Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 181

Văn bản gốc(Tây Tạng)

Trang 17 / 21 (50.000 ký tự/trang)
བསྒྲུབ་བྱ་ལ་ཡང་དེ་ཚད་མ་ཉིད་ཀྱི་ཕྱིར། རྫས་དང་ཡོན་ཏན་ལ་སོགས་པའི་བདག་ཉིད་ལ་ཡང་འགལ་བ་མ་ཡིན་པར་བསྟན་པ་ནི་དེར་ཡང་ཞེས་བྱ་བ་སྟེ་ལུང་གི་གནོད་པ་ལའོ། །མེད་ན་
མི་འབྱུང་ལ་ཞེས་བྱ་བ་ནི་ལུང་གིས་གྲུབ་པ་དེའི་བདག་ཉིད་ཀྱིས་སོ། །གཞན་མིན་ཏེ་ཞེས་བྱ་བ་ནི་རྫས་མ་ཡིན་པ་ཉིད་ལ་སོགས་པ་རྣམས་སོ། །ལུང་གིས་གནོད་པ་ཡིན་དུ་ཟིན་ཀྱང་འབྲེལ་པ་ཅན་གྱི་རྗེས་སུ་དཔག་པ་ལ་སོགས་པས་གནོད་པ་ཡང་དེ་ཉིད་ཀྱི་སྤང་བྱ་ཡིན་པར་བསྟན་པ་ནི་དེར་ཡང་ཞེས་བྱ་བ་
སྟེ། རྗེས་སུ་དཔག་པ་ལ་སོགས་པས་གནོད་པར་ཏེ། མི་རྟག་པ་ཉིད་ལ་བདག་མེད་པ་ཉིད་ལྟ་བུའོ། །གཞན་མིན་ཞེས་བྱ་བ་ནི་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་འབྲེལ་པ་ཅན་མ་ཡིན་པ་རྣམས་སོ། །འགྲེལ་པར་ཉེ་བར་བསྡུ་བའི་དོན་བཤད་པ་ནི། འདི་གནས་པ་ཡིན་ནོ་ཞེས་བྱ་བའི་ཚིག་
གིས་སོ། །མེད་ན་མི་འབྱུང་མིན་དོན་ལ། །ཞེས་བྱ་བའི་སྒྲུབ་བྱེད་ཀྱིས་སོ། །བདག་མེད་པའི་ཆོས་རྣམས་དང་། དམིགས་པ་མེད་པའི་ཤེས་པ་རྣམས། །ཞེས་བྱ་བ་ལ་སོགས་པ་ལུང་ལ་མ་གྲུབ་པའི་ཆོས་ཅན་ལ་ནི་བདག་དང་བཅས་པ་ཉིད་དང་། དམིགས་པ་དང་བཅས་པ་ཉིད་ལ་སོགས་པ་ལུང་

ལས་རྟོགས་པ་ནི་འབྲེལ་པ་ཅན་ལ་གནོད་པར་བྱེད་པ་མ་ཡིན་པར་བསྟན་པ་ནི་དཔྱོད་ཀུན་ལ་ཞེས་བྱ་བའོ། །དངོས་སུ་འབྲེལ་པས་སམ་དོན་ལ་ངེས་པའི་ཕྱིར་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །དངོས་པོའི་སྟོབས་ཀྱིས་འཇུག་པ་བདག་མེད་པར་རིགས་པ་མི་དམིགས་པ་ལ་
གནོད་པར་བྱེད་པ་ནི་ལོག་པར་འཇུག་པ་ཡིན་ལ་བསྟན་བཅོས་ནི་དུ་བ་ལས་མེའི་ཞེས་བྱ་བ་ལ་ཁྱད་པར་ཅན་དུ་འཇུག་པ་མ་ཡིན་པར་བསྟན་པ་ནི་ད་ནི་ཞེས་བྱ་བ་སྟེ། བཟློག་པ་ལ་འཇུག་པ་བཞིན་དུ་མི་འཇུག་པ་ཡང་གནོད་པ་ཅན་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་ཕ་རོལ་ལ་དོགས་པ་ཅན་གྱི་
ཡང་ཚད་མ་ལས་ངེས་པ་ཡིན་ན། ལུང་ལ་དོན་མེད་པར་བསྟན་པ་ནི་ཁས་བླངས་མེད་པར་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་རྒོལ་བའོ། །དོགས་པར་འགྱུར་ཞེས་བྱ་བ་ནི་མེད་པ་ཉིད་དུ་ཤེས་པར་འགྱུར་བ་སྟེ་ངེས་པར་འགྱུར་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལེན་ནོ། །ཡོན་ཏན་དང་ལྷན་ཅིག་གནས་པའི་ཕྱིར་ཡོན་ཏན་
དང་ལྡན་པས་དེའི་ངོ་བོ་དེས་སོ། །དེའི་ཞེས་བྱ་བ་ནི་རྒོལ་བའོ། །དེ་ནི་ཞེས་བྱ་བ་ནི་བསྟན་བཅོས་སོ། །རིགས་གསུམ་པོ་རྣམས་དང་གཞན་རྣམས་ཀྱང་རིགས་དང་རིགས་མ་ཡིན་པ་ལ་སོགས་པའི་རྣམ་པར་དབྱེ་བ་ལུང་དང་འབྲེལ་པ་ལས་མ་ཡིན་ནམ། ལུང་དང་འགལ་བ་ཡིན་ན་དེའི་གནོད་པ་ཡིན་ཏེ་དེ་མ་ཡིན་པ་
ལས་གྲུབ་པའི་ཆོས་ཅན་ལ་ཡང་གཞན་དུ་མི་རིགས་པའི་ཕྱིར་རོ་ཞེས་བསྟན་པ་ནི་སྐྱེ་བོར་རེང་བུར་ཞེས་བྱ་བ་སྟེ། སྐྱེ་བའི་དུས་ན་དེ་དག་ལ་ཡང་དེ་ལས་གྲུབ་པའི་རིགས་ལ་སོགས་པའི་རྣམ་པར་དབྱེ་བ་ནི་མངོན་སུམ་ལ་སོགས་པའི་ཡུལ་མ་ཡིན་ཏེ། ཕ་ལ་སོགས་པ་རྣམས་ཀྱང་དེའི་གནས་སྐབས་ན་དེ་
ལྟ་བུ་ཡིན་པའི་ཕྱིར་རོ། །དགེ་སློང་ཉིད་ལ་སོགས་པ་བཞིན་དུ་ལུང་ཁས་བླངས་པས་བྱས་པ་མ་ཡིན་པར་བསྟན་པ་ནི་ཡོན་ཏན་ཉེས་པ་ཞེས་བྱ་བ་སྟེ། ཁས་ལེན་པའི་རྒྱུ་འབྲེལ་པ་ལ་སོགས་པ་མེད་ན་ཡང་ངོ་། །གང་ནས་འདི་ཡི་ཕ་མ་དང་། མེས་པོ་ལ་སོགས་སོང་གྱུར་པའི། །ལམ་ནས་དམ་པ་རྣམ་
འགྲོ་རིགས། །ཞེས་བྱ་བ་ལ་སོགས་པ་སླུ་བར་འདོད་པའི་ཚིག་གིས་ཉེ་བར་བསྒྲུབས་པ་ཁོ་ན་ལ་བྱིས་པ་རྣམས་ལུང་དུ་འཛིན་པ་ཡིན་པའི་བར་བསྟན་པ་ནི། ཀྱེ་མ་སུ་ཡིས་ཞེས་བྱ་བའོ། །སྤངས་ཕྱིར་ཞེས་བྱ་བ་ནི་ལུང་དང་འགལ་བས་སོ། །མངོན་སུམ་དོན་དང་རྗེས་དཔག་དང་། །ཡིད་ཆེས་གྲགས་པས་

མ་བསལ་བ། །ཞེས་བྱ་བའི་ཡིད་ཆེས་པའི་བསལ་བའི་རྗེས་སུ་དཔག་པ་མ་ཡིན་པར་བསྟན་པ་ནི་མ་ཡིན་ནམ་ཞེས་ཟེར་བ་ནི་གལ་ཏེ་བསྟན་བཅོས་དང་འགལ་བའི་ཞེས་བྱ་བའོ། །མི་རྟག་པ་ཉིད་ཀྱིས་བྱས་པ་ཉིད་ལ་བཞིན་དུ་ནམ་མཁའི་ཡོན་ཏན་དང་བསྟན་བཅོས་ཀྱི་དོན་གྱིས་རྗེས་སུ་འགྲོ་བ་བསྟན་
པར་བྱ་བ་མ་ཡིན་ནམ། གཞན་དུ་ན་ཁྱད་པར་མེད་པའི་ཕྱིར་སུས་ཀྱང་མ་ཡིན་པར་བསྟན་པ་ནི་གལ་ཏེ་དཔེ་ལ་ཞེས་བྱ་བ་སྟེ། བསྟན་བཅོས་ཁས་བླངས་པ་ཡིན་ཡང་དེའི་དོན་གཅིག་རྗེས་སུ་འགྲོ་བ་ཡོད་ན་ལྷག་མ་དེའི་དོན་གཞན་ལ་རྗེས་སུ་འགྲོ་བ་རྙེད་དཀའ་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསྟན་བཅོས་རྣམས་ཀྱི་ཕན་
ཚུན་འགལ་བ་བསལ་བར་མི་ནུས་པའི་ཕྱིར་རོ། །འཇིག་རྟེན་འདས་ལུགས་ཞེས་བྱ་བའི་འགྲེལ་པ་ནི། བསྟན་བཅོས་དང་འགལ་བའི་ཞེས་བྱ་བའོ། །ཆོས་ཅན་དེ་ཉིད་ཀྱི་ཆོས་ཉིད་ནི་ནམ་མཁའི་ཡོན་ཏན་ཉིད་དོ། །གནོད་ན་ནི་བྱས་པ་ཉིད་ཀྱིས་སོ། །བརྗོད་པ་ལ་ཡང་ནི་མི་རྟག་པ་ཉིད་དུའོ། །གནོད་
པར་བྱེད་པ་ནི་བྱས་པ་ཉིད་དོ། །ནམ་མཁའི་ཡོན་ཏན་ཉིད་མ་གྲུབ་ན་དེ་ལ་ངེས་པའི་མི་རྟག་པ་ཉིད་མི་འགྲུབ་པོ་ཞེས་བྱ་བར། མེད་ན་མི་འབྱུང་མིན་དོན་ལ། །ཞེས་བྱ་བས་ལན་བཏབ་ཟིན་ཏོ། །ཁྱབ་པ་ལ་ཁྱད་པར་མེད་ཀྱང་ནམ་མཁའི་ཡོན་ཏན་ཉིད་སྒྲུབ་པར་བྱེད་པ་མ་ཡིན་ན། མི་རྟག་པ་ཉིད་དུ་སྒྲུབ་པར་མི་
འགྱུར་རོ་ཞེས་དེ་སེལ་བར་བྱེད་པ་ནི་འབྲེལ་མེད་ཅེས་བྱ་བའོ། །ཁྱད་པར་བྱ་བ་ཉིད་ཀྱིས་འབྲེལ་པ་ཅན་དེ་བསྒྲུབ་པའི་ཆེད་དུ་མངོན་སུམ་ལ་སོགས་པས་གྲུབ་པའི་ཆོས་ཅན་གྱི་ཆོས་ཅན་ཉིད་དང་། གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་བསྟན་པར་བྱ་བ་མ་ཡིན་ན་བསྟན་བཅོས་ལ་གྲུབ་པ་རྣམས་དང་ནི་སྨོས་
ཀྱང་ཅི་དགོས་ཞེས་བསྟན་པ་ནི་ཆོས་ཅན་ཞེས་བྱ་བའོ། །མེ་མི་འགྲུབ་པ་ནི་མ་ཡིན་ལ་ཞེས་བྱ་བ་ནི་རང་གི་དོན་ལའོ། །བསྟན་པར་བྱ་བས་ཞེས་བྱ་བ་ནི་གཞན་གྱི་དོན་ལའོ། །ཆོས་ཅན་གྱི་ཆོས་བླངས་པ་མེད་ན་གྲུབ་མཐའ་ལ་གནོད་པ་མ་ཡིན་གྱི་ནམ་མཁའི་ཡོན་ཏན་ཉིད་ཉམས་པ་ཡིན་ན།
བསྟན་བཅོས་ཁས་བླངས་པའི་ཕྱིར་གྲུབ་མཐའ་ལ་གནོད་པ་ཡིན་པར་བསྟན་པ་ནི་མི་འཁྲུལ་པས་ན་ཞེས་བྱ་བའོ། །རང་བཞིན་ནི་གཏན་ཚིགས་ཀྱི་ཁྱབ་བྱེད་དོ། །དོན་ནི་ཁྱབ་བྱའོ་འབྲས་བུ་ལ་ཡང་མི་འཁྲུལ་བས་ཏེ་གནོད་པར་བྱེད་པའི་ཚད་མས་གྲུབ་པའི་ངེས་པས་སོ། །ངོ་བོ་ཉིད་ལས་

ཞེས་བྱ་བ་ནི་གོ་བར་བྱེད་པའི་ངོ་བོ་ལས་ཏེ་སྨྲ་བ་ནི་འདོད་པས་བྱས་པ་དོན་གྱི་ངོ་བོ་མ་ཡིན་པ་བཟློག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངེས་པའི་དོན་ལ་ཡང་རང་བཞིན་གྱིས་གོ་བྱེད་ཡིན་ཡང་བསྟན་བཅོས་དང་ལྡན་པ་ནི་ཁས་བླངས་པས་གནོད་པའི་འཇིགས་པས་དེ་ལས་རྟོགས་
པར་བྱེད་པ་མ་ཡིན་ཞེས་ཟེར་བ་ལ་དེ་ནི་འདོད་པའི་ཞེས་བྱ་བ་སྟེ། ཆོས་ཅན་ལ་བསྒྲུབ་བྱ་མེད་ན་མི་འབྱུང་བ་ཉིད་ཀྱི་དོན་རྟོགས་པ་ཁོ་ན་བསྒྲུབ་བྱ་རྟོགས་པ་ཡིན་པའི་ཕྱིར་ཇི་ལྟར་རྟོགས་པར་མི་བྱེད་ཅེས་བྱ་བའི་དོན་ཏོ། །འགལ་བ་ཅན་དེ་དེ་ལྟར་ཤེས་ཀྱང་བརྗོད་ན་རྒོལ་བ་སྐྱོན་ཅན་ཉིད་ཡིན་ནོ་ཞེས་ཟེར་བ་ལ་གཏན་
ཚིགས་ཞེས་བྱ་བའོ། །ཚིག་གི་ནུས་པས་གནོད་པ་ཡིན་ན་རྒོལ་བའི་སྐྱོན་ཅན་དུ་འགྱུར་བ་ཞིག་ན་དེ་ལྟ་ནི་མ་ཡིན་ཏེ་མ་བརྗོད་ཀྱང་དེའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེའི་རང་བཞིན་བརྗོད་ན་དོན་བཞིན་དུ་རྒོལ་བ་པོ་ནི་ཚིག་གིས་རྗེས་སུ་འབྲང་བའི་ཕྱིར་ཁས་བླངས་པ་དང་འགལ་
བར་འབྲེལ་པ་ཁོ་ན་ཡིན་ནོ་ཞེས་ཟེར་བ་ནི་གནོད་བྱེད་ཅེས་བྱ་བའོ། །མ་བརྗོད་པའི་སྒྲུབ་བྱེད་ལ་ཡང་གནོད་པར་བྱེད་པ་ཡིན་ན་ཚིག་འདི་ལྷན་ཅིག་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་བསྟན་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་རྒོལ་བའོ། །དངོས་སུའམ་ལྷན་ཅིག་བྱེད་པ་ཉིད་ཀྱིས་ཀྱང་ངེས་པ་སྟེ། མི་
རིགས་པ་བྱེད་པ་མིན་ན་སྐྱོན་ཅན་དུ་མི་འགྱུར་བའོ། །གཏན་ཚིགས་བཞིན་དུ་ལྟར་སྣང་བ་ལ་ཡང་རང་ཉིད་ཀྱི་སྐྱོན་ཡོད་ན་དེ་དག་གི་ཚིག་དག་ལ་འདོད་པ་དང་ཅིག་ཤོས་གྲུབ་པའི་རྒྱུ་ཉིད་དུ་ཁྱད་པར་ཆེ་བ་ཡིན་པར་བསྟན་པ་ནི་གཏན་ཚིགས་ལྟར་སྣང་ཞེས་བྱ་བའོ། །འདིར་མ་ཡིན་ཞེས་བྱ་བ་ནི་བྱས་པ་ཉིད་
ལའོ། །དེ་ཞེས་བྱ་བའི་འདོད་པའི་མི་རྟག་པ་ཉིད་དེ་རང་གི་འདོད་པ་བསྒྲུབ་པའི་ཕྱིར་སྒྲུབ་པར་བྱེད་པའི་ཡན་ལག་བརྗོད་པའི་ཕྱིར་རོ། །འདིར་ནི་ཞེས་བྱ་བ་ནི་མི་རྟག་པ་ཉིད་རྩོད་པའི་གཞི་ཡིན་པའི་གནས་སྐབས་ལའོ། །འདི་ལ་ཡང་ཞེས་བྱ་བ་ནི་བྱས་པ་ཉིད་ལའོ། །མ་བརྗོད་པ་ཞེས་བྱ་བ་ནི་བསྟན་
བཅོས་ཀྱི་དོན་ནམ་མཁའི་ཡོན་ཏན་ཉིད་སྒྲུབ་བྱེད་དེ། མ་ཡིན་ཏེ་སྒྲུབ་པར་བྱེད་པ་ཡང་ཞེས་བྱ་བ་ནི་བསྟན་བཅོས་ཀྱི་དོན་མི་རྟག་པ་ཉིད་དོ། །འདིར་མི་རྟག་པ་ཉིད་བསྟན་བཅོས་ཀྱི་དོན་དང་འགལ་བ་ཅན་ནི་མི་འདོད་པ་དང་འདྲེས་པའི་ཕྱིར་འདོད་པ་སྒྲུབ་པར་བྱེད་པ་ཡིན་ཡང་དུག་དང་འདྲེས་པའི་ཁ་ཟས་བཞིན་དུ་

མི་འདོད་པ་ཁོ་ན་མ་ཡིན་ནམ་ཞེས་ཟེར་བ་ལ་གལ་ཏེ་ཞེས་བྱ་བའོ། །རིགས་མིན་པས་ཞེས་བྱ་བ་ནི་འགལ་བ་ཅན་ནོ། །རིགས་པ་སྨྲ་བ་ཡང་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་ཡང་བསྒྲུབ་བྱ་ཉིད་དུ་སྨྲ་བའོ། །ཀྱང་ཞེས་བྱ་བ་ནི་འགོག་བྱེད་ཅེས་བྱ་བའི་འདྲེན་པར་བྱེད་པའོ། །བསྟན་བཅོས་མ་ལུས་པའི་དོན་
གཏན་ཚིགས་དང་འགལ་བ་མ་ཡིན་ཏེ་དེ་སྟེ་འགལ་བ་ཡོད་པའི་ཕྱིར་རོ། །འགའ་ཞིག་ལ་ཡང་འགལ་བ་ཡོད་པ་མ་ཡིན་པར་བསྟན་པ་ནི་འབྲེལ་པ་ཞེས་བྱ་བ་སྟེ། ཡུལ་ཐ་དད་པའི་ཕྱིར་འགལ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །མེ་ལ་སོགས་པའི་སྒྲུབ་བྱེད་ཐམས་ཅད་ཀྱང་མེ་མ་ཡིན་པ་དགག་པ་ལ་
སོགས་པ་མི་འདོད་པ་དང་འདྲེས་པའི་ཕྱིར། སྒྲུབ་བྱེད་མ་ཡིན་པ་ཐོབ་པར་འགྱུར་རོ་ཞེས་ཟེར་བ་ལ་དོན་ཀུན་ཞེས་བྱ་བ་སྟེ། བཟློག་པ་དགག་པར་མི་བྱེད་ན་འཁྲུལ་པ་ཡིན་པར་སྒྲུབ་བྱེད་མ་ཡིན་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཀུན་དུ་ནི་འཇིག་རྟེན་དང་བསྟན་བཅོས་དག་ལའོ། །མེ་ནི་མེ་མ་
ཡིན་པར་མངོན་སུམ་གྱིས་བཀག་པ་དེའི་ཕྱིར་འགལ་བ་ཅན་མ་ཡིན་པ་མ་ཡིན་ནམ། ནམ་མཁའི་ཡོན་ཏན་ཉིད་ནི་ལུང་ལས་གྲུབ་པ་ཡིན་ན་འགལ་བ་ཅན་ཡིན་ཏེ་འགལ་བ་མི་འཁྲུལ་པ་ལྟ་བུའོ་ཞེས་ཟེར་བ་ལ་ཆོས་ཅན་གཅིག་ལ་ཞེས་བྱ་བ་སྟེ་སྡེ་ཕན་ཚུན་དུའོ། །འདིར་ཞེས་བྱ་བ་ནི་ནམ་མཁའི་
ཡོན་ཏན་ཉིད་དང་མི་རྟག་པ་ཉིད་དག་ཚད་མའི་རྩ་བ་ཅན་གྱི་མི་རྟག་པ་ཉིད་ཀྱིས་ཅིག་ཤོས་ལ་གནོད་པའི་ཕྱིར་རོ། །རང་བཞིན་གྱི་འབྲེལ་པ་མེད་པའི་ཕྱིར་སྟོབས་མཚུངས་པ་ཇི་ལྟར་ཡིན་ཞེས་ཟེར་བ་ལ་གཉི་ག་ཡང་ཞེས་བྱ་བའོ། །སྒྲུབ་པར་བྱེད་པ་ནི་བསྒྲུབ་བྱ་རྟོགས་པར་བྱེད་པའོ། །ཉམས་འགྱུར་
ཏེ་ཞེས་བྱ་བ་ནི་ཐམས་ཅད་དུ་འགལ་བ་ཅན་གྱི་ཚིག་མཐོང་བའི་ཕྱིར་རྗེས་སུ་དཔག་པ་ལས་ཀྱང་སྲིད་པའི་ཕྱིར་རོ། །དེ་ལ་ནི་བསྟན་བཅོས་ལའོ། །ཡོད་པར་བྱེད་པ་ནི་གྲུབ་པར་བྱེད་པའོ། །ནམ་མཁའི་ཡོན་ཏན་ཉིད་ཁོ་ན་མི་རྟག་པ་ཉིད་དང་འགལ་བ་ཡིན་གྱི་དེའི་མེད་པ་དང་ནི་མ་ཡིན་པར་བསྟན་པ་ནི། ནམ་
མཁའི་ཡོན་ཏན་ཉིད་མེད་པ་ནི་ཞེས་བྱ་བ་སྟེ། དེ་མེད་པ་དང་འགལ་བ་མེད་ན་དེ་ཉིད་འགྲུབ་པ་ཡིན་གྱི་རྟག་པ་ཉིད་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མི་རྟག་པ་ཉིད་དང་ནམ་མཁའི་ཡོན་ཏན་ཉིད་དག་གི་ཕན་ཚུན་འགལ་བ་དང་ཅིག་ཤོས་ཀྱི་གནས་སྐབས་ཡིན་ལ། དེའི་མེད་པ་དང་

འགལ་བ་མེད་པར་བརྗོད་པ་ནི་དེས་གནོད་པར་བྱེད་པ་མ་ཡིན་པ་ཉིད་དུ་བསྒྲུབ་པ་ལ་བརྟེན་པ་ཡིན་ཏེ། གཞན་དུ་ན་མི་རིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །གཞལ་བྱ་དག་ལ་ཕན་ཚུན་འགལ་བ་ཡིན་ཞེས་ཟེར་བ་ནི། སྐྱོན་མེད་ཤེས་པ་མེད་པ་ལ། །ཚད་མ་དག་
ལ་ཁྱད་མེད་ཕྱིར། །བསྒྲུབ་པར་བློ་ཡིས་མངོན་སུམ་ལས། །མེད་སྨྲ་དག་གིས་ཁྱད་པར་བརྗོད། །ཅེས་བྱ་བ་ཡིན་ནོ་ཞེས་ཟེར་བ་ནི། དེ་དག་གནོད་བྱ་གནོད་བྱེད་ནི། །ཞེས་བྱ་བ་སྟེ། ཕན་ཚུན་དུའོ། །མི་རྟག་པ་ཉིད་གནོད་པར་བྱེད་པ་ཡིན་ཡང་དེ་དག་སྟེ་ནམ་མཁའི་ཡོན་ཏན་ཉིད་དང་མི་རྟག་པ་ཉིད་
དག་མ་ཡིན་གྱི་མི་རྟག་པ་ཉིད་དང་ནམ་མཁའི་ཡོན་ཏན་ཉིད་མེད་པ་དག་གི་གནས་སྐབས་ནི་མ་ཡིན་ནོ། །མེད་ན་མི་འབྱུང་མི་འདོད་ལ། །གནོད་ཀྱང་གཞན་ལ་ཅི་ཞིག་གནོད། །ཅེས་བྱ་བ་ཁས་བླངས་ནས་བསྟན་པ་ནི། འབྲེལ་པ་མེད་ཀྱང་ཞེས་བྱ་བ་སྟེ། དེ་དག་གི་ནམ་མཁའི་ཡོན་ཏན་ཉིད་གནོད་
བྱ་ཡིན་ན་ཡང་ཁས་བླངས་པའི་བསྟན་བཅོས་ལ་གནོད་པའི་ཕྱིར། མི་རྟག་པ་ཉིད་ཀྱི་སྒྲུབ་བྱེད་ལ་གནོད་པར་འགྱུར་རོ་ཞེས་བྱ་བ་ནི་རྒོལ་བའི་དོན་ཡིན་ནོ། །བསྒྲུབ་བྱ་གང་ཡང་རུང་བ་བསྒྲུབ་པ་ན་བསྟན་བཅོས་ཀྱི་དོན་གང་ཡང་རུང་བ་གནོད་པའི་ཕྱིར་ཡང་སྐྱོན་དུ་འགྱུར་བ་བསྟན་པ་ནི་ཐམས་ཅད་ཐམས་ཅད་
ཀྱི་གནོད་འགྱུར་ཞེས་བྱ་བ་སྟེ། ཐམས་ཅད་ནི་བསྟན་བཅོས་ཏེ་འབྲེལ་པ་ཅན་མ་ཡིན་པའོ། །ཐམས་ཅད་ཀྱི་ནི་རྟགས་ཀྱིའོ། །གནོད་པ་ནི་རྟགས་ཐམས་ཅད་ཀྱི་བསྟན་བཅོས་གནོད་པའི་ཕྱིར་ཐམས་ཅད་ཀྱི་ཞེས་བྱ་བ་གཏན་ཚིགས་ལ་གནོད་པ་ཡིན་ནོ་ཞེས་ཟེར་བ་འབྲེལ་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རྒྱལ་
བ་ཅན་གྱིའོ། །འབྲེལ་པ་མེད་ཀྱང་གནོད་པ་ཡིན་ན་ཐལ་ཆེས་པ་ནི་འདི་ལ་མ་ཡིན་ཏེ། དེ་ཡོད་པའི་ཕྱིར་རོ་ཞེས་ཟེར་བ་ནི་འབྲེལ་པས་ཏེ་ཡོད་པ་ཞེས་སྦྱར་རོ། །ཅི་ལས་ཤེས་ན་དེས་ན་སྟེ་མི་རྟག་པ་ཉིད་ཀྱི་རྒྱུས་སོ། །དེ་ཉིད་ནི་ཆོས་ཅན་ལ་སྟེ་བསྟན་བཅོས་ཀྱི་དོན་ནམ་མཁའི་ཡོན་ཏན་དེ་ཉིད་གནོད་པར་
འགྱུར་བ་དེའི་ཕྱིར་སྐྱོན་ཡིན་ནོ་ཞེས་བྱ་བ་ནི་བསམས་པའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་རྒོལ་བ་བཟློག་པའོ། །ཆོས་ཅན་དེ་ལ་ཡང་རང་གི་བསྒྲུབ་བྱ་ཉིད་དང་འབྲེལ་བའི་གཏན་ཚིགས་ཡིན་གྱི་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་གཞན་དང་ནི་མ་ཡིན་པར་བསྟན་པ་ནི་གཏན་ཚིགས་ཞེས་བྱ་བའོ། །གནས་

པ་མ་ཡིན་ཡང་མི་རྟག་པ་ཉིད་ལ་བདག་མེད་པ་ཉིད་བཞིན་དུ་འབྲེལ་པ་ཡིན་པའི་ཕྱིར་འདི་མེད་ན་མི་འབྱུང་བའི་ཕྱིར་རིགས་པ་ཡིན་པར་བསྟན་པ་ནི། མེད་ན་མི་འབྱུང་བ་ཞེས་བྱ་བ་སྟེ་མི་རྟག་པ་ཉིད་ལ་བདག་མེད་པ་ལྟ་བུའོ། །དེ་ནི་འདིར་ཞེས་བྱ་བ་ནི་མི་རྟག་པ་ཉིད་དང་ནམ་མཁའི་ཡོན་ཏན་ཉིད་ལའོ། །བསྟན་
བཅོས་གནོད་པ་འབའ་ཞིག་ནི་གཞན་ནི་གཏན་ཚིགས་ཏེ། བརྩལ་མ་ཐག་ཏུ་བྱུང་བ་ཉིད་དེས་བྱས་པ་ཡང་དེ་ལའམ་ས་ལ་ཡང་མཚུངས་པ་ཡིན་ནོ། །ཁྱབ་པར་བྱེད་པ་བསྟན་པ་འདི་དེ་ལ་ཞེས་བྱ་བའོ། །རྒོལ་བའི་འདོད་པ་ལས་བསྟན་བཅོས་གཞན་གྱི་འདོད་པ་བསལ་བར་བྱ་བའི་ཆེད་དུ་རང་གི་སྨོས་པ་མ་ཡིན་ན།
གཏན་ཚིགས་མ་གྲུབ་པ་ཉིད་ལ་སོགས་པའི་ཚིག་དམ་བཅའ་བ་ཡིན་པའི་ཕྱིར་དེ་ཡང་གཏན་ཚིགས་ཀྱི་སྐྱོན་དུ་འགྱུར་བས་བསྟན་པ་ནི་གལ་ཏེ། བསྟན་བཅོས་ཁས་བླངས་པའི་ཕྱིར་ཞེས་བྱ་བའོ། །རྒོལ་བ་རང་གི་སྒོ་ནས་གཞན་གྱི་འདོད་པ་ལས་ཀྱང་ཁྱད་པར་མེད་པར་བསྟན་པ་ནི་གཞན་གྱི་ཡང་ཞེས་
བྱ་བའོ། །དམ་བཅའ་བ་ནི་ལུང་ཡིན་པར་ཞེས་བྱ་བ་སྒྲུབ་པ་མ་ཡིན་པའོ་ཞེས་ཟེར་བ་ནི་ལུང་མ་ཡིན་ནོ་ཞེས་བྱ་བའོ། །དམ་བཅའ་བ་ཉིད་ལུང་ཡིན་ནོ་ཞེས་བྱ་བ་བསྒྲུབ་པར་བྱ་བ་ཡིན་ཞེས་ཟེར་བ་ནི་ལུང་ཞེས་བྱ་བ་སྟེ། མ་གྲུབ་པ་ལ་སོགས་པའི་ཚིག་དམ་བཅའ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལུང་
ཉིད་དམ་བཅའ་བ་མ་ཡིན་ནོ་བར་བཤད་ཟིན་ཏོ་ཞེས་ཟེར་བ་ནི་མ་ཡིན་ཏེ་དམ་བཅའ་བ་ནི་ཞེས་བྱ་བའོ། །རང་གི་འདོད་པ་ལ་སྐྱོན་སེལ་བར་བྱེད་པ་ནི། དེ་ནི་བདེན་མོད་ཀྱི་ཞེས་བྱ་བའོ། །བསྟན་བཅོས་ཀྱི་དོན་ཉིད་ཀྱི་རྒྱུ་མཚན་ནི་སྒྲུབ་བྱེད་ཀྱི་བསྒྲུབ་པར་བྱ་བ་ཉིད་ཀྱང་ཁྱད་པར་གྱིས་བཟློག་པར་བྱ་བ་མ་ཡིན་ཏེ། ཐལ་
ཆེས་པའི་ཕྱིར་རོ་ཞེས་བསྟན་པ་ནི་གལ་ཏེ་སྒྲུབ་བྱེད་ཉིད་ཅེས་བྱ་བའོ། །བསྟན་བཅོས་ཀྱི་དོན་རྗེས་སུ་བརྗོད་ནས་རྒོལ་བའི་འདོད་པ་བསྒྲུབ་བྱ་ཡིན་ནོ་ཞེས་བྱ་བ་འདི་ཉིད་རིགས་པ་མ་ཡིན་ནམ། དེ་ལྟ་ཡིན་ན་རང་གི་དོན་ཁོ་ན་བསྒྲུབ་བྱ་ཡིན་པར་བསྟན་པ་ནི། གལ་ཏེ་མི་འདོད་ཅེས་བྱ་བའོ། །ནམ་མཁའི་
ཡོན་ཏན་ཉིད་ནི་བརྟེན་པ་ལ་སོགས་པ་ཉིད་དུ་མི་རིགས་པའི་ཕྱིར་རང་བཞིན་བ་དང་དོན་རྟོགས་པར་བྱེད་པ་ཉིད་ནི་རྒན་པོ་རྣམས་ཀྱི་ཐ་སྙད་ལས་ཡི་གེ་སྔ་མ་འཛིན་པའི་མངོན་སུམ་གྱིས་མི་འཛིན་པའི་ཕྱིར་ཡི་གེ་མ་གཏོགས་པ་དེའི་ཐ་སྙད་གཞན་དུ་མི་འཐད་པས་རྒན་པོ་རྣམས་ཀྱིས་དེ་ལྟར་ཤེས་པའི་ཕྱིར། གཞན་

ཡིན་པ་དང་མཐོང་བ་ཉིད་དུ་ཞེན་པའི་སྒྲ་ལས་སོར་མོའི་བརྡ་ལྟ་བུར་བརྡ་ཇི་ལྟ་བ་བཞིན་དུ་དོན་དྲན་པའི་ཕྱིར། དྲན་པ་པོ་གཞན་དང་ཤེས་པ་ཡང་ངེས་པ་ཡིན་ཏེ། དྲན་པ་ཇི་ལྟ་བ་བཞིན་དུ་འདོད་པ་ལ་སོགས་པ་དང་འདྲེས་པའི་ཕྱིར་གཞན་སྐྱེས་བུས་བྱས་པ་དང་། ཚད་མ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བ་
ལ་སོགས་པ་ནི་གཞན་ཡང་ཞེས་བྱ་བར་བརྗོད་དོ། །གནོད་པས་ཞེས་བྱ་བ་ནི་དེ་ལྟ་བུ་ལ་སོགས་པ་ལ་མི་རྟག་པ་ཉིད་ཀྱི་སྒྲུབ་བྱེད་ཀྱིས་སོ། །ཉེས་པ་ཅན་ནི་རྒོལ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །རང་ཉིད་ནི་འདོད་པ་ཞེས་བྱ་བར་སྦྱར་རོ། །དེ་དང་ལྡན་པའི་ཕྱིར་ནི་དེ་དང་འདུ་བའི་ཕྱིར་རོ། །གཞན་དུ་ཡང་ཞེས་བྱ་
བ་ནི་སྒྲ་དང་སྒྲ་གཞན་ལས་སྐྱེས་པས་སོ། །དེ་ཉིད་དུ་ཞེས་བྱ་བ་ནི་གསལ་བའི་གནས་ཉིད་དུའོ། །གསལ་བར་བྱེད་པའམ་སྐྱེད་པར་བྱེད་པ་ཡང་རྣ་བའི་ཡུལ་དུ་སྒྲ་གསལ་པོར་བྱེད་པ་མ་ཡིན་ནོ། །དཔག་ཚད་ཅེས་བྱ་བ་ནི་གསལ་བའི་ཁྱད་པར་ཡིན་པའི་ཕྱིར་མ་ཁྱབ་ན་འཇུག་པ་ཉིད་ནི་ཡན་ལག་མེད་པ་
ཉིད་དུ་མི་རིགས་ཏེ་ཡོན་ཏན་རྣམས་བརྟེན་པའི་ཕྱིར་རོ། །དྲི་ཡང་ས་ལ་ཞེས་བྱ་བ་ནི་གཅིག་ཏུ་དབྱེར་མེད་པར་མ་རྟོགས་པའི་ཕྱིར་ཞེས་བྱ་བར་སྦྱར་རོ། །གཞན་དུ་འདས་པ་ནི་རླུང་གི་རྫས་ཀྱིས་སོ། །ཡོན་ཏན་དང་ནི་སྒྲ་དང་ས་ཡིན་པའི་ཕྱིར་ནི་རྫས་ཡིན་པའི་ཕྱིར་རོ། །དེ་ཞེས་བྱ་བ་ནི་སྒྲའོ། །དེ་དམིགས་ཀྱང་ནི་དྲི་
དམིགས་པའོ། །ལྷན་ཅིག་ཏུ་ཞེས་བྱ་བ་ནི་ས་དང་ངོ་། །བྱ་བ་དང་བཅས་པ་ཉིད་མ་ཡིན་ན་ཡོན་ཏན་ཉིད་ཁོ་ན་དོར་བར་བྱ་བ་ཡིན་པར་བསྟན་པ་ནི། གལ་ཏེ་ཞེས་བྱ་བ་སྟེ། ནང་གི་རླུང་རྣ་བའི་ཕྱོགས་སུ་སོང་བས་ཁྱབ་པའི་སྒྲ་གསལ་བར་བྱེད་པ་ཡིན་ནོ་ཞེས་པ་འདིས་བསལ་བ་ཡིན་ཏེ། སྐྱེ་བའི་ཡུལ་ལ་
དམིགས་པས་སྒྲ་ཉིད་འདའ་བར་བྱ་བ་ཡིན་ནོ། །གཞན་ཡང་ཞེས་བྱ་བ་ནི་རང་གི་འདོད་པ་ལ་འདའ་བར་བྱ་བ་ཉིད་ལ་སོགས་པ་མེད་པར་བསྟན་ཏོ། །ཡོན་ཏན་ལ་ནི་ཡོན་ཏན་ཉིད་ལས་སོ། །གཞན་གྱི་ཡང་སྐད་ཅིག་རེ་རེ་ཞིང་ཡུལ་གཞན་དང་གཞན་ལ་འདྲ་བ་སྐྱེད་པར་འདོད་པ་ཁོ་ན་ཡིན་པར་བསྟན་པ་ནི། ཆུ་རླུང་
ས་དང་ཞེས་བྱ་བའོ། །རྒྱལ་དཔོག་པ་རྣམས་ནི་གསལ་བར་བྱེད་པའི་རླུང་དང་གཟུགས་ལ་སོགས་པ་ཉིད་ཀྱིས་རྫས་ཞེས་བྱ་བར་འདོད་པ་ཡིན་ནོ། །རང་གི་འདོད་པ་བསྟན་པ་ནི་གཞན་ཡང་ཞེས་བྱ་བའོ། །གེགས་བྱེད་ནི་ལུས་ཅན་ནོ། །བྲལ་བས་ནི་མེད་པས་བྱས་པའོ། །བདག་ཉིད་ཀྱིས་འདོད་པའི་དོན་དུ་བརྟགས་

པས་སྒྲ་ལ་སོགས་པའི་གཞི་ཉིད་གྲུབ་པའི་ཕྱིར་ནམ་མཁའ་ལ་སོགས་པ་དོན་ལས་ཐོབ་པ་མ་ཡིན་པར་བསྟན་པ་ནི་འོན་ཏེ་ཁྱབ་དང་ཞེས་བྱ་བའོ། །དེ་འདྲ་བའི་བདག་ཉིད་ནི་དེའི་བྱ་བ་བྱེད་པ་ཉིད་ཀྱིས་སོ། །ནམ་མཁའ་ཅི་བྱར་ཡོད་ཅེས་བྱ་བ་ནི་དེ་ཡང་དེའི་བྱ་བ་དང་ལྡན་པར་མི་འགྱུར་བའོ། །དེ་རྣམས་ཀྱིས་ཏེ་ཕྱོགས་
རྣམས་ཀྱི་ཤར་ཉིད་ལ་སོགས་པའི་དབྱེ་བའོ། །བུ་ག་མེད་པར་བྱེད་པ་མེད་པ་ན་བུ་ག་ལ་དེ་ལྟར་ཏེ་ནམ་མཁར་རོ། །བུ་ག་མེད་པར་བྱེད་པ་སྟེ་མཐར་ཐུག་པར་བྱེད་པ་ཡོད་པའོ། །དེ་མེད་ན་ཡང་ནི་དམིགས་པ་མེད་པ་ཡང་ངོ་། །དེ་དང་ཞེས་བྱ་བ་མཐར་ཐུག་པ་ལའོ། །གཞན་ན་ནི་གཞན་ནའོ། །དེ་ཉིད་ན་ནི་མཐར་ཐུག་
པ་ནའོ། །འགལ་ལོ་ཞེས་བྱ་བ་ནི་ནམ་མཁའ་བུ་ག་ཡིན་པའི་ཕྱིར་རོ། །གང་ལས་ཞེས་བྱ་བ་ནི་དབྱིག་པ་ལ་སོགས་པ་ལས་སོ། །དེ་ཞེས་བྱ་བ་ནི་བུམ་པ་ལ་སོགས་པའོ། །དེ་མེད་དེ་དབྱིག་པ་ལ་སོགས་པ་མེད་པ་ནའོ། །དེ་ཞེས་བྱ་བ་ནི་བུམ་པ་ལ་སོགས་པའོ། །དེ་མིན་ནི་ཉེ་བར་གནོད་པའོ། །བལྟད་པ་ནི་དམིགས་
པ་མེད་ཀྱང་ཐ་སྙད་བྱེད་པའོ། །ཚད་མ་ནི་མེད་དོ་ཞེས་སྦྱར་རོ། །གཞན་པ་ལས་མ་ཡིན་ཞེས་བྱ་བ་ནི་ཁྱབ་པ་མ་ཡིན་པ་ཉིད་དོ། །འགྲོ་བ་ནི་ཤར་ལ་སོགས་པའོ། །དེ་མེད་པ་ནི་ནུབ་ལ་སོགས་པ་མེད་པའོ། །གཞན་དུ་ནི་ཕྱོགས་གཞན་དུའོ། །གནས་པ་ནི་གསལ་བར་བྱེད་པའི་མི་ཤར་ལ་སོགས་པ་
མེད་ན་རང་ལས་དེ་མངོན་པར་གསལ་བ་ནི་ཕྱོགས་ལས་ཀྱང་མི་འགྱུར་བར་བསྟན་པ་ནི། གནས་སྐབས་ལས་ཞེས་བྱ་བའོ། །འགྱུར་བ་ནི་ཕྱོགས་ལས་ཞེས་བྱ་བར་སྦྱར་བའམ་ཐ་སྙད་དུ་འགྱུར་བ་ནི་ཡོད་པའི་ཐ་སྙད་དོ། །རང་གི་ངོ་བོར་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་བཞིན་དུ་ཡིད་ཀྱིས་རྟོགས་པ་ནའོ། །གང་
ལ་ནི་གྲོང་ལ་སོགས་པ་ལའོ། །དུས་ལ་ཡང་འདས་པ་ལ་སོགས་པའི་ངོ་བོའི་གསལ་བར་བྱེད་པ་ཁོ་ནར་ངེས་པའི་དངོས་པོ་ནི་འདས་པ་ལ་སོགས་པའི་ཐ་སྙད་ཀྱི་ཡུལ་ཡིན་པར་བསྟན་པ་ནི་བྱུང་བར་གྱུར་ཏོ། །ཡང་ངོ་ཞེས་བྱ་བའོ། །རྒྱལ་པོ་གང་དག་ཅེས་བྱ་བ་ནི་རཱ་མ་ཎ་
ལ་སོགས་པའོ། །སོ་སོར་ངེས་པ་ནི་སོ་སོར་ངེས་པ་ཅན་ནོ། །འགོག་པ་ནི་དངོས་པོའི་རང་གི་ངོ་བོ་འཐོབ་པ་མེད་པ་དང་གནང་བ་མེད་པའོ། །དུས་ཀྱིས་འབྱུང་བ་སྨིན་བྱེད་ཅིང་། །དུས་ཀྱིས་སྐྱེ་དགུ་སྡུད་པར་བྱེད། །ཅེས་བྱ་བ་ལ། སྨིན་པ་ནི་སྐྱེད་པར་བྱེད་པའོ། །འདོད་པ་ལས་ནི་བདག་ལས་སོ། །གཞན་དུ་ནི་དུས་

ལ་སོགས་པ་ཐ་དད་པ་ཉིད་དོ། །འདི་ནི་ནམ་མཁའ་ཉིད་དུ་ཞེས་བྱ་ནི་རྒོལ་བའོ། །དེའི་ནི་འབར་བ་ལ་སོགས་པའོ། །མཚུངས་སོ་ཞེས་བྱ་བ་ནི་རྟེན་ལས་གཞན་དུ་མཐོང་བར་རོ། །གལ་ཏེ་འདོད་པ་སྨོས་པ་ཁོ་ན་ལས་བསྟན་བཅོས་སུ་འདོད་པ་ལས་ལྡོག་པ་ཡིན་ན་ཕྱོགས་ཀྱི་
མཚན་ཉིད་རྫོགས་པ་ཡིན་ཞིང་། རང་ཉིད་ཅེས་བྱ་བ་དོན་མེད་དེ་བཟློག་པར་བྱ་བ་མེད་པའི་ཕྱིར་རོ་ཞེས་ཟེར་བ་ནི་ཕྱོགས་མཚན་ཞེས་བྱ་བའོ། །བསྟན་བཅོས་སུ་འདོད་པ་ཐམས་ཅད་བསྒྲུབ་བྱ་ཉིད་ཡིན་པའི་ཕྱོགས་ལ་རང་ཉིད་ཅེས་བྱ་བ་དོན་མེད་པར་འགྱུར་ཞེས་བྱ་བའི་འགྲེལ་པ་ནི། རང་ཉིད་ཀྱི་སྒྲ་ནི་ཞེས་
བྱ་བའོ། །དེ་ཡང་། གལ་ཏེ་མི་འདོད་སྒྲུབ་མིན་ན། །ཞེས་བྱ་བ་ལན་ཡིན་ན་ཇི་ལྟར་ཡིན་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །བསྟན་བཅོས་སུ་འདོད་པ་ལ་རང་གི་འདོད་པས་ཁས་ལེན་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་ཁྱད་པར་ཅན་གྱི་ཡང་དག་པར་འདོད་པ་ཉིད་ཀྱིས་ཡིན་ཏེ། སྐྱེས་བུ་མ་བྱས་པའི་ཕྱིར་རོ་སྙམ་དུ་དོགས་
པ་བསལ་བའི་དོན་དུ་རང་ཉིད་ཀྱི་ཚིག་ཡིན་པར་བསྟན་པ་ནི་གལ་ཏེ་བསྟན་བཅོས་ཞེས་བྱ་བའོ། །ཡོད་པ་ལ་སོགས་པས་མི་རྟག་པ་ཉིད་ཡིན་ན་སྐྱེས་བུས་བྱས་པ་མ་ཡིན་པ་ཉིད་ལ་སོགས་པ་མི་སྲིད་པའི་ཕྱིར་ཚད་མས་རྗེས་སུ་བཟུང་བའི་བསྟན་བཅོས་ཁས་བླང་བ་བྱས་པའི་ཁྱད་པར་ཅན་ཉིད་ཡིན་ན། ཇི་ལྟར་འདོད་
པས་འཇུག་པ་དང་ཅིག་ཤོས་ཡིན་ཞེས་དོགས་པར་བྱེད་ཅེས་བསྟན་པ་ནི། འོ་ན་དོགས་འདི་ཞེས་བྱ་བའོ། །ཚད་མའི་རྒྱུ་མཚན་གྱིས་འཇུག་པ་དེ་མེད་ན་མི་འབྱུང་བར་བསྟན་པ་ནི་གལ་ཏེ་ཚད་མས་བཀག་ན་ཡང་ཞེས་བྱ་བའོ། །ཚིག་ལས་ནི་བྱེད་པས་སོ། །གང་གིས་རྒོལ་བ་སྟེ་རྟོག་པ་དང་ལྡན་པའི་འདོད་པ་
ཡང་ཚད་མའི་རྩ་བ་ཅན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིག་ཤོས་ཀྱང་འདོད་པ་ཙམ་དུ་ཁས་བླངས་པ་དེ་བཞིན་དུ་ཁས་བླངས་པ་ཡིན་ན། གཞན་ཡང་དེ་ཁོ་ན་བཞིན་དུ་ཁས་ལེན་པར་འགྱུར་ཏེ་དེ་ལྟར་འཇུག་པ་གྲུབ་པའི་ཕྱིར་རོ་ཞེས་བསྟན་པ་ནི་དེ་དག་སྔར་ཡང་ཞེས་བྱ་བའོ། །རྒོལ་བའི་འདོད་པ་ཡིན་ཡང་ཚད་མ་
ཡོད་པ་དང་ཅིག་ཤོས་དག་ཉིད་ཀྱིས་འཛིན་པ་དང་ཅིག་ཤོས་དག་ཡིན་ན། རང་ཉིད་ཀྱི་ཚིག་གིས་ཅི་ཞིག་བྱ་ཞེས་ཟེར་བ་ནི། དེ་ལྟར་ན་འོ་ན་ཞེས་བྱ་བ་སྟེ། རང་ཉིད་ཅེས་བྱ་བས་བསྟན་བཅོས་སུ་འདོད་པ་བཟློག་པས་ཀྱང་བསྒྲུབ་བྱ་འགྲུབ་བོ་ཞེས་བྱ་བའི་དོན་ཏོ། །མ་བཟློག་ཀྱང་འཐོབ་པའི་དོན་ཡིན་ནོ་ཞེས་ཟེར་བ་ནི།

གལ་ཏེ་མི་གནོད་དོ་ཞེ་ན་ཞེས་བྱ་བའོ། །མི་འདོད་པ་ཉིད་ཁོ་ནས་བསྟན་བཅོས་སུ་འདོད་པ་བཟློག་པ་མ་ཡིན་ནམ་ཅིའི་ཕྱིར་རང་ཉིད་སྨོས་པ་ཡིན་སྙམ་དུ་སེམས་པ་ལ་རྣམ་པར་བཅད་པའི་དོན་དུ་ནི་མ་ཡིན་ཏེ། ལོག་པར་རྟོགས་པ་བསལ་བའི་དོན་ཉིད་དོགས་པའི་གནས་བཀག་པས་ཞེས་བྱ་བས་བཀག་ཟིན་ཏོ། །
དེའི་ཕྱིར་དགོས་པ་ཅི་ཞིག་ཡོད་ཅེས་ཟེར་བ་ལ། ལོག་པར་རྟོགས་པ་ཞེས་བྱ་བ་རྗེས་སུ་བརྗོད་པའོ། །འདོད་གནོད་མེད་ཅེས་བྱ་བ་ལ་སོགས་པ་ནི་འབྲས་བུ་བསྒྲུབ་བྱ་སྟེ། འདོད་པ་མི་རྟག་པ་ཉིད་ལ་གནོད་པ་མེད་པ་སྟེ་འགལ་བ་མེད་པའི་ཕྱིར་ལ་འགལ་བ་མེད་པ་ཡང་དེ་མེད་ན་མི་འབྱུང་བ་ཉིད་ཀྱིས་སོ། །
བསྒྲུབ་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་བསྟན་བཅོས་སུ་འདོད་པ་མ་ཡིན་པའིའོ། །བསྒྲུབ་བྱ་མ་ཡིན་ན་ཉིད་ལ་ཡང་ཡིན་ན་ཐུག་པ་མེད་པ་ནི་གཏན་ཚིགས་ཐམས་ཅད་ཀྱི་འབྲས་བུའི་ཉེ་བར་མཚོན་པའོ། །གལ་ཏེ་སྒྲ་མི་རྟག་ཅེས་བྱ་བའི་ཆོས་ཅན་ཇི་ལྟ་བུ་ཡིན། མ་གྲུབ་པའི་ཆོས་ཅན་ལ་ནི་སྒྲུབ་བྱེད་མ་ཡིན་ལ་གཞུང་
ལུགས་ཀྱི་ཁྱད་པར་གྱིས་བྱས་པའི་ཆོས་ཅན་ལ་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །གཞན་ཡང་། ཡོན་ཏན་གསུམ་མམ་འདི་སྐྱེས་བུའམ། །ཡང་ན་ནམ་མཁའི་ཡོན་ཏན་ནམ། །ཡི་གེ་ལས་གཞན་ན་དེའི་བདག །རླུང་གི་ཡོན་ཏན་བྱེད་མིན་ན། །ཚིག་དང་ངག་གི་བདག་བསལ་བའམ། །རང་བདག་ཉིད་ལས་མ་བཟློག་པ། །
འདི་རྣམས་མི་རྟག་འགྱུར་མོད་ཀྱང་། །དེང་ལ་དེ་རྣམས་མི་རྟག་མིན། །ཁྱད་པར་ཉིད་ནི་མ་གྲུབ་དང་། །གཞི་མ་གྲུབ་པའི་གཏན་ཚིགས་ཉིད། །ཅེས་བྱ་བ་ལ་སོགས་པའི་སྐྱོན་དུ་འགྱུར་རོ་སྙམ་དུ་སེམས་པ་ལ་དེ་བསལ་བའི་ཆེད་དུ་རབ་ཏུ་གྲུབ་པའི་ཆོས་ཅན་ཡིན་པར་ཤེས་པར་བྱ་བའི་ཕྱིར་རང་ཉིད་སྨོས་
པ་ཡིན་ནོ་ཞེས་བསྟན་པ་ནི། གཞུང་ལུགས་ཀྱིས་བྱས་ཁྱད་པར་དག །ཅེས་བྱའོ། །རབ་ཏུ་གྲགས་པ་སྒྲ་ཞེས་བྱ་བ་སྒྲས་བརྗོད་པར་བྱ་བ་སྒྲ་ཉིད་ཀྱི་སྤྱི་རྟག་པ་རྟག་པ་ཁོ་ན་མ་ཡིན་ནམ། ཇི་ལྟར། མི་རྟག་པ་ཉིད་བསྒྲུབ་བྱ་མིན། །སྤྱི་ནི་འདི་ལ་གང་ཅུང་ཟད། །ཐམས་ཅད་ཀྱིས་ནི་རྟག་པར་བརྟགས། །ཞེས་བྱ་
བ་ལ། རིགས་ཀྱི་སྒྲ་གསལ་བ་རྣམས་ཀྱི་རྗོད་བྱེད་མ་ཡིན་ཏེ་གསལ་བ་རྣམས་ནི་སྒྲ་ཞེས་བྱ་བའི་སྒྲ་གསལ་བར་བྱེད་པར་མི་ནུས་ཏེ། རིགས་ཀྱིས་ཉེ་བར་མཚོན་པའི་ཁྱད་པར་རྣ་བས་འཛིན་པ་ནི་ཆོས་ཅན་ཡིན་ཏེ་གཞུང་ལུགས་ཐམས་ཅད་དུ་མ་སྤངས་པ་རབ་ཏུ་གྲགས་པ་བརྗོད་པ་དངོས་པོ་ལ་བརྟེན་པ་རྣམ་པར་

དཔྱོད་པ་ནི་དངོས་པོ་མ་ཡིན་པ་བརྡ་ལས་བྱུང་བ་རང་ཉིད་ཀྱིས་མི་འགྱུར་བ་འདི་ལ་འབད་པས་ཅི་ཞིག་བྱ་ཞེས་བསྟན་པ་ནི། དཔྱོད་པ་ཉིད་ཀྱི་སྐབས་ཀྱིས་ན། །ཞེས་བྱ་བ་སྟེ། བྱས་པའི་ཕྱིར་ཞེས་བྱ་བའི་སྒྲུབ་བྱེད་ནི་དཔྱོད་པ་ཡིན་ལ། འདོད་པ་སྒྲུབ་པའི་ཆེད་དུ་སྦྱར་བ་ནི་ནང་གི་སྒྲུབ་པ་ལ་ཚད་
མས་གྲུབ་པའི་ཆོས་ཅན་འཕེན་པར་བྱེད་ཅེས་བྱ་བའི་དོན་ཏོ། །བསྟན་བཅོས་གཅིག་གི་གོ་བྱ་ལ་མངོན་པར་འདོད་པའི་དགོས་པ་མེད་པར་བསྟན་པ་ནི། རང་འདོད་བརྟགས་པའི་ཞེས་བྱ་བའོ། །དེ་ལྟར་གྱུར་པའི་ཆོས་ཅན་ཉིད་དུ་སྒྲུབ་པར་བྱེད་པར་འདོད་པ་ཡིན་ན། རྒོལ་བ་ནི་རང་གི་དོན་གྱི་སྒྲུབ་བྱེད་བརྗོད་
པར་མི་བྱེད་པར་བསྟན་པ་ནི་ཉན་པོ་ཞེས་བྱ་བའོ། །འདོད་མེད་ཕྱིར་ནི་དོན་དུ་གཉེར་བ་མ་ཡིན་པའི་ཕྱིར་རོ། །བྱས་པ་ཉིད་ལས་ཀྱང་བརྡ་ལས་བྱུང་བ་དེ་གྲུབ་པ་མ་ཡིན་ཏེ། ཁྱད་པར་བྱེད་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་དེ་ལས་ཞེས་བྱ་བའོ། །གལ་ཏེ་གྲུབ་པ་ཉིད་ཁོ་ན་སྟོན་པ་ནི་མ་ཡིན་གྱི་འོན་
ཀྱང་དེའི་སྒོ་ནས་ཆོས་ཅན་མ་གྲུབ་པ་ཡང་བསྒྲུབ་བྱ་ཉིད་ཡིན་ནོ་ཞེས་ཟེར་བ་ནི། ཅི་སྟེ་ཞེས་བྱ་བའོ། །དེ་ནི་མ་གྲུབ་པའི་ངོ་བོ་བཟློག་པའི་ཚིག་ཉིད་ཀྱིས་འགྲུབ་པར་བསྟན་པ་ནི། རང་གི་ངོ་བོ་ཉིད་ཅེས་བྱ་བའོ། །རྣམ་པར་གཅད་པར་བྱ་བ་མེད་ན་ཁྱད་པར་མེད་པར་བསྟན་པ་ནི་གྲུབ་པ་དང་ཞེས་བྱ་བ་སྟེ། གྲུབ་པའི་
ངོ་བོས་ནི་ཆོས་ཅན་མ་གྲུབ་པ་ཡིས་ཏེ། གྲུབ་པ་ནི་དཔྱོད་པའི་གནས་སྐབས་ཉིད་ན་གྲུབ་པ་ཉིད་བཞིན་དུ་གྲུབ་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་རོ། །མ་གྲུབ་པའི་ཆོས་ཅན་གྲུབ་པར་བྱ་བ་ཉིད་གསལ་བའི་ཆེད་དུ་རང་གི་ངོ་བོ་ཉིད་ཅེས་བྱ་བས་ཞར་ལ་གྲུབ་པའི་ཆོས་བསྒྲུབ་བྱ་ཉིད་ཡིན་པ་ཡང་སེལ་བར་བྱེད་
དོ་ཞེས་བཤད་པ་ནི་མ་གྲུབ་པ་ཞེས་བྱ་བའོ། །ནམ་མཁའི་ཡོན་ཏན་ཉིད་ཀྱི་ཁྱད་པར་གྱི་ཆོས་ཆོས་ཅན་གང་གི་ཡིན་པ་གྲུབ་པ་དེའོ། །ཆོས་ཅན་གྱི་ཁྱད་པར་ཉིད་དུ་ཞེས་འདོན་པ་ལ་ནི་ཆོས་ཅན་ལ་ཁྱད་པར་ཉིད་ཀྱིས་མ་གྲུབ་པའི་ཆོས་ཆོས་ཅན་གྱི་ཞེས་བྱ་བར་སྦྱར་རོ། །སྒྲ་མཚུངས་ཀྱང་ཞེས་བྱ་བ་ནི་ནམ་
མཁའི་ཡོན་ཏན་གྱི་སྒྲ་མི་རྟག་པའོ། །བསྒྲུབ་བྱའི་ཆོས་ཁྱད་པར་དུ་བྱེད་པ་ནི་སྒྲ་ལ་སོགས་པའི་ཆོས་ཅན་རང་གི་མཚན་ཉིད་ཡིན་ལ། རྗེས་སུ་དཔག་པ་ནི་དེའི་ཡུལ་ཅན་མ་ཡིན་ཏེ། དཔེ་དང་ཐུན་མོང་བའི་སྤྱི་ལ་འཇུག་པར་བརྗོད་པའི་ཕྱིར་རོ་ཞེས་བསྟན་པ་ནི་རྗེས་སུ་དཔག་པ་ཞེས་བྱ་བའོ། །དེའི་ཕྱིར་

འདིར་ནི་ཕྱོགས་ཀྱི་མཚན་ཉིད་ལ་རང་གིས་ཞེས་བྱ་བས་ཆོས་ཅན་མ་གྲུབ་པའམ་ཅིག་ཤོས་བསྒྲུབ་བྱ་ཉིད་དུ་མ་བརྗོད་ཀྱང་བསྒྲུབ་བྱ་ཉིད་དུ་ཐལ་བར་འགྱུར་བ་མ་ཡིན་པར་བསྟན་པ་ནི་ཕྱོགས་ལ་འགལ་བ་ཞེས་བྱ་བའོ། །རང་གི་མཚན་ཉིད་ཁོ་ན་དེ་མ་ཡིན་པའི་ངོ་བོ་ལས་ལོག་པས་སྤྱི་མ་ཡིན་ནམ། རྗེས་སུ་
དཔག་པའི་ཡུལ་མ་ཡིན་པ་ཇི་ལྟར་ཡིན་ཞེས་ཟེར་བ་ལ་གལ་ཏེ་ཆོས་ཅན་ཞེས་བྱ་བའོ། །ཆོས་ཅན་ནི་ཆོས་ཅན་གཞན་ལ་མེད་པའི་ཕྱིར་གཏན་ཚིགས་རྗེས་སུ་འགྲོ་བ་ཅན་མ་ཡིན་པར་འགྱུར་རོ་ཞེས་ཟེར་བ་ནི་རྟགས་རྗེས་འགྲོ་མེད་ཕྱིར་ཞེས་བྱ་བའོ། །རྗེས་སུ་འགྲོ་བ་ཅན་མ་ཡིན་པ་ཉིད་ནི་གཏན་ཚིགས་ཀྱི་
སྐྱོན་ཡིན་གྱི་ཕྱོགས་ཀྱི་ནི་མ་ཡིན་ཏེ། དེའི་མཚན་ཉིད་ལ་སྐྱོན་དེ་སྤང་བར་བྱ་བ་ཡིན་པར་བསྟན་པ་ནི་འདི་དེ་དག་གི་ཞེས་བྱ་བ་སྟེ། དེ་དག་ནི་གཏན་ཚིགས་དང་དཔེ་དག་གི་སྟེ་རྗེས་སུ་འགྲོ་བ་མེད་པ་དང་། བསྒྲུབ་བྱ་མ་ཚང་བ་ཉིད་ཀྱི་ངོ་བོའོ། །གཏན་ཚིགས་ལ་སོགས་ཞེས་བྱ་བ་ནི་མ་གྲུབ་པ་ཉིད་ལ་སོགས་པའོ། །
ཕྱོགས་ཙམ་ལ་ཡོད་པ་ཉིད་ཀྱིས་ཐུན་མོང་བ་ཡིན་པར་བསྟན་པ་ནི་མངོན་སུམ་ལ་སོགས་ཞེས་བྱ་བའོ། །འོན་ཏེ་དཔེར་ན་ཞེས་བྱ་བས་སྒྲུབ་བྱེད་ལ་འོས་པ་ཉིད་ཕྱོགས་ཀྱི་ཡོན་ཏན་ཉིད་དུ་བསྟན་ཏོ། །གཏན་ཚིགས་ཀྱི་སྐྱོན་ཞེས་བྱ་བ་ནི་ཕྱོགས་སྐྱོན་ཅན་མ་ཡིན་པའི་ཕྱིར་རོ། །གཞན་གྱིས་ནི་བྱས་པ་ཉིད་ལ་
སོགས་པས་སོ། །དེའི་ཞེས་བྱ་བ་ནི་ཆོས་ཅན་ལའོ། །མངོན་སུམ་གྱིས་གྲུབ་པ་ལ་སྒྲུབ་པ་ཉིད་ཕྱོགས་ཀྱི་སྐྱོན་ཉིད་མ་ཡིན་ནམ་ཞེས་བསྟན་པ་ནི། གྲུབ་པ་ལ་སྒྲུབ་པ་ཉིད་ཀྱི་སྐྱོན་ནི་ཞེས་བྱ་བའོ། །ལུང་ལས་གྲུབ་པ་ལ་རྗེས་སུ་འགྲོ་བ་མེད་པ་ཡིན་ཏེ་མ་གྲུབ་པའི་ཕྱིར་ལ། མངོན་སུམ་ལས་ནི་ཐུན་
མོང་མ་ཡིན་པའོ་ཞེས་བྱ་བ་ནི་ལུང་གིས་གྲུབ་པ་ཞེས་བྱ་བའོ། །རང་བཞིན་དེས་ཞེས་བྱ་བ་ནི་ཁྱད་པར་གྱིས་སོ། །དེ་ཞེས་བྱ་ནི་སྤྱིའོ། །གསལ་བ་མངོན་སུམ་གང་གི་ཡུལ་ཡིན་པ་མངོན་སུམ་དེ་གང་ལ་ཡོད་པ་དེ་ལ་རྗེས་སུ་དཔག་པ་མ་ཡིན་ཞེས་བྱ་བར་སྦྱར་རོ། །དེར་ཞེས་བྱ་བ་ནི་ཁྱད་པར་མ་ཡིན་པའི་བདག་ཉིད་
མངོན་སུམ་ཉིད་ཀྱིས་གྲུབ་པའི་ཕྱིར་དང་ཁྱད་པར་གྱི་བདག་ཉིད་ཀྱིས་མ་གྲུབ་པའི་ཕྱིར་རོ། །ཁྱད་པར་ལ་དབྱེ་བ་མེད་པས་སྤྱིའི་ཡུལ་ཅན་རྗེས་སུ་དཔག་པ་ཡིན་ཡང་ཁྱད་པར་གྱི་ཡུལ་ཅན་ཤུགས་ཀྱིས་ཡིན་པར་བསྟན་པ་ནི། རང་གི་མཚན་ཉིད་ཅེས་བྱ་བའོ། །དེ་ལྟར་ཡིན་ན་རང་གི་མངོན་སུམ་རང་གི་

མཚན་ཉིད་ཀྱི་ཡུལ་ཅན་ཡིན་ཞེས་བྱ་བ་ལ་སོགས་པས་ཡུལ་གྱི་ངེས་པ་ཇི་ལྟར་ཡིན་ཞེས་ཟེར་བ་ལ། རྗེས་སུ་དཔག་པས་ཞེས་བྱ་བའོ། །རྟོགས་པ་ནི་ཞེས་བྱ་བ་ནི་ཡུལ་ལ་སོགས་པའི་ཁྱད་པར་མེད་པའོ། །གང་སྟེ་ཚད་མའི་ཡུལ་ཡིན་པ་དེ་ནི་ཡུལ་གང་ཡིན་པ་དེའིའོ། །དེ་ཉིད་
ཀྱི་སྒོ་ནས་ནི་ཡུལ་ཅན་གྱི་སྒོ་ནས་སོ། །དེ་ཡུལ་དང་མི་འགལ་བར་བསྟན་པ་ནི། དེ་དང་མི་འགལ་བའི་ཕྱིར་རོ་ཞེས་བྱ་བའོ། །གཞན་ནི་དགག་པར་བྱེད་པའོ། །དེ་ཙམ་དང་འབྲེལ་པ་ཕྱོགས་ཀྱི་སྐྱོན་ཡིན་གྱི་གཞན་མིན་ཞེས་བྱ་བ་ཇི་ལྟར་ཡིན་ཏེ། དེ་རྣམས་སྤང་བར་བྱ་བ་མ་ཡིན་པ་ཡང་མ་ཡིན་ནོ་སྙམ་དུ་
སེམས་པ་ལ་རྒྱུ་སོགས་ཞེས་བྱ་བ་སྟེ་གཏན་ཚིགས་ལ་སོགས་པའི་མཚན་ཉིད་རྣམས་ཀྱིས་གཞན་དག་བསལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཏན་ཚིགས་ལ་སོགས་པའི་མཚན་ཉིད་ཀྱིས་སྐྱོན་བསལ་བའི་ཕྱོགས་ལ་གཏན་ཚིགས་འཇུག་པའི་ཕྱིར་རོ། །ཅིའི་ཕྱིར་དེ་ཙམ་དང་འབྲེལ་པ་སེལ་
བར་བྱེད་ཅེས་ཟེར་བ་ལ་མ་ཁྱབ་དང་ཞེས་བྱ་བ་སྟེ། དེ་མ་སྤངས་ན་ཕྱོགས་ཉིད་མི་འཐོབ་ཅེས་བྱ་བའི་དོན་ཏོ། །གཏན་ཚིགས་ལ་སོགས་པའི་མཚན་ཉིད་ཀྱིས་ཀྱང་མ་གྲུབ་པའི་ཆོས་ཅན་སྒྲུབ་པར་བྱེད་པ་ན། རྗེས་སུ་འགྲོ་བ་ཅན་མ་ཡིན་པ་ཉིད་སྤངས་པས་དེའི་དོན་དུ་རང་ཉིད་སྨོས་པ་ནི་མ་ཁྱབ་པ་དང་། ཁྱབ་ཆེས་
པ་དག་ལ་དགོས་པ་མེད་པ་ནི་དོན་མེད་པ་འཐོབ་པར་འགྱུར་རོ་ཞེས་ཟེར་བ་ལ། འགྱུར་བ་མ་ཡིན་ཞེས་བྱ་བའོ། །མཚན་ཉིད་ཀྱི་ནི་ཕྱོགས་ཀྱི་སྟེ་གཞན་ཉིད་ཀྱིས་སྤངས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཙམ་ཉིད་ཅེས་བྱ་བ་ནི་རང་ཉིད་ཀྱི་ཚིག་དང་བྲལ་བ་ཉིད་དོ། །གཞན་གྱིས་ནི་རང་ཉིད་སྨོས་པས་སོ། །དེ་ལྟར་ན་
ཁྱབ་ཆེས་པ་སེལ་བ་ནི་རང་ཉིད་ཅེས་བྱ་བས་བསྟན་བཅོས་སུ་འདོད་པ་དང་ངེས་སུ་གཟུང་བས་མ་གྲུབ་པ་སྒྲུབ་བྱེད་ཉིད་དུ་བརྗོད་པ་དང་། རང་གི་ངོ་བོ་ཞེས་བྱ་བས་ཆོས་ཅན་ཉིད་དུ་གྲུབ་པ་དང་ཚད་མས་བསལ་བ་ནི་མ་བསལ་བའི་ཚིག་གིས་ཇི་སྐད་བསྟན་པའི་སྐྱོན་རྣམ་པར་གཅོད་པའི་ཕྱིར། མ་ཁྱབ་པ་སེལ་
བར་བྱེད་པའི་འདོད་པ་སྨོས་པས་རྟོགས་པ་མ་ཡིན་པར་བསྟན་པ་ནི། རང་ཉིད་ཚིག་ཕྲད་ཅེས་བྱ་བའོ། །ལྡོག་པ་ནི་ཁྱབ་ཆེས་པའོ། །གཞན་གྱིས་ཅི་དགོས་ཞེས་བྱ་བ་ནི་གཏན་ཚིགས་ལ་སོགས་པའི་རྣམ་པར་བཅད་པར་བྱ་བ་རྣམ་པར་གཅོད་པར་བྱེད་པས་སོ། །རྣམ་པར་གཅོད་པར་མི་བྱེད་པ་ལ་བསྟན་

པའི་སྐྱོན་དྲན་པར་བྱེད་པ་ནི། གལ་ཏེ་རང་ཉིད་ཅེས་བྱ་བའོ། །ཚིག་གིས་སྤྲོས་པ་ལྷུར་ལེན་པ་ལ་མཚན་ཉིད་བསྟན་ནས་མདོར་བསྡུས་པ་ལ་དགའ་བ་ལ་བསྟན་པ་ནི། བསྒྲུབ་པར་ཁས་བླངས་ཞེས་བྱ་བ་སྟེ་བསྒྲུབ་བྱ་ཡིན་གྱི་བསྒྲུབ་བྱ་མིན་པ་ནི་མ་ཡིན་ནོ། །ཚད་མ་དག་གིས་ཁྱབ་པ་དང་དེའི་ངོ་བོར་མ་ཡིན་
པའི་ཕྱིར་མ་གྲུབ་པ་དང་ཁྱད་པར་ཉིད་ཀྱིས་རྗེས་སུ་འགྲོ་བ་མེད་པར་གྲུབ་པའི་ཆོས་ཅན་དང་། སྒྲུབ་བྱེད་ཉིད་དུ་བརྗོད་པ་དང་། བསྟན་བཅོས་སུ་འདོད་པ་དང་ཁས་ལེན་པ་པོས་ཁས་མ་བླངས་ཀྱང་འཕངས་པ་ལ་ཁས་ལེན་པ་མེད་པའི་ཕྱིར། དངོས་སུ་རྣམ་པར་གཅད་པའི་ཕྱིར་དེ་ལྟར་ནི་མི་རིགས་ན་ཅིའི་ཕྱིར་
དེ་ཡོངས་སུ་ཤེས་པ་ལ་འབད་པ་མི་བྱེད་ཅེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །བསྒྲུབ་བྱ་ཁས་བླངས་པ་ཞེས་བྱ་བ་ལ་བསྒྲུབ་བྱ་ཉིད་དུ་ཞེས་བྱ་བའི་ཐ་སྙད་ཀྱི་འབྲེལ་པ་ནི་འབྲས་བུ་མེད་པ་ཡིན་ཏེ་བསྒྲུབ་བྱ་བསྟན་པ་ཞེས་བྱ་བ་འདི་ལ་གཞན་ནི་དངོས་སུ་བའི་འབྲེལ་པ་ལ་དེ་ལྟར་རྟེན་པ་མ་ཡིན་ཏེ། བསྟན་བཅོས་ཀྱི་
འདོད་པ་ཐམས་ཅད་བསྒྲུབ་བྱ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །འདིར་ནི་ཞེས་བྱ་བ་ནི་འགྲེལ་པ་རྗེས་སུ་བརྗོད་པའོ། །འདིར་ཅི་ཞིག་བསྒྲུབ་ཅེས་བྱ་བ་ནི་རྒོལ་བའོ། །སྔར་ཉིད་ཅེས་བྱ་བ་ནི་རང་ཉིད་ཚིག་ཕྲད་ཅེས་བྱ་བས་སམ། མ་གྲུབ་སྒྲུབ་བྱེད་མིན་ཞེས་བྱ་བས་སོ། །ལྷག་མ་ནི་གོ་སླའོ། །རང་གི་དོན་ཞེས་ཟེར་
བ་ནི་དེ་ལྟར་ན་ནི་འོ་ན་ཞེས་བྱ་བའོ། །བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་བཞིན་དུ་རང་ཉིད་འདོད་པ་ནི་ནིཥྚའི་རྐྱེན་ཉིད་ཀྱི་འདོད་པར་འགྱུར་བའི་བསྒྲུབ་བྱ་ཉིད་སྒྲུབ་བྱེད་ཉིད་དུ་བརྗོད་པ་སེལ་བར་བྱེད་པ་མ་ཡིན་ཏེ། བསྟན་པར་བྱ་བ་དུས་གསུམ་གྱི་དོན་ལ་གཙོ་བོ་དང་འབྲེལ་པའི་ཕྱིར་ནིཥྚའི་རྐྱེན་གྱི་དོན་ལ་མི་
ལྟོས་པའི་ཕྱིར་རོ་ཞེས་བསྟན་པ་ནི་རང་ཉིད་འདོད་པ་ཡིས་ཞེས་བྱ་བའོ། །བསྒྲུབ་བྱ་ཉིད་དུ་འདོད་པའི་ཕྱོགས་བསྟན་པར་བྱ་བ་ཡིན་ཞེས་བྱ་བ་ཁོང་ནས་ཕྱུང་བས་ངག་རྫོགས་པའི་ཕྱིར། ཉེ་བར་བསྟན་པ་རྟོགས་པ་མ་ཡིན་ནམ། མཚན་ཉིད་མི་མཐུན་པ་ཇི་ལྟར་ཡིན་ཞེས་བྱ་བའི་ཟེར་བ་ལ། འདོད་རྐྱེན་འདིར་
ཞེས་བྱ་བ་སྟེ། རང་གི་ངོ་བོ་ཉིད་དུ་བསྟན་བྱ་ཡིན་པར་བསྟན་པ་དེ་ལས་ཇི་ཞིག་རྟོགས་པར་བྱ་བར་འགྱུར། མ་བརྗོད་པ་ལ་ནི་ཁོང་ནས་དབྱུང་བས་འདོད་པ་ཇི་ལྟ་བ་བཞིན་པའི་འདོད་པ་འགྲུབ་པར་འགྱུར་ཞེས་བྱ་བ་ལ་སོགས་པས་ཀྱང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཞེས་བྱ་བའི་འགྲེལ་པའོ། །ཡན་

ལག་ནི་འབྲས་བུ་དང་ལྡན་པའོ། །ཡན་ལག་མེད་པ་ནི་ཅིག་ཤོས་སོ། །རང་ཉིད་ཅེས་བྱ་བ་འདོད་པས་ཡོངས་སུ་བཟུང་བའི་རྗོད་བྱེད་མ་ཡིན་ནམ། གྲུབ་པའི་ངོ་བོ་དང་བསྟན་བཅོས་སུ་འདོད་པ་བསྒྲུབ་བྱ་མ་ཡིན་པ་ཉིད་དག་ལ་བསྟན་པའི་རིགས་པས་འདི་ཉིད་དོ་ཞེས་བྱ་བར་ཇི་ལྟར་
ངེས་པ་ཡིན་ཞེས་ཟེར་བ་ལ། རྗོད་བྱེད་མིན་ཕྱིར་ཞེས་བྱ་བའོ། །ཐུན་མོང་བའི་ཚིག་ཀྱང་ཚིག་གཞན་ལས་རྟོགས་པའི་ཁྱད་པར་ནི་གཞན་གྱི་རྗོད་བྱེད་ཉིད་མ་ཡིན་པ་ཉིད་དོ། །བསྟན་པར་བྱ་བ་དང་བདག་ཉིད་འདོད་པ་ཞེས་བྱ་བ་འདི་ཡང་ཁྱད་པར་ཉིད་ཡིན་ཏེ། ནག་པོ་ལ་སོགས་པ་ཉེ་བ་ལ་བ་ལང་བཞིན་དུ་
ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་འདི་བསྟན་པར་བྱ་བ་ཡིན་པར་བསྟན་པ་ནི། བསྟན་བཅོས་ཀུན་ལ་ཞེས་བྱ་བའོ། །དེའི་འདོད་པ་ནི་རྒོལ་བའི་འདོད་པའོ། །དེ་ལྟ་ན་མི་འདོད་པ་ཡང་འདོད་པ་དང་འདྲེས་པར་འདོད་པ་ཁོ་ན་ཡིན་ལ་དེ་གནོད་ན་ནི་གཏན་ཚིགས་འགལ་བ་དང་ཕྱོགས་ལ་ཡང་དེས་གནོད་པར་འགྱུར་རོ་ཞེས་
ཟེར་བ་ལ། དེས་ན་ཞེས་བྱ་བ་སྟེ་རྒོལ་བ་འདོད་པ་ཙམ་བསྒྲུབ་བྱ་ཉིད་ཡིན་པས་སོ། །མི་འདོད་དང་ཞེས་བྱ་བ་ནི་ནམ་མཁའི་ཡོན་ཏན་ཉིད་དང་དོན་གཅིག་ལ་འདུ་བ་ཅན་གྱི་མི་རྟག་པ་ཉིད་དང་ལྡན་པའི་སྒྲའོ། །དེ་ལྟ་མ་ཡིན་པའི་ཞེས་བྱ་བ་ནི་རྒོལ་བའི་འདོད་པ་ཉིད་མེད་ནའོ། །བསྒྲུབ་བྱ་ཁས་ལེན་པའི་ཕྱོགས་ཞེས་བྱ་བའི་
བསྒྲུབ་བྱ་སྨོས་པས་མ་བསལ་བའི་ཚིག་མེད་ན་ཅི་ལས་བསལ་བ་སེལ་བར་བྱེད་པ་ཡིན་ཞེས་ཟེར་བ་ལ་ཁས་བླངས་ཞེས་བྱ་བའོ། །བསྒྲུབ་བྱའི་སྒྲ་ནི་ཐེ་ཚོམ་ཟ་བ་བརྗོད་པའི་ཕྱིར་གྲུབ་པ་ཉིད་བསལ་བ་ནི་དེ་ལྟར་རམ་གཞན་དུ་ཞེས་བྱ་བའི་དགོངས་པས་ཡིན་ནོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །འགྲེལ་པ་ནི་གོ་སླའོ། །
ཚད་མ་ནི་ངག་གིས་བཀག་མེད་ཅེས་བྱ་བ་མ་ཡིན་ནམ། མངོན་སུམ་དོན་དང་རྗེས་དཔག་དང་། །ཡིད་ཆེས་གྲགས་པས་མ་བསལ་བ། །ཞེས་བྱ་བའི་ཕྱོགས་ཇི་ལྟར་ཡིན་ཞེས་ཟེར་བ་ལ་རྗེས་སུ་དཔག་པའི་ཞེས་བྱ་བའོ། །རྗེས་སུ་དཔག་པ་ནི་དུས་དང་ཡུལ་ལ་སོགས་པའི་དབྱེ་བས་ཡལ་ག་མཐའ་ཡས་པ་
ཅན་མ་ཡིན་ནམ། རྣམ་པ་གསུམ་ཇི་ལྟར་ཡིན་ཞེས་ཟེར་བ་ལ། དེ་ལ་ཞེས་བྱ་བ་སྟེ་གསལ་བའི་དབྱེ་བས་རྣམ་པ་གསུམ་ཉིད་མ་ཡིན་ཏེ། འོ་ན་ཅི་ཞེ་ན་འབྲས་བུ་དང་རང་བཞིན་དང་དེ་དང་འདྲ་བའི་དབྱེ་བས་ཞེས་བྱ་བའི་དོན་ཏོ། །ལུང་གཙོ་བོ་ཡིན་གྱི་འདྲ་བ་ནི་མ་ཡིན་ན་ཡང་གནོད་བྱེད་ཉིད་ཡིན་ན་ཐུག་པ་མེད་པར་

བསྟན་པ་ནི། ཡང་དག་ངེས་ལྡན་ཞེས་བྱ་བ་སྟེ། འདི་གནོད་ཉིད་དུ་བརྗོད་པ་ནི་མ་ཡིན་ཏེ་གནོད་ཉིད་དུ་ཁས་བླངས་པ་ནི་ངེས་པའི་ཡུལ་ལ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདོད་པ་ནི་ཁས་བླངས་པའོ། །ཡང་དག་ཅེས་བྱ་བ་ནི་བདེན་པའི་ངག་ཡིན་པས་ཡིད་ཆེས་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་བསྟན་བཅོས་
ཚད་མ་ཡིན་པ་ནི་རང་གི་ཚིག་ལྟ་བུའོ་ཞེས་བསྟན་པ་ནི་རང་གི་ཚིག་དང་ནི་བསྟན་བཅོས་ཞེས་བྱ་བའོ། །བསྟན་བཅོས་དང་རང་གི་ཚིག་དག་ཚད་མ་ཉིད་དུ་ཁས་མི་ལེན་ན། དེ་བརྗོད་པ་དང་དེ་ལ་བརྟེན་ནས་དཔྱོད་པ་དག་མེད་པར་འགྱུར་བར་བསྟན་པ་ནི་ཇི་ལྟར་ཞེས་བྱ་བའོ། །དཔེར་ན་ངས་སྨྲས་པ་ཐམས་
ཅད་བརྫུན་ཡིན་ནོ་ཞེས་སྨྲས་པའི་ཚིག་འདི་ཉིད་རང་ཚད་མ་ཉིད་མ་ཡིན་ན་མི་འབྱུང་བ་དེ་བཞིན་དུ་འདས་པ་དང་ཅིག་ཤོས་ཀྱང་ཡིན་པར་བསྟན་པ་ནི་དུས་གསུམ་ཞེས་བྱ་བའོ། །བརྫུན་པ་ཉིད་ཀྱི་ཚིག་ཁོ་ན་དགག་པ་ཡིན་ཏེ་བརྐུས་ནས་ཞེས་བྱ་བ་ནི་ཚད་མ་ཉིད་མ་ཡིན་ན་དེ་བརྗོད་ཀྱང་འདོར་བའི་ཕྱིར་རོ། །
འཇུག་པས་ཞེས་བྱ་བ་ནི་དེའི་ཚེའམ་གཞན་གྱི་ཚེའོ། །འོན་ཏེ་ད་ལྟར་ཡིན་ན་འདི་ཞེས་བྱ་བ་གཉི་ག་དང་འབྲེལ་པའི་ཕྱིར་ཅི་བྱ་ཞེས་བྱ་བ་ནི་ཅི་ཡང་མ་ཡིན་པའོ། །ཅི་ལས་ཤེ་ན་འབྱུང་བར་འགྱུར་བ་ལ་ཞེས་བྱ་བའོ། །ཛབ་མཁན་ཞེས་བྱ་བ་ནི་ཉན་པ་པོ་མེད་ཀྱང་རྩེད་མོའི་རོའི་དོན་དུ་འཇུག་པའི་ཕྱིར་རོ། །བསྟན་
བཅོས་གྲུབ་པ་ལ་ནི་བསྟན་བཅོས་ལ་བརྟེན་ནས་དཔྱོད་པ་དེ་དང་འགལ་བ་ཅན་ནི་དེ་ཉིད་ཀྱི་གནོད་པ་ཡིན་པར་གོ་སླ་བ་ཡིན་པའི་ཕྱིར་གཞན་དུ་གནོད་པར་བྱེད་པ་ཉིད་དགག་པར་བྱེད་པའི་དོན་དུ་བརྗོད་པ་ཡིན་པར་བསྟན་པ་ནི་མཚུངས་པར་བསྟན་པའི་ཕྱིར་ཞེས་བྱ་བ་སྟེ། དེའི་དཔྱོད་པའི་གནས་སྐབས་ཀྱི་
རྟེན་ཉིད་ཁོ་ན་ལ་གནོད་པར་བྱེད་པ་ཡིན་གྱི་གཞན་ལ་ནི་མ་ཡིན་པའི་ཕྱིར་གནས་སྐབས་ཀྱི་རྟེན་ཉིད་ཁོ་ན་གནོད་པར་བྱེད་པ་ཉིད་ཀྱི་རྒྱུ་མཚན་ཡིན་གྱི་དངོས་པོའི་སྟོབས་ཀྱིས་འཇུག་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དེ་བཞིན་བསྟན་བཅོས་གྲགས་དོན་ལ། །དེ་བསྟན་མིན་ན་སྤྱོད་པ་ཡང་། །ཞེས་བྱ་བ་
འདི་ཉིད་ཀྱིས་རྟོགས་པ་ཡིན་ནོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །འདི་ཉིད་བསྟན་པ་ནི་གལ་ཏེ་བསྟན་བཅོས་མེད་ན་ཞེས་བྱ་བའོ། །ཁས་བླངས་ནས་དེ་དང་འགལ་བ་ལ་དེ་གནོད་པར་བྱེད་པ་ཡིན་ཏེ། དཔེར་ན་གཞལ་བྱའི་དོན་ཅན་གྱི་ཚད་མ་རྣམས་མེད་པ་ཡིན་ནོ་ཞེས་བྱ་བས་བསྟན་བཅོས་

དང་རང་གི་ཚིག་དག་གི་མཚུངས་པའི་དཔེ་ཡིན་པར་བསྟན་པ་ནི། དེས་ན་འདིར་འདི་ཞེས་བྱ་བའོ། །བསྟན་བཅོས་ཀྱི་ངག་གིས་རང་གི་ངག་འགལ་བ་ཡིན་ན་བསྟན་བཅོས་དང་འགལ་བར་འགྱུར་གྲང་ན་འདི་ནི་དེ་ལྟར་མ་ཡིན་པར་བསྟན་པ་ནི་རང་ཚིག་འགལ་ལ་ཞེས་
བྱ་བའོ། །དེ་ལས་ཞེས་བྱ་བ་ནི་བསྟན་བཅོས་དང་འགལ་བ་ལའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་མ་འོངས་པ་ན་མི་བདེ་བ་སྟེར་བའོ། །གཞན་ལ་ཡང་བསྟན་བཅོས་ཀྱིས་དེ་མེད་པ་ཁོ་ནས་དེ་ཁས་མི་ལེན་པའི་ཕྱིར་གནོད་པ་མ་ཡིན་པ་མ་ཡིན་ནམ་ཞེས་ཟེར་བ་ལ་དེ་ལ་རྟེན་མིན་ཞེས་བྱ་བ་སྟེ།
ཡོད་ཀྱང་ཁས་བླངས་པས་རང་བཞིན་འབྲེལ་པ་མེད་པའི་ཕྱིར་གནོད་པར་བྱེད་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་ལ་ཞེས་པ་ནི་ཆོས་ཅན་ལའོ། །མི་རྟག་པ་ཉིད་ནི་ཁས་བླངས་པའི་རྟག་པ་ཉིད་དང་བསྟན་བཅོས་པའི་ཡང་འགལ་བ་ཡིན་པའི་ཕྱིར་དང་། གཞན་ཡང་དེ་དང་འབྲེལ་པའི་
ཕྱིར་ཇི་ལྟར་མི་རྟག་པ་ཉིད་གྲུབ་པོ་ཞེས་ཟེར་བ་ལ་དེ་དག་ཅེས་བྱ་བ་སྟེ། བསྟན་བཅོས་པའི་ཡང་ཡིན་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །དམ་བཅས་ནི་མི་རྟག་གོ་ཞེས་བྱ་བའོ། །རྗེས་སུ་དཔག་པ་ནི་བྱས་པའི་ཕྱིར་ཞེས་བྱ་བའོ། །དམ་བཅའ་བ་ནི་བསྟན་བཅོས་སོ། །རིགས་བྲལ་
ནི་སྐྱེས་བུས་མ་བྱས་པ་ཉིད་ལ་སོགས་པ་དོན་དང་འབྲེལ་པའི་རྒྱུ་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ཞེས་བྱ་བ་ནི་འབྲེལ་པ་མེད་ནའོ། །སྐྱེས་བུས་མ་བྱས་པ་ཉིད་ལ་རྒྱུ་སྐྱོན་མེད་པ་མ་ཡིན་ནམ། རྗེས་སུ་དཔག་པ་བཞིན་དུ་ལུང་ལས་ངེས་པ་ཡང་ཚད་མ་ཉིད་ཡིན་ནོ། །དོན་དང་
འབྲེལ་པ་མེད་ན་དེ་མེད་པ་ཉིད་ཐེ་ཚོམ་ཟ་བ་ཡིན་པར་བསྟན་པ་ནི་ལུང་རྣམས་ཞེས་བྱ་བའོ། །ཚད་མ་མ་ཡིན་པ་ལ་འབྲེལ་པ་ཡང་ག་ལ་ཡོད་ཅེ་ན་དེ་མེད་ན་མི་འབྱུང་བའི་ཕྱིར་རོ་ཞེས་བསྟན་པ་ནི་དེའི་ཕྱིར་ན་ཞེས་བྱ་བའོ། །བར་སྐབས་ཀྱི་ཚིགས་སུ་བཅད་པ་ཞེས་བྱ་བ་ནི་རྒོལ་བའི་ཁྱད་པར་ལའོ། །
རང་གི་ཚིག་བཞིན་དུ་གནོད་པར་བྱེད་པ་རྗེས་སུ་དཔག་པ་ལས་ཕྱི་རོལ་ཉིད་ཡིན་གྱི་གཞན་དུ་ན་དེ་ཉིད་རྟོགས་པ་མ་ཡིན་པའི་ཕྱིར་ཞེས་བསྟན་པ་ནི་དེས་ན་ཞེས་བྱ་བའོ། །དགོས་པ་མེད་ཀྱང་སོ་སོར་བརྗོད་ན་ནི་དོན་གྱིས་གོ་བ་ལ་སོགས་པ་ཡིར་ཡང་འགྱུར་རོ་ཞེས་བསྟན་པ་ནི། དེ་ལྟར་མིན་ན་ཞེས་བྱ་བའོ། །

དགོས་པ་དང་ལྡན་པ་ཡང་རྗེས་སུ་དཔག་པ་གཞན་དུ་རྟོགས་པར་འགྱུར་བར་བསྟན་པ་ནི། ལོགས་ཤེས་བྱས་པ་ཞེས་བྱ་བ་སྟེ། ལོགས་ཤིག་ཏུ་བྱེད་པ་མཐོང་བ་ལས་དོན་མེད་དོ་ཞེས་བྱ་བའི་དོན་ཏོ། །འབྲེལ་པའི་དབང་དུ་བྱས་པ་ནི་གསལ་བ་ཡིན་ནོ། །རང་གི་ཚིག་ཀྱང་བསྟན་བཅོས་ལས་ཐལ་ཆེས་
པའམ་དོན་མེད་པ་ཉིད་དག་ཁོ་ན་འབྲས་བུ་ཡིན་ལ། སྔ་མ་དང་ཕྱི་མའི་ངག་དག་ལ་ནི་བསྟན་བཅོས་ལ་གེགས་བྱེད་པ་ཡིན་ཞིང་རང་གི་ཚིག་ནི་དེ་ཙམ་ལའོ་ཞེས་བསྟན་པ་ནི། རང་གི་ཚིག་ཀྱང་ཞེས་བྱ་བ་ཐ་དད་པ་ཞེས་བྱ་བར་སྦྱར་རོ། །གེགས་བྱེད་པ་ཡང་ཁས་བླངས་པ་ཁོ་ན་ལས་མ་ཡིན་ནམ། གནོད་
པར་བྱེད་པ་ཉིད་ཀྱིས་མ་ཡིན་ཞེས་ཟེར་བ་ནི་དེ་ཡིས་ཞེས་བྱ་བ་སྟེ། རྒོལ་བར་ཁས་བླངས་པར་བྱས་པ་གནོད་བྱེད་ཡིན་པའི་ཕྱིར་ཅིག་ཤོས་མེད་ན་དེ་ཉིད་ཀྱི་མ་ཡིན་པའི་ཕྱིར་དངོས་སུ་མ་ཡིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁས་བླངས་པ་ཙམ་ཡང་དེ་མ་ཡིན་པ་ལ་ཡང་འགྱུར་བར་བསྟན་པ་
ནི། སྐྱེས་བུའི་འདོད་པས་ཞེས་བྱ་བའོ། །རང་ལ་གྲུབ་པ་རྣམས་ལ་ཡང་བསྟན་བཅོས་ཁས་བླངས་པའི་ཕྱིར་གེགས་བྱེད་པའམ་ཅིག་ཤོས་མ་ཡིན་ནམ། ཇི་ལྟར་དེ་མེད་ན་མེད་པར་དེ་ཁས་བླངས་པའོ་ཞེས་ཟེར་བ་ལ། ལྐོག་གྱུར་དག་ལ་ཞེས་བྱ་བ་སྟེ། ཤེས་པ་ཐམས་ཅད་དམིགས་པ་
མེད་པ་ཉིད་ལ་སོགས་པ་ནི་དེ་རབ་ཏུ་གྲགས་པ་མེད་ན་མི་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ལུང་གིས་གྲུབ་པ་ལ་དེ་འགལ་བ་ཅན་དུ་སེམས་པ་མ་ཡིན་ན། ཆང་བཏུང་བ་མ་ཡིན་ནོ་ཞེས་བྱ་བའི་བཀག་པ་མེའི་ཞི་བའི་མཆོད་སྦྱིན་ལ་ཇི་ལྟར་བརྟག་པ་ཡིན་ཞེས་ཟེར་བ་ལ། འདི་ལ་བརྟག་
པ་ཞེས་བྱ་བ་སྟེ་འགལ་བ་བརྗོད་པ་ཁས་ལེན་པ་དང་མི་འགལ་བ་མ་ཡིན་ཏེ། ཁྱད་པར་སེམས་པ་ལ་དཔྱོད་པ་བཞིན་དུ་ཐེ་ཚོམ་དང་ཕྱོགས་སྔ་མ་ལ་སོགས་པ་རྣམས་སྲིད་པའི་དོན་ཅན་ཡིན་པའི་ཕྱིར་རོ། །གེགས་བྱེད་པ་ཉིད་ཁོ་ནའི་འཐད་པ་ཉིད་འདི་ཡིན་ནོ་ཞེས་བྱ་བ་འགྲེལ་པར་ཏེ།
གལ་ཏེ་དེ་ལྟ་ན་འགའ་ཡང་གནོད་པ་མ་ཡིན་ནོ་ཞེས་རྗེས་སུ་བརྗོད་པའི་ཕྱིར་རོ། །ཕན་ཚུན་འགལ་བ་བརྗོད་པ་བརྟག་པ་ཕལ་ཆེར་ནི་བླང་བ་དང་དོར་བ་མ་ཡིན་པ་དོན་མེད་པ་བསྟན་བཅོས་ཀྱིས་གནོད་པ་མ་ཡིན་པས་འགལ་བ་དང་ཅིག་ཤོས་ཀྱང་མི་སྲིད་པའི་ཕྱིར་བྱ་བ་མ་ཡིན་པ་དེ་ལ་བརྟགས་

པས་ཅི་ཞིག་བྱ་ཞེས་ཟེར་བ་ལ་མཐོང་དང་ཞེས་བྱ་བའོ། །རང་བཞིན་དང་འབྲས་བུའི་དབྱེ་བ་ནི་ཁས་བླངས་པས་བྱས་པའི་ཐ་མི་དད་པ་ལ་གནོད་པ་མ་ཡིན་ནོ་ཞེས་ཟེར་བ་ནི་གལ་ཏེ་ཡིད་ཆེས་པའི་ཞེས་བྱ་བའོ། །དེ་ལྟར་ན་ཇི་ལྟར་ལེན་ཐེབས་པ་ཡིན་ཞེས་ཟེར་བ་ལ། འདིར་
སྨྲས་པ་ཞེས་བྱ་བའོ། །ཁས་བླངས་པ་ཉིད་རང་བཞིན་དང་འབྲས་བུ་ཉིད་ཀྱིས་ཐ་དད་པ་ཡིན་པར་བསྟན་པ་ནི་རང་བཞིན་འབྲས་བུའི་ཞེས་བྱ་བའོ། །སྒྲ་དོན་ཞེས་བྱ་བ་ནི་གྲགས་པའོ། །དེ་ལས་ཏེ་བསྟན་བཅོས་ལས་འདི་ཞེས་བྱ་བ་ནི་གྲགས་པའོ། །གལ་ཏེ་བསྟན་བཅོས་ཞེས་བྱ་བ་ལ་སོགས་པ་
འདི་ལ་རྒོལ་བའི་ནི་དེས་ན་གཞན་ཞེས་བྱ་བའོ། །གཞན་གྱིས་ཁས་བླངས་པ་ཞེས་བྱ་བ་ནི་དེ་དང་དེ་མ་ཡིན་པ་གྲུབ་པའི་ཆོས་ཅན་ལ་ཡང་བསྟན་བཅོས་ཁས་བླང་བར་བྱ་བ་ཡིན་པའོ། །བསྟན་བཅོས་ནི་ཕྱི་རོལ་ལ་གནོད་པར་བྱེད་པ་ཡིན་ལ། གྲགས་པ་ནི་བརྟགས་པ་ལ་ཡིན་པར་བསྟན་པ་ནི་ཡང་
ན་ཞེས་བྱ་བའོ། །དེ་ལ་ཡང་ཞེས་བྱ་བ་ནི་བརྟགས་པ་ཡིན་ན་ཡང་ངོ་། །ཕྱི་རོལ་མེད་པ་ཁོ་ནས་གནོད་པ་ཡིན་པར་བསྟན་པ་ནི་ཉི་ཚེ་བ་ཞེས་བྱ་བའོ། །འདི་ལ་ཡང་ཞེས་ཟེར་བ་ནི་འོན་ཏེ་བསྟན་བཅོས་ལས་ཞེས་བྱ་བའོ། །གནོད་བྱ་མ་ཡིན་པ་ཐམས་ཅད་དུ་གྲགས་པ་བརྗོད་པ་ཡིན་པར་བསྟན་པ་
ནི་གྲགས་པ་ཡིན་ཞེས་བྱ་བའོ། །དེའི་དོན་དཔྱད་པ་ལ་བསྟན་བཅོས་འབའ་ཞིག་ནི་མ་ཡིན་ཏེ། དེ་དང་འགལ་བས་གནོད་པར་བྱེད་པའི་གནོད་བྱེད་རྗེས་སུ་དཔག་པ་མེད་པའི་ཕྱིར་འདོད་པའི་སྒྲའི་བརྗོད་པར་བྱ་བའི་དོན་རྣམས་ལ་རྣམ་པར་རྟོག་པའི་ཡུལ་ཉིད་ཙམ་ལས་བྱུང་བ་ཡིན་པ་དེའི་ཕྱིར།
ཕྱི་རོལ་ཉིད་དང་བརྟག་པ་ཉིད་ལ་སོགས་པ་ལ་རྗེས་སུ་དཔག་པས་གནོད་ཀྱང་དེ་ལས་བཟློག་པ་ལ་སྒྲ་དེའི་བརྗོད་བྱ་ཉིད་ནི་འདོད་པ་ལས་བྱུང་བ་ཡིན་པའི་ཕྱིར། འཇིག་རྟེན་དང་རིག་བྱེད་དག་ལ་འཇིག་རྟེན་ལ་འགྲུབ་པ་བརྟག་པ་ལ་སོགས་པའི་དོན་ཡང་ཡོངས་སུ་བརྟག་པ་ལ་སོགས་པས་དེ་ལས་
བཟློག་པའི་དོན་ཉིད་དུ་འགྱུར་བར་བསྟན་པ་ནི་དོན་རྣམས་ལ་ཞེས་བྱ་བའོ། །འགག་པ་མེད་པ་ཉིད་ཅི་ལས་ཤེ་ན་རྣམ་པར་རྟོག་པའི་ཡུལ་ཉིད་ཙམ་རྒྱུ་མཚན་ཡིན་པས་འདོད་པ་ལས་བྱུང་བའི་ཕྱིར་རོ་ཞེས་བསྟན་པ་ནི་སྐྱེས་བུའི་འདོད་པ་ཞེས་བྱ་བའོ། །འདིར་ཞེས་བྱ་བ་ནི་འདོད་པའི་སྒྲའི་བརྗོད་བྱ་

ཉིད་ལའོ། །གནོད་མེད་ངག་ནི་རྗེས་སུ་དགག་པས་མི་གནོད་པའི་ངག་ཅན་གྱི་སྐྱེ་བོ་ཡིད་ཆེས་པ་ཡིན་པ་ན་བསྟན་བཅོས་གནོད་བྱེད་ཡིན་ཞེས་བྱ་བའི་དོན་ཏོ། །རྟོག་པ་ཅན་རང་བཞིན་གྱི་བ་ལང་ཉིད་ལ་སོགས་པ་དེ་ཉིད་བརྗོད་པའི་སྒྲའི་བརྗོད་བྱ་ཉིད་ཡིན་པར་བསྟན་པ་ནི། འདོད་པའི་སྒྲའི་བརྗོད་པར་བྱ་
བ་ཞེས་བྱ་བའོ། །ནུས་པ་མ་ཡིན་ནོ་ཞེས་བྱ་བ་དགག་པར་ཞེས་བྱ་བར་རྗེས་སུ་འཇུག་གོ། །ཉེ་བར་ལེན་པ་ནི་སྨྲ་བ་པོའི་རྒྱུད་ལ་གནས་པའོ། །འབྲས་བུ་ནི་ཉན་པ་པོའི་རྒྱུད་ལ་གནས་པའོ། །གལ་ཏེ་དེ་ལྟ་ན་ཞེས་བྱ་བ་ནས་གཞན་དུ་ཁས་ལེན་ཞེ་ན་ཞེས་བྱ་བའི་བར་དུ་རྒོལ་བའོ། །མ་ཡིན་ཏེ་
ཞེས་བྱ་བས་མཚམས་བཅད་ནས་ཤེས་ན་ཡང་ཞེས་བྱ་བའི་བར་གྱིས་དགག་པའོ། །ཁྱབ་པ་ནི་ཁྱབ་པར་བྱེད་པ་སྟེ་གསལ་བྱེད་ཀྱིའོ། །དེ་ཞེས་བྱ་བ་ནི་སྤྱིའོ། །ཁྱབ་པ་ཅན་གྱི་རྟོགས་པ་ཅི་ལས་ཡིན་ཞེ་ན་འོན་ཀྱང་ཐོག་མེད་ཅེས་བྱ་བའོ། །ཐ་སྙད་ནི་འདོད་པའི་རྣམ་པར་རྟོག་པ་སྟེ། བ་ལང་ངོ་
ཞེས་བྱ་བ་ལ་སོགས་པ་རྗེས་སུ་འཇུག་པའི་ངོ་བོ་ཁྱད་པར་དུ་མ་བྱས་པའི་ཆོས་ཀྱི་སྒྲུབ་བྱེད་དོ། །བརྡ་ལས་བྱུང་བའི་ཁྱད་པར་ནི་སྒྲ་ལས་བྱུང་བ་དེ་ཉིད་མ་ཡིན་པར་བསྟན་པ་ནི། བྲམ་ཟེ་དང་ཞེས་བྱ་བའོ། །ཅི་ཞིག་ཡོད་ཅེས་བྱ་བ་ནི་མཚུངས་པའི་རྣམ་པ་ཙམ་ཡིན་པའི་ཕྱིར་རོ། །གྲགས་པ་ནི་རྟོགས་པས་
གྲུབ་པའོ། །བརྗོད་པ་ནི་སློབ་དཔོན་གྱིས་སོ། །ཆོས་ནི་འདོད་པའི་སྒྲས་བརྗོད་པར་བྱ་བའི་ངོ་བོ་ཡིན་ལ། དེ་ནི་ཞེས་བྱ་བ་ནི་འདོད་པའི་སྒྲའོ། །ཐ་སྙད་ལ་སྐྱེས་པ་ནི་ཟླ་བའི་ཞེས་བྱ་བ་ལ་སོགས་པ་ལས་སོ་ཞེས་བྱ་བ་ནི་བཤད་པར་རོ། །གྲགས་པའི་སྒྲར་ཞེས་བྱ་བ་ནི་འགྲེལ་པར་རོ། །མངོན་སུམ་དོན་
དང་རྗེས་དཔག་དང་། །ཡིད་ཆེས་གྲགས་པས་ཞེས་བྱ་བས་བསྟན་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་ཐ་སྙད་ལས་བྱུང་བའོ། །མངོན་སུམ་སོགས་ཀྱིས་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཚད་མའི་སྒྲ་དང་འགལ་བ་ཅན་བཟློག་ནས་ཤེས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །དེའི་ཕྱིར་གནོད་པ་རྣམ་
པ་བཞི་པོ་འཐད་པ་ཡིན་ནོ། །འདོད་པ་ལས་བྱུང་བ་ཡིན་ཡང་སྣམ་བུ་ལ་བུམ་པའི་སྒྲར་མ་བྱས་ན་དེའི་བརྗོད་བྱ་དེ་ཇི་ལྟར་ཡིན་ཞེས་ཟེར་བ་ལ། དེ་ལ་བརྟེན་ནས་བྱུང་བ་ཅན་ཞེས་བྱ་བ་སྟེ། རྣམ་པར་རྟོག་པའི་ཡུལ་ལ་བརྟེན་ནས་བྱུང་བ་ཅན་འདོད་པས་འཇུག་པ་ཡིན་པའི་ཕྱིར། དེ་ལས་གཞན་པ་

ལ་ཡང་རུང་བ་ཉིད་ཀྱིས་སོ་ཞེས་བྱ་བའི་དོན་ཏོ། །བྱས་དང་ཞེས་བྱ་བ་ནི་འཇིག་རྟེན་པའི་རྣམས་སོ། །མ་བྱས་པ་རྣམས་ནི་སྐྱེས་བུས་མ་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །བྱས་པ་སྟེ་བརྡར་བྱས་པ་རྣམས་དང་གཞན་རྣམས་སོ་ཞེས་བྱ་བ་ནི་འགྲེལ་
པའིའོ། །རྟོགས་པས་སྤྲུལ་པ་ནི་དོན་ཉིད་ཀྱི་ངོ་བོ་མ་ཡིན་པ་མ་ཡིན་ནམ་ཞེས་ཟེར་བ་ལ། རང་བཞིན་ཉིད་ཀྱིས་ཞེས་བྱ་བའོ། །དོན་ཉིད་ལ་ཞེན་པ་ཡིན་གྱི་བར་མ་དོ་བ་ནི་མ་ཡིན་ཏེ། ལྷག་པར་ཞེན་པས་རྣམ་པ་དང་དོན་གཅིག་ཏུ་བྱས་ནས་འཇུག་པའི་ཕྱིར་རོ། །དེའི་ཕྱིར་འཇིག་རྟེན་དང་རིག་བྱེད་ལ་
ངེས་པའི་དོན་ཅན་ཉིད་ཀྱི་ཚིག་རྣམས་སྐྱེས་བུའི་བློ་ལས་བྱུང་བ་དངོས་པོར་རུང་བ་ཉིད་མ་བཀག་པ་ཡིན་པར་བསྟན་པ་ནི། དོན་ཙམ་ངེས་པའི་དོན་ཉིད་ཀྱིས་མངོན་སུམ་ཡིན་ལ་མ་ངེས་པའི་དོན་ཅན་ཉིད་ཀྱི་རྗེས་སུ་དཔག་པར་བྱ་བ་ཇི་ལྟར་གནོད་བྱེད་ཡིན་ཞེས་ཟེར་བ་ལ་གྲགས་པ་མེད་ཀྱང་ཞེས་
བྱ་བའོ། །འཇུག་པ་བཞིན་དུ་གཞན་ཡང་རུང་བ་ཉིད་དེ་ལས་བྱུང་བར་གྱུར་པ་ཁོ་ན་ཡིན་ཏེ། སྨྲ་བ་པོའི་འདོད་པ་མེད་པས་བྱུང་བར་གྱུར་པ་མ་ཡིན་པ་ཉིད་དོ། །དེས་ན་ཞེས་བྱ་བ་ནི་དངོས་སུ་འབྲེལ་པ་ཉིད་ཀྱིས་སོ། །དེ་གྲུབ་པ་ཉིད་ནི་དེའི་ཤེས་པར་བྱ་བ་ཉིད་དེ་འདོད་པའི་སྒྲས་བརྗོད་པར་བྱ་བ་ཉིད་ཡིན་ནོ་
ཞེས་བྱ་བའི་དོན་ཏོ། །འགྲེལ་པ་ནི་གསལ་བ་ཡིན་ནོ། །འགར་ཡང་ཞེས་བྱ་བ་ནི་ཕྱོགས་གཅིག་ལའོ། །རྟོག་པའི་ཡུལ་ཉིད་དངོས་པོའི་རུང་བ་ཉིད་ཡིན་གྱི་དངོས་སུ་མ་ཡིན་པར་བསྟན་པ་ནི་དངོས་རྣམས་ཞེས་བྱ་བའོ། །རྟོག་པ་ཡང་འདོད་པ་ལས་བྱུང་བ་ཡིན་གྱི་དངོས་པོ་ལས་མ་ཡིན་པ་
བསྟན་པ་ནི་འདོད་པ་ཙམ་གྱིས་ཞེས་བྱ་བའོ། །རང་གི་རྒྱུ་ལས་བྱུང་བའི་འདོད་པ་ནི་དོན་ཡུལ་ཉིད་ལ་ལྟོས་བཞིན་པ་ཡིན་ཡང་དེ་ལས་བྱུང་བ་མ་ཡིན་ཏེ། དེ་བསྟན་པ་ནི་དོན་ཙམ་ལ་ཡང་ཞེས་བྱ་བའོ། །དོན་དེའི་རྟོག་པ་དང་རྟོག་པའི་མཚུངས་པ་ཡིན་པའི་ཕྱིར་འདི་བཞིན་དུ་གཞན་ཡང་ཡིན་ཏེ་
རྟོག་པའི་ཡུལ་ཉིད་ཙམ་རྒྱུ་མཚན་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་བསྟན་པ་ནི། སྒྲ་ཐམས་ཅད་ཅེས་བྱ་བའོ། །དེ་ལྟ་ཡང་མ་ཡིན་ཞེས་བྱ་བ་གཞན་ལ་སྣང་བ་ཡིན་ཞེས་བྱ་བར་བསྒྱུར་ནས་སྦྱར་རོ། །མེའི་སྦྱིན་སྲེག་ལ་སོགས་པའི་ངག་ལ་ཁྱིའི་ཤའི་དོན་ཉིད་མངོན་སུམ་དང་

འགལ་བ་མ་ཡིན་ཏེ། དེའི་རུང་བ་ཉིད་མངོན་སུམ་ཡིན་ནོ་ཞེས་བསྟན་པ་ནི། ཁྱི་ཤ་ཟོ་ཞེས་བྱ་བའོ། །གཞན་དུ་བརྡ་ཡིན་ནོ་ཞེས་བྱ་བ་མི་རིགས་པ་ཡང་མ་ཡིན་ཏེ་མི་ཤེས་པ་རྣམས་ཀྱིས་ཆོས་ལ་སོགས་པ་རྣམས་ལ་བརྡར་བྱས་པ་ལ་མི་ཤེས་པ་ལ་སོགས་པས་བརྡ་གཞན་དུ་མི་འགྱུར་བར་བསྟན་པ་ནི་དེར་
ཡང་ཞེས་བྱ་བའོ། །རང་བཞིན་གྱིས་དོན་མེད་པ་ཉིད་བསྟན་པ་ནི་ཇི་ལྟར་ཞེས་བྱ་བའོ། །ཁྱབ་པའི་དོན་ཅན་གཅིག་ཅིག་ལ་ཕྱི་མའི་དོན་དུ་བཤད་པ་ནི། འདིར་ནི་ཞེས་བྱ་བའོ། །སྒྲ་མངོན་སུམ་པ་ཡིན་ཡང་དོན་རྟོགས་པ་ནི་རྗེས་སུ་དཔག་པ་ཉིད་ལས་ཡིན་ན། ཇི་ལྟར་རུང་བ་ཉིད་རྟོགས་པའི་གནོད་བྱེད་
ཡིན་ཞེས་ཟེར་བ་ལ། ཡང་ན་དེ་ལ་ཡང་ཞེས་བྱ་བའོ། །ཤེས་པ་གཞན་གྱི་ཞེས་བྱ་བ་ནི་མངོན་སུམ་གྱི་དོན་བཞིན་དུའོ། །འོན་ཏེ་དེར་ཞེས་བྱ་བ་ནི་སྒྲ་ལས་བྱུང་བ་ལའོ། །དེ་ལྟར་འགྱུར་རོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་མེད་ན་ཞེས་བྱ་བ་ནི་ལན་ནོ། །འདི་ལ་ཡང་ནི་སྒྲ་ལས་བྱུང་བ་ལའོ། །དེ་ལྟ་མ་ཡིན་ན་ཞེས་
བྱ་བ་ནི་བརྡའི་དུས་ཀྱི་རྗེས་སུ་འབྲང་བ་མེད་ནའོ། །བཤད་པའི་རྗེས་སུ་མ་འབྲངས་པར་ཡང་ཞེས་བྱ་བ་ནི་རྟོགས་པ་ནི་ཞེས་བྱ་བ་དང་འབྲེལ་པའོ། །སྡང་བ་ལ་སོགས་པས་གཞན་དུ་ཡང་ཞེས་བྱ་བ་ནི་གྲགས་པ་ལས་བཟློག་པར་ཆེས་སྐྱོན་ཅན་ཉིད་ཡིན་ཏེ། ཚད་མ་ཅན་མ་ཡིན་པའི་དོན་སྨྲ་བ་པོ་ནི་ཆེས་
དམན་པའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རང་རིག་པར་སྨྲ་བ་པོ་མངོན་སུམ་དང་འགལ་བ་ཡིན་ནོ་ཞེས་ཟེར་བ་ལ། དེ་ལ་གང་ཞིག་ཅེས་བྱ་བའོ། །དེ་ཡོད་ན་ཡོད་པ་དང་མེད་པ་དག་ཅེས་བརྗོད་པ་བཤད་པ་ནི་སྒྲ་དོན་གྱི་འབྲེལ་པ་ཞེས་བྱ་བའོ། །ཉེ་བར་ལེན་
པ་ནི་དོན་ནོ། །སྒྲ་ནི་ཉེ་བར་བླང་བྱ་སྟེ་འབྲས་བུའོ། །སྒྲ་ནི་ཞེས་བྱ་བ་ལ་སོགས་པས་རྗེས་སུ་དཔག་པ་གཙོ་བོ་མ་ཡིན་པར་བསྟན་ཏོ། །འོན་ཏེ་ཇི་ལྟར་ཞེས་བྱ་བའི་འབྲས་བུ་ཡིན་པའི་ཕྱིར། རྒྱུ་ཉིད་འདོད་པ་དང་འབྲེལ་པ་བརྗོད་བྱ་ཉིད་ཀྱི་རྒྱུ་མཚན་དེའི་རང་བཞིན་པར་བསྟན་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །ཉེར་
ལེན་ཉིད་ཅེས་བྱ་བ་ནི་རྟགས་སོ། །བརྗོད་བྱ་ཉིད་ནི་བསྒྲུབ་བྱ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་གི་ཞེས་བྱ་བ་ནི་དོན་ནོ། །གང་གི་ཞེས་བྱ་བ་ནི་སྒྲའིའོ། །ཉེ་བར་ལེན་པ་དང་འབྲས་བུ་ཉིད་དུ་ནི་ཉེ་བར་ལེན་པ་ཉིད་ཀྱིས་དང་འབྲས་བུ་ཉིད་ཀྱིས་སོ། །ཉེ་བར་ལེན་པ་དང་འབྲས་བུ་ཉིད་དུ་མི་སྣང་བ་འབའ་ཞིག་མ་

ཡིན་ཏེ། འོ་ན་ཅི་ཞེ་ན་ཉེ་བར་ལེན་པའི་ཤེས་པ་སྨྲ་བ་པོའི་རྒྱུད་ལ་ཡོད་པ་དང་། འབྲས་བུ་ཤེས་པ་ཉན་པ་པོའི་རྒྱུད་ལ་གནས་པ་ཡང་སྣང་བ་མ་ཡིན་པར་བསྟན་པ་ནི། གལ་ཏེ་དོན་ཏོ་ཞེས་བྱ་བའོ། །དེའི་བརྗོད་པར་འདོད་པ་མེད་ཀྱང་ཕྱི་རོལ་ཁོ་ན་ཤེས་པ་གཉིས་ཀྱི་ཞེན་པར་བྱ་བ་ཡིན་
ནོ་ཞེས་ཟེར་བ་ནི། འོན་ཏེ་རྣམ་པ་དེ་ལས་ཀྱང་ཞེས་བྱ་བའོ། །དེས་ནི་ཞེས་བྱ་བ་ནི་གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་སོ། །མངོན་སུམ་ལ་སོགས་པས་གྲུབ་པ་མ་ཡིན་དུ་ཟིན་ཀྱང་། འོན་ཀྱང་གཞན་པ་དེ་ནི་འདོད་པའི་སྒྲའི་རུང་བ་ཉིད་དོན་རྣམས་ལ་ཅི་ལས་ཡིན་ཞེས་ཟེར་བ་ལ་
གཞན་དུ་ཞེས་བྱ་བ་སྟེ། དགག་པས་དཔེ་ལ་གཏན་ཚིགས་ཁྱབ་པ་མེད་པའི་ཕྱིར་རོ། །སྒྲུབ་པ་ཉིད་ཡོད་པའི་ཕྱིར་དེ་ཡོད་པ་མ་ཡིན་ཏེ་ཕྱོགས་གཅིག་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཞེས་བྱ་བ་ནི་སྒྲ་ལས་བྱུང་བས་གྲུབ་པའིའོ། །དེ་སྐད་དུ་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་ཕྱིར་གནོད་པར་
བྱེད་པའི་རྗེས་སུ་དཔག་པ་མེད་པའོ། །གནོད་པར་བྱེད་པ་མེད་པས་གནོད་པར་མི་ནུས་པ་དེ་ཉིད་ཀྱི་ཕྱིར་སྒྲ་ལས་བྱུང་བ་ངེས་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བས་གཉི་ག་ལས་ཀྱང་ཕྱི་མ་གཙོ་བོ་ཡིན་ནོ་ཞེས་བྱ་བ་ནི་དེ་སྐད་དུ་ཞེས་བྱ་བའི་ཁྱད་པར་ལྷུར་ལེན་པའི་དབྱེ་བ་ལས་སོ་ཞེས་བྱ་བ་ནི་རྒྱལ་བ་ཅན་
གྱིའོ། །གནོད་པར་བྱེད་པ་མེད་པ་ཉིད་ཀྱིས་གནོད་བྱ་ཉིད་མ་ཡིན། ངེས་པ་ནི་སྒྲ་ལས་བྱུང་བ་ཞེས་བྱ་བ་དེ་ཉིད་ཀྱིས་ཡིན་པར་བཤད་པ་ནི། ཚད་མ་མེད་པར་ནི་ཞེས་བྱ་བའོ། །གཅིག་གིས་གཅིག་གི་སྒྲུབ་ན་གཞན་རྗོད་པར་བྱེད་པ་ཡིན་པར་བསྟན་པ་ནི། ཕྱི་མ་ཞེས་བྱ་བའོ། །སྒྲ་ལས་བྱུང་བ་ནི་
གནོད་བྱ་ཉིད་དང་ངེས་པར་བྱེད་ལ་མ་ཡིན་པ་ཉིད་ཀྱང་རྗེས་སུ་དཔག་པ་ལས་ཡིན་ཏེ། མངོན་སུམ་གྱི་ཡུལ་མ་ཡིན་པས་མི་སྲིད་པའི་ཕྱིར་རོ་ཞེས་བསྟན་པ་ནི། དེ་འགོག་ཅེས་བྱ་བའོ། །རང་རིག་པའི་ཉེ་བར་མཚོན་པ་ཟེར་བ་ནི་གལ་ཏེ་ཞེས་བྱ་བའོ། །ཞེན་པར་བྱ་བ་ནི་རང་རིག་པ་མ་ཡིན་ཏེ། ཕྱི་
རོལ་ཡིན་ནོ་ཞེས་ཟེར་བ་ནི་ཐུན་མོང་མ་ཡིན་པར་ཞེས་བྱ་བའོ། །དབང་པོའི་མངོན་སུམ་ཉིད་རུང་བ་མ་ཡིན་ཏེ། རྟོག་པ་གཅིག་གི་ཡུལ་ཉིད་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ཡུལ་ཡིན་པ་ཉིད་གསལ་བར་བྱེད་པ་ནི་རུང་བ་ཉིད་ཅེས་བྱ་བའོ། །སྒྲ་ལས་བྱུང་བས་

གྲུབ་པའི་དོན་སྒྲའི་དོན་ཉིད་དུ་ངེས་པ་ནི། སྣང་བ་ཞེས་བྱ་བར་སྦྱར་རོ། །སྣང་བའི་སྒྲ་དང་འབྲེལ་པ་ཅན་ནམ་ཞེས་བྱ་བ་ནི་གལ་ཏེ་ཞེས་བྱ་བར་འབྲེལ་ཏེ། འབྲེལ་པ་ནི་འབྲེལ་པ་དང་རུང་བ་ཉིད་ཀྱང་དགག་པར་བྱ་བ་ནི་མངོན་སུམ་ལ་རུང་བ་མ་ཡིན་པའོ། །དེས་ན་འདི་ནི་ཞེས་བྱ་བ་ནི་འབྲེལ་
པ་རུང་བ་ཉིད་ཀྱང་ངོ་། །རུང་བ་ཉིད་དགག་པ་ལ་རྗེས་སུ་དཔག་པ་ཐམས་ཅད་ཐུན་མོང་མ་ཡིན་ནོ་ཞེས་བརྗོད་པར་འདོད་པས་མ་ལུས་པ་ལ་ཁྱབ་པའི་ཡོད་པ་ཉིད་ཀྱང་ཐུན་མོང་མ་ཡིན་པ་ནི་ཕྱོགས་ཀྱི་སྐྱོན་ལ་ཡང་བརྗོད་པར་བསྟན་པ་ནི། གང་ལ་ཡོད་ཉིད་ཅེས་བྱ་བའོ། །གནོད་པར་བྱེད་
པ་ཡོད་པ་ལ་ལྟོས་པ་ནི་དངོས་སུ་བ་མ་ཡིན་ལ། དངོས་སུ་བ་ཡིན་པ་ནི་རང་ཉིད་གནོད་བྱེད་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། སྒྲ་ལས་བྱུང་བའི་གྲགས་པ་འདི་ཞེས་བྱ་བའོ། །གནོད་པར་བྱེད་པ་མེད་པའི་ཕྱིར་དགག་པར་མི་ནུས་པ་ཡིན་པ་དེའི་ཕྱིར་མ་ངེས་པ་ཡང་ཡིན་ཏེ། སྒྲ་ལས་བྱུང་བས་
གྲུབ་པ་ཉིད་ཀྱིས་ཐམས་ཅད་དུ་གྲུབ་པའི་ཕྱིར་རོ་ཞེས་བསྟན་པ་ནི་སྒྲ་ནི་བརྡ་ལ་ཞེས་བྱ་བའོ། །མི་འགྲུབ་མིན་ཞེས་བྱ་བ་ནི་འདོད་པ་ལ་གེགས་མེད་པའི་ཕྱིར་རོ། །དེ་ལྟར་ན་དགག་པར་མི་ནུས་པ་ཉིད་ཀྱིས་གནོད་པར་བྱེད་པ་མེད་པས་ངེས་པར་ནུས་པའི་ཕྱིར། རྗེས་སུ་དཔག་པ་ཐམས་ཅད་ལ་འགལ་
བ་མི་འཁྲུལ་བ་མི་སྲིད་པར་བརྗོད་པ་ཡིན་པར་བསྟན་པ་ནི་རྗེས་སུ་དཔག་པས་ཞེས་བྱ་བའོ། །དེ་ལྟ་བུའི་ནི་དགག་པར་མི་ནུས་པ་ལ་སོགས་པས་སོ། །གྲགས་པ་ལ་དེ་ལྟར་བརྗོད་ཀྱི་རྗེས་སུ་དཔག་པ་ལ་ནི། མ་ཡིན་ནམ་ཞེས་ཟེར་བ་ལ། གྲགས་པ་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་གཞན་ཡིན་
ཏེ་སྒྲུབ་པར་བྱེད་པར་ཞེས་བྱ་བར་སྦྱར་རོ། །རྟོགས་པར་མི་ནུས་པ་ནི་དམིགས་པར་མི་ནུས་པའོ། །གཅིག་ལ་ཞེས་བྱ་བ་ནི་དངོས་པོ་ལའོ། །ཐེ་ཚོམ་ཟ་བ་ཡོད་ན་སྟོན་པ་ཡིན་པའི་ཕྱིར་དོགས་པ་བསྟན་པ་ནི་གང་ཞིག་ཅེས་བྱ་བའོ། །མངོན་དུ་བྱས་པ་ཐམས་ཅད་ལ་ཚད་མ་གཞན་གནོད་པར་
བྱེད་པ་གཞན་མ་ཡིན་པར་བསྟན་པ་ནི་མངོན་དུ་བྱས་པ་ཞེས་བྱ་བའོ། །ཐམས་ཅད་ནི་འཁྲུལ་པ་ཡང་ངོ་། །དེའི་ཕྱིར་མངོན་སུམ་ལ་འབྲེལ་པ་ཁོ་ན་ཚད་མ་ཉིད་ཀྱིས་རྒྱུ་མཚན་ཡིན་པར་བསྟན་པ་ནི་དེ་འདི་ཞེས་བྱ་བའོ། །རྒྱུན་གྱིས་དོན་བྱེད་པར་དམིགས་ནས་དེ་དང་འདྲ་བ་ལ་དེ་ཉིད་དོ་ཞེས་ངེས་

པར་བྱེད་པའི་མངོན་སུམ་ནི་འཇུག་པར་བྱེད་པ་མ་ཡིན་ནམ། འབྱུང་བར་འགྱུར་བའི་དོན་བྱེད་པ་དང་དེའི་རུང་བ་ཉིད་འདིའི་ཡུལ་མ་ཡིན་ནོ་ཞེས་ཟེར་བ་ལ་མི་སླུ་བ་དེ་ཡང་ཞེས་བྱ་བ་སྟེ། ཐོབ་པ་ནི་སྣང་བཞིན་པ་ཁོ་ན་ཡིན་གྱི་དེའི་ངོ་བོ་ལ་འཇུག་པ་ནི་མ་ཡིན་ཏེ། མི་སྣང་བའི་
དོན་གྱི་ངོ་བོ་ལ་ནི་དོན་གྱི་སྣང་བའི་རུང་བ་ཉིད་རྗེས་སུ་འགྲོ་བ་ལ་སོགས་པས་རྟོགས་པ་ནི་གོམས་ན་མཐོང་བ་ཁོ་ན་ལས་དེ་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་རྗེས་སུ་དཔག་པ་མེད་ན་སྒྲ་ལས་བྱུང་བས་གྲུབ་པ་གནོད་བྱེད་ཡིན་པ་དེ་ལྟ་བུར་རྟོགས་པས་སྒྲ་ལས་བྱུང་བ་རྗེས་སུ་དཔག་པ་ཉིད་དུ་
བརྗོད་པའི་ཕྱིར། གནོད་བྱེད་ཀྱི་ཡང་གནོད་བྱེད་ནི་རྗེས་སུ་དཔག་པ་ཡིན་པར་བརྗོད་པས་ཤུགས་ཀྱིས་རྗེས་སུ་དཔག་པའི་ཡུལ་ལ་འགལ་བ་མི་འཁྲུལ་བ་ཅན་མེད་པར་གསུངས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནི་འདི་ལྟར་དགག་པར་མི་ནུས་པ་ཉིད་ཀྱིས་གྲགས་པའི་དོན་ཅན་གྱི་ཚིག་རྣམས་དོན་གཞན་དང་
ལྡན་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་གནོད་པར་བྱེད་པ་ཉིད་ནི་བཟློག་པའི་ཚད་མ་མེད་པ་ཉིད་དང་། ངེས་པ་མེད་པས་ཀྱང་སྒྲ་ལས་བྱུང་བ་སྒྲུབ་པ་ལ་གནོད་པར་བྱེད་པ་ཉིད་ཡིན་ནོ། །འགལ་བ་མེད་པས་རྗེས་སུ་དཔག་པ་ངེས་པའི་དོན་ཅན་ཡིན་པ་ཉིད་ཀྱིས་རིག་བྱེད་ལ་སོགས་པ་དང་མཚུངས་པ་ཉིད་མ་ཡིན་ནོ། །
དེ་ལྟ་བུའི་ཞེས་བྱ་བ་ལྷག་པར་བསྟན་པས་མངོན་སུམ་ལ་སོགས་པའི་ཕན་ཡོན་གསུམ་བསྟན་ཏོ། །དེ་བཞིན་དུ་མི་མཐུན་པ་མེད་པ་ཉིད་ཀྱིས་སམ་གཞན་ལས་ཀྱང་རྟོགས་པ་མེད་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འབྲེལ་པའི་སྟོབས་ལས་བྱུང་བ་གནོད་དོ་ཞེས་བྱ་བ་ཅིར་འགྱུར་ཞེས་བྱ་བར་སྦྱར་རོ། །
འདིར་ཞེས་བྱ་བ་ནི་སྒྲ་ལས་བྱུང་བས་གྲུབ་པ་ལ་རྗེས་སུ་དཔག་པ་མེད་པ་རྟོགས་པར་བྱེད་པ་ལའོ། །སྟོབས་ཆུང་བ་ལ་སྟོབས་སུ་བརྗོད་པ་ནི་གཞན་མཚོན་པར་བྱེད་དོ་ཞེས་བྱ་བར་མི་རིགས་ཏེ། འདི་ཉིད་འདོད་པ་ཡོད་པས་སྟོབས་དང་ལྡན་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་འདོད་ཙམ་ཞེས་བྱ་
བའོ། །དབྱིག་པས་སྣུམ་ཁུར་བཤད་པ་ནི་བྱི་བ་རྣམས་ཀྱིས་དབྱིག་པ་ཁྱེར་བའི་ཚུལ་གྱིས་ཏེ། ལན་ནི་སྣུམ་ཁུར་སྨོས་ཀྱང་ཅི་དགོས་ཞེས་བྱའོ། །སྒྲ་ལས་བྱུང་བ་འདོད་པ་འབྱུང་བ་ཡིན་པ་ལ་གནོད་པར་བྱེད་པ་ཡོད་ན་དངོས་པོ་བྱུང་བ་ལ། ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའོ། །ཡོད་མིན་

ཞེས་བྱ་བ་ནི་ཁྱབ་པ་ཉིད་ཀྱིས་སྒྲ་ལས་བྱུང་བ་སྟོབས་ཅན་ཡིན་པའི་ཕྱིར་རོ། །དང་པོ་ལས་ཞེས་བྱ་བ་ནི་དངོས་པོ་ལས་བྱུང་བ་ཉིད་ཀྱིས་རྗེས་སུ་དཔག་པ་ནི་ཁྱབ་པ་ཅན་མ་ཡིན་པའི་ཕྱིར་རོ། །དེའི་ཞེས་བྱ་བ་ནི་སྣུམ་ཁུར་དང་དབྱིག་པའི་ཚུལ་ལོ། །ཁྱབ་པ་ཅན་ཉིད་དངོས་སུ་བ་ཉིད་མ་ཡིན་ན་མེད་པ་
དང་འདྲ་བར་བསྟན་པ་ནི། དངོས་པོས་འཇུག་མིན་པ་ཞེས་བྱ་བའོ། །དེ་སྤངས་པས་ཞེས་བྱ་བ་ནི་འདོད་པ་སྤངས་པ་སྟེ། ལེན་པ་བཞིན་དུ་འདོར་བ་ཡང་ཐོབ་པར་སླ་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚུལ་འདི་ཞེས་བྱ་བ་ནི་ལས་ངན་ཞུགས་པའི་དོགས་པ་ཐམས་ཅད་ཅེས་བྱ་བར་སྦྱར་རོ། །དོན་
རྣམས་སྒྲའི་རུང་བ་ཉིད་བརྗོད་བྱ་ཉིད་ཡིན་པ་དང་། སྒྲ་རྣམས་རྗོད་བྱེད་ཡིན་པ་ཉིད་ནི་རང་བཞིན་པ་ཡིན་གྱི་སྐྱེས་བུས་བྱས་པ་ཅན་མ་ཡིན་ནམ་བྱེད་པར་མི་ནུས་པའི་ཕྱིར་རོ། །སྒྲ་མ་ཡིན་པ་ནི་སྒྲ་རྣམས་ཀྱིས་ཀྱང་དེ་དག་གིས་མ་ཡིན་ན། གཞན་མེད་པས་ཀྱང་རང་ཉིད་ཀྱིས་བྱས་པ་ཁོ་ན་ལ་མ་
བྱས་པ་ལྟ་བུར་ཐ་སྙད་ཡིན་པའི་ཕྱིར་རྟོགས་པ་དགག་བྱ་བ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་ཡང་ན་ཞེས་བྱ་བའོ། །བརྗོད་པ་ལ་ཞེས་བྱ་ན་ནི་ཟླ་བ་ནི་རི་བོང་ཅན་ནོ་ཞེས་བྱ་བ་ནི་འདིར་རང་བཞིན་གྱིས་འབྲེལ་པ་ལའོ། །དེས་སྟོང་པའི་དུས་མེད་པས་ཞེས་བྱ་བ་ནི་གཞན་དུ་གྲུབ་པའི་ཕྱིར་མ་བྱས་
ཞེས་བྱ་བའི་ཚིག་གམ་དྲན་པ་ཡང་རུང་བྱེད་པར་རུང་བ་ཉིད་ལ་མི་སླུ་བར་བྱེད་པར་འདོད་པ་ཉིད་ཡིན་པའི་ཕྱིར་སྒྲུབ་པར་བྱེད་པའི་རྗེས་སུ་དཔག་པ་མེད་པའོ། །གང་ལ་ཡང་ཞེས་བྱ་བ་ལ་སོགས་པས་བསྟན་པ་དེའི་ཚེ་ཡང་བརྡ་ལས་བྱུང་བའི་གནོད་བྱེད་སྒྲ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པས་
བསྟན་པ་དེ་དག་གི་ཡུལ་གྱི་དབྱེ་བ་བསྟན་པའི་ཆེད་དུ་ཡིན་པར་བསྟན་པ་ནི་ཅི་དེས་ཞེས་བྱ་བའོ། །དེ་ཡང་དངོས་པོ་ལས་བྱུང་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། བརྗོད་པར་འདོད་པས་བྱུང་བ་དེའི་ཕྱིར་རིག་བྱེད་རྣམས་ལ་དོན་གྱི་ངེས་པ་མེད་པར་བསྟན་པ་ནི་དེས་ནི་ཞེས་བྱ་བའོ། །དེའི་དབང་ནི་དངོས་པོའི་
དབང་ངོ་། །དེའི་འདོད་ལས་སྐྱེས་ན་སྐྱེས་བུའི་འདོད་པ་ལས་སྐྱེས་པའོ། །གཞན་དག་ནི་དྲུག་པ་དང་ཚིག་གི་དབྱེ་བ་ལ་སོགས་པ་ནི་དངོས་སུ་བ་ཡིན་ནོ་ཞེས་ཟེར་རོ། །ཐམས་ཅད་དངོས་སུ་བ་ཉིད་མ་ཡིན་ན་ཁྱད་པར་གྱིས་ཅི་ཞིག་བྱ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །དངོས་རྣམས་ཡོད་མེད་པའི་

རྗེས་སུ་འཇུག་ཅན་ཞེས་བྱ་བ་ནི་འདི་བཟློག་བྱ་བསྟན་པ་ནི་རྗེས་སུ་དཔག་པར་ཞེས་བྱ་བའོ། །གཞན་ལས་མི་འགྱུར་བས་ཚོགས་པ་ཡོད་ན་མ་དམིགས་པ་ནི་འབྲས་བུ་ཡིན་གྱི་བརྗོད་བྱ་རྗོད་པར་བྱེད་པ་ནི་དེ་ལྟར་མ་ཡིན་ཏེ། འདོད་པ་ཙམ་གྱིས་བྱས་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་
ནི་དེ་ནི་བདེན་མོད་ཀྱི་ཞེས་བྱ་བའོ། །སྔར་ཞེས་བྱ་བ་ནི་ཤེས་པའོ། །ངས་སྔར་ཞེས་བྱ་བ་ནི་རྟོག་པ་སྟེ། འབྲས་བུ་ཉིད་རྒྱུ་མཚན་དང་བཅས་པ་བརྗོད་བྱ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཡང་ཞེས་བྱ་བ་ནི་ཉེ་བར་བསྟན་པ་མེད་ན་ཡང་ངོ་། །དེ་ལྟར་མ་ཡིན་ན་ཞེས་བྱ་བ་ནི་མ་བོར་ནའོ། །རྒན་པོའི་
ཐ་སྙད་ལས་ཀྱང་འབྲེལ་པ་ཅན་ཉིད་དུ་ཤེས་པ་ཁོ་ན་ཡིན་གྱི་འབྲེལ་པའི་ཤེས་པ་མ་ཡིན་པར་བསྟན་པ་ནི་གལ་ཏེ་མིང་དང་མིང་ཅན་དག་ཅེས་བྱ་བའོ། །གཞན་ཡང་རུང་ཏེ་ཞེས་བྱ་བ་ནི་འབྲས་བུ་ལ་སོགས་པའོ། །མཐར་གནས་ནི་ཡ་དང་ར་དང་ལ་དང་ཝ་རྣམས་སོ། །རིང་པོ་གང་གི་དབྱངས་ཀྱི་དང་
པོར་རིང་བ་དེ་ནི་རིང་བ་ཡིན་ལ། དེ་མ་ཡིན་པ་ནི་ཐུང་བའོ། །དགྲ་བོ་ལ་མེད་པ་ནི་དགྲ་བོ་ལ་མི་གནས་པའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་བརྡའི་དུས་ན་འདི་ནི་ཤིང་རྟོག་པ་ན་སའོ་ཞེས་བྱ་བའི་འབྲེལ་པ་མ་ཤེས་པས་མི་ཤེས་པའི་ཕྱིར་རོ། །འདིས་ནི་རང་བཞིན་པ་བསལ་བ་ཡིན་ཏེ། ཐལ་ཆེས་པ་ཡིན་པས་
བརྡ་ལ་ལྟོས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྒྲ་དེའི་བརྗོད་བྱ་ཉིད་ཁོ་ན་དེ་ལས་ཀྱང་ཤེས་པའི་ཕྱིར་རོ་ཞེས་བརྟག་པར་མི་བྱ་སྟེ། རྒན་པོ་རང་ཉིད་ཀྱི་རྟོག་པ་ལ་ནི་སུ་ཞིག་ལ་ཡང་རང་དབང་མེད་དེ། སྐྱེས་བུས་མ་བྱས་པའི་ཕྱིར་སྐྱོན་མེད་པའི་དོན་དང་འབྲེལ་པའི་ཞེས་བྱ་བ་དགོས་པ་འགྲུབ་པའི་
ངེས་པ་ཡིན་ནོ་ཞེས་ཟེར་བ་ནི་འོན་ཏེ་ཞེས་བྱ་བའོ། །རྒན་པོས་བརྟགས་པ་ལས་དོན་གཞན་རང་གིས་རྟོགས་པར་བྱ་བ་ལ་མངོན་སུམ་ལ་སོགས་པའི་རྩ་བ་མེད་ན། རྒན་པོ་བརྒྱུད་པ་མི་ཤེས་པའི་རྩ་བ་ཅན་ཡིན་པས་ཇི་ལྟར་འདི་སྐྱོན་མེད་པའི་ཤེས་པ་ཡིན་ཞེས་བསྟན་པ་ནི་གལ་ཏེ་དོན་ནི་
ཞེས་བྱ་བ་སྟེ། རྩ་བ་མེད་པ་ནི་སྐྱོན་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟོག་པ་འདི་སྐྱེས་བུས་བྱས་པ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་གཞན་ཡང་འདི་བཞིན་དུ་ཡིན་ཏེ། གཞན་དུ་བ་ཉིད་ལ་ཚད་མ་མེད་པར་བསྟན་པ་ནི་དོན་འདི་ཡང་ཞེས་བྱ་བའོ། །དེ་ཉིད་ཀྱིས་ནི་རྟོགས་པར་བྱེད་པ་ལས་སོ། །གཞན་

ཡང་ཞེས་བྱ་བ་ནི་ཐམས་ཅད་གཟིགས་པའོ། །དེ་ཞེས་བྱ་བ་ནི་དངོས་པོའོ། །བཤད་པས་ཅི་ཞིག་བྱ་ཞེས་བྱ་བ་ནི་དེ་གཟིགས་པ་ལའོ། །རི་བོང་ཅན་ཟླ་བ་མ་ཡིན་ཞེས་བྱ་བ་དེ་ལྟར་སྨྲ་བ་ལ་ཟླ་བ་ཉིད་དུ་སྒྲུབ་པར་བྱེད་པའི་ཚིགས་སུ་བཅད་པ་བསྟན་པ་གལ་ཏེ་རི་བོང་ཅན་ཞེས་བྱ་བའོ། །འདི་
ནི་གྲགས་པའི་བརྗོད་བྱ་བཞིན་ཞེས་བྱ་བ་ནི་བུམ་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཟླ་བར་རྟོགས་པ་བཞིན་དུ་བུམ་པ་ལ་སོགས་པར་རྟོགས་པ་དེ་ལ་མེད་པ་ཁོ་ན་ཡིན་པར་བསྟན་པ་ནི་རི་བོང་ཅན་ཞེས་བྱ་བའོ། །འདོད་པའི་སྒྲ་བརྗོད་པར་བྱ་བ་ཡིན་པའི་ཕྱིར་དོན་རྣམས་ལ་ཟླ་བ་མ་ཡིན་པ་ཉིད་དུ་རྗེས་སུ་
དཔག་པ་ནི་ཐུན་མོང་མ་ཡིན་པ་མ་ཡིན་ནམ། དེ་ཉིད་ཀྱི་ཕྱིར་ཟླ་བ་ཉིད་མ་གྲུབ་པ་ལ་བུམ་པ་ལ་སོགས་པ་ལ་ཇི་ལྟར་ཐུན་མོང་མ་ཡིན་པ་མ་ཡིན་ཞེས་ཟེར་བ་ལ། རི་བོང་ཅན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱི་སྟེ། རྟོག་པ་ཐམས་ཅད་སྤོང་བར་བྱེད་པ་ལ་དཔེ་མེད་པ་ཡིན་གྱི་འདོད་པའི་
སྒྲའི་བརྗོད་བྱ་ཉིད་སྨྲ་བ་པོ་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ན་ཤིང་ཤ་པ་ནི་ཤིང་མ་ཡིན་ཏེ། ཡོད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པར་བརྗོད་པ་མི་སྲིད་པའི་ཕྱིར་འདི་གནོད་བྱེད་དུ་མི་འགྱུར་རོ། །ད་ལྟར་ནི་སེང་སྡེང་ལ་སོགས་པ་ལ་ཡང་ཤིང་མ་ཡིན་པར་ཁས་ལེན་པའི་ཕྱིར་བརྗོད་པ་སྲིད་
པ་ལ་གནོད་བྱེད་ཡིན་པར་བསྟན་པ་ནི། དཔེ་འདི་ཉིད་ཅེས་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །དེ་སྤོང་བར་མི་བྱེད་པ་ཉིད་ལ་ཟླ་བ་གཅིག་ཉིད་ཡིན་པའི་ཕྱིར་དེ་ཉིད་མ་ཡིན་ཏེ་དྷ་ཏྲི་ཤིང་མ་ཡིན་ཞེས་བྱ་བ་ཡང་དེས་ཁས་བླངས་པའི་ཕྱིར་རོ། །འགྲེལ་པ་ནི་གསལ་ལོ། །བརྗོད་པ་ལ་སྲིད་པས་
གཅིག་ཀྱང་གཅིག་མང་པོ་ཡིན་པའི་ཕྱིར་ཁྱབ་པ་ཡིན་པས་གཅིག་ཏུ་སྦྱོར་བར་བྱེད་པ་ཡིན་པར་བསྟན་པ་ནི་བསྒྲུབ་བྱ་ཞེས་བྱ་བའོ། །ཡང་ན་ཟླ་བ་ཉིད་ལ་ཡང་ཡོད་པ་ཉིད་ཐུན་མོང་མ་ཡིན་པ་མ་ཡིན་པར་བསྟན་པ་ནི་འདིར་ཡང་ཞེས་བྱ་བའོ། །རྟོགས་པ་ཐམས་ཅད་སྤོང་བ་ལ་གལ་ཏེ་ཐུན་མོང་མ་ཡིན་
པ་ཉིད་ཡིན་ན་དེ་སྨྲ་བ་པོ་ལ་ཡང་ཅིས་མི་འགྱུར་ཞེས་ཟེར་བ་ལ། བརྡ་ལས་ཞེས་བྱ་བ་སྟེ་འདོད་པ་ཙམ་ལས་བྱུང་བ་ཟླ་བ་ཉིད་ཁོ་ན་འམ་བརྡ་ལས་བྱུང་བ་ཡིན་ཏེ་ཐམས་ཅད་དུ་བྱུང་བའི་ཕྱིར་འདིས་ནི་ཟླ་བ་མ་ཡིན་པ་ཉིད་ཐུན་མོང་མ་ཡིན་པ་ཉིད་དུ་བརྗོད་པ་ཡིན་ནོ། །ཟླ་བ་ཉིད་མ་ཡིན་ན་བུམ་པ་ལ་སོགས་

ཡོད་པས་ཁྱབ་པ་མ་ཡིན་ནམ། དེའི་ཤེས་པ་ལས་དེ་བདེན་པ་ཁོ་ན་ཡིན་ནོ་ཞེས་ཟེར་བ་ལ་གལ་ཏེ་ལ་ལར་ཞེས་བྱ་བ་སྟེ། རྟོགས་པ་སྤོང་བ་པོའི་ཡང་ཟླ་བ་མ་ཡིན་པ་ཉིད་དོ། །ལ་ལར་ཞེས་བྱ་བ་ནི་བུམ་པ་ལ་སོགས་པ་ལའོ། །དངོས་སྟོབས་ལས་ཡིན་ཞེས་བྱ་བ་ནི་དེ་
ཡང་རི་བོང་ཅན་ལ་ཟླ་བ་ཉིད་དེ་ཉིད་དུ་འགྲུབ་པར་འགྱུར་རོ། །ཅི་ལས་ཤེ་ན་གྲགས་པས་གྲུབ་པ་ཞེས་བྱ་བ་སྟེ། གྲགས་པས་གྲུབ་པ་ཟླ་བ་ཉིད་མ་ཡིན་པ་བུམ་པ་ལ་སོགས་པ་ཁས་ལེན་ན་རི་བོང་ཅན་མ་ཡིན་པ་ཟླ་བ་ཉིད་མ་བཀག་པའི་ཕྱིར་ཏེ། རིགས་པ་ལ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱལ་བ་ཅན་
གྱིའོ། །ལ་ལར་ནི་དངུལ་ལ་སོགས་པ་ལ་ཟླ་བ་ཉིད་དུ་གལ་ཏེ་གྲུབ་ན་ངེས་པའི་ཡུལ་ཅན་ཡིན་པས་དངོས་སུ་བ་ཁོ་ན་ཡིན་ན་དེས་གྲུབ་པ་དངོས་སུ་བ་མ་ཡིན་པའམ་དེ་དགག་པ་ཡང་ཇི་ལྟར་ཡིན། འོན་ཏེ་གྲགས་པས་གྲུབ་པའི་ཕྱིར་དངོས་སུ་བ་མ་ཡིན་ན་གྲགས་པར་ཁྱད་པར་མེད་པའི་ཕྱིར་རི་བོང་
ཅན་ལ་ཡང་བཀག་པ་མ་ཡིན་ནོ་ཞེས་བྱ་བ་ནི་འབྲེལ་པར་རོ། །གལ་ཏེ་