟག་པ་ཉིད་ཀྱིས་གཏན་ཚིགས་དང་བཅས་པ་ཡིན་ན། དེ་ལྟར་དེ་ཐམས་ཅད་མི་རྟག་པའི་ཕྱིར་ཞེས་རྗོད་པར་
བྱེད་ན་མཐུན་པའི་ཕྱོགས་ཉིད་དུ་འགལ་བས་སེལ་བར་མི་འགྱུར་རོ་ཞེས་བྱ་བ་ནི་ཁ་ཅིག་གིའོ། །ཐམས་ཅད་མི་རྟག་པའི་ཕྱིར་ཞེས་བྱ་བས་དེ་ནི་དེ་ལྟར་བཟློག་པར་འགྱུར་ཏེ། གལ་ཏེ་སྒྲ་ཉིད་མི་རྟག་པ་ཉིད་ཡིན་པ་དེས་ནི་གཏན་ཚིགས་དང་ལྡན་པ་ཉིད་དུ་རྗོད་པར་བྱེད་ན་ཞེས་བྱ་བ་ནི་རྒྱལ་བ་ཅན་
གྱིའོ། །གལ་ཏེ་མི་རྟག་པ་ཉིད་དང་། དེའི་གཏན་ཚིགས་ཉིད་ཀྱང་སྒྲར་མི་བརྗོད་ན་ཅི་ཞིག་རྗོད་པར་བྱེད་ཅེས་ཟེར་བ་ལ་འདི་ལ་དཔེ་ཞེས་བྱ་བའོ། །དཔེ་བསྟན་པ་ཡང་མཐུན་པའི་ཕྱོགས་ཉིད་ཀྱིས་བསྟན་པ་ནི་ཁྱད་པར་ལས་ནི་གཞན་བརྗོད་ནས་ཞེས་བྱ་བ་སྟེ་གཞན་ཞེས་བྱ་བ་ནི་འགལ་བ་
ཡིན་ནོ་ཞེས་བྱ་བ་ནི་ཁ་ཅིག་གིའོ། །འགྲེལ་པར་ནི་ཁྱད་པར་ཡིན་ཞེས་བཤད་དེ། །ཞེས་བྱ་བ་ནི་འགལ་བའོ། །སྤྱིས་ཁྱབ་པ་ནི་མ་ཡིན་ཏེ་འདི་ཉིད་ཀྱིས་གནོད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་མི་མཐུན་པ་ཉིད་ཅན་ནོ། །གནོད་པར་འདོད་པ་ཡང་རང་གི་ཚིག་ཕམ་པ་འབའ་ཞིག་གི་འབྲས་བུ་ཅན་ཡིན་
པར་བསྟན་པ་ནི་འབྲས་བུའང་ཞེས་བྱ་བའོ། །སྤྱི་དང་ཁྱད་པར་གྱི་ཚིག་ནི། །སྤྱིར་བཏང་བ་དང་དམིགས་ཀྱིས་བསལ་བའི་བདག་ཉིད་དུ་སྨྲ་བ་པོ་ཉེ་བར་མཚོན་པ་ཡིན་པར་བསྟན་པ་ནི། ཐམས་ཅད་ཉིད་ཅེས་བྱ་བའོ། །ཉེ་བར་མཚོན་པ་ཉིད་ལ་རྨོངས་པ་མ་ཡིན་པར་བསྟན་པ་ནི་དེ་ལྟ་

བུ་ནི་འགའ་ཡང་ཞེས་བྱ་བའོ། །དེ་ཉིད་ལ་ཞེས་བྱ་བ་ནི་མི་རྟག་པ་ཉིད་དུ་བསྒྲུབས་ནས་རྟག་པ་ཉིད་དུ་སྒྲུབ་པར་བྱེད་པའོ། །གང་ལ་ཞེས་བྱ་བ་ནི་སྨྲ་བ་པོ་དང་ཉན་པ་པོ་ལའོ། །ཇི་ལྟར་རུང་བ་ཞེས་བྱ་བ་ནི་འགལ་བ་ཉེ་བར་མཚོན་པའམ་ཅིག་ཤོས་ནི་ཁྱད་པར་དང་འགལ་བ་ཡིན་གྱི་སྤྱི་ནི་མ་ཡིན་ནོ། །
གསུངས་པ་ནི་གནོད་པར་བྱེད་པ་སྟེ་སློབ་དཔོན་ཕྱོགས་ཀྱི་གླང་པོས་དེའི་ཕྱིར་སྒྲ་ལ་གནས་པའི་ཞེས་བྱ་བ་ལ་སོགས་པ་བསྟན་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །གཞན་ལ་ཞེས་བྱ་བ་ནི་འགལ་བ་ལའོ། །བསྟན་པ་ནི་སྒྲུབ་བྱེད་དོ། །སྒྲུབ་བྱེད་ཉེ་བར་བཀོད་པས་བསྒྲུབ་བྱ་སེལ་བ་མ་ཡིན་པ་ནི་སུན་ཕྱུང་བའོ། །ཐམས་
ཅད་ཀྱི་མི་རྟག་པ་ཉིད་ནི་སྒྲ་ལ་གནས་པ་ཡིན་ཏེ། དེ་ལས་བཟློག་པ་ཐམས་ཅད་མ་ཡིན་པ་ཉིད་དུ་རྟོགས་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ་ཡུལ་གཞན་ལ་ཞེས་བྱ་བའོ། །ཐམས་ཅད་ཉིད་ནི་གཞན་ལ་ཏེ་མི་རྟག་པ་ཉིད་ལའོ། །གཞན་དུ་ཞེས་བྱ་བ་ནི་ཐམས་ཅད་མ་ཡིན་པ་ཉིད་དོ། །རྗོད་པ་ནི་སྒྲའི་འོ། །
སྒྲ་ལ་ཐམས་ཅད་མ་ཡིན་པ་ཐམས་ཅད་ཉིད་དང་འགལ་བར་བརྗོད་ན་སྒྲ་ནི་ཐམས་ཅད་ལས་གཞན་པ་ཉིད་དུ་སྨྲས་པ་ཡིན་ནོ། །གཞན་ཉིད་ཅི་ཞིག་ཡིན་ཞེ་ན། ཐམས་ཅད་མ་ཡིན་པའི་ངོ་བོ་སྟེ་ཐམས་ཅད་མ་ཡིན་པ་ཉིད་དང་ཐམས་ཅད་ཉིད་འགལ་བ་ཡིན་ནོ་ཞེས་བྱ་བར་རྟོགས་པ་ཡིན་ལ་རྟག་པ་
ཉིད་ཀྱིས་ཀྱང་དེ་དང་ཁྱད་པར་མི་སྤོང་བའི་ཕྱིར་འགལ་བ་ཡིན་ནོ། །འགལ་བ་སྟེ་མི་རྟག་པ་ཉིད་སྒྲ་ལས་གཞན་པའི་ཡུལ་དུ་བརྗོད་པ་ཉིད་ཀྱི་སྒྲ་ཡང་གཞན་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ་ཞེས་བྱ་བས་ཀྱང་གཞན་པ་ཉིད་འགལ་བ་ལ་ལྟོས་ནས་མི་རྟག་པ་ཉིད་ཡིན་གྱི་ཐམས་ཅད་མ་ཡིན་པ་ཉིད་མ་ཡིན་
ནོ། །དེའི་ཕྱིར་དེ་ཡང་ཞེས་བྱ་བ་ལ་སོགས་པའི་འགལ་བ་ནི་གནས་སྐབས་དེ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །གཞན་ལ་ནི་ཐམས་ཅད་ལ་སྟེ། འགལ་བ་ནི་མི་རྟག་པ་ཉིད་དུ་སྨྲ་བས་གཞན་ཉིད་དེ་ཐམས་ཅད་མ་ཡིན་པ་ཉིད་དུ་བརྗོད་པ་ནི་ཡིན་ན་སྐྱོན་མེད་པར་བསྟན་
པ་ནི། ཐམས་ཅད་མི་རྟག་པ་ཉིད་ཀྱིས་ཞེས་བྱ་བའོ། །གཞན་ཉིད་ཐམས་ཅད་མ་ཡིན་པ་ཉིད་ཀྱི་ངོ་བོ་མ་ཡིན་པ་ཉིད་དུ་བསྟན་པ་ནི་གཞན་ཉིད་དུ་བསྟན་པའི་ཕྱིར་རོ་ཞེས་བྱ་བའོ། །ཐམས་ཅད་ཀྱི་སྒྲ་ནི་སྤྱིའི་སྒྲ་ཡིན་པའི་ཕྱིར་ཁྱད་པར་གྱི་སྒྲ་འཕེན་པར་བྱེད་ན། མི་འཕེན་པའི་བདག་ཉིད་དེ་ཐམས་

ཅད་ཉིད་ཐམས་ཅད་མ་ཡིན་པ་ཇི་ལྟར་ཡིན་ཞེས་ཟེར་བ་ལ་སྤྱི་ནི་ཞེས་བྱ་བའོ། །སྤོང་བ་ཡིན་ཡང་རང་གི་ངོ་བོ་ནི་མ་ཡིན་ཏེ་འགལ་བ་ཡིན་ལ། ངེས་པ་ལ་ནི་འགྱུར་རོ་ཞེས་བསྟན་པ་ནི་དཔེར་ན་ཞེས་བྱ་བའོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་རང་གི་ངོ་བོས་དེ་ཉིད་
མ་ཡིན་ན་ཐམས་ཅད་ཉིད་མེད་པས་ཐམས་ཅད་ཉིད་དེ་ཡང་མེད་པའི་ཕྱིར་རོ། །ཐམས་ཅད་ཉིད་མ་ཡིན་པ་མ་ཡིན་ཡང་ཐམས་ཅད་ཀྱི་ངོ་བོ་སྤོང་བའི་ཕྱིར་མཉན་པར་བྱ་བ་ཉིད་བཞིན་དུ་ལྡོག་པའི་དབྱེ་བ་མེད་པས་མ་གྲུབ་པ་ཡིན་པར་བསྟན་པ་ནི་ཤེས་བྱ་ཤེས་བྱེད་ཅེས་བྱ་བའོ། །ཆོས་ཙམ་གྲུབ་པ་ཉིད་
ཀྱིས་བསྒྲུབ་བྱ་མ་ཡིན་པའི་ཕྱིར་དེའི་ཁྱད་པར་ཅན་གྱི་ཆོས་ཅན་བསྒྲུབ་བྱར་མ་གྲུབ་པའོ་ཞེས་བྱ་བའི་དོན་ཏོ། །བསྒྲུབ་བྱའི་ཁྱད་པར་གྱི་ཆོས་ཅན་སོ་སོར་བྱས་པ་ཡང་དེ་ལས་གཞན་པའི་ཆོས་མེད་ན་དེ་གྲུབ་པ་ཉིད་ཡིན་པར་བསྟན་པ་ནི། སྒྲ་ཉིད་ཡིན་པའི་ཕྱིར་མི་རྟག་གོ་ཞེས་བྱ་བའོ། །ཚོགས་པ་བསྒྲུབ་
བྱར་མི་འགྱུར་རོ། །ཞེས་བྱ་བ་ནི་གྲུབ་པ་ལ་སྒྲུབ་པ་ཉིད་དོ། །དེ་ཉིད་རྟག་པ་ལ་ལྡོག་པའི་བསྒྲུབ་བྱ་དང་སྒྲ་མ་ཡིན་པ་ལས་ལོག་པའི་སྒྲུབ་བྱེད་མ་ཡིན་ནམ། ཇི་ལྟར་བསྒྲུབ་བྱའི་ཆའི་རྗེས་སུ་འཇུག་པ་ཡིན་ཞེས་ཟེར་བ་ནི་གལ་ཏེ་ཞེས་བྱ་བའོ། །ཡང་ཞེས་བྱ་བ་ནི་ཕྱིས་ཀྱང་ངོ་། །མི་རྟག་པ་ཞེས་བྱ་བ་ནི་
གྲུབ་པ་ཉིད་བཟློག་པའི་ཆེད་དུ་སྒྲ་ལས་ལྡོག་པར་ལྷུང་ན་མ་གྲུབ་པ་ཁོ་ན་ཡིན་ལ་ཡང་བརྗོད་ཀྱང་ཁྱད་པར་མེད་པའི་ཕྱིར་དང་། སྒྲ་ཉེ་བར་དམིགས་པ་ཉིད་ཀྱིས་དེ་ལྟར་རྟོགས་པའི་ཕྱིར་ལོག་པར་རྟོགས་པ་ལ་རྟོགས་པར་བྱ་བ་མ་ཡིན་པ་ཉིད་ཐོབ་པར་འགྱུར་བའི་ཕྱིར་རོ་ཞེས་བསྟན་པ་ནི། གལ་ཏེ་སྒྲ་
ཉིད་ཅེས་བྱ་བ་སྟེ། མི་རྟག་པའོ་ཞེས་བྱ་བ་བཞིན་དུ་སྒྲའོ་ཞེས་བྱ་བ་ཡང་གྲུབ་པའི་བསྒྲུབ་བྱ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་མ་ངེས་པ་ཉིད་ཁོ་ནར་ཅིའི་ཕྱིར་མ་བརྗོད་ཅེས་ཟེར་བ་ལ། བརྒལ་ཞིང་བརྟགས་པ་ལ་ཞེས་བྱ་བ་སྟེ་མ་གྲུབ་པ་ཉིད་མདུན་ན་ཡོད་པ་སྤངས་པ་ནི་སྐྱོན་ཡིན་ནོ་ཞེས་བྱ་བའོ། །ལྐོག་ཏུ་
གྱུར་པ་སྟེ་རྩོད་པའི་ཡུལ་གྱི་རང་གི་ངོ་བོའོ། །སྒྲུབ་པ་ནི་སྒྲ་ཉིད་ལ་མི་རྟག་པ་ཉིད་བཞིན་དུའོ། །ལྐོག་ཏུ་མ་གྱུར་པ་སྟེ་མངོན་སུམ་པ་ཅི་ལས་ཡིན། གང་གི་ཕྱིར་རྩོད་པའི་ཡུལ་མ་ཡིན་པའོ། །མི་མཐུན་པ་ཞེས་བྱ་བ་ནི་དཔེ་ཞེས་བྱ་བའི་དོན་ཏོ། །མར་མེ་ཞེས་བྱ་བ་ནི་འདི་ཉིད་ཀྱི་བཤད་པའོ། །

མངོན་སུམ་དུ་གྲུབ་པ་ཁོ་ན་ཞེས་བྱ་བ་ནི་རྩོད་པའི་གཞི་མ་ཡིན་པ་ཉིད་དོ། །སྒྲ་ཉིད་ཁོ་ན་ཐམས་ཅད་མ་ཡིན་པ་ཉིད་ཡིན་ཏེ་ལྡོག་པའི་ཁྱད་པར་མེད་པའི་ཕྱིར་མ་གྲུབ་པ་ཡིན་ནོ། །བསྒྲུབ་བྱ་སྒྲུབ་བྱེད་མེད་པ་ཙམ་བརྗོད་པར་འདོད་པའི་ཆོས་མི་མཐུན་པའི་དཔེ་ཉིད་ཡིན་ཏེ། ཆོས་མི་མཐུན་པའི་དཔེ་
གཞན་དུ་མི་འཐད་པས་བཏགས་པ་ཉིད་གཏན་ཚིགས་མ་ཡིན་ཞིང་བསྒྲུབ་བྱ་ཉིད་ཡིན་པའི་ཕྱིར་ཐམས་ཅད་མ་ཡིན་པ་ཉིད་ནི་ཡན་ལག་མ་ཡིན་པ་མ་ཡིན་ཏེ། གྲངས་ཅན་པ་རྣམས་ཀྱིས་ཡན་ལག་པ་དང་བཅས་པར་ཁས་བླངས་པའི་ཕྱིར་རོ། །རྒྱལ་དཔོག་པ་རྣམས་ཀྱི་ཡང་ཡན་ལག་
ཅན་ཡིན་པ་ཉིད་དམ་ངོ་ཤེས་པར་བྱ་བ་ཉིད་ཀྱང་སྒྲུབ་བྱེད་མ་ཡིན་ཏེ། མི་རྟག་པ་ཉིད་ཀྱི་རྗེས་སུ་དཔག་པས་གནོད་པའི་ཕྱིར་དཔེར་ན་སྒྲ་རྟག་པ་ཉིད་ལ་རྣ་བ་ལས་བྱུང་བར་ངོ་ཤེས་པ་ལྟ་བུའོ། །གང་གི་ཕྱིར་ཉམས་སུ་མྱོང་བའི་འདུ་བྱེད་པ་སད་པ་ལས་དྲན་པ་དང་རྗེས་སུ་བྱེད་པ་དང་སྔར་མཐོང་བ་ངོ་
ཤེས་པ་ཞེས་བྱ་བའི་རིམ་པས་སད་པར་ངེས་པ་ཡིན་ཏེ་དེ་མཐོང་བ་བཞིན་དུ་མཐོང་བ་དང་། སྣང་བཞིན་པ་ངོ་ཤེས་པ་ནི་གཞན་མཐོང་བ་མ་ཡིན་ནོ། །བདེན་མོད་ཀྱི་དེ་མཐོང་བ་ལས་སད་པ་འདས་པའི་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན་ཉེ་བའི་ཡིན་ཏེ་མཐོང་བའི་ཕྱིར་རོ། །མཐོང་བ་ཉིད་དང་ཉེ་བ་ནི་མ་ཡིན་ཏེ། མ་མཐོང་
བ་ལ་ཡང་དེ་ལྟར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་དོན་བྱེད་པས་དེ་ཉིད་ཉེ་བ་ཡིན་ལ། དེ་ཁོ་ན་བཞིན་དུ་དོན་ཡོད་པ་དམིགས་པ་ཡིན་གྱི་ཐམས་ཅད་དུ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་འདྲ་བའི་དོན་ངོ་ཤེས་པ་མ་ཡིན་ཏེ། ཉེ་བ་ལ་དེའི་ཤེས་པ་ཡིན་པའི་ཕྱིར་འདིའི་དོན་དུ་འདྲ་བ་གཞན་ཞེས་བྱ་བ་ལ་
སོགས་པའོ། །དེའི་ཕྱིར་སྔར་ཉམས་སུ་མྱོང་བའི་ལས་ཙམ་མམ་བཏགས་པ་བ་མ་ཡིན་པའམ་དྲན་པ་མ་ཡིན་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ལྷ་སྦྱིན་ནི་དེའི་དོན་བྱེད་པ་མ་ཡིན་ཏེ། དེའི་ཚེ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྣང་བཞིན་པ་དང་དེའི་གཅིག་པ་དང་ཉིད་ནི་འདི་དང་འདྲ་བ་ཉིད་ཀྱི་
དཔེའོ། །རྒྱལ་དཔོག་པའི་ནི་ཉམས་སུ་མྱོང་བ་དང་། བྱེད་པ་དྲན་པའི་མངོན་སུམ་གཉིས་པོ་རྟོགས་པ་ནི་མངོན་སུམ་ཁོ་ན་ཡིན་པར་འདོད་པ་ནི་མ་རིག་པ་ལས་བྱུང་བས་ཀུན་རྫོབ་ཡིན་ནོ། །སྒྲ་མི་རྟག་སྟེ། བུམ་པ་བཞིན་དུ་མིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ལ། རིགས་ཀྱིས་མ་

ངེས་པ་ཉིད་དུ་བརྗོད་པ་ན་བུམ་པ་དང་སྒྲ་ཡང་རྟག་པ་ཡིན་ནོ་ཞེས་བྱ་བས་སྔ་ན་མེད་པའི་རྟག་པ་ཉིད་དུ་ཁས་བླངས་པས་སྔར་དམ་བཅས་པ་ཉམས་པ་ནི་ཕྱོགས་ཀྱི་སྐྱོན་མ་ཡིན་ཏེ། མ་ངེས་པ་ཉིད་ཀྱི་སྐྱོན་གྱིས་ཕམ་པའི་ཕྱིར་རོ། །གཞན་དུ་ན་གཏན་ཚིགས་ཀྱི་སྐྱོན་ཐམས་ཅད་ཕྱོགས་ཀྱི་སྐྱོན་
དུ་འགྱུར་རོ། །དམ་བཅའ་བོར་བ་ནི་བླངས་པ་བོར་བ་སྟེ། སྒྲ་མི་རྟག་ཅེས་སུས་སྨྲས་ཞེས་ཟེར་བ་ལ་སྔ་མ་བཞིན་དུ་གཏན་ཚིགས་ཀྱི་སྐྱོན་ཁོ་ནས་ཕམ་པ་ཡིན་ནོ། །སྒྲ་ཉིད་ཕྱོགས་ལ་ཡོད་ཀྱང་གཏན་ཚིགས་ཉིད་དུ་མ་གྲུབ་པ་མ་ཡིན་ནམ་བྱས་པ་ཉིད་ལས་བཞིན་དུ་གཏན་ཚིགས་ལ་ཡོད་པ་ཆོས་ལ་
སོགས་པ་ལ་ཡོད་པར་འགྱུར་ཏེ། མངོན་སུམ་ཉིད་ཡིན་པས་རྗེས་སུ་དཔག་པར་བྱ་བ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། དངོས་པོ་ཀུན་ལ་ཆོས་དང་ནི། །ཞེས་བྱ་བ་སྟེ། རྣམ་དབྱེ་ནི་ཐ་དད་པར་རོ། །དངོས་པོ་ཀུན་ལ་ཞེས་བྱ་བ་ནི་དམ་བཅའ་བ་དང་གཏན་ཚིགས་ཀྱི་དངོས་པོ་རྣམས་ལའོ། །མེད་པའི་ཕྱིར་ནི་
མངོན་སུམ་ལ་སོགས་པས་ཉམས་སུ་མྱོང་བའི་ཕྱིར་རོ། །ཀུན་ལ་ཞེས་བྱ་བ་ནི་དམ་བཅའ་བ་དང་གཏན་ཚིགས་ལ་ཡང་ངོ་། །ཀུན་རྫོབ་ཏུ་ཞེས་བྱ་བ་ནི་ལྡོག་པའི་དབྱེ་བ་ཉམས་སུ་མྱོང་བ་ལས་བྱུང་བའི་རྣམ་པར་རྟོག་པས་ཁྱད་པར་དུ་དབྱེ་བ་ཡིན་པའི་ཕྱིར་རོ། །དམ་བཅའ་བ་ལས་བྱུང་བའི་གཏན་
ཚིགས་ལས་བྱུང་བའི་ཕྱིར་དམ་བཅའ་བ་ལས་བྱུང་བ་སྟེ། གཏན་ཚིགས་ལས་བྱུང་བ་ནི་མངོན་སུམ་གྱིས་གྲུབ་པ་ཉིད་ལ་དབྱེ་བ་མེད་པའོ། །བྱས་པ་ཉིད་གཏན་ཚིགས་ལ་ཡོད་པ་དང་ཕྱོགས་ལ་ཡོད་པའི་སྒྲ་ཉིད་ནི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ངོ་བོའོ། །ཆོས་དང་ཆོས་ཅན་གྱི་ངོ་བོ་དབྱེ་བ་དང་བྲལ་
བའི་མར་མེ་ལ་ཡང་ཀུན་རྫོབ་ཀྱིས་མ་ཡིན་པའི་ཕྱིར་ལྡོག་པའི་དབྱེ་བའི་མཐར་ཐུག་པ་ཉིད་ཀྱིས་མར་མེ་ལ་ཡང་དེ་ཡོད་དོ་སྙམ་དུ་སེམས་པ་ནི། མར་མེ་ཞེས་བྱ་བ་ནས་ཆོས་ཅན་ནོ་ཞེས་བྱ་བའི་བར་གྱིས་སོ། །བྱེད་པ་མེད་ལ་ཞེས་བྱ་བ་ནི་ལན་ནོ། །བརྗོད་པར་འདོད་པའི་དོན་བྱ་བ་མེད་པས་ཞེས་
བྱ་བ་ནི་རང་གི་ངོ་བོ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་གྱི་རྒོལ་བའོ། །ཧ་ཅང་ཐལ་བར་འགྱུར་བ་ནི་རི་བོང་གི་རྭ་ལའོ། །དེ་སྐད་དུ་ཞེས་བྱ་བ་ནི་བྱེད་པ་མེད་པ་དང་ཅིག་ཤོས་ལ་སོགས་པའི་ཐུན་མོང་བ་ཉིད་ཀྱི་བྱ་བ་བྱེད་པ་ཉིད་ཡིན་གྱི་ཆོས་ཅན་ནི་མ་ཡིན་ནོ། །སྒྲ་ཉིད་དམ་ཐམས་ཅད་མ་ཡིན་པ་ཉིད་ལ་

བསྒྲུབ་བྱ་སྒྲུབ་བྱེད་ཀྱི་དབྱེ་བ་མེད་པའི་ཕྱིར་རོ། །བྱས་པ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་སྒྲུབ་བྱེད་དང་བསྒྲུབ་བྱ་དང་ཆོས་ཅན་རྣམས་སོ། །དེའི་དབྱེ་བ་དངོས་སུ་མ་ཡིན་པ་ལ་དེ་དང་བྲལ་བ་འཛིན་པའི་མངོན་སུམ་གནོད་བྱེད་ཡིན་པར་བསྟན་པ་ནི་དོན་གྱིས་རང་གི་ངོ་བོ་གཅིག་ཅེས་བྱ་བ་སྟེ། དེ་
ལ་ཆོས་ལ་སོགས་པའི་དབྱེ་བ་དེ་མ་ཡིན་པ་ལས་ལྡོག་པ་མ་རྟོགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མི་རྟག་པ་ཉིད་གཞན་ཉིད་ཡིན་ན་ནི་ཐ་དད་པ་ཉིད་ཡིན་ནའོ། །མི་འཐད་ཅེས་བྱ་བ་ནི་དེ་གཉི་ག་ཡང་མི་རྟག་པའི་ཕྱིར་རོ། །ཁྱབ་པ་དང་ཅིག་ཤོས་ཞེས་བྱ་བ་ནི་རྟག་པ་ལས་གཞན་པ་ཉིད་ནི་
དངོས་པོ་རིག་པ་ཉིད་ཀྱིས་རིག་པའོ། །དེ་ལྟ་ན་ཚད་མ་གཞན་ཚད་མ་ཡིན་ཏེ། རྗེས་སུ་དཔག་པ་དང་འགལ་བ་དག་གིས་ཞེས་བསྟན་པ་ནི་དུས་གཞན་ཁྱབ་ན་ནི་ཞེས་བྱ་བའོ། །ཁྱབ་པ་དང་ཅིག་ཤོས་ཉིད་དངོས་པོ་ལས་ཐ་དད་པ་ཡིན་པས་དེ་འཛིན་གཟུང་བྱ་མ་ཡིན་པ་མ་ཡིན་ནམ་ཞེས་ཟེར་བ་ནི་འོན་
ཏེ་མངོན་སུམ་གྱིས་ཞེས་བྱ་བའོ། །ཁྱབ་པ་ཉིད་ནི་གཞན་ལ་ལྟོས་པས་གཞན་ཡིན་པར་འགྱུར་གྱི་དེ་དང་བྲལ་བའི་ངོ་བོ་མི་རྟག་པ་ཉིད་མ་ཡིན་པར་བསྟན་པ་ནི་མི་རྟག་པ་ཉིད་ཅེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་ཁྱབ་པ་ཉིད་དེ་མི་རྟག་པ་ཉིད་དུ་མ་རྟོགས་པ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་ཀྱི་ཞེས་བྱ་བ་ནི་
ཁྱབ་པ་ཅན་གྱིའོ། །ཡོད་དམ་ཞེས་བྱ་བ་ནི་དམིགས་པར་བྱ་བ་ཉིད་ཀྱིས་སོ། །དེའི་བདག་ཉིད་དུ་ཞེས་བྱ་བ་ནི་དབྱེ་བ་བྱེད་པ་དེ་ཉིད་མ་ཡིན་པར་ཐལ་བར་འགྱུར་བའོ། །མེད་པས་ཞེས་བྱ་བ་ནི་མ་དམིགས་པས་སོ། །འདིས་ནི་ཞེས་བྱ་བ་ནི་སྔར་དམིགས་པ་ཆོས་དང་བྲལ་བ་ཉིད་དོ། །ཆོས་
ཅན་འཛིན་པ་ལ་ཆོས་མི་འཛིན་ན་སྐྱོན་གཞན་བསྟན་པ་ནི་མ་གྲུབ་ན་ཞེས་བྱ་བའོ། །མངོན་སུམ་གྱིས་མི་རྟག་པར་འཛིན་པའི་ཡོན་ཏན་བསྟན་པ་ནི། གང་ཚེ་ཞེས་བྱ་བའོ། །གཞན་ཡང་མངོན་སུམ་གྱིས་ཆོས་དང་ཆོས་ཅན་འཛིན་པ་ཐམས་ཅད་དུ་འཛིན་པའི་ཕྱིར་རྗེས་སུ་དཔག་པ་དོན་མེད་དོ་ཞེས་ཟེར་
བ་ནི། འོན་ཏེ་ཞེས་བྱ་བའོ། །འདི་ལ་ཆོས་ཡོད་པའི་ཕྱིར་ཆོས་ཅན་ནི་མི་འཛིན་ན་མི་འགྱུར་རོ་ཞེས་ཟེར་བ་ལ། ཆོས་ནི་མངོན་སུམ་གྱིས་ཞེས་བྱ་བའོ། །འགའ་དང་ལྷན་ཅིག་འཛིན་ཡང་ཆོས་གཞན་དང་མ་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་འཁྲུལ་པའི་ཆོས་ཞེས་བྱ་བའོ། །ཐོ་ཡོར་ཉིད་ལ་

སོགས་པ་དང་བྲལ་བ་ཡང་དབྱིབས་སྔོན་དུ་འགྲོ་བ་ཉིད་དུ་མཐོང་བ་ཡིན་གྱི་ཁྱབ་པ་ཅན་དང་ཅིག་ཤོས་དང་བྲལ་བའི་དངོས་སོ། །བཟུང་བ་མ་ཡིན་པར་བསྟན་པ་ནི་མི་དང་ཐོ་ཡོར་ཞེས་བྱ་བའོ། །ཡུལ་ཁྱབ་པ་ཅན་ལ་གཞན་དུ་འཛིན་པ་བཞིན་དུ། དུས་ཁྱབ་པ་ཅན་
ཡང་གཞན་དུ་འཛིན་པར་འགྱུར་རོ་ཞེས་ཟེར་བ་ནི་གལ་ཏེ་རིང་པོ་ཞེས་བྱ་བའོ། །རྗེས་སུ་དཔག་པས་ཞེས་བྱ་བ་ནི་གཅིག་གཡོ་བ་ནི་གཞན་གཡོ་བ་གཞན་དུ་མི་འཐད་པས་སོ། །འཁྲུལ་འཁོར་གྱི་དངོས་པོ་གཉིས་བཞིན་དུ་གཅིག་གཡོ་བ་ནི་གཞན་གཡོ་བ་ནི་ཐ་དད་པ་ཡིན་ཡང་ཅི་ལས་ཀྱང་ཡིན་པའི་ཕྱིར་གཞན་དུ་
མི་འཐད་པ་མ་ཡིན་པར་བསྟན་པ་ནི་དེ་ནི་རྗེས་སུ་དཔག་པ་ཡང་ཞེས་བྱ་བའོ། །མཐོང་བ་རྣམས་ཀྱི་གཅིག་པ་ཉིད་མངོན་སུམ་དང་འགལ་བ་ཡིན་པར་བསྟན་པ་ནི་དེ་ནི་ཞེས་བྱ་བའོ། །དུས་སྔ་མའི་བརྡའི་ཡུལ་གྱི་ཁྱད་པར་མི་འཛིན་པ་དེས་ཁྱད་པར་དུ་བྱས་པ་ད་ལྟར་བ་མངོན་སུམ་གྱིས་མི་
འཛིན་པར་བསྟན་པ་ནི་མ་ཡིན་ཏེ་དེ་ཉིད་ཅེས་བྱ་བའོ། །ད་ལྟར་བའི་བརྡའི་ཡུལ་གྱི་ཁྱད་པར་འཛིན་པ་ནི་དེས་ཁྱད་པར་དུ་བྱས་པ་འཛིན་ན་མི་རྟག་པ་ཉིད་ཁོ་ནར་འཛིན་པ་ཡིན་པར་བསྟན་པ་ནི་དེས་ན་མི་རྟག་པ་ཉིད་ནི་ཞེས་བྱ་བའོ། །རྟོག་པ་ཙམ་གྱིས་སྦྱར་བ་ནི་སྒྲུབ་བྱེད་དམ་ཅིག་ཤོས་ཀྱང་མ་ཡིན་ཏེ་
འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། འབྲེལ་པ་ཡོད་པ་ཉིད་ལས་ཞེས་བྱ་བའོ། །གཅིག་ལས་ཞེས་བྱ་བ་ནི་བ་ལང་མ་ཡིན་པ་ལ་སོགས་པ་གང་ཡང་རུང་བ་ལས་སོ། །དུ་མ་ནི་ཁྲ་བོ་ལ་སོགས་པའོ། །ཐ་དད་པའི་ལྡོག་པ་ལས་ཡང་མངོན་སུམ་པ་ནི་རྣམ་པར་རྟོག་པ་བག་ཆགས་ལས་
བྱུང་བའི་རྟོག་པས་གཅིག་ཉིད་དུ་ཞེན་པ་ཡིན་པར་བསྟན་པ་ནི་དངོས་པོ་ཀུན་གྱི་ཞེས་བྱ་བའོ། །བག་ཆགས་དེ་དང་ལྷན་ཅིག་བྱེད་པའི་དབང་པོ་ལས་བྱུང་བའི་མངོན་སུམ་ཉིད་དེར་རྟོག་པར་བྱེད་པ་ཡང་ཡིན་པར་བསྟན་པ་ནི། གལ་ཏེ་དབང་པོའི་ཞེས་བྱ་བའོ། །དབང་པོ་ལས་བྱུང་བ་ནི་དབང་
པོ་བཞིན་དུ་ཡོད་པའི་ཡུལ་ཅན་ཡིན་ལ། བག་ཆགས་བྱུང་བ་ནི་ཡུལ་ཡོད་པ་མ་ཡིན་པས་རྟོག་པ་ཅན་ཡིན་པར་བསྟན་པ་ནི་སྔ་མ་ཕྱི་མ་ཞེས་བྱ་བའོ། །རྗེས་འགྲོ་མེད་ཅེས་བྱ་བ་ནི་གསལ་བ་རེ་རེ་ཞིང་ངེས་པ་ཉམས་སུ་མྱོང་བའི་ཕྱིར་རོ། །གསལ་བ་དུ་མ་འཛིན་ཀྱང་རྗེས་སུ་འགྲོ་བ་འཛིན་པ་

མ་ཡིན་ཏེ། གསལ་བ་གཅིག་འཛིན་པ་བཞིན་དུ་རྗེས་སུ་འགྲོ་བ་མེད་པར་བསྟན་པ་ནི། གང་གིས་བྱ་བ་སྟེ་དོན་གཞན་དུ་མཐོང་བ་དང་ལྷན་ཅིག་གཅིག་ཉིད་དུ་གཞན་དུ་ཡང་མ་མཐོང་བ་དང་རྗེས་སུ་འགྲོ་བ་ནུབ་པ་དང་ལྡན་པ་ཉིད་དུ་སྣང་བའི་རྒྱུ་ལ་གོམས་པ་ཡིན་ནོ། །དེ་བསྟན་པ་ནི་རྩིག་པ་ལ་སོགས་
པ་ནི་ཞེས་བྱ་བའོ། །གསལ་བ་དག་གི་དུས་ཕྱིས་རྟོགས་པ་སྔ་མའི་གསལ་བ་ཞིག་པ་ན་བྱུང་བ་ཇི་ལྟར་དེའི་ཁྱབ་པ་ཉིད་ཀྱི་ཡུལ་ཡིན་ཞེས་ཟེར་བ་ལ་མ་ཡིན་ཏེ། གསལ་བ་ཡོད་པ་དང་ཞེས་བྱ་བའོ། །སྔ་མར་ཞེས་བྱ་བ་ནི་སྔར་མཐོང་བའི་ཡུལ་གྱི་ཕྱོགས་སུའོ། །ཁྱབ་པ་ཉིད་དུ་མེད་པའི་ཕྱིར་
ཞེས་བྱ་བའི་རྒོལ་བ་བཤད་པ་ནི། དེའི་རང་བཞིན་ནི་ཞེས་བྱ་བའོ། །དེའི་གཞན་དུ་བ་ཉིད་མ་རྟོགས་པ་མངོན་སུམ་གྱིས་མ་གྲུབ་པ་ལ་མངོན་སུམ་དང་བྲལ་བའི་ཞེས་པ་ཙམ་ཡིན་ལ། མངོན་སུམ་གྱིས་མ་གྲུབ་པ་ཉིད་ཀྱི་ཕྱིར་ཐ་དད་པ་དང་ཐ་མི་དད་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཕན་
ཚུན་ཞེས་བྱ་བའོ། །ཐ་དད་ལས་གཞན་ཞེས་བྱ་བའོ། །དེ་ཚེ་ཞེས་བྱ་བ་ནི་ཐ་དད་པ་ནའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་གང་ཁོ་ནས་ཐ་དད་པའོ། །དེ་ཡང་ནི་ཞེས་བྱ་བ་ནི་ཐ་མི་དད་པ་ཉིད་དུ་གནས་པ་མ་ཡིན་ཏེ། ཡང་ཐ་དད་པར་འགྲོ་བའི་ཕྱིར་རོ། །ཐ་དད་པ་དང་ཐ་མི་དད་པའི་ཕྱིར་འགལ་བ་ལ་
ཁྱད་པར་མེད་པའི་ཐལ་འགྱུར་ཡིན་པར་བསྟན་པ་ནི་མཐོང་བ་མཐོང་བར་མིན་པར་ཞེས་བྱ་བའོ། །ལྡོག་པ་མ་ཡིན་པའི་ཁྱད་པར་གྱི་ཉེ་བར་ལེན་པའི་རྣམ་པར་རྟོག་པ་ལས་ཆོས་ལ་སོགས་པའི་དབྱེ་བ་མ་ཡིན་པར་བསྟན་པ་ནི། གང་ལ་དེ་མེད་ཅེས་བྱ་བའོ། །གལ་ཏེ་ཀུན་རྫོབ་ཏུ་རྣམ་པར་དབྱེ་བ་
ཡོད་ན་དངོས་པོ་ཐམས་ཅད་ལ་ཆོས་ལ་སོགས་པའི་དབྱེ་བ་ཇི་ལྟར་མ་གྲུབ་པ་ཡིན་ཞེས་ཟེར་བ་ལ། དོན་དམ་པར་ནི་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་གཅིག་ཉིད་དེ་གསལ་བས་རིགས་ལ་སོགས་པ་སྟེ་བ་ལང་ངོ་ཞེས་བྱ་བའོ། །གཞན་ཉིད་ནི་བ་ལང་ཉིད་ཅེས་བྱ་བ་སྟེ་འགོག་པར་འགྱུར་ཞེས་བྱ་
བར་སྦྱར་རོ། །ཅི་ལས་ཤེ་ན་མངོན་སུམ་ལས་དེ་མ་གྲུབ་པའི་ཕྱིར་རོ། །དེ་འབྲེལ་པ་ཉིད་དུ་གང་དུ་གནས་པ་ཡིན་ཞེ་ན་ཀུན་རྫོབ་པའི་རྣམས་ལའོ། །རྣམ་པར་རྟོག་པའི་བག་ཆགས་ཀྱི་རྟོག་པ་ལས་དེ་ལྟར་རྟོགས་པ་ནི་རྒྱལ་བ་ཅན་གྱིའོ། །གཞན་དག་ནི་དོན་དམ་པར་རྣམ་པར་བཅད་པའི་

གནས་སྐབས་རྣམས་ལ་གནས་པ་དེ་ལ་བརྟེན་པས་ཀུན་རྫོབ་པ་རྣམས་ལ་འགོག་པར་འགྱུར་རོ་ཞེས་ཟེར་རོ། །གསལ་བ་ཉིད་དེ་ལས་གཞན་པ་ལས་ཐ་དད་པ་ལ་ཐ་མི་དད་པར་ཞེན་པ་ཞེས་བྱ་བ་ནི་གྲགས་པའོ། །དོན་དམ་པར་རྣམ་པར་དཔྱད་པ་མངོན་སུམ་གྱི་དོན་གྱི་ཡུལ་
རྣམས་ལ་དེ་ལྟ་བུར་གྱུར་པ་མ་གྲུབ་པའི་ཕྱིར་ཞེས་བྱ་བ་ནི་ཆོས་ལ་སོགས་པའི་རྣམ་པར་དབྱེ་བ་མ་གྲུབ་པའི་ཕྱིར་རོ། །གཞན་ཉིད་ནི་གསལ་བར་འགོག་པར་འགྱུར་རོ་ཞེས་བྱ་བའོ། །རྟོག་པ་ལ་གྲུབ་པའི་ཕྱིར་དེ་ཉིད་ཡིན་གྱི་ལྡོག་པའི་རྒྱུ་མཚན་གྱིས་ནི་དེ་ཉིད་མ་ཡིན་པར་འགོག་པར་འགྱུར་བའོ། །
དེའི་རྒྱུ་མཚན་མ་ཡིན་ན་གཞན་ཉིད་ཡིན་ནོ་ཞེས་བྱ་བ་ནི་འགྲེལ་པར་རོ། །ཀུན་རྫོབ་ཏུ་ཡོད་པ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་འགོག་པ་ཡིན་ལ། དེས་ན་ཐ་དད་པ་ཞེས་བྱ་བས་ནི་གཞན་ཉིད་དོ། །དེ་དག་ནི་ཀུན་རྫོབ་པ་ཡིན་ལ་མངོན་སུམ་མེད་པས་དེ་དག་ལ་རྗེས་སུ་དཔག་པ་མེད་པར་བསྟན་
པ་ནི། མངོན་སུམ་སྔོན་དུ་འགྲོ་བ་ཅན། །ཞེས་བྱ་བའོ། །སྒྲུབ་བྱེད་རང་བཞིན་ནི་ཕྱོགས་ཀྱི་ཆོས་ཉིད་ལ་སོགས་པའོ། །ཀུན་རྫོབ་གནས་པའི་ངོ་བོ་ཉིད་ཅེས་བྱ་བ་ནི་ཀུན་རྫོབ་ཏུ་ཡོད་པ་ཉིད་དོ། །མངོན་སུམ་པ་ནི་གསལ་བ་ཙམ་ཡིན་གྱི་ཆོས་ལ་སོགས་པ་མ་ཡིན་པར་བསྟན་པ་ནི་དེ་ཉིད་
ན་ཞེས་བྱ་བའོ། །དེ་ལས་ཞེས་བྱ་བ་ནི་གསལ་བའི་ངོ་བོ་ལས་སོ། །ཁྱད་པར་རིག་མི་འགྱུར་ཞེས་བྱ་བ་ནི་གསལ་བ་རིག་པར་མི་འགྱུར་བའོ། །རྫོགས་མེད་པས་ནི་རྟོགས་པ་མེད་པས་སོ། །ཆོས་དང་ཆོས་མ་ཡིན་པ་ལ་སོགས་པའི་ངོ་བོའི་སྤྱི་བཏགས་པ་བ་ཉིད་ཡིན་པར་བསྟན་པ་
ནི། དེའི་ཕྱིར་སྤྱི་ནི་ཞེས་བྱ་བའོ། །ལྡོག་པའི་གསལ་བ་མཐོང་ན་བློའི་ཞེས་བྱ་བ་ནི་བློ་སྐྱེས་པ་ན་གསལ་བ་ལ་འཇུག་པའི་འབྲས་བུ་ཉིད་ཡིན་པར་བསྟན་པ་ནི་དེ་ལྟ་བུ་ཉིད་དུ་ཞེས་བྱ་བའོ། །མཚུངས་པའི་ཕྱིར་རོ་ཞེས་བྱ་བ་ནི་གསལ་བ་ལ་སྤྱི་ཞེས་བྱ་བའོ། །རྟོག་པ་ཙམ་གྱིས་གསལ་
བའི་འབྲས་བུ་ལས་འཇུག་ན་སྤྱི་མ་གཏོགས་པར་བསྟན་པ་ནི་འདི་ནི་ཞེས་བྱ་བའོ། །འཇུག་པ་མེད་པ་ནི་གསལ་བ་མི་ཤེས་པའི་ཕྱིར་རོ། །རྗེས་སུ་དཔག་པར་བྱ་བའི་གསལ་བ་གཞན་གྱིས་དེ་ཁོ་ན་བཞིན་རྗེས་སུ་དཔག་པར་བྱ་བའི་ཁྱབ་པ་འཛིན་པ་ཡིན་ན་རྗེས་སུ་དཔག་པར་བྱ་བ་གྲུབ་

པ་ལ་གོ་བྱེད་མ་ཡིན་ཏེ་གྲུབ་ཟིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། སྤྱི་ནི་ཁྱབ་པ་ཉིད་ཡིན་ཡང་། །ཞེས་བྱ་བའོ། །དེ་ཁོ་ན་བཞིན་དུ་མ་འཛིན་ན་ནི་རྟོགས་པ་མ་ཡིན་ཏེ་འབྲེལ་པ་མ་རྟོགས་པའི་ཕྱིར་རོ་ཞེས་བསྟན་པ་ནི་གལ་ཏེ་སྤྱི་ཁྱབ་ཅེས་བྱ་བའོ། །མ་རྟོགས་པའི་འགྲེལ་པ་ཅན་རྟོགས་པ་ཡིན་ན་ཐལ་
ཆེས་པ་ཡིན་ལ་འགྲེལ་པ་ཅན་ཡང་དེ་ལྟར་མ་རྟོགས་ན་རྟགས་མ་ཡིན་ཏེ་ཁྱབ་ཆེས་པའི་ཕྱིར་རོ་ཞེས་བསྟན་པ་ནི་འབྲེལ་བ་མ་བཟུང་བ་ལས་ཀྱང་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་འབྲེལ་པ་ཅན་གྱི་སྤྱིའོ། །མངོན་སུམ་འཇུག་པ་དེ་གང་གི་ཡིན་པ་དེ་ཆོས་ཅན་གྱི་སྒྲ་ཉིད་ཀྱིས་ཞེས་བྱ་བར་སྦྱར་རོ། །དེ་ནི་ཞེས་བྱ་བ་
ནི་ཁྱད་པར་རོ། །དེ་རིག་པ་ནི་ཁྱད་པར་རིག་པའོ། །དེའི་རང་བཞིན་ནི་ཁྱད་པར་གྱིའོ། །སྔར་ཉིད་དུ་ནི་རྟོགས་པ་མེད་པ་ལའོ། །གང་ལ་ཞེས་བྱ་བ་ནི་གསལ་བའི་ངོ་བོ་ལའོ། །མགྲོན་བྱ་བས་ཞེས་བྱ་བས་སྤྱིའི་འདྲ་བ་ཉིད་དོ། །ཆག་པོ་ཞེས་བྱ་བ་ནི་མ་རྟོགས་པ་ཉིད་ཀྱིའོ། །གཞན་དུ་མི་འཐད་པས་
ཞེས་བྱ་བ་ནི་མ་ཧེ་ལ་སོགས་པ་བོར་ནས་བ་ལང་གི་སྒྲ་ལས་འགྲོ་བ་ལ་འཇུག་པའི་ཕྱིར་རོ། །མི་འདྲ་བ་ཉིད་དུ་ཞེས་བྱ་བ་ནི་མ་ཧེ་དང་མི་འདྲ་བའི་བ་ལང་གི་ཚོགས་སོ། །གཉིས་ཞེས་བྱ་བ་ནི་བ་ལང་དང་མ་ཧེ་དག་གོ། །དེ་ནི་ཞེས་བྱ་བ་ནི་སྤྱིའོ། །ཐམས་ཅད་མཐོང་བ་མ་ཡིན་ནོ་ཞེས་བྱ་བ་ལ་ནི་བ་ལང་ཉིད་ཀྱི་རྟེན་ཐམས་
ཅད་ནི་མཐའ་ཡས་པའི་ཕྱིར་རོ། །དེས་ན་དེ་ཡང་ཞེས་བྱ་བ་ནི་ལྡོག་པའི་སྤྱི་མཐོང་བའོ། །སྤྱི་ཡང་གསལ་བ་མ་ལུས་པ་སྡེ་ཚན་དུ་མི་བྱེད་པའི་ཕྱིར་རོ། །དེ་ལ་རྟོགས་བྱ་མ་ཡིན་པར་བསྟན་པ་ནི་སྤྱི་ནི་ཞེས་བྱ་བའོ། །གསལ་བ་ནི་སྣང་བ་ཉིད་དོ། །གསལ་བ་ཉུང་ཤས་རྣམས་ལ་བ་ལང་ཉིད་ཀྱི་སྤྱི་ཉེ་བར་མཚོན་
པ་ནས་བརྡས་ཐ་སྙད་བྱེད་པའི་ཕྱིར་སྔར་མཐོང་བ་ངོ་ཤེས་པ་ལས་དེ་ཉིད་དུ་མཐོང་བ་མ་ཡིན་ནམ་ཞེས་ཟེར་བ་ལ་གསལ་བ་གཅིག་མཐོང་ནས་ཞེས་བྱ་བ་སྟེ། བརྡའི་སྔ་རོལ་དུ་རྟ་ཉིད་དང་བུམ་པ་ཉིད་ལ་སོགས་པའི་རྗེས་སུ་འགྲོ་བ་ཉིད་ཀྱི་ཁྱད་པར་ཅན་མ་ཡིན་ཞེས་བྱ་བའི་དོན་ཏོ། །ལྐོག་ཤལ་ལ་
སོགས་པའི་ཁྱད་པར་ཅན་གྱི་རྣམ་པ་ཡིན་པའི་ཕྱིར་གསལ་བའི་ཁྱད་པར་ཡིན་ནོ་སྙམ་དུ་སེམས་པ་ནི་གང་ཞིག་འདི་ལྟ་བུར་ཞེས་བྱ་བའོ། །བརྡའི་ལས་ཕྱིས་ཀྱི་དུས་ན་ཁྱད་པར་ཅན་ཉིད་ནི་དེ་མེད་ན་མི་འབྱུང་ངོ་ཞེས་ཟེར་བ་ནི་བ་ལང་བ་ལང་ཞེས་བྱ་བའོ། །མི་འཇུག་པ་ཉིད་ཀྱིས་ཞེས་བྱ་བ་ནི་ལྡོག་པ་

ཉིད་ཀྱིས་སོ། །ཁྲ་བོ་ལ་སོགས་པ་བཞིན་དུ་གསལ་བ་ལས་ཐ་དད་པ་ནི་བ་ལང་ངོ་ཞེས་བྱ་བའི་བློ་ལ་སྣང་བར་མ་ཡིན་པར་བསྟན་པ་ནི་ཤེས་པ་མེད་པ་ཞེས་བྱ་བའོ། །དེ་ལྟ་ན་རིགས་མི་མཐུན་པ་ལས་ལོག་པ་ནི་སྤྱིས་བྱས་པ་ཡིན་ནོ་སྙམ་དུ་སེམས་པ་ལ་རིགས་མི་མཐུན་པ་
ལས་ཀྱང་ཞེས་བྱ་བ་སྨོས་སོ། །དེ་ལས་གཞན་པའོ། །དེ་ལས་ཞེས་བྱ་བ་ནི་རིགས་མི་མཐུན་པ་ལས་སོ། །གཅིག་པ་ནི་ཁྲ་བོའོ། །གཞན་ཞེས་བྱ་བ་ནི་ཐུ་ཡུའོ། །ཇི་ལྟར་དེ་ལས་ལོག་པ་དེ་ལྟར་མ་ཡིན་པར་བསྟན་པ་ནི། གཞན་དུ་མ་ཡིན་ན་ཞེས་བྱ་བའོ། །ལོག་པ་ཉིད་ལྡོག་པ་མིན་ན། །དེ་
ཡང་ཐ་དད་པ་ལ་ཐ་མི་དད་པའི་ཐ་སྙད་ཀྱི་ཡུལ་ནི་རྟོག་པའི་ཡུལ་ཉིད་ཀྱིས་ཡིན་ཏེ། སྤྱི་ལྟ་བུའོ་ཞེས་བསྟན་པ་ནི་ཐ་སྙད་ཀྱང་ཞེས་བྱ་བའོ། །ལས་མ་ཡིན་པ་ནི་རྫས་དང་ཡོན་ཏན་དག་གོ། །རྫས་མ་ཡིན་པ་ནི་ལས་དང་ཡོན་ཏན་དག་གོ། །དཔེར་ན་བྲམ་ཟེ་མ་ཡིན་པ་ལ་བྲམ་ཟེ་ཉིད་མ་ཡིན་པར་དགག་
པ་ནི་སྐྱེས་བུ་ཉིད་ཀྱི་རྟེན་ཡིན་པ་དེ་བཞིན་དུ་འདི་ཡང་འགྱུར་རོ་ཞེས་ཟེར་བ་ལ་སྤྱི་རྣམས་ཀྱི་ཞེས་བྱ་བའོ། །བྲམ་ཟེ་མ་ཡིན་པ་ལས་གཞན་པ་ཉིད་བྲམ་ཟེ་ཡིན་གྱི་དེ་མེད་པ་ནི་མ་ཡིན་ཏེ། དགག་པ་དོན་དུ་མ་ཅན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བ་ལང་མ་ཡིན་པ་ཡང་གཞན་ཁོ་ན་ཡིན་ཏེ་འཇུག་པའི་ཡུལ་
ཡིན་པའི་ཕྱིར་གཞན་བ་ལང་ཉིད་ཙམ་སྒྲ་ལས་བྱུང་བ་ཡིན་གྱི་གཞན་ཉིད་ནི་དེས་མཚན་པའི་གསལ་བ་དང་སྦྱོར་བའི་དབྱེ་བ་ལས་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་སྤྱི་རྣམས་ཞེས་བྱ་བའོ། །གསལ་བ་ཡང་རང་གི་ངོ་བོ་ཉིད་དུ་མཚོན་པར་འགྱུར་ལ། རང་གི་ངོ་བོ་ཉིད་གཞན་ཉིད་ཡིན་ན་སྤྱི་
ཉིད་ཡིན་པར་བསྟན་པ་ནི་ངོ་བོས་ཐ་དད་ཅེས་བྱ་བའོ། །གཞན་ལས་ཞེས་བྱ་བ་ནི་གསལ་བའི་སྦྱོར་བ་ལས་སོ། །སྤྱི་ཐམས་ཅད་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་འདྲེས་པའི་ཕྱིར་རོ། །མིག་ལས་བྱུང་བ་ལ་གཟུགས་ཙམ་དང་རེག་པ་ལས་བྱུང་བ་ལ་རེག་བྱ་ཙམ་ཉིད་དུ་སྣང་བ་ཡིན་གྱི་གཞན་ནི་མ་ཡིན་ཏེ།
གཞན་དུ་སྔར་མཐོང་བ་ངོ་ཤེས་པ་ནི་དེ་ཉིད་ཀྱིས་གནོད་པ་བྱས་པ་ཡིན་པར་བསྟན་པ་ནི་གཟུགས་སོགས་ཞེས་བྱ་བའོ། །མཐོང་བ་དང་རེག་པའི་ཡུལ་ལས་ཡུལ་གཞན་སྔར་མཐོང་བ་ངོ་ཤེས་པ་མ་ཡིན་ཏེ། དེའི་རྗེས་སུ་འབྲང་བའི་ཕྱིར་རོ་ཞེས་བསྟན་པ་ནི། དྲན་པ་མེད་པར་ཞེས་བྱ་བའོ། །དེའི་

ཚེ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཟུགས་དང་རེག་བྱ་ལ་སོགས་པ་འཛིན་པའི་དུས་ནའོ། །རིམ་གྱིས་གཞན་ལེན་པ་དང་འཛིན་པ་ན་རྣམ་པར་བཟུང་བ་ཙམ་རྗེས་སུ་འབྲང་བར་བྱ་བ་ཡིན་གྱི་ལྷག་པ་མ་ཡིན་པར་བསྟན་པ་ནི། ཕྱོགས་གཅིག་གཞན་དག་ནི་ཞེས་བྱ་བའོ། །ཇི་ལྟར་ཡན་ལག་ཅན་
རྣམས་ཞེས་བྱ་བ་ནི་དམིགས་པ་ཞེས་བྱ་བར་སྦྱར་རོ། །ཡན་ལག་ལ་སོགས་པ་སྐད་ཅིག་རེ་རེ་ཞིང་འཕེལ་བར་ཡན་ལག་ཅན་གྱི་ཁྱད་པར་ཡིན་པའི་དགོངས་པས་མང་པོའི་ཚིག་ཡིན་ནོ། །སྔར་མཐོང་བ་ངོ་ཤེས་པ་ཉིད་སྔ་ན་མེད་པའི་དོན་མཐོང་བ་ནི་ཡན་ལག་ཅན་འཛིན་པ་ཡིན་གྱི་སྔ་མ་ལ་ནི་མ་ཡིན་
ནོ་སྙམ་དུ་སེམས་པ་ནི། འོན་ཏེ་དྲན་པ་དང་ལྷན་ཅིག་ཅེས་བྱ་བའོ། །རྣམ་པར་རྟོག་པ་ཙམ་གྱི་གོ་བྱའི་ཡན་ལག་ཅན་ཡིན་ན་མེད་པ་ཡང་དེའི་གོ་བྱར་འགྱུར་ཏེ། ཉམས་སུ་མྱོང་བ་དང་དྲན་པ་དང་ལྷན་ཅིག་པ་ཉིད་ལ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། དེའི་ཚེ་ཡན་ལག་དང་ཡོན་ཏན་གཞན་
ལ་ཞེས་བྱ་བའོ། །མ་བྲལ་བའི་ཡུལ་ཉིད་ཀྱིས་ཀྱང་སྔར་མཐོང་བ་ངོ་ཤེས་པ་ནི་རྣམ་པར་ཕྱེ་བའི་རྟོག་པས་གནོད་པར་བྱ་བ་མ་ཡིན་པར་བསྟན་པ་ནི་མི་དབྱེ་བ་ཞེས་བྱ་བའོ། །དེ་ལས་གཞན་པ་ལ་ནི་གནོད་པ་ཁོ་ན་ཡིན་པར་བསྟན་པ་ནི། དྲན་པ་དང་ངོ་ཤེས་པ་ཞེས་བྱ་བའོ། །ཚད་མ་རྣམ་པར་གཞག་པ་
ལས་ཕྱི་རོལ་དུ་གྱུར་པ་ཡང་ཚད་མ་ཉིད་ཡིན་ན་དོན་མེད་པར་འགྱུར་བར་བསྟན་པ་ནི་ཚད་མ་དོན་མེད་པར་ཞེས་བྱ་བའོ། །དྲན་བཞིན་པས་བཞིན་དུ་གཟུང་བཞིན་པ་ལ་འཛིན་པར་འགྱུར་རོ་བར་རྗེས་སུ་དཔོག་པས་ཐ་མི་དད་པའི་རྗེས་སུ་ཞུགས་པ་མཐོང་བས་གནོད་པ་ཡིན་པར་བསྟན་པ་ནི་རྗེས་སུ་
དཔག་པ་ནི་ཞེས་བྱ་བ་ལ་སོགས་པའོ། །གཞན་དུ་ཞེས་བྱ་བ་ནི་དབྱེ་བས་སོ། །གཅིག་ཉིད་ནི་བྱེད་པ་པོའོ། །རྗེས་སུ་དཔག་པའི་ཡུལ་ལ་ཞེས་བྱ་བ་ནི་དྲན་པའི་ཡུལ་ལའོ། །དུ་མའི་ཡུལ་ཅན་ཞེས་བྱ་བ་ནི་འདྲ་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དོན་དེ་བྱེད་པ་ཉིད་ཀྱིས་ཞེས་བྱ་བ་ནི་འདྲ་བ་ཉིད་དང་
རྒྱུ་མཚན་ཡང་ངོ་། །འདྲ་བ་རྣམས་ལ་སྔ་མ་སྔ་