Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 166
Văn bản gốc(Tây Tạng)
Trang 17 / 18 (50.000 ký tự/trang)
་ཚིག་གོ། །སྨད་དང་བཏུ་བས་བཟའ་བར་བྱ་བ་མིན། །ཞེས་བྱ་བ་ལ། སྨད་པར་བྱས་ནས་བཟའ་མི་བྱ་སྟེ། །དཔེར་ན་འདི་ནི་བསོད་པ་མ་ཡིན་པ་དང་ཞེས་བྱ་བ་ལྟ་བུའོ། །བཟའ་བ་ཁྱིམ་བྱ་བཞིན་དུ་བཏུས་ ནས་བཟའ་བར་མི་བྱའོ། །མཆོད་རྟེན་འདྲ་བྱས་བཅོམ་སྟེ་ཞེས་བྱ་བ་ལ་མཆོད་རྟེན་གྱི་རྣམ་པ་ལྟ་བུར་ཕུང་པོར་བྱས་ནས་བཅོམ་ཞིང་བཤིག་པས་བཟའ་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་གུས་པར་བྱས་ནས་བཟའ་བར་རིགས་པ་ཡིན་ནོ། །སྟག་གིས་ཟོས་པའི་གོད་ཀྱི་ཤ་རྣམས་དང་། །བདག་ ཕྱིར་བསད་པའི་ཤ་རྣམས་བཟའ་མི་བྱ། །ཞེས་བྱ་བ་ལ། སྟག་གི་ལྷག་མར་བྱས་པ་སྟག་གིས་ཟོས་པའི་གོད་ཀྱི་ཤ་རྣམས་ཟ་བ་ནི་མ་བྱིན་པར་ལེན་པའི་ཕྱོགས་སུ་གཏོགས་པ་ཡིན་ཏེ། དེ་དག་ནི་ཟས་ཀྱི་སྐབས་ཡིན་པའི་ཕྱིར་འདིར་བསྟན་པར་རིག་པར་བྱའོ། །དུས་མ་ཡིན་པའི་ཟས་ཀྱི་ཕྱོགས་ སུ་གཏོགས་པ་ཡིན་ནོ་ཞེས་འགའ་ཞིག་བརྗོད་པ་གང་ཡིན་པ་དེ་ནི་རིགས་པ་མ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱིས་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ནི་རི་དྭགས་བསད་ནས་ཤའི་མཆོག་དང་ཁྲག་གི་མཆོག་ཟོས་ཤིང་འཐུངས་ནས་ལྟོས་པ་མེད་པར་འགྲོ་བར་བྱེད་ལ་དེ་ལས་གཞན་པའི་གཅན་གཟན་ ཕྲ་མོས་ནི་སྦས་ནས་ཤ་རུལ་པ་ཟ་བར་བྱེད་པ་ཡིན་པ་དེའི་ཕྱིར། སྟག་ལ་སོགས་པས་བོར་བ་བདག་གིར་བྱས་པ་ལས་ཕྲོགས་པར་འགྱུར་བ་ཡིན་པའི་ཕྱིར་མ་བྱིན་པར་ལེན་པའི་ཕྱོགས་སུ་གཏོགས་པ་ཡིན་ནོ་ཞེས་བསྒྲུབས་པ་ཡིན་ནོ། །བདག་གི་ཕྱིར་བསད་པ་ཉིད་ཀྱང་བཟའ་བར་མི་བྱའོ་ཞེས་ བྱ་བར་སྦྱར་རོ། །ཆེད་དུ་གསད་པ་དག་ནི་བཟའ་བར་མི་བྱ་ལ། གཞན་པ་དག་ནི་སྔར་བཤད་པའི་ཆོ་གས་བཟའ་བར་བྱའོ། །དང་ནི་སྡུད་པར་བྱེད་པ་ཡིན་ལ་ཉིད་ནི་ངེས་པར་གཟུང་བའོ། །ཁྭ་ཡི་མཆུ་ཡིས་རེག་འགྱུར་ཁ་ཟས་རྣམས། །མཆུ་ཡི་ཐན་ཀོར་བོར་ཏེ་བཟའ་བར་བྱ། །ཞེས་བྱ་བ་ལ། ཁྭས་ ཟོས་པའི་ལྷག་མ་བཟའ་བར་བྱའོ། །ཅི་ཞིག་བྱས་ནས་ཤེ་ན། དེའི་མཆུའི་ཐན་ཀོར་བོར་ཏེ་ཞེས་བྱ་བ་སྨོས་ཏེ། མཆུས་རེག་པར་གྱུར་པ་ལ་མཆུའི་སྒྲས་བརྗོད་པ་ཡིན་ཏེ། དེའི་ཐན་ཀོར་དང་བཅས་པ་བོར་ཞིང་དོར་ལ་ལྷག་མ་གཞན་བཟའ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷུང་བཟེད་གཞི་ལ་རྐང་ ཆས་མནན་བཞིན་མིན། །ཞེས་བྱ་བ་ལ་ལྷུང་བཟེད་ཀྱི་གཞི་སྟེ་ལྷུང་བཟེད་ཀྱི་རྟེན་དུ་གྱུར་པ་ལའོ། །གང་གིས་མནན་པར་མི་བྱ་ཞེ་ན་རྐང་ཆས་ཞེས་བྱ་བ་སྨོས་ཏེ། རྐང་པའི་ཆ་ནི་རྐང་པའི་ཆས་ཏེ་སོར་མོ་ལ་སོགས་པ་དེས་ཞེས་བྱ་བའི་དོན་ཏོ། །མནན་པའི་ཚིག་ནི་ཁྱད་པར་དུ་རེག་པ་ལ་བྱ་བ་ཡིན་པ་དེའི་ ཕྱིར་ལྷུང་བཟེད་ཀྱི་གཞི་ལ་རེག་པར་མི་བྱའོ་ཞེས་འབྱུང་བ་ཡིན་ནོ། །མཆིལ་ལྷམ་གྱོན་བཞིན་མིན་ཞེས་བྱ་བ་མཆིལ་ལྷམ་ལ་བརྟེན་པའི་ཕྱིར་མཆིལ་ལྷམ་གོན་པ་སྟེ། མཆིལ་ལྷམ་ལ་འཛེགས་པས་བཟའ་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །གོས་གཅིག་མིན་ཞེས་བྱ་བ་ལ། གོས་གཅིག་ གང་ལ་ཡོད་པ་དེ་ནི་གོས་གཅིག་པ་སྟེ། གོས་དང་བྲལ་བས་བཟའ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མཆིལ་ལྷམ་གྱོན་བཞིན་མིན་ཞེས་བྱ་བ་བཀག་པས་ལྷམ་ཀྱང་བཀག་པ་དེའི་ཕྱིར་ནད་པས་ཇི་ལྟར་བཟའ་བར་བྱ་ཞེ་ན། སྨན་པས་བསྒོ་ན་ནད་པས་མཆིལ་ལྷམ་གྱི། །སྟེང་དུ་རྐང་བཞག་ ཅི་བདེར་བཟའ་བར་བྱ། །ཞེས་བྱ་བ་ལ་ནད་པས་སྨན་པས་ཇི་སྐད་དུ་བསྒོ་བ་དེ་བཞིན་དུ་ཇི་ལྟར་བདེ་ཞིང་འདོད་པར་བཟའ་བར་བྱའོ། །འདི་སྐད་དུ་སྨན་པའི་ལུང་ཕོག་པ་བཞིན་དུ་ཇི་ལྟར་འདོད་པ་བཞིན་དུ་བཟའ་བར་བྱའོ་ཞེས་བསྟན་པར་འགྱུར་རོ། །མཆིལ་ལྷམ་གྱི་སྟེང་དུ་རྐང་པ་གང་གིས་ བཞག་པ་དེ་ནི་མཆིལ་ལྷམ་གྱི་སྟེང་དུ་རྐང་པ་བཞག་པ་ཅན་བརྟེན་པས་བཟའ་བར་བྱའོ། །ནིའི་སྒྲ་ནི་སྔ་མ་ལས་ཁྱད་པར་དུ་བྱེད་པ་ཡིན་ནོ། །སྦྱིན་བདག་གི་ནི་འབྲིམ་པར་བྱེད་པ་ལ། །འདི་དང་འདི་ལས་བྱིན་ཞེས་བརྗོད་མི་བྱ། །ཞེས་བྱ་བ་ལ། ཟས་ལ་སོགས་པ་ལ་བཀོད་ནས་བཟའ་ བ་དང་བཅའ་བ་འབྲིམ་པ་ན་རྫས་ཀྱི་རྣམ་པ་དང་། ཟས་ཀྱི་ཡུལ་ལས་འདི་བྱིན་ཅེས་བརྗོད་པར་མི་བྱའོ། །དེ་གང་དག་ལ་བརྗོད་པར་མི་བྱ་ཞེ་ན། སྦྱིན་བདག་གམ་ནི་འབྲིམ་པར་བྱེད་པ་ལ། །ཞེས་བྱ་བ་སྨོས་ཏེ། ཟས་དེའི་བདག་པོའམ། འབྲིམ་པར་བྱེད་པའམ། འབྲིམ་པར་བྱེད་ པ་པོ་ལ་བརྗོད་པར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །འམ་གྱི་སྒྲ་ནི་དགག་པ་སྡུད་པར་བྱེད་པ་ཡིན་ནོ། །འོ་ན་ཇི་ལྟར་བཟའ་བར་བྱ་ཞེ་ན། གྲལ་རིམས་བབ་པར་འཕགས་པས་བཟའ་བར་བྱ། །ཞེས་བྱ་བ་སྨོས་ཏེ། གྲལ་རིམས་སུ་ཐོབ་པས་ནི་གྲལ་རིམས་བབ་པ་སྟེ། ཇི་ལྟར་བྱུག་རིས་ལ་བབ་པ་བཞིན་དུ་ འཕགས་པ་སྟེ་རབ་ཏུ་བྱུང་བས་བཟའ་བར་བྱའི་འོན་ཀྱང་ཉེ་བར་བསགས་པ་ལས་ཇི་ལྟར་འདོད་པ་བཞིན་དུ་བསླངས་ནས་བཟའ་བར་མི་བྱའོ། །ཇི་ལྟར་ནད་པ་ལ་ཡང་དེ་དག་བཀག་པ་ཡིན་ནམ་ཞེ་ན། འདི་ལ་ནད་པ་དག་ལ་དགག་པ་མེད། །ཅེས་བྱ་བ་སྨོས་ཏེ། རབ་ཏུ་བྱུང་བ་ནད་པ་དེ་དག་ལ་དགག་པ་ཡོད་ པ་མ་ཡིན་ཏེ། དེ་དག་ལ་མ་བཀག་གོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་དུ་ནད་པས་རང་རྗེས་སུ་མཐུན་པ་བསླངས་ནས་བཟའ་བར་བྱའོ་ཞེས་བསྟན་པར་འགྱུར་རོ། །ཟས་ཀྱི་ལྷག་མ་ལས་ནི་ཆང་གཅིག་གཞག། །ཅེས་བྱ་བ་ལ། ཟོས་པའི་ལྷག་མ་ཉིད་ནི་ཟས་ཟོས་པའི་ལྷག་མ་སྟེ་དེ་ལས་ཆང་གཅིག་ གཞག་པར་བྱ་བ་ཡིན་པའི་ཕྱིར་ལྷག་མ་སྨོས་པ་ཡིན་གྱི། གཙོ་བོར་གྱུར་པ་མ་ཡིན་པ་དེའི་ཕྱིར། ཆང་གཅིག་ཙམ་ནི་ཟས་ཤིན་ཏུ་ཆུང་བར་གྱུར་ཀྱང་གཞག་པར་བྱའོ་ཞེས་བྱ་བའི་དོན་དུ་ཤེས་པར་བྱའོ། །ཆང་གཅིག་པོ་དེ་ཡང་སྲོག་ཆགས་འགའ་ཞིག་ལ་ཡང་བསྔོས་ནས་གཞག་པར་མི་བྱའི། འོན་ཀྱང་བྱེ་བྲག་མ་ཕྱེ་བར་དུད་འགྲོ་ཙམ་ལ་བསྔོས་ནས་གཞག་པར་བྱའོ། །འདིར་བཀག་པའི་རྒྱུ་གང་ཡིན་ཞེ་ན། འདིར་ཁྭ་དགག་པའི་རྒྱུ་ཉིད་ཡིན་ཞེས་བྱ་བ་སྨོས་ཏེ། བསྔོས་ནས་བཞག་པ་དེའི་དགག་པའི་རྒྱུ་ནི་ཁྭ་ཡིན་ཏེ། དེ་དང་འདྲ་བའི་ཉེས་དམིགས་སུ་མ་གྱུར་ཅིག་ཅེས་བཀག་པ་ཡིན་ནོ། ། དེ་ལྟར་ནི་འདུལ་བ་ལས་རབ་ཏུ་བྱུང་བ་དགོན་པ་པས་དུད་འགྲོའི་ཆང་གཅིག་པོ་ཅེ་སྤྱང་ལ་ནི་སྦྱིན་པར་བྱེད་ལ། ཁྭ་ལ་འགོག་པར་བྱེད་པ་ན། དེ་ཁྲོས་པར་གྱུར་ནས་ཞེས་བྱ་བ་ནས་དེས་ཆོམ་རྐུན་གྱི་སྡེ་དཔོན་ལ། སྡེ་དཔོན་དགེ་སློང་འདི་ལ་དོང་ཙེ་རབ་ཏུ་མོང་པོ་དག་ཡོད་དོ་ཞེས་སྨྲས་པ་དང་། སྡེ་དཔོན་ དེ་ཡང་བྱའི་སྐད་ལ་མཁས་པར་གྱུར་པ་ཞིག་ཡིན་པས་དེ་སོང་ནས་སྡོམ་ཅན་དེ་བཟུང་ནས་བརྡེག་པར་བརྩམས་སོ་ཞེས་བྱ་བ་ལ་སོགས་པའི་བར་དུ་འབྱུང་བ་ཡིན་ནོ། །ད་ནི་འདག་ཆལ་དག་དང་རུང་བར་བྱས་པའི་ཆུས་ཞེས་བྱ་བ་ལ་སོགས་པས་བཟའ་བའི་བྱ་བ་བྱས་ནས་ཁྭ་ཇི་ལྟར་བྱ་བ་དེ་བརྗོད་པ་ཡིན་ ཏེ། ཁྭ་འདི་ལ་ཁ་ཟས་མེད་པར་གྱུར་པ་དེ་ནི་ཁ་ཟས་མེད་པར་གྱུར་པ་ཡིན་ཏེ། ཟས་ཀྱི་བྱ་བ་བྱས་ནས་དེ་ལྟ་བུར་གྱུར་པ་དེ་བྱའོ་ཞེས་བྱ་བའི་དོན་ཏོ། །གང་གིས་བྱ་ཞེ་ན། འདག་ཆལ་དག་དང་རུང་བར་བྱེད་པའི་ཆུས། །ཞེས་བྱ་བ་སྨོས་ཏེ། འདག་ཆལ་ནི་ས་དང་བ་ལྕི་དག་གཅིག་ཏུ་སྦྱར་བར་གྱུར་པའོ། ། ཚིག་མང་པོ་པ་ནི་སོ་ཤིང་བསྡུ་བའི་ཕྱིར་རོ། །འདི་སྐད་དུ་ཟས་ཀྱི་བྱ་བ་བྱས་ནས་སོ་ཤིང་དོར་བའི་འོག་ཏུ་རུང་བ་ཟང་ཟིང་མེད་པའི་ཆུས་བཀྲུ་བར་བྱའོ་ཞེས་བསྟན་པར་འགྱུར་རོ། །དང་ནི་སྡུད་པར་བྱེད་པ་ཡིན་ཏེ། ཟས་ཟོས་ནས་ལུང་གི་ཚིགས་སུ་བཅད་པ་གདོན་པར་བྱའོ། །དེ་ནི་ཁྲོན་པ་ལ་སོགས་པ་ ནས་ཆུ་བླངས་ན། །ཁྲོན་པ་ལ་སོགས་བྱས་དང་ཆུ་ལྷའི་ཕྱིར། །ཞེས་བྱ་བ་ལ་སོགས་པས་དེ་གྲུབ་པ་ཡིན་པའི་ཕྱིར་འདིར་མ་བསྟན་ཏོ། །དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལས་དུས་མ་ཡིན་པའི་ཟས་ལས་སླར་ལྡོག་པ་སྟེ་བསླབ་པའི་གཞི་དགུ་པའོ།། །།ད་ནི། གསེར་དང་དངུལ་གྱི་རྣམ་པ་ ལེན་བྱེད་ན། །ཞེས་བྱ་བ་ལ་སོགས་པས་བསླབ་པའི་གཞི་བཅུ་པ་རྣམ་པར་འཆད་པར་བྱེད་པ་ཡིན་ཏེ། གསེར་དང་དངུལ་ནི་གསེར་དང་དངུལ་ལོ། །དེའི་རྣམ་པ་དག་ནི་གསེར་དངུལ་རྣམ་པ་སྟེ། དེ་ལེན་པའི་རྒྱུ་ལས་དགེ་ཚུལ་ལ་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་ཉེས་བྱས་སུ་ འགྱུར་བ་ཡོད་པས་ན་ཉེས་བྱས་སུ་འགྱུར་བའོ། །རྣམ་པའི་ཚིག་གིས་ནི་རིན་པོ་ཆེ་ཐམས་ཅད་བཀག་པ་ཡིན་ཏེ། རིན་པོ་ཆེའི་རིགས་ཉིད་ཡིན་པའི་ཕྱིར་རོ། །དེ་དག་ལ་རེག་པ་ལ་ནི་མ་ཡིན་གྱི་འོན་ཀྱང་ཡོན་བདག་གི་ཐད་ལས་ལེན་པ་བཀག་པ་ཡིན་པས་ན། དགེ་ཚུལ་དག་རེག་པ་ལ་ནི་ཉེས་པ་ ཡོད་པ་མ་ཡིན་ནོ། །གང་ལས་ཤེ་ན། འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་ལས། བཅོམ་ལྡན་འདས་ཀྱིས་གསེར་དང་དངུལ་ལེན་པ་ནི་དགེ་ཚུལ་གྱི་བསླབ་པའི་གཞི་བཅུ་པ་ཡིན་ནོ་ཞེས་གང་གསུངས་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་ཚུལ་རྣམས་ཀྱིས་དེ་བསྐུར་བར་བྱའོ་ཞེས་གསུངས་པ་ དེ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེ་བ་འཁོར་ངས་ལེན་པ་ལ་དགོངས་ནས་གསུངས་པ་ཡིན་གྱི་བསྐུར་བ་ལ་ནི་མ་ཡིན་ནོ། །དེ་བས་ན་ལེན་པར་བྱེད་པ་བཀག་པ་ཡིན་ནོ། །འདིའི་དམིགས་ཀྱིས་བསལ་བ་ནི། གོས་ཀྱི་ཕྱིར་དང་རྒྱགས་ཕྱིར་དང་། ལུས་ཀྱི་ཕྱིར་དང་ཡང་ན་སྨན་གྱི་ཕྱིར། །ཆོས་ཀྱི་ཕྱིར་ན་ཉེས་པར་འགྱུར་བ་མེད། །ཅེས་བྱ་བ་སྨོས་ཏེ། གོས་ལ་ཕན་པས་ན་གོས་ཀྱི་ཕྱིར་དང་། ལམ་གྱི་རྒྱགས་ཀྱི་ཕྱིར་དང་། ལུས་ཀྱི་ཕྱིར་ནི་དེའི་ཟས་ཀྱི་ཕྱིར་དང་། ཡང་ན་སྨན་གྱི་ཕྱིར་ཞེས་བྱ་བ་ནི་སྨན་གྱི་ཕྱིར་དང་། ཆོས་ཀྱི་སྦྱིན་པ་དང་འབྱོར་པ་ནི་ཆོས་དང་ ལྡན་པ་ཡིན་ཏེ། ཆོས་དང་ལྡན་པ་དེའི་ཕྱིར་ལེན་པར་བྱེད་ན་ཉེས་པར་འགྱུར་བ་མེད་དོ་ཞེས་བྱ་བ་ཐམས་ཅད་ལ་སྦྱར་རོ། །ཆོས་དང་ལྡན་པ་ནི་དཀོན་མཆོག་གསུམ་དང་ཚངས་པ་མཚུངས་པར་སྤྱོད་པ་ལ་ཉེ་བར་མཁོ་བ་ཡིན་པར་རིག་པར་བྱའོ། །ད་ནི་བདག་གི་བྱ་ཞེས་བྱ་བ་ལ་སོགས་པས་ཡིད་ཀྱིར་འགྱུར་ བ་འཆད་པར་བྱེད་དེ། གསེར་དངུལ་ལེན་པའི་རྗེས་སུ་མཐུན་པ་སྟེ་ཆ་འདྲ་བའི་ཉེས་པར་འགྱུར་རོ། །དེ་གང་ཞེ་ན། འདི་ལྟར་ཡང་། ཆོས་གོས་ལ་སོགས་ཡོད་ཀྱང་གོས་སོགས་སློང་། །ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དེ། ཆོས་གོས་ལ་སོགས་པ་ཡོད་པར་གྱུར་ན་ཡང་གོས་ལ་སོགས་ པ་སློང་ན་ཡིད་ཀྱིར་འགྱུར་རོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་ཡིན་ནོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཡིན་ཏེ། གང་གི་ཕྱིར་ཆོས་གོས་ལ་སོགས་པ་ཡོད་བཞིན་དུ་དེ་བྱེད་པ་ལས་ཡིད་ཀྱིར་འགྱུར་རོ། །སོགས་པའི་སྒྲས་ནི་ཆོས་གོས་ལ་སོགས་པ་དང་། རིན་གཉི་ག་གཟུང་བ་ཡིན་ཏེ། འདི་སྐད་དུ་ཆོས་ གོས་དང་། ཆོས་གོས་ཀྱི་རིན་དང་། སྨན་དང་སྨན་གྱི་རིན་ཡོད་བཞིན་དུ་གོས་ལ་སོགས་པ་སློང་བར་བྱེད་ན་ཞེས་བསྟན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཁབ་རལ་རྭ་དང་བ་སོ་རུས་པ་ལས། །བྱ་བ་མ་ཡིན་ཞེས་བྱ་བ་ལ། རྭའི་རང་བཞིན་དང་། བ་སོའི་རང་བཞིན་དང་། རུས་པའི་རང་བཞིན་ ཞེས་རང་བཞིན་གྱི་སྒྲ་རེ་རེ་ལ་སྦྱར་བར་བྱ་བ་ཡིན་ནོ། །རྭའི་སྒྲ་ནི་སྲོག་ཆགས་ཀྱི་རྭ་ལ་བྱ་སྟེ། དེ་ལྟ་བུར་གྱུར་པའི་ཁབ་རལ་དགེ་ཚུལ་གྱིས་མི་བྱའོ། །དེ་བཞིན་དུ་གསེར་གྱིས་སྤྲས་པའང་མིན་ཞེས་བྱ་བ་ལ། གསེར་གྱི་སྒྲ་ནི་མདོག་བཟངས་ལ་བྱ་སྟེ། དེས་སྤྲས་པ་བཅང་བར་མི་བྱའོ་ཞེས་བྱ་བར་སྦྱར་ བའི་ཕྱིར་འང་གི་སྒྲ་སྨོས་པ་ཡིན་ནོ། །གསེར་ནི་རིན་པོ་ཆེ་གཞན་གྱི་ཉེ་བར་མཚོན་པར་བྱེད་པའོ། །ཁེ་ཡི་ཕྱིར་ན་ཉོ་དང་ཚོང་ལ་སོགས། །བྱ་བ་མ་ཡིན་ཞེས་བྱ་བ་ལ། རྙེད་པའི་བསམ་པས་རྙེད་པ་བདག་ལ་གྲུབ་པར་གྱུར་ཅིག་སྙམ་པའོ། །རིན་ཤིན་ཏུ་ཆུང་ངུས་གོས་ལ་སོགས་པ་ལེན་པ་ནི་ཉོ་བའོ། ། བླངས་ནས་ཀྱང་རིན་གྱི་བསམ་པ་དེ་ཉིད་ཀྱིས་སྟར་བ་ནི་འཚོང་བའོ། །སོགས་པའི་སྒྲ་ནི་སྐྱེད་ལ་སོགས་པ་སྡུད་པ་ཡིན་ཏེ། དེ་དག་ཐམས་ཅད་དགེ་ཚུལ་གྱིས་བྱ་བ་མ་ཡིན་ཞེས་བྱ་བ་ནི་ཚིག་གི་ལྷག་མ་ཡིན་ནོ། །འདིའི་དམིགས་ཀྱིས་བསལ་བ་ནི། དགོས་པ་ཡོད་ན་ཉེས་པ་མེད། །ཅེས་བྱ་བ་སྨོས་ཏེ། དགོས་པ་ཡོད་དེ་སྲིད་པར་གྱུར་ན་ཉོ་ཚོང་བྱ་བ་ལ་ཉེས་པ་མེད་དེ། དེ་ལ་དགོས་པ་དང་ལྡན་པ་སྟེ་སྨན་ལ་སོགས་པ་མེད་ན་གོས་ལ་སོགས་པ་བཙོངས་ན་ཉེས་པར་མི་འགྱུར་རོ། །ཇི་སྟེ་ཉོ་འདོད་ཅེས་བྱ་བ་ལ། དགེ་ཚུལ་གྱིས་གོས་ཉོ་བའི་ཕྱིར་རོ། །གལ་ཏེ་ཉོ་འདོད་པ་དེའི་ཚེ་ཇི་ལྟར་བྱ་ཞེ་ན། ཁྱིམ་པ་ ལ་ཡང་བཅོལ་ཞེས་བྱ་བ་སྨོས་ཏེ་དགེ་ཚུལ་གྱིས་ཀྱང་ཉོས་ལ་གོས་ལ་སོགས་པ་ཁོ་བོ་ལ་བྱིན་ཅིག་ཅེས་ཁྱིམ་པ་ལ་བཅོལ་ནས་ཉོ་བར་བྱའི། བདག་ཉིད་དེ་རང་གིས་ཀྱང་ཉོ་བར་མི་བྱའོ། །ཡང་གི་སྒྲ་ནི་སྨན་ལ་སོགས་པ་མེད་པ་འབའ་ཞིག་ལ་ནི་མ་ཡིན་ནོ་ཞེས་བྱ་བ་དང་ཉིད་ཀྱི་སྒྲ་ནི་བདག་ཉིད་རྣམ་ པར་གཅོད་པ་ཡིན་ནོ། །ཇི་སྟེ་བཅོལ་བ་སྒྲིན་པོ་མེད་ན་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་བཅོལ་བ་སྒྲིན་པོ་འགའ་མེད་ན་དེའི་ཚེ་དགེ་ཚུལ་གྱིས་ཚིག་གསུམ་གྱི་བར་དུ་བརྗོད་པ་སྟེ། སྨྲས་ནས་ཞེས་བྱ་བའི་ཐ་ཚིག་གོ། །སྒྲིན་པོ་སྟེ་ཚོང་ལ་མཁས་པའི་ཁྱིམ་པ་མེད་ན་དགེ་ཚུལ་གྱིས་རིན་འདི་ཙམ་ དུ་བྱིན་ཅིག་ཅེས་ཚིག་གསུམ་བརྗོད་ནས་བླང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྒས་པས་འཁོགས་དང་ནད་པ་མ་གཏོགས་པར། །སྡོམ་ཅན་གཞན་གྱིས་པུས་འཁྱུད་བཅང་མི་བྱ། །ཞེས་བྱ་བ་ལ་རྒས་པས་འཁོགས་པ་དང་། ནད་པ་དེ་དག་མ་གཏོགས་པ་སྡོམ་ཅན་གཞན་གྱིས་པུས་འཁྱུད་དེ་རྣལ་ འབྱོར་གྱི་ཐ་གུ་བཅང་བར་མི་བྱའོ། །འདི་དང་གཞན་དག་ཏུ་ནད་པའི་ཚད་ནི་སྦྱོར་མི་ནུས་པའི་མཚན་ཉིད་ཅན་ཡིན་ནོ། །གཞན་ཡང་རྙེད་པ་འདོད་པའམ་བསྙེན་བཀུར་འདོད་པས་ཚུལ་འཆོས་དང་། ཁ་གསག་དང་། ཐོབ་ཀྱིས་འཇལ་བ་དང་། གཞོགས་སློང་སྡོམ་ཅན་བདག་ཉིད་ཀྱིས་མི་བྱའོ། ། དེ་དག་ཀྱང་བྱེད་ན་ཡིད་ཀྱིར་འགྱུར་རོ། །དེ་དག་གི་མཚན་ཉིད་རྙེད་ཕྱིར་སྤྱོད་ལམ་ཚུལ་འཆོས་ཡིན་པར་བསྟན། ཆགས་པས་གཞན་ལ་སྨོད་པ་ཐོབ་ཀྱིས་འཇལ། །གཞན་ལ་སྟོད་པ་བྱེད་པ་གཞོགས་སློང་ཡིན། །ཞེས་བྱ་བས་འཆད་པར་བྱེད་དེ། བདག་ལ་རྙེད་པ་ གྲུབ་པར་གྱུར་ཅིག་སྙམ་པས་སྤྱོད་ལམ་འཆོས་པ་དང་། །གོས་ཚགས་འཆོས་པ་ནི་ངེས་པར་ཚུལ་འཆོས་ཡིན་པར་བཅོམ་ལྡན་འདས་ཀྱིས་བསྟན་ཅིང་གསུངས་པ་ཡིན་ནོ། །ཐོབ་ཀྱིས་འཇལ་བ་ནི་ཆགས་པས་གཞན་ལ་སྨོད་པ་སྟེ། ཆགས་པ་སྲེད་པས་གཞན་གྱི་མདུན་དུ་གཞན་ལ་བཀྲེན་པ་འདི་ ཞེས་བྱ་བ་ལ་སོགས་པས་སྨོད་པ་ནི་ཐོབ་ཀྱིས་འཇལ་བ་ཡིན་ནོ། །ཕ་རོལ་པོ་ལྐོག་ཏུ་གྱུར་པ་ཉིད་ལ་རྙེད་པ་གྲུབ་པའི་ཕྱིར་ཞེས་བྱ་བའི་དོན་འདིས་གཞོགས་སློང་ནི་ཕ་རོལ་པོ་ལ་སྟོད་པ་བྱེད་པ་ཞེས་བྱ་བ་རྙེད་པའི་དོན་དུ་ཕ་རོལ་པོ་གཞན་གྱི་མདུན་དུ་སྟོད་པར་བྱེད་པ་ནི་གཞོགས་སློང་ཞེས་བྱ་བ་ཡིན་ཏེ། རྙེད་པའི་དོན་ཉིད་ཀྱི་ཕྱིར་སྟོན་པར་བྱེད་ཅིང་རྒྱུ་མཚན་བསྟན་པ་ནི་གཞོགས་སློང་ཞེས་བྱ་བ་ཡིན་ཏེ། རྙེད་པའི་དོན་ཉིད་ཀྱི་ཕྱིར་སྟོན་པར་བྱེད་ཅིང་རྒྱུ་མཚན་བསྟན་པ་ནི་གཞོགས་སློང་ཡིན་ནོ། །ནིའི་སྒྲ་ནི་སྔ་མ་ལས་བྱེ་བྲག་ཏུ་བྱེད་པའི་དོན་ཏོ། །ཉུང་ངུ་བྱིན་ལ་མང་དུ་འདོད་པ་ཡང་། །ཞེས་བྱ་བ་ལ་བསྟན་ པར་བྱ་བ་ལ་སོགས་པ་ཉུང་ཟད་བྱིན་ནས་ན་མང་དུ་འདོད་ཅིང་ཚོལ་བ་དང་སློང་བ་ཡང་གཞོགས་སློང་ཞེས་བྱ་སྟེ། རྒྱུ་མཚན་དེས་སློང་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཡང་ནི་སྡུད་པར་བྱེད་པ་ཡིན་ནོ། །རྙེད་ཕྱིར་གཅམ་དང་སྙན་པར་སྨྲ་བ་རྣམས། །ཐམས་ཅད་ཁ་གསག་ཡིན་པར་འཕགས་པས་གསུངས། །ཞེས་ བྱ་བ་ལ། རྙེད་ཕྱིར་ཏེ་དགོས་པས་གཅམ་པ་དང་སྙན་པར་སྨྲ་བ་རྣམས་ཞེས་བྱ་བ་འདི་ལ་དེ་ལྟ་བུར་གྱུར་པ་དེ་ཐམས་ཅད་ནི། གང་གཅམ་པ་དང་སྙན་པར་སྨྲ་བ་ཞེས་བྱ་བའི་དབང་དུ་བྱས་ནས་ཁ་གསག་ཡིན་ནོ་ཞེས་འཕགས་པ་སྟེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །བསྟན་མ་ཐག་པའི་ཚུལ་ འཆོས་ལ་སོགས་པ་དེ་དག་དང་འདྲ་བ་ཐམས་ཅད་དང་། གཞན་ཡང་གང་གི་ཕྱིར་ལོག་པར་རྩོལ་བས་འཚོ་བའི་དཔེར་བྱ་བ་སྟེ། ཉེ་བར་མཚོན་པར་བྱེད་པ་དེ་དག་རྟག་ཏུ་སྤང་བར་བྱའོ། །དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལས་གསེར་དངུལ་ལེན་པར་བྱེད་པ་ལས་ལྡོག་པ་སྟེ། བསླབ་པའི་གཞི་བཅུ་པའོ།། །། རབ་ཏུ་བྱུང་བའི་དུས་སུ་ཁྱིམ་པའི་རྟགས་ཡོངས་སུ་སྤོང་ངོ་ཞེས་པ་དེའི་ཕྱིར། ཁྱིམ་པའི་ཆ་ལུགས་སྤང་བར་སྨྲས་པས་ན། །དེ་དང་འགལ་ཕྱོགས་ཡོངས་སུ་སྤང་བར་བྱ། །ཞེས་བྱ་བ་ལ། ཁྱིམ་ན་གནས་པའི་རྟགས་ནི་ཁྱིམ་པའི་རྟགས་ཏེ། ཁྱིམ་པའི་ཆ་ལུགས་གང་དེ་སྤང་བར་བྱ་བ་གང་ཡིན་པ་དེ་སྨྲས་ པ་ཡིན་ནོ། །དཔེར་ན་ཁྱིམ་པའི་རྟགས་ནི་ཡོངས་སུ་སྤོང་ངོ་ཞེས་སྨྲས་པའི་རྒྱུའི་ཕྱིར་རོ། །དེ་དང་འགལ་ཕྱོགས་ཡོངས་སུ་སྤང་བར་བྱ། །ཞེས་བྱ་བ་ལ་ཁྱིམ་པའི་རྟགས་སྤང་བ་དང་འགལ་བ་ནི་ཁྱིམ་པའི་རྟགས་ཡང་ལེན་པ་ཡིན་ལ། དེའི་ཕྱོགས་ཏེ་དེ་དང་ཆ་འདྲ་བ་དང་རྗེས་སུ་འགྲོ་བའི་ཉེས་པར་འགྱུར་ བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དགེ་ཚུལ་གྱིས་དེ་ཡང་ཡོངས་སུ་སྤང་བར་བྱའོ། །ད་ནི། ཁྱིམ་པ་བཞིན་དུ་གོས་རྣམས་བགོ་མི་བྱ། །ཞེས་བྱ་བ་ལ་སོགས་པས་དེ་དག་འཆད་པར་བྱེད་པ་ཡིན་ཏེ། ཁྱིམ་པ་དང་འདྲ་བར་གོས་བགོ་བ་སྟེ་ཇི་ལྟར་ཁྱིམ་ན་གནས་པ་བཞིན་དུ་གོས་བགོ་བར་མི་བྱའོ། །འོ་ན་ ཇི་ལྟར་བགོ་བར་བྱ་ཞེ་ན། ཇི་ལྟར་གནས་གཙང་མའི་རིས་ཀྱི་ལྷའི་བུ་གོན་པ་བཞིན་དུ་ཞེས་ལུང་ལས་འབྱུང་བ་ཡིན་ནོ། །གལ་ཏེ་ཅིའི་ཕྱིར་ཞེ་ན། བླ་མ་བརྒྱུད་པ་རྒྱུན་མ་ཆད་པ་ཉིད་ཀྱི་ཕྱིར་རོ་ཞེས་རྟོགས་པར་བྱའོ། །ཁ་དོག་གཅིག་དང་ཁ་ཚར་བཅས་དཀར་མིན། །ཞེས་བྱ་བ་ལ། ཤམ་ཐབས་དང་བླ་གོས་ ཐམས་ཅད་སྔོན་པོ་འོག་ཏུ་མི་བགོ་ཞིང་སྟེང་དུ་ཡང་བགོ་བར་མི་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཁ་ཅིག་ནི་ཐམས་ཅད་སྔོན་པོ་དང་ཐམས་ཅད་སེར་པོ་ཞེས་བྱ་བ་ལ་སོགས་པར་བརྗོད་དེ་ཆ་ལུགས་དེ་དག་ལ་དད་པར་མི་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཡོན་ཏན་འོད་ཀྱིས་ཐམས་ཅད་སྔོན་པོ་དང་ཁ་ཚར་ དང་བཅས་པ་ཞེས་མདོར་མཛད་པ་ཡིན་ནོ། །ཁ་ཚར་དང་བཅས་པར་འཇུག་པའི་ཕྱིར་ཁ་ཚར་དང་བཅས་པ་སྟེ། སྨད་དུ་མི་བགོ་ཞིང་སྟེང་དུ་ཡང་བགོ་བར་མི་བྱའོ། །དང་གི་སྒྲ་ནི་དཀར་པོ་དང་སྔོན་པོས་སྨད་གཡོགས་མི་བྱ་ཞིང་སྟོད་གཡོགས་ཀྱང་མི་བྱའོ་ཞེས་སྡུད་པར་བྱེད་པ་ཡིན་པས་དེ་བས་ན་དགག་ པ་སྡུད་པ་ཡིན་ནོ། །འདིའི་དམིགས་ཀྱིས་བསལ་བ་ནི། ཕྱི་རོལ་ནས་ནི་ངུར་སྨྲིག་གོས་གཡོགས་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གོས་དཀར་པོ་གོན་པ་དེའི་ཚེ་གོས་ངུར་སྨྲིག་གིས་ཕྱི་རོལ་ཏེ་སྟེང་ནས་གཡོགས་པ་དེ་ལྟ་བུར་གྱུར་པའི་གོས་དཀར་པོ་དེ་བགོ་བར་གནང་བ་ཡིན་ནོ། །དགེ་འདུན་ གྱི་ཞེས་བྱ་བ་འདི་ལས་ཡང་རྟོགས་པར་བྱའོ། །དེ་ལྟར་དགེ་འདུན་ཁྲི་དང་ཁྲིའུ་དག་དང་ནི། །བེའུ་རས་ལ་སོགས་གདིང་བཏིང་སྤྱད་པར་རུང་། །ཞེས་བྱ་བ་ལ། ཁྲི་དང་ཁྲིའུ་དང་བེའུ་རས་ལ་སོགས་པ་དང་། གཅིག་བཞིན་དུ་གྱུར་པའི་ཟླས་དབྱེ་བ་བྱས་ལ། དེ་ནས་ཁྱད་པར་གྱི་ བསྡུ་བ་བྱའོ། །དགེ་འདུན་གྱི་སྒྲས་དེ་ལྟ་བུར་གྱུར་པའི་དགེ་འདུན་གྱི་ཁྲི་ལ་སོགས་པ་དེ་གདིང་བས་གཡོགས་ནས་སྤྱད་པར་རུང་བ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་བྱས་པ་མ་གཏོགས་གཞན་དུ་བཀག་པ་ཡིན་ཏེ། ཉམས་པར་འགྱུར་བ་སྲིད་པའི་ཕྱིར་རོ། །ཁྲིའུའི་སྒྲས་ནི་གོས་དང་བླས་པའི་སྟན་ གྱི་མཆོག་སྡུད་པ་ཡིན་གྱི་ཤིང་གི་ཁྲིའུ་ནི་མ་ཡིན་ཏེ། དེ་ལ་ཉམས་པར་འགྱུར་བ་མེད་པའི་ཕྱིར་སྟན་དེ་ལ་འདུག་པ་ན་བར་དུ་གཅོད་པ་མ་བསྒྲུབས་པ་ཡིན་ནོ། །གོས་ནི་གང་ཟག་གི་ཡང་ཞེས་བྱ་བར་རྟོགས་པར་བྱའོ། །སོགས་པའི་སྒྲས་ནི་སྟན་སྡུད་པ་ཡིན་ནོ། །ཚོན་དུས་གོས་དག་བཙོ་བར་བྱ་ཞེ་ན། ཚོན་ གསུམ་གྱིས་ནི་ཆོས་གོས་བཙོ་བར་གནང་། །ཞེས་སྨོས་སོ། །གང་ཞེ་ན། ངུར་སྨྲིག་དང་ནི་རམས་དང་བཙག་རྣམས་ཏེ། །ཞེས་བྱ་བ་སྨོས་ཏེ། ངུར་སྨྲིག་དང་རམས་དང་བཙག་སྟེ། གསུམ་པོ་དེ་དག་གིས་སོ། །དེ་ལ་ངུར་སྨྲིག་ནི་མེ་ཏོག་དང་ལོ་མ་དང་འབྲས་བུ་དང་ཤིང་ཤུན་དག་བསྐོལ་བའོ། །རམས་ནི་ཚོས་ སྔོན་པོ་ཡིན་ནོ། །བཙག་ནི་ས་རྡུལ་ལས་གྱུར་པའི་ཚོས་དག་ལ་ཡང་གཟུང་སྟེ། ཚོས་གསུམ་པོ་དེ་དག་བཅོམ་ལྡན་འདས་ཀྱིས་གནང་བ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དང་ནི་སྡུད་པའོ། །ངུར་སྨྲིག་ལ་སོགས་པ་གསུམ་པོ་གསུངས་པའི་ཕྱིར་མཚལ་ལ་སོགས་པའི་ཚོན་གཞན་དག་ བཀག་པར་གྲུབ་པ་ལས་གསལ་བར་བྱ་བའི་ཕྱིར། མཚལ་དང་རྒྱ་སྐྱེགས་ཡང་ན་བཙོད་རྣམས་དང་། །གུར་ཀུམ་དང་ནི་མཐིང་ཤིང་ལི་ཁྲི་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཚལ་གྱིས་ཆོས་གོས་བཙོར་མི་རུང་ངོ་ཞེས་བྱ་བར་སྦྱར་རོ། །རྒྱ་སྐྱེགས་ཞེས་བྱ་བ་ནི་རྒྱ་སྐྱེགས་ཀྱིས་ཀྱང་བཙོར་མི་ རུང་ངོ་། །དེ་བཞིན་དུ་བཤད་པར་གྱུར་པ་དག་ལ་ཡང་སྦྱར་བར་བྱ་བ་ཡིན་པས། ཡང་ན་བཙོད་དང་གུར་ཀུམ་དང་མཐིང་ཤིང་ཡང་མི་རུང་ངོ་ཞེས་བྱ་བར་སྦྱར་བར་བྱའོ། །དེ་ལྟར་ལི་ཁྲི་དང་རྨ་ཤིང་དང་ལེ་བརྒན་ཞེས་བྱ་བར་དབྱེ་བའི་བསྡུ་བ་བྱས་ནས་རྩི་དང་ཁྱད་པར་གྱི་བསྡུ་བ་བྱའོ། །བརྒྱད་པོ་དེ་དག་ ཚོན་ཆེན་པོ་ཡིན་པ་སྟེ། ཚོན་ཆེན་པོ་ཡིན་པའི་རྒྱུའི་ཕྱིར་བཀག་པ་ཡིན་ནོ། །གང་གི་ཕྱིར་དེ་དག་རྒོད་བག་གི་ཚུལ་དུ་སྣང་བ་དེའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །སེན་མོ་ཇི་ལྟར་གཅད་པར་བྱ་ཞེ་ན། སེན་མོ་སྟེའུ་སྤུ་གྲིའི་སོ་བཞིན་དུ། །བཅད་པར་བྱ་སྟེ་ཞེས་བྱ་བ་སྨོས་ཏེ། སྟེའུ་དང་སྤུ་གྲིའི་སོ་ཇི་ལྟ་བ་དེ་བཞིན་ དུ་གཅད་པར་བྱ་བ་ཡིན་ནོ། །དེ་ལས་གཞན་དུ་མིན་ཞེས་བྱ་བ་ནི་གང་གི་ཕྱིར་བསྟན་མ་ཐག་པ་ལས་གཞན་པ་རྣམ་པ་གཞན་ལ་སོགས་པའི་སྣ་དང་འདྲ་བའི་དབྱིབས་གང་ལ་ཡོད་པ་དེ་ནི་དེ་ལས་གཞན་པའི་དབྱིབས་ཉིད་དེ་གཅད་པར་མི་བྱའོ། །དང་གི་སྒྲ་ནི་ཡང་ན་ཞེས་བྱ་བའི་དོན་ཡིན་ནོ། །དགོན་པར་ གནས་པས་སྐྲ་དང་ཁ་སྤུ་དག །སོར་གཉིས་ནས་ནི་འདས་པར་གཞག་མི་བྱ། །ཞེས་བྱ་བ་ལ། དགོན་པར་གནས་པའི་ཕྱིར་དགོན་པར་གནས་པ་སྟེ། དགེ་ཚུལ་གྱིས་སོ། །སོར་གཉིས་ནི་སོར་གཉིས་ཀྱི་ཚད་ལས་འདས་པའོ། །མགོ་བོ་ལས་སྐྱེས་པའི་ཕྱིར་སྐྲ་སྟེ་སྐྲ་དང་། ཁ་སྤུ་དེ་ལྟ་བུར་གྱུར་པ་དེ་གཞག་ པར་མི་བྱའོ། །གྲོང་གནས་དེ་བས་ཐུང་གི་ལྷག་པར་མིན། །ཞེས་བྱ་བ་ནི་གྲོང་ན་གནས་པའི་ཕྱིར་གྲོང་གནས་ཏེ་སོར་གཉིས་ལས་ཐུང་བ་གཞག་གི་སོར་གཉིས་ལས་ལྷག་པར་ནི་མ་ཡིན་ནོ། །སྔ་མ་ལ་ནི་འབྲེག་མཁན་རྙེད་དཀའ་བའི་ཕྱིར་དང་། ཕྱི་མ་ལ་ནི་འདིར་རྙེད་སླ་བའི་ཕྱིར་རོ་ཞེས་བྱ་བ་ནི་ངེས་པ་ ཡིན་ནོ། །གཞན་ཡང་བ་ལང་སྤུ་བཞིན་སྐྲ་ནི་འབྲེག་པ་སྤང་། །ཞེས་བྱ་བ་ལ། བ་ལང་གི་སྤུ་ནི་བ་ལང་སྤུ་སྟེ། དེ་དང་འདྲ་བའི་ཚད་དུ་སྐྲ་འབྲེག་པ་ནི་བ་ལང་གི་སྤུ་བཞིན་དུ་སྐྲ་འབྲེག་པ་ཡང་སྤང་བར་བྱ་ཞིང་དོར་བར་བྱའོ། །དགེ་ཚུལ་གྱིས་ཆགས་པས་འབྲེག་པར་བྱ་བ་མ་ཡིན་ནོ། །གཞན་ཡང་བྱིན་ པ་མིག་དང་མཆན་ཁུང་རྐེད་སྤུ་དང་། །དེ་བཞིན་སྨིན་མ་བྲེག་པ་རིང་དུ་སྤང་། བྱིན་པ་དང་། མིག་དང་། མཆན་ཁུང་དང་། རྐེད་སྤུ་བྲེག་པ་ལ་སོགས་པ་གང་ཡིན་པ་དེ་ནི་དེ་ལ་སོགས་པའོ། །སོགས་པའི་སྒྲས་ནི་སྙིང་ཁ་འབྲེག་པ་བསྡུ་བ་ཡིན་ནོ། །དེ་དག་སྤང་བར་བྱ་བ་ཡིན་པ་བཞིན་དུ་སྨིན་མ་ བྲེག་པ་ཡང་རིང་དུ་སྤང་བར་བྱའོ། །སྐྲ་བྲེགས་ནས་ཅི་ཞིག་བྱ་བ་ཡིན་ཞེ་ན། སྐྲ་བྲེགས་འོག་ཏུ་ཁྲུས་ཀྱང་བྱ་བ་ཡིན། །ཡང་ན་ཡན་ལག་ལྔ་ཙམ་བཀྲུ་བར་བྱའོ། །སྐྲ་བྲེགས་པའི་འོག་ཏུ་ཁྲུས་བྱའོ། །ནི་ནི་བྲེག་པ་ལ་ལྟོས་ནས་སྡུད་པར་བེད་པའོ། །ཡང་ན་ཡན་ལག་ལྔ་ཙམ་བཀྲུ་བར་བྱའོ། །དེ་ ལ་ཡན་ལག་ལྔ་ནི་མགོ་བོ་དང་རྐང་པ་གཉིས་དང་ལག་པ་གཉིས་ཡིན་ནོ། །ཡང་ནའི་སྒྲ་ནི་ལུས་ཀྱི་ཁྲུས་བྱ་བའམ། ཡན་ལག་ཙམ་བཀྲུ་བར་བྱ་ཞེས་རྣམ་པར་རྟོག་པའི་དོན་ཡིན་པ་དེའི་ཕྱིར་རྐྱེན་དེ་ཙམ་ལ་ནི་བཀྲུ་བར་བྱ་ཞིང་གཞན་གྱི་ཚེ་ནི་ཁྲུས་བྱ་བ་ཡིན་ནོ་སྙམ་དུ་བསམ་པར་མི་བྱའོ། ། ཅི་སྐྲ་འབྲེག་པ་ལ་རིམ་པ་ཡོད་དམ་ཞེ་ན། ཁ་སྤུ་སྐྲ་གཉིས་སྔ་ཕྱིར་གར་བདེར་ཟད། །ཅེས་བྱ་བ་སྨྲས་ཏེ། ཁ་སྤུའམ་སྐྲ་འབྲེག་པར་བྱ་བ་ལ་རྣམ་པ་ཐམས་ཅད་དུ་ངེས་པ་ཡོད་པ་ནི་མ་ཡིན་ཏེ། འོན་ཀྱང་གར་བདེར་ཏེ་འདོད་པས་འཇུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡི་འོག་ཏུ་སྣ་ཡི་སྤུ་ཡང་བཏོག ། ཅེས་བྱ་བ་ལ། སྐྲ་དེ་བྲེགས་མ་ཐག་ཏུ་ཡང་སྣའི་བུ་གུའི་སྤུ་ཡང་བཏོག་པར་བྱ་སྟེ། དེ་ན་ཡོད་པའི་སྤུ་བཏོག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ཐམས་ཅད་ལ་ངེས་པ་འདི་ཡིན་ནམ་ཞེ་ན། སྨྲས་པ་མ་ཡིན་ཏེ་འོན་ཀྱང་། ལག་པ་རྐང་པའི་སེན་མོ་རིམ་བཞིན་བཅད། །ཅེས་བྱ་བར་སྦྱར་རོ། །དེ་ ལྟར་བསྟན་མ་ཐག་པའི་རིམ་པས་བསྟན་མ་ཐག་པའི་འབྲེག་མཁན་གྱི་ལས་བྱའོ། །དང་ནི་སྡུད་པ་དང་རིམ་པ་གཞན་དུའོ། །གཞན་ཡང་གོས་ཀྱི་མཐར་ནི་མདུད་པ་བོར་བར་བྱའོ། །གང་གི་ཚེ་ཞེ་ན། སྐས་ལ་འཛེག་གམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐས་ལ་འཛེག་པའི་དུས་དང་། དེ་བཞིན་དུ་ཉིན་ པར་ཉལ་བའི་ཚེ་མདུད་པ་བོར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཉིན་པར་ཉལ་བ་ནི་ཉེ་བར་མཚོན་པ་ཡིན་པ་དེ་བས་ན་སྲུང་མ་རབ་ཏུ་བྱུང་བ་གཞག་པར་བྱ་ཞིང་ཁང་པའི་སྒོ་གཅད་པར་བྱའོ། །ཚིག་དེ་དག་ནི་གསང་བ་དང་འགལ་བའི་ཡོངས་སུ་སྤང་བའི་དོན་ཡིན་པར་རིག་པར་བྱའོ། །སྡོམ་ཅན་གྱིས་ནི་ ཁུར་ལྕི་བསྐུར་མི་བྱ། །སྐྱེས་བུ་ཐ་མལ་པའི་ཁུར་ཚད་ནི་ལྕི་བ་ཡིན་ཏེ། དེ་སྡོམ་ཅན་གྱིས་བསྐུར་བར་མི་བྱའོ། ཡང་ཡང་ཕྲག་པ་རྐེད་པ་མིན། །ཡང་བ་ནི་སྔར་སྨོས་པའི་ཕྱེད་ཡིན་ལ་རྐེད་པ་ནི་རྐེད་པ་ཉིད་ཡིན་ནོ། །བསྐུམ་དང་ཕྲལ་དང་གཡོགས་པ་མེད་བཞིན་དང་། ཡང་ན་ཙོག་པུར་ འདུག་པར་བྱ་བ་མིན། །ཞེས་བྱ་བ་ལ། རྐང་པའི་ཁྲིའི་འོག་ཏུ་སྡུད་པ་ནི་བསྐུམ་པ་ཡིན་ལ། ཕྲལ་བ་སྟེ་རྐང་པ་རྣམ་པར་ཕྲལ་བ་དང་། བརྐྱང་པ་ཉིད་ཀྱིས་འདུག་པར་བྱ་བ་ཉིད་མ་ཡིན་ནོ། །ཤམ་ཐབས་ཀྱི་ཐ་མ་ནང་དུ་བསྡུས་ནས་འདུག་པར་བྱའི་མདོམས་སྣང་བ་ཉིད་ཀྱིས་འདུག་པར་ཡང་མི་བྱ་སྟེ། འོན་ ཀྱང་དེ་དག་གཡོགས་ནས་འདུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་ཙོག་པུར་ཞེས་བྱ་བ་ལ་ཙོག་པུ་ཁོ་ནས་ཀྱང་འདུག་པར་བྱ་བ་མ་ཡིན་ནོ། །སྔར་སྨོས་པ་དེ་དག་ཐམས་ཅད་ལ་ཁྱིམ་གྱི་ནང་དུ་ཞེས་བྱེ་བྲག་ཏུ་ཁོང་དུ་ཆུད་པར་བྱ་ཞིང་གཞན་དག་ཏུ་ཡང་དེ་དེ་དག་གི་རྗེས་སུ་འབྲང་བར་བྱ་བ་ཡིན་པའི་ ཕྱིར་མང་དུ་སྤྲོ་བ་ཅི་དགོས། གཙུག་ལག་བཤད་པའི་སྤྱོད་ལམ་ལྟ་བུར་ནི། །བྱ་བ་ཡིན་ཏེ་ཞེས་བྱ་བ་ནི་འདུལ་བའི་གཙུག་ལག་དེ་ལས་གསུངས་པའི་སྤྱོད་ལམ་གང་ཡིན་པ་རུང་བ་ཡིན་ནོ་སྙམ་སེམས་པས་དེ་བྱ་བ་ཡིན་ཏེ། གང་གི་ཕྱིར་བསྟན་མ་ཐག་པའི་སྤྱོད་ལམ་རུང་བ་འདི་དག་དཔེར་བྱས་པ་ ཡིན་པའི་ཕྱིར་གཞན་དང་ལག་པ་མི་སྦྲེལ་ཞེས་བྱ་བ་ལ་སོགས་པ་དག་ལ་ཡང་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དང་ནི་སྡུད་པར་བྱེད་པའོ། །བསླབ་པའི་གཞི་བཅུ་པའི་ཡིད་ཀྱི་ཉེས་པར་འགྱུར་བའི་སྐབས་དང་། གཞན་དག་ཏུ་ཡང་ཆོ་ག་ལས་འདས་ན་ཡིད་ཀྱིར་འགྱུར་བར་ཤེས་པར་བྱ་སྟེ། དཔེར་ན་ཕྱིར་འོང་འདོད་ན་དཔག་ཚད་ཕྱེད་དུ་སོང་། །ཇི་སྟེ་མེད་ན་རྒྱང་གྲགས་ལྔར་མ་འགྲོ། །ཞེས་བྱ་བ་ལ་སོགས་པ་དང་། ཁྱིམ་པའི་ཆ་ལུགས་ལས་ལྡོག་པའི་ཕྱོགས་སུ་གཏོགས་པ་ལ་སོགས་པ་བཞི་པོ་དག་ལ་ཐམས་ཅད་དུ་ཆོ་ག་ལས་འདས་ཤིང་རབ་ཏུ་གྲགས་པ་ལས་སྤྱོད་ན་ཡིད་ཀྱིར་ འགྱུར་རོ། །ཁྱིམ་པའི་ཆ་ལུགས་ལས་སླར་ལྡོག་པའི་ཕྱོགས་སུ་གཏོགས་པ་སྟེ་བསླབ་པའི་གཞི་བཅུ་གཅིག་པའོ།། །།ཁྱིམ་པའི་རྟགས་ཡོངས་སུ་སྤོང་བར་སྨྲས་པའི་རྗེས་ཐོགས་སུ་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ་ཞེས་འབྱུང་བ་དེའི་ཕྱིར། སྡོམ་ཅན་ཆ་ལུགས་ཁས་ བླངས་བརྗོད་པ་ལས། །ཞེས་བྱ་བ་ལ་སོགས་པས་དེར་གཏོགས་པ་དང་འགལ་བའི་ཕྱོགས་བརྗོད་པ་ཡིན་ཏེ། སྡོམ་ཅན་གྱི་དངོས་པོ་ནི་སྡོམ་ཅན་རབ་ཏུ་བྱུང་བའོ། །དེའི་ཆ་ལུགས་ནི་རྟགས་སོ། །དེ་ཁས་བླངས་ཤིང་མངོན་པར་ཁས་བླངས་པ་དེ་བརྗོད་ཅིང་སྨྲ་བ་ལས་ཏེ་རབ་ཏུ་བྱུང་བའི་རྟགས་ཡང་ དག་པར་ལེན་ཏོ་ཞེས་སྨྲས་པའི་རྒྱུའི་ཕྱིར་རོ། །དེ་དང་འགལ་བའི་ཕྱོགས་ནི་སྤང་བྱ་སྟེ། །ཞེས་བྱ་བ་ལ་སྡོམ་ཅན་གྱིས་ཆ་ལུགས་ཁས་བླངས་པ་དེ་དང་འགལ་བ་གང་ཡིན་པ་དེ་ནི་གང་དག་གི་ཕྱོགས་དང་ཆ་འདྲ་བ་དང་། རྗེས་སུ་བྱེད་པ་ཡིན་པ་དེ་བས་ན་དེ་དག་ལས་བྱུང་བའི་ཉེས་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་དགེ་ཚུལ་གྱིས་སྤང་བར་བྱའོ། །འདི་ལྟར་མུ་སྟེགས་རྒྱལ་མཚན་འཆང་བ་དང་། །ཞེས་བྱ་བ་ལ་སོགས་པས་དེ་དག་འཆད་པར་བྱེད་དེ། མུ་སྟེགས་ཏེ་ཕྱི་རོལ་པའི་རབ་ཏུ་བྱུང་བའི་རྒྱལ་མཚན་ཏེ། ཁ་ཊྭཱཾ་ག་ལ་སོགས་པའི་རྟགས་དེ་དག་འཆང་བར་བྱེད་པའོ། །ནིའི་སྒྲ་ནི་གང་གི་ ཕྱིར་གྱི་དོན་ཡིན་ཏེ་གང་གི་ཕྱིར་དེ་དག་ནི་མུ་སྟེགས་ཀྱི་རྒྱལ་མཚན་གྱི་ཚུལ་ཡིན་པ་དེའི་ཕྱིར་དེ་དག་འཆང་བར་བྱེད་པ་སྤང་བར་བྱ་བ་ཡིན་ཏེ། དེ་བཞིན་དུ་ཐམས་ཅད་ལ་བརྗོད་པར་བྱའོ། །འདི་ལྟར་གྱི་སྒྲ་ནི་ཉེ་བར་སྟོན་པའི་དོན་ཏོ། །གཅེར་བུའི་དངོས་པོ་ནི་གཅེར་བུ་ཉིད་དོ། །དེ་བཞིན་དུ་མགོ་བོའི་སྐྲ་འབལ་བར་ བྱེད་པས་ན་སྐྲ་འབལ་བ་སྟེ། ཉེ་བར་བཏགས་པ་ཉིད་ཡིན་པའི་ཕྱིར་རོ། །ལག་པའི་སྣོད་དུ་གྱུར་པ་ལ་ཟ་བ་ནི་ལག་པར་ཟ་བ་སྟེ་སྐྲ་འབལ་བ་དང་། ལག་པར་ཟ་བ་དང་ཞེས་བྱ་བ་ནི་ཚོགས་པ་གཙོ་བོར་གྱུར་པའི་གཅིག་བཞིན་པའི་བསྡུ་བའོ། །བྲག་སྟེ་རི་བོ་ལས་མཆོང་བར་བྱེད་པའོ། །བྲག་ཅེས་སྨོས་པ་ནི་ཆུ་ ངོགས་ལ་མཆོང་བ་ལ་སོགས་པ་དག་གི་ཉེ་བར་མཚོན་པ་ཡིན་ནོ། །ཉི་མར་གདོང་བལྟ་བ་ནི་ཉི་མ་ལ་མངོན་དུ་ཕྱོགས་པས་འདུག་ནས་ལུས་གདུང་བར་བྱེད་པ་ཡིན་པར་རིག་པར་བྱའོ། །དེ་བཞིན་དུ། མེ་ལྔ་བསྟེན་ལ་སོགས་པ་སྤང་བར་བྱ། །ཞེས་བྱ་བ་དེ་ལ། མེ་ལྔ་ནི་ཕྱོགས་བཞི་དག་གི་མེ་དང་། སྟེང་ ནས་ཉི་མའི་མེ་ཞེས་བྱ་བ་ནི་མེ་ལྔ་ཡིན་ཏེ། དེ་དག་གི་དབུས་སུ་ཞུགས་ཤིང་བསྟེན་པ་དེ་ལ་དེ་སྐད་ཅེས་བྱའོ། །སོགས་པའི་སྒྲས་ནི་མེ་དང་ཆུར་འཇུག་པ་ལ་སོགས་པ་གཟུང་བ་ཡིན་ཏེ། དེ་དག་སྤང་བར་བྱའོ། །ནི་ནི་སོ་སོ་བ་ཀུན་ལ་སྡུད་པར་བྱེད་པའི་དོན་ཏོ། །མཆིལ་མ་ལ་སོགས་སེ་གོལ་བརྡབས་ ནས་ཀྱང་། །ཞེས་བྱ་བ་ལ། མཆིལ་མ་ལ་སོགས་པ་དག་སེ་གོལ་གྱི་སྒྲས་བརྡ་བྱས་ནས་འོག་ཏུ་དོར་བར་བྱའི་སྟེང་དུ་ནི་མ་ཡིན་ཏེ། ཕྱིར་ལྡོག་པའི་ཉེས་པ་སྤང་བར་བྱ་བའི་ཕྱིར་རོ། །སོགས་པའི་སྒྲས་ནི་གཅི་བ་ལ་སོགས་པ་བསྡུའོ། །གང་དུ་དོར་བར་བྱ་བ་ཡིན་ཞེ་ན། གནང་བའི་ས་ཕྱོགས་སུ་ནི་ཞེས་ བྱ་བ་སྨོས་ཏེ། གལ་ཏེ་ས་ཕྱོགས་གནང་བར་གྱུར་པ་དེ་ནི་གནང་བའི་ས་ཕྱོགས་ཏེ། དེར་ནི་མཆིལ་མ་ལ་སོགས་པ་དོར་བར་བྱ་བ་ཡིན་ནོ། །གང་དུ་གནང་བར་གྱུར་པའི་ས་ཕྱོགས་དེ་ནི་གནང་བའི་ས་ཕྱོགས་ཏེ། དེ་དག་ཏུ་ཞེས་བྱ་བའི་ཐ་ཚིག་གོ། །བཤང་བ་དང་ནི་གཅི་བའི་ཉེ་འཁོར་དུ། །སྣ་ཚོགས་ གཏམ་གྱིས་ཡུན་རིང་གནས་མི་བྱ། །ཞེས་བྱ་བ་ལ་བཤང་བ་དང་། གཅི་བའི་ཁང་པའི་ཉེ་འཁོར་དག་ཏུ་སྣ་ཚོགས་པའི་གཏམ་སྟེ། ཀུན་དུ་བརྗོད་པ་མང་པོས་ཡུན་རིང་པོར་གནས་པར་མི་བྱའོ། །དེར་གཏོགས་པའི་དགོས་པའི་དབང་གིས་དུས་དེ་སྲིད་ཙམ་དུ་འདུག་པ་ལ་ནི་ཉེས་པ་མེད་དོ། །གཞན་ཡང་ བཟླས་དང་བཙོ་བླག་ལ་སོགས་དེར་མི་བྱ། །ཞེས་བྱ་བ་ལ། སྨྲ་བ་དང་། ཀུན་ནས་བརྗོད་པས་འདུག་པར་མི་བྱའོ་ཞེས་བཀག་པས་བཙོ་བླག་གི་ལས་ལ་སོགས་པ་ལ་ཉེས་པ་མེད་པ་ཐོབ་པར་གྱུར་པས་ཚིག་འདི་སྨོས་པ་ཡིན་ནོ། །སོགས་པའི་སྒྲས་ནི། ཀློག་པ་དང་འཆད་པ་ལ་སོགས་དག་གཟུང་ངོ་། ། སྒྲས་བརྡ་བྱས་ནས་བརྟགས་ཏེ་འཇུག་པར་བྱ། །ཞེས་བྱ་བ་ལ། བཤང་ཁང་ངམ་གཅི་བའི་ཁང་པ་དེར་འཇུག་པ་ན་སེ་གོལ་གྱི་སྒྲའི་བརྡས་འགའ་ཞིག་ཡོད་དམ་མེད་ཅེས་བརྟགས་ནས་འཇུག་པར་བྱའི་དེ་ལྟ་དེ་ལྟར་ནི་མ་ཡིན་ནོ། །དང་ནི་སྡུད་པར་བྱེད་པའོ། །གལ་ཏེ་ཡང་བཤང་ཁང་དང་གཅི་བའི་ཁང་ པ་ཞེས་བྱ་བའི་ཚུལ་འདིས་ཐ་དད་པ་ཉིད་ཐོབ་མོད་ཀྱི། དེ་ལྟ་ན་ཡང་ངེས་པར་མི་འགྱུར་བས་ངེས་པར་བྱ་བའི་དོན་དུ། བཤང་བའི་ས་དང་གཅི་བའི་ས་གཉིས་ནི། །སོ་སོར་བྱ་ཞིང་ཞེས་བྱ་བ་སྨོས་ཏེ། བཤང་བའི་ས་སྟེ་བཤང་བའི་ཁང་པ་དང་གཅི་བའི་ས་ཡང་སོ་སོར་ཏེ་ཐ་དད་པར་བྱའི་གཞན་འབའ་ཞིག་ནི་མ་ ཡིན་ནོ། །ཡང་གི་སྒྲ་ནི་དེར་ཞུགས་ནས་ཀྱང་བཤང་བར་མི་བྱ་སྟེ། སྦ་བའི་གནས་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་དུ་རྟོགས་པར་བྱའོ། །དང་ནི་ཉེ་འཁོར་དུ་འདུག་པར་མི་བྱ་བ་དང་། དེར་ཀུན་དུ་སྨྲ་བར་མི་བྱའོ་ཞེས་སྡུད་པ་དང་། རིམ་པ་གཞན་གྱི་དོན་ཡིན་ནོ། །བཤང་དང་གཅི་བ་དྲག་ཏུ་ འབྱུང་འགྱུར་ན། །དལ་གྱིས་གཏང་བར་བྱ་སྟེ་ཞེས་བྱ་བ་ལ། དྲག་ཏུ་འབྱུང་བ་གང་ཡིན་པ་དེ་ནི་བཤང་བ་དང་གཅི་བ་དྲག་ཏུ་འབྱུང་བར་འགྱུར་ནའོ། །དེ་རིམ་གྱིས་དལ་བུས་གཏང་བར་བྱ་སྟེ་དུམ་བུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་རླུང་ཉིད་ཀྱང་རིམ་གྱིས་གཏང་བར་བྱ་སྟེ་སྒྲ་དང་བཅས་པའི་ རླུང་གི་ལས་མི་བྱའོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་འབྱུང་བ་དགག་པར་ནམ་ཡང་འདོད་མ་ཡིན། །ཞེས་བྱ་བ་ལ། གཅི་བ་ལ་སོགས་པའི་འབྱུང་བ་དགག་པ་སྟེ། ཟློག་པར་ནམ་ཡང་བཅོམ་ལྡན་འདས་མི་བཞེད་དེ། འབྱུང་བ་དེ་དགག་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །སྔ་ནས་ཐན་ཀོར་འཇམ་ པོས་ཕྱིས་ནས་ཀྱང་། །ཞེས་བྱ་བ་ལ་སོགས་པས་ཁྲུས་ཀྱི་ཆོ་ག་འཆད་པར་བྱེད་པ་ཡིན་ཏེ། ཁྲུས་བྱེད་པའི་སྔ་རོལ་ཁོ་ནར་ཐན་ཀོར་ཏེ་བཤང་བའི་ལམ་རྫས་འཇམ་པོ་འགའ་ཞིག་གིས་ཕྱིས་ནས། དེའི་འོག་ཏུ་ལག་པ་གཡོན་པས་ས་ཕུང་བདུན་བླུགས་ཤིང་ཉེ་བར་སྦྱར་ལ། ཆུ་མང་པོ་དག་ གིས་ཀྱང་ཐན་ཀོར་བཀྲུ་བར་བྱའོ། །མང་པོའི་སྒྲ་གཉི་ག་ལ་ཡང་སྦྱར་བར་བྱ་བ་ཡིན་ནོ། །དེ་ནས་ས་ཕུང་བདུན་གྱིས་ལག་གཉིས་ཀྱང་། །ཞེས་བྱ་བ་ལ། དེ་ནས་དེ་ལག་པ་གཡོན་པ་མ་བཀྲུས་པའི་དུས་ཕྱིས་ལག་པ་གཉི་ག་ལ་ཡང་ས་ཕུང་བདུན་ཁོ་ན་བླུག་པར་བྱ་བ་ཡིན་གྱི། ལག་པ་གཡོན་པ་འབའ་ ཞིག་ལན་བདུན་གྱི་བར་དུ་བཀྲུ་བར་ནི་མ་ཟད་དེ་ལག་པ་གཉི་ག་དག་ལ་ཡང་བདུན་པོ་དག་ཁོ་ནས་ཞེས་བྱ་བའི་ཐ་ཚིག་གོ། །ས་དེ་དག་ཀྱང་སོ་སོར་རིམ་བཞིན་གཞག །ཅེས་བྱ་བ་ལ། སྔར་བསྟན་པ་དེའི་རིམ་པ་བཞིན་དུ་སྟེ། གོ་རིམས་བཞིན་དུ་སོ་སོར་ཐ་དད་པར་གཞག་པར་བྱའི། ཕུང་པོར་བྱ་བ་ ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཀྱང་ནི་ཆོ་ག་སྡུད་པར་བྱེད་པ་ཡིན་ཏེ། འདི་སྐད་དུ་ས་སྔོན་དུ་སོང་བ་ཁོ་ནས་གཙང་སྦྲ་བྱེད་པ་ཡིན་པའི་ཕྱིར། ཐ་དད་པས་ཏེ་སོ་སོར་གཞག་པར་བྱ་བ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཆུ་མང་པོས་ཀྱང་ལག་གཉིས་བཀྲུ་བར་བྱ། །ཞེས་བྱ་བ་ལ། ལག་པ་ གཉིས་ལ་སྔར་བཤད་པའི་ཚད་ཀྱི་ས་ཕུང་བདུན་དང་ཆུ་མང་པོ་དག་གིས་ཀྱང་སྔར་བཤད་པའི་ཆོ་ག་བཞིན་དུ་བཀྲུ་བར་བྱ་བ་ཡིན་ནོ། །དེ་ནས་འབད་པས་ལག་ངར་བྱིན་བཅས་བྱུག །ཅེས་བྱ་བ་ལ་སོགས་པ་ལ། དེའི་འོག་ཏུ་ལག་ངར་དང་བཅས་པ་འབྱུག་པའི་ཕྱིར་ལག་ངར་བྱིན་བཅས་ཏེ། དེ་དག་ཡོངས་ སུ་བྱུག་ནས་ཀྱང་། །ལག་པ་གཉིས་བཀྲུ་བར་བྱ་ཞིང་དེའི་འོག་ཏུ་སྤྱི་བླུགས་དང་། རྐང་པ་གཉིས་ཀྱང་བཀྲུ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །དང་ནི་སྡུད་པར་བྱེད་པའི་དོན་ཏོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚད་ཡོངས་སུ་ཆད་པའི་ས་དག་གིས་གཙང་སྦྲ་བྱ་བ་གསུངས་ཤེ་ན། སེམས་ཀྱི་དག་པ་ གཙང་སྦྲར་གསུངས་པ་ཡིན། །ཞེས་བྱ་བ་ལ་སོགས་པ་ལ། དྲི་དང་ཆགས་པ་མི་གཙང་བ་གང་ཡིན་པ་དང་བྲལ་བ་ཙམ་དེ་ཁོ་ན་ལ་འཇིག་རྟེན་ཀྱི་ཐ་སྙད་ཀྱི་དབང་དུ་མཛད་ནས་གཙང་སྦྲར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ཏེ། གང་གི་ཕྱིར་དེ་ཙམ་ཁོ་ནས་སེམས་དག་པར་འགྱུར་བ་མིན་ནོ་ཞེས་བྱ་ བ་ནི་ཚིག་གི་ལྷག་མའོ། །བཅོམ་ལྡན་འདས་ཀྱིས་དོན་དམ་པའི་གཙང་སྦྲ་ཇི་ལྟར་གསུངས་ཤེ་ན། ལུས་སོགས་སྡིག་པ་རྣམ་སྤངས་གང་ཡིན་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོམ་ལྡན་འདས་ཀྱིས་དངོས་སུ་ནང་གི་གཙང་སྦྲ་ཁོ་ན་ལ་གཙང་སྦྲ་ཉིད་དུ་གསུངས་ཤིང་བཀའ་སྩལ་པ་ཡིན་ནོ། །གཙང་ སྦྲ་དེ་ཡང་གང་ཞེ་ན། སྨྲས་པ་ལུས་ལ་སོགས་པའི་སྡིག་པ་སྟེ་སྲོག་གཅོད་པ་ལ་སོགས་པ་སྤངས་པ་གང་ཡིན་པ་དེ་ཁོ་ན་གཙང་སྦྲར་གསུངས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སོགས་པའི་སྒྲས་ནི་ངག་དང་ཡིད་ཀྱི་ཞེས་བྱ་བ་སྡུད་པ་ཡིན་ནོ། །ཅི་གང་དང་གང་དུ་གཅི་བ་ལ་སོགས་པ་བྱ་བ་ཡིན་ཞེ་ན། གཅི་དང་ བཤང་དང་སོ་ཤིང་བཟའ་བ་རྣམས། །སྡོམ་ཅན་གྱིས་ནི་དབེན་པའི་ཕྱོགས་སུ་བྱ། །ཞེས་བྱ་བས་སྟོན་པར་བྱེད་པ་ཡིན་ཏེ། སྡོམ་ཅན་གྱིས་དབེན་པའི་ས་ཕྱོགས་ཁོ་ནར་གཅི་བ་གཏང་བར་བྱ་ཞིང་། དེ་བཞིན་དུ་བཤང་བ་དང་སོ་སྦྱང་བ་དག་ཀྱང་དབེན་པའི་ས་ཕྱོགས་ཁོ་ནར་བྱ་བ་ཡིན་ནོ། །དབེན་པ་ཞེས་བྱ་བ་ ནི་འདུ་འཛི་མེད་པ་ཞེས་བྱ་བའི་དོན་ཡིན་ནོ། །ནིའི་སྒྲ་ནི་ངེས་པར་གཟུང་དང་རིམ་པ་གཞན་གྱི་དོན་ཏོ། །སོ་ཤིང་ཇི་ལྟར་དོར་བར་བྱ་བ་ཡིན་ཞེ་ན། ཆུ་མང་པོས་ཀྱང་བཀྲུས་ནས་དོར་བར་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོ་ཤིང་ཆུ་དག་གིས་བཀྲུས་ནས་དོར་བར་བྱ་བ་ཡིན་ནོ། །ཆུ་མེད་པ་ཇི་ ལྟར་བྱ་ཞེ་ན། ཅི་སྟེ་ཆུ་མེད་གྱུར་ན་སོ་ཤིང་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབད་པས་ས་ལ་བྲུད་པར་བྱས་ནས་ལྕེའི་དྲི་མ་བསལ་ཏེ་དོར་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། ལྕེ་ཡི་དྲི་མས་གནོད་པར་གྱུར་ཏ་རེ། །ཞེས་བྱ་བ་སྨོས་ཏེ། སྔོན་རབ་ཏུ་བྱུང་བས་སོ་ཤིང་མ་བཀྲུས་ པར་བོར་བ་དེ་ལ་སྦྲང་བུ་བབས་པར་གྱུར་ནས་སོ་ཤིང་ལ་ཆགས་པའི་མཆིལ་མ་གཞིབས་པར་གྱུར་པ་ན། སོའི་དུག་གིས་དུས་ལས་འདས་པར་གྱུར་པ་ལ། དེ་ལས་སྲོག་ཆགས་གཞན་དག་དང་དེ་ལས་ཀྱང་སྲོག་ཆགས་གཞན་ཡང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དེ་དག་ཐམས་ཅད་དུས་ལས་འདས་ པར་གྱུར་པ་དེ་བཞིན་དུ་ལྕེའི་དྲི་མས་སྲོག་ཆགས་དག་ལ་འདི་ཉིད་དུ་ཡང་གནོད་པར་མ་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །སྡོམ་ཅན་གཞན་དག་གི་ལྷུང་བཟེད་རྣམ་པ་དུ་ཡིན་ཞེ་ན། ལྷུང་བཟེད་གཉིས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ས་ལས་བྱས་པ་དང་ལྕགས་ལས་བྱས་པ་ཞེས་བྱ་སྟེ་གཉིས་དག་ཡིན་ གྱི། གཞན་ཟངས་མ་ལ་སོགས་པ་ལས་བྱས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མི་ཆེ་མི་ཆུང་སྐྱ་མ་ཡིན། །ཞེས་བྱ་བ་ལ། ཆུང་བ་མ་ཡིན་པ་དང་། ཆེ་བ་མ་ཡིན་པ་དང་། སྐྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་ཡིན་ནོ། །དང་ནི་ཐམས་ཅད་སྡུད་པར་བྱེད་པའི་དོན་ཏོ། ། ལྷུང་བཟེད་སྐྱ་བ་ནི་ལྷུང་བཟེད་དཀར་པོའོ། །དེ་ལ་ལྷུང་བཟེད་ནི་རྣམ་པ་གསུམ་སྟེ། རབ་དང་འབྲིང་དང་ཆུང་ངུའོ། །དེ་ལ་རབ་ནི་མ་ག་དྷཱའི་བྲེའུ་ཆུང་དོ་སྲན་ཚོད་དང་བཅས་ཚོད་མ་དང་བཅས་པ་ཤོང་བ་ཡིན་ལ། ཆུང་ཚད་ནི་བྲེའུ་ཆུང་གང་ཙམ་དང་། འབྲིང་ཚད་ནི་བར་མ་དག་ཡིན་ཏེ། དེའི་ཕྱིར་རབ་ཚད་ དང་ཆུང་ཚད་ལས་གོ་རིམས་བཞིན་དུ་ལྷག་པ་དང་ཆུང་བ་གང་ཡིན་པ་བཅང་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བསོད་སྙོམས་ལ་འཇུག་པའི་དུས་སུ་འཁར་གསིལ་དཀྲོལ་བར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེའི་ཕྱིར་གཞན་དུ་འདོད་པས་འཇུག་པར་བྱ་བ་ཡིན་ནོ། ། ཁྱད་པར་ཇི་ལྟ་བུ་ཞེ་ན། གོ་བར་བྱ་བ་དང་ནི་ཁྱི་སྐྲོད་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ནིའི་སྒྲ་ནི་སྒྲ་དང་ལྡན་པ་ཁོ་ན་ལས་བཅང་བར་བྱའི་གཞན་ནི་མ་ཡིན་ནོ་ཞེས་ངེས་པར་གཟུང་བའི་ཕྱིར་རོ། །གང་གི་ཕྱིར་དགེ་འདུན་གྱིས་མ་གནང་བ་མ་ཡིན་པ་གཞན་རྙེད་པར་གྱུར་ན་ཞེས་བྱ་བ་དེའི་དབང་དུ་ བྱས་པ་ཡིན་ནོ། །རང་བཞིན་དེ་ཡང་ཅིའི་ཕྱིར་ཞེ་ན། སྨྲས་པ། བསོད་སྙོམས་ལ་འཇུག་པ་ན་བུད་མེད་ཀྱི་ཡུལ་གོས་མེད་པ་དག་གོ་བར་བྱ་བ་དང་། ཁྱི་བསྐྲད་པར་བྱ་བའི་ཕྱིར་ཏེ། ལེགས་པར་ཀུན་ནས་གོ་བར་བྱེད་པ་དང་། ཁྱི་སྐྲོད་པར་བྱེད་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཁྱི་ནི་དུད་འགྲོ་གཞན་དག་གི་ ཉེ་བར་མཚོན་པར་བྱེད་པ་ཡིན་ལ། དང་ནི་སྡུད་པར་བྱེད་པའི་དོན་ཡིན་ནོ། །རབ་ཏུ་བྱུང་བའི་རྟགས་ཁས་བླངས་པ་དང་འགལ་བའི་ཕྱོགས་ཞེས་བྱ་བ་སྟེ། བསླབ་པའི་གཞི་བཅུ་གཉིས་པའོ།། །།རབ་ཏུ་འབྱུང་བའི་དུས་སུ་སློབ་དཔོན་དགོངས་སུ་གསོལ་ཞེའམ་མཁན་པོ་དགོངས་སུ་གསོལ་ ཞེས་བྱ་བ་ལ་སོགས་པས་མཁན་པོར་གསོལ་བ་འདེབས་པ་ཡང་འབྱུང་བས། བླ་མར་གསོལ་བ་བཏབ་དང་འགལ་ཕྱོགས་ནི། །ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། བླ་མའི་སྒྲ་ནི། མཁན་པོ་ལ་བྱ་སྟེ། མཁན་པོ་ལ་གསོལ་བ་འདེབས་པ་དེ་ནི། །སློབ་དཔོན་དགོངས་སུ་གསོལ། ། སློབ་དཔོན་གྱིས་བདག་མིང་འདི་ཞེས་བགྱི་བའི་མཁན་པོར་གསོལ་བ་འདེབས་ཀྱི། སློབ་དཔོན་གྱིས་བདག་གི་མཁན་པོ་མཛད་དུ་གསོལ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ཡོངས་སུ་གཏོང་ཞིང་བཤིག་པ་དེ་ནི་འགལ་བ་ཡིན་ལ། དེའི་ཕྱོགས་སུ་གྱུར་པ་ནི་དེ་ལས་བྱུང་བ་ཡིན་པས་ན། བླ་མར་ གསོལ་བ་བཏབ་པ་དང་འགལ་ཕྱོགས་སོ། །དེ་ལྟ་བུར་གྱུར་པ་དེ་ཡང་གང་ཞེ་ན། རང་གི་བླ་མ་ལ་ནི་བསྟི་སྟང་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རང་གི་བླ་མ་སྟེ་བདག་ཉིད་ཀྱི་བླ་མ་ལ་གུས་པ་མེད་པ་གང་ཡིན་པ་དེ་ཉིད་དེའི་ཕྱོགས་སུ་གཏོགས་པ་ཡིན་པར་རིག་པར་བྱའོ། ། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་གཞན་དག་ལ་ཡང་གུས་པ་མེད་པ་ཉིད་ནི་ཁ་ན་མ་ཐོ་བའི་རྒྱུ་ཡིན་པས་དེ་ཡང་ཆུང་བར་འགྱུར་བར་ཁོང་དུ་ཆུད་པར་བྱའོ། །དེའི་ཕྱིར་འདི་སྐད་དུ་ལུང་ལས་གནས་བརྟན་རྣམས་དང་། བར་མ་རྣམས་དང་། གསར་བུ་རྣམས་ལ་གུས་པ་དང་བཅས་པ་དང་། རྗེ་ས་དང་བཅས་པ་དང་། འཇིགས་པའི་དབང་དུ་འགྱུར་བས་གནས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །མཁན་པོ་ཡང་སློབ་དཔོན་ཐམས་ཅད་ཀྱི་ཉེ་བར་མཚོན་པ་ཡིན་ནོ། །དེ་དག་ལ་ཇི་ལྟར་བྱ་བ་ཡིན་ཞེ་ན། ཕ་ལ་རབ་སྡུག་བླ་མར་བྱེད་པ་ལྟར། །བདག་ཉིད་འདོད་པས་བླ་མ་ལ་ རྗེས་གནས། །ཞེས་བྱ་བ་སྨོས་ཏེ། ཕ་ལ་རབ་ཏུ་སྡུག་པ་ནི་གཉེན་པ་སྟེ། ཕ་ལ་རབ་ཏུ་སྡུག་པ་དང་བླ་མར་བྱེད་པ་ལྟར། རང་གི་བླ་མ་ལ་ཡང་རྗེས་སུ་གནས་པ་སྟེ་ཉེ་བར་གནས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་གང་གིས་ཤེ་ན། བདག་ཉིད་འདོད་པས་ཞེས་བྱ་བ་སྨོས་ཏེ། སྡོམ་ཅན་བདག་ཉིད་འདོད་ པ་གང་ཡིན་པ་དེ་བདག་ཉིད་ཤེས་པས་ཞེས་བྱ་བའི་ཐ་ཚིག་གོ། །བླ་མར་བྱེད་པ་ཞེས་བྱ་བ་ནི་ཡོན་ཏན་ལ་དམིགས་པ་སྔོན་དུ་སོང་བས་ལུས་དང་ངག་གི་འཇུག་པ་ཡང་བག་འཁུམས་པས་འཇུག་པ་ཡིན་ནོ། །དེ་སྐད་དུ་བདག་ཉིད་ཤེས་པ་རྣམས་ཀྱིས་རང་གི་བླ་མ་ལ་སྡུག་པ་དང་གུས་པས་ཉེ་བར་གནས་ པར་བྱའོ་ཞེས་བྱ་བའི་དོན་དུ་བསྟན་པར་འགྱུར་རོ། །ད་ནི་བྱ་བར་གཏོགས་པ་རྗོད་པར་བྱེད་པ་ཡིན་ཏེ། བྱ་བ་ཐམས་ཅད་དྲིས་ནས་བྱ་བ་ཡིན་གྱི་མ་དྲིས་པར་ནི་མ་ཡིན་ཏེ། དེ་དག་ཀྱང་དྲིས་ནས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དང་ནི་སྡུད་པར་བྱེད་པའི་དོན་ཏོ། །དེ་ལ་ཇི་ཙམ་ཞིག་མ་གཏོགས་པ་ཡིན་ཞེ་ན། བཤང་དང་གཅི་དང་སོ་ཤིང་བཟའ་བ་དང་། །མཚམས་ཀྱི་ནང་དུ་རྒྱལ་ལ་ཕྱག་བྱ་དང་། །ཆུ་བཏུང་བ་དང་དེ་དག་མ་གཏོགས་པར། །ཞེས་བྱ་བ་སྨོས་ཏེ། གཙུག་ལག་ཁང་རྩིག་པ་ལ་སོགས་པས་ཡོངས་སུ་བསྐོར་བའི་ནང་གི་མཚམས་ཏེ། རྩིག་པ་ལ་སོགས་པའི་ མཚམས་དེར་རོ། །རྒྱལ་བ་ལ་ཕྱག་བྱ་བ་སྟེ། མཆོད་རྟེན་ལ་ཕྱག་འཚལ་བ་དག་མ་གཏོགས་སོ། །ཆུ་བཏུང་བ་དང་པོར་བྱས་པ་གང་ཡིན་པ་དེ་ནི་ཆུ་བཏུང་བ་ལ་སོགས་པ་སྟེ་དེ་དག་མ་གཏོགས་པར་གཞན་དག་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དང་ནི་འདིར་ཡང་སྔ་མ་དང་འདྲའོ། །བླ་མ་མ་ལངས་སྔ་ རོལ་སྔར་ལངས་ཏེ། །ཞེས་བྱ་བ་ལ་སོགས་པས་བླ་མ་ལ་སློབ་མ་དང་། ཉེ་གནས་ཀྱི་བྱ་བ་དེ་སྟོན་པར་བྱེད་པ་ཡིན་ཏེ། བླ་མ་མ་ལངས་སྔ་རོལ་ཏེ་ཐོ་རངས་ལངས་ནས་སོ་ཤིང་སྔོན་དུ་སོང་བའི་ཁྲུས་བྱས་པའི་འོག་ཏུ་བླ་མ་ལ་ཡང་གདོང་བཀྲུ་བར་བྱ་བའི་ཕྱིར་ཆུ་ལ་སོགས་པ་ཉེ་བར་བསྟབས་ལ། བདེ་བར་ གཤེགས་པ་ལ་གུས་པ་དང་བཅས་པས་ཕྱག་བྱའོ། །དེའི་འོག་ཏུ་བླ་མ་ལ་གུས་པར་ཕྱག་བྱས་ནས་སྐུ་ལ་མཉམ་པ་སྟེ། རང་བཞིན་དུ་གནས་སམ་ཞེས་གུས་པར་གྱུར་པ་དེས་དེ་ལ་ཕྱིས་ཁྱེད་ཀྱི་སྐུ་དགེ་འམ་ཞེས་བྱ་བ་ལ་སོགས་པས་དྲི་བར་བྱའོ། །དེ་ནས་ཅི་ཞིག་བྱ་བ་ཡིན་ཞེ་ན། བགྱི་བ་ཅི་མཆིས་ལུང་ མནོད་དེའི་འོག་ཏུ། །ཞེས་བྱ་བ་སྨོས་པ་ཡིན་ཏེ། བགྱི་བ་ནི་བྱ་བ་དག་ཡིན་ཏེ་ཀློག་པ་དང་འདོན་པ་ལ་སོགས་པ་དེའི་དངོས་པོའི་བྱ་བ་དེའི་ལུང་མནོད་པའོ། །དེའི་འོག་ཏུ་སྟེ། མཁན་པོ་དགོངས་སུ་གསོལ་ཞེས་བྱ་བ་དང་བགྱི་བ་བགྱིད་དོ་ཞེས་བྱ་བའི་རྗེས་ལའོ། །དེ་ཡི་གནས་ཁང་ཉེ་འཁོར་ ཕྱག་དར་བྱ། །ཞེས་བྱ་བ་ལ་བླ་མ་དེའི་གནས་ཁང་གི་ཉེ་འཁོར་དེར་དཀྱིལ་འཁོར་ལ་སོགས་པ་བྱས་ནས་སྟན་བཤམ་པར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་ཡིན་ནོ། །དེ་ནས་རྒྱལ་བ་ལ་ཡང་དཀྱིལ་འཁོར་བྱ། །ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཏེ་དུས་ཕྱིས་རྒྱལ་བ་བཅོམ་ལྡན་འདས་ལ་དཀྱིལ་ འཁོར་བྱས་ནས་བཅོམ་ལྡན་འདས་ལ་གཡས་སུ་བསྐོར་བ་བྱ་ཞིང་མཆོད་རྟེན་ལ་ཕྱག་བྱའོ། །སྔ་དྲོའི་དུས་སུ་ཞེས་བྱ་བར་རིག་པར་བྱ་སྟེ། གང་གི་ཕྱིར་ཚོགས་པའི་དུས་ལ་བབ་པོ་ཞེས་བྱ་བ་ལ་སོགས་པས་དེའི་ཚེ་མཆོད་རྟེན་ལ་ཕྱག་བྱ་བ་འབྱུང་བ་ཡིན་ནོ། །ཇི་ལྟར་བྱ་བ་ཡིན་ཞེ་ན། ཉེ་བའི་སྡོམ་ ཅན་རྒན་ལ་ཕྱག་བྱས་རྗེས། །དགེ་བས་ལུས་ལས་སྙིང་པོ་བླང་བར་བྱ། །ཞེས་བྱ་བ་སྨོས་ཏེ། དད་པས་ཕྱག་འཚལ་བ་ནི་དད་པས་ཕྱག་བྱས་པའི་རྗེས་ཏེ། དུས་ཕྱིས་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་དང་བླ་མ་ལ་ཕྱག་འཚལ་བའི་དུས་སུ་ཐག་ཉེ་བའི་རྒན་པོ་གང་ཡིན་པ་དེ་དག་ལ་ ཡང་ཕྱག་བྱས་ནས་དགེ་བས་ལུས་ལས་སྙིང་པོ་བླང་བྱ་སྟེ། །གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་སྙིང་པོ་མ་ཡིན་པའི་ལུས་ལས་སྙིང་པོ་བླང་བར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་། བླ་མ་བསྙེན་བཀུར་བྱེད་པས་བཟའ་བ་དང་། །བཏུང་བ་ལ་སོགས་ཞིམ་པོ་ཐམས་ཅད་དབུལ། །ཞེས་ བྱ་བ་ལ་བསྙེན་བཀུར་བྱས་པས་ན་བསྙེན་བཀུར་བྱེད་པ་སྟེ། དེས་བདག་གཉིད་ཀྱིའམ་དགེ་འདུན་གྱི་ཟས་སམ་བསོད་སྙོམས་ལ་བརྒྱུས་པ་ལས་ཟང་ཟིང་གི་རྙེད་པ་གང་བྱུང་བ་དེ་ལས་བཏུང་བ་ལ་སོགས་པ་ཞིམ་པོ་བསྟབས་ནས་ཕྱིས་བདག་ཉིད་བཟའ་བར་བྱའོ། །སོགས་པའི་སྒྲས་གོས་ལ་སོགས་པ་གཟུང་ངོ་། ། ལུས་ཀྱི་བསྙེན་བཀུར་འབའ་ཞིག་མ་ཡིན་གྱི། །ཟང་ཟིང་གིས་ཀྱང་བྱའོ་ཞེས་བྱ་བ་ནི་ཡང་གི་སྒྲའི་དོན་ཡིན་ནོ། །ནིའི་སྒྲ་ནི་ངེས་པར་གཟུང་བའོ། །གཞན་ཡང་ཕྱག་བྱེད་པའི་དུས་སུ་ཡང་སྡོམ་ཅན་མི་མཐུན་པ་ཉེ་བར་ལྷགས་ན་ཇི་ལྟར་རྟོགས་པར་བྱ་བ་ཡིན་ཞེ་ན། སྡོམ་ཅན་མི་མཐུན་པ་ཞིག་ལམ་ དུ་ལྷགས། །འོན་ཀྱང་བསྐོལ་བར་མི་བྱ་ཕྱག་བྱོས་ཤིག། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱག་བྱ་བར་གཏོགས་པ་ནི་རྒན་པོ་ཕྱག་བྱ་བར་འོས་པ་སྟེ། དེའི་དངོས་པོ་ནི་ཕྱག་བྱ་བར་གཏོགས་པ་ཉིད་དོ། །སྡོམ་ཅན་མི་མཐུན་པ་སྟེ་ལམ་དང་ཉེ་བའི་ཉེ་འཁོར་དུ་ལྷགས་ཤིང་ཕྱིན་པར་གྱུར་པ་ལ་དེས་ ཀྱང་མ་བཀོལ་བར་ཕྱག་བྱོས་ཤིག་ཅེས་བྱ་བའི་དོན་ཏོ། །ཀྱང་གི་སྒྲ་ནི་མཐུན་པར་གྱུར་པ་ལྟ་ཞོག་གི །མི་མཐུན་པ་སྟེ་འཐབ་ཀྲོལ་ཅན་གྱིས་ཀྱང་དེ་བཀོལ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྡོམ་ཅན་མི་མཐུན་པ་དེས་ཀྱང་ཇི་ལྟར་བྱ་ཞེ་ན། དེས་ཀྱང་ནད་མེད་ཅིག་ཅེས་བརྗོད་པར་བྱ། །ཞེས་སྨོས་ ཏེ། སྡོམ་ཅན་མི་མཐུན་པས་ཕྱག་བྱ་བར་འོས་པ་དེས་ཀྱང་ནད་མེད་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་གསུམ་སྟོན་བཀའ་དང་མི་འགལ་ཕྱིར། །ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་གསུམ་གྱི་སྟོན་པ་བཅོམ་ལྡན་འདས་དེའི་བཀའ་སྟེ། སྡོམ་ཅན་མི་མཐུན་པ་ཞིག་ཕྱག་ བྱ་བར་འོས་པ་ཉེ་བར་ལྷགས་པ་ལ་ཞེས་བསླབ་པའི་གཞི་བཅའ་བ་མཛད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཉིད་ནི་ངེས་པར་གཟུང་བ་དང་རིམ་པ་གཞན་གྱི་དོན་ཡིན་ནོ། །ཀྱང་གི་སྒྲ་ནི་ཅིག་ཤོས་ཀྱིས་ཀྱང་ནད་མེད་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ་ཞེས་སྡུད་པར་བྱེད་པའོ། །དང་ ནི་ཚིག་གི་ཁ་བསྐང་བའོ། །སྦྲིད་པ་བྱུང་བ་ལ་ཇི་ལྟར་བྱ་བ་ཡིན་ཞེ་ན། རྒན་ཞུགས་ཤིན་ཏུ་རྒན་ལ་སྦྲིད་བྱུང་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ན་ཚོད་ཀྱིས་ཤིན་ཏུ་རྒན་པོར་གྱུར་པ་དེ་ཡང་རྒན་ཞུགས་ཏེ་རྒན་ཞུགས་ཀྱི་རིགས་ཅན་བླང་བ་དང་། དོར་བ་མི་ཤིས་པའི་ཕྱིར་རིང་དུ་འཚོ་བར་འདོད་ པ་དེ་ལྟ་བུར་གྱུར་པ་དེ་དག་ཀྱང་སྦྲིད་པ་བྱུང་ན་སོས་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །དེ་དག་འབའ་ཞིག་མ་ཡིན་གྱི། །ཁྱིམ་པ་སྦྲིད་པ་བྱུང་བ་ལའང་ཞེས་བྱ་བ་ལ། ཁྱིམ་པ་འཚོ་བར་འདོད་པ་ཐམས་ཅད་ལ་ཡང་སོས་ཤིག་ཅེས་བརྗོད་པར་བྱའོ། །གསར་བུ་སྦྲིད་བྱུང་ནད་མེད་ཤོག་ཅེས་བརྗོད། ། ཅེས་བྱ་བ་ལ་གསར་བུ་སྟེ་གཞོན་རབས་རྒན་ཞུགས་ཀྱི་རིགས་ལས་གཞན་པ་ལ་སྦྲིད་པ་བྱུང་ན་ནད་མེད་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །ཉིད་ནི་མོས་ཞེས་བརྗོད་པ་རྣམ་པར་གཅོད་པའི་ཕྱིར་རོ། །རྒན་པོ་སྦྲིད་བྱུང་ཕྱག་འཚལ་ཞེས་ཀྱང་བརྗོད། །ཅེས་བྱ་བ་ལ་རྒན་ཞུགས་ལས་གཞན་པའི་ རྒན་རབས་སྦྲིད་པ་བྱུང་ན་སྦྲིད་པ་དང་ལྡན་པ་ལ་ཕྱག་འཚལ་ལོ་ཞེས་བརྗོད་པར་བྱ་བའི་ཡན་ལག་ལྔ་དང་བྱིན་པ་ནས་བཟུང་བའི་རང་བཞིན་ཅན་ནི་མ་ཡིན་ནོ། །དང་ནི་མ་བསྟན་པ་སྡུད་པར་བྱེད་པའི་དོན་ཏེ། དེས་ནི་བདག་ཉིད་སྦྲིད་པ་བྱུང་ན་ནད་མེད་པར་གྱུར་ཅིག་པ་དང་། ཕྱག་འཚལ་བར་ བྱེད་པའི་རྒན་རབས་དང་གཞོན་རབས་དག་ལ་གོ་རིམས་བཞིན་དུ་ཕྱག་འཚལ་བ་དང་ནད་མེད་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །མངོན་པར་བསྟོད་པས་ཕྱག་བྱ་བ་ལ་སོགས་པས་ཕྱག་བྱས་པ་ཡང་རྣམ་པ་མང་པོ་ཡོད་པས་དེ་དག་གི་ནང་ནས་གུས་པས་ཕྱག་བྱ་བ་དུ་ཡོད་ཅེ་ན། འདི་ལ་གུས་ པར་ཕྱག་བྱ་རྣམ་གཉིས་ཏེ། །ཡན་ལག་ལྔས་གཏུགས་བྱིན་པ་གཟུང་བའོ། །ཞེས་བྱ་བ་སྨོས་ཏེ། འདི་ལ་ཞེས་བྱ་བ་ནི་བསྟན་པ་འདི་ལའོ། །རྣམ་པ་གཉིས་ཡོད་པའི་ཕྱིར་གུས་པར་ཕྱག་བྱ་བ་རྣམ་པ་གཉིས་ཁོ་ནའོ། །ཁོ་ནའི་སྒྲ་ནི་རྣམ་པ་གསུམ་པ་རྣམ་པར་བཅད་པའི་ཕྱིར་རོ། །ནིའི་སྒྲ་ ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་ཡན་ལག་ལྔ་དང་བྱིན་པ་ནས་བཟུང་བའི་རང་བཞིན་ཅན་ནི་གུས་པར་ཕྱག་བྱས་པ་ཡིན་པ་དེའི་ཕྱིར་རྣམ་པ་གཉིས་ཡིན་ནོ། །དེ་ལ་ལག་པ་གཉིས་དང་། པུས་མོ་གཉིས་ས་ལ་ཕབ་ནས་ཡན་ལག་གི་མགོ་བོས་ས་ལ་གཏུགས་པ་སྟེ། ཡན་ལག་ལྔ་ པོ་དེ་དག་གིས་ཕྱག་བྱས་པ་ནི་འདིར་ཡན་ལག་ལྔས་ཕྱག་བྱས་པ་ཡིན་ལ། ཚིག་སྔོན་དུ་སོང་བའི་ཙོག་པུས་འདུག་སྟེ་ཕྱག་བྱ་བར་འོས་པའི་བྱིན་པ་ལ་ལག་པ་གཉིས་ཀྱིས་གཟུང་བ་དེ་ལྟ་བུའི་རང་བཞིན་ཅན་གུས་པར་ཕྱག་བྱས་པ་གཉིས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མུན་པར་བླ་མ་སྤྱི་བོ་སར་གཏུགས་ པའི་ཕྱག་བྱ་མིན་ཏེ་ཞེས་བྱ་བ་ལ། མུན་པར་བླ་མ་ལ་ཕྱག་མི་བྱའོ། །བླ་མ་ཉེ་བར་མཚོན་པ་ཉིད་ཡིན་པའི་ཕྱིར་གཞན་དག་ལ་ཡང་ཕྱག་མི་བྱའོ། །ཇི་ལྟ་ཞེ་ན་སྨྲས་པ། སར་ཏེ་ས་གཞི་ལ་སྤྱི་བོའི་གཙུག་གིས་གཏུགས་པའོ། །འོ་ན་ཇི་ལྟར་ཕྱག་བྱ་ཞེ་ན། བསྟན་པའི་ཕྱིར་ཚིག་གིས་ ཕྱག་བྱ་ཞེས་བྱ་བ་སྨོས་ཏེ། ཕྱག་བྱའོ་ཞེས་བྱ་བ་ནི་ཐལ་མོ་སྦྱར་བ་སྔོན་དུ་སོང་བའི་ཚིག་གིས་ཕྱག་བྱ་བ་ཡིན་ནོ། །ཏུ་ནི་ངེས་པར་གཟུང་བའོ། །གཞན་ཡང་སྡོམ་ཅན་ཕྱག་བྱ་བར་འོས་པ་ཟས་ཟ་བ་དེ་ལ་ཕྱག་བྱའམ་མི་བྱ་ཞེ་ན། སྡོམ་ཅན་བཟའ་བ་ཅུང་ཟད་ཟ་བ་དང་། །ཞེས་བྱ་བ་ལ་ སྡོམ་ཅན་གཞན་ཕྱག་བྱ་བར་འོས་པ་གང་ཡིན་པ་དེ་བཟའ་བ་ཅུང་ཟད་ཟ་ཞིང་འདུག་པ་ལ། དེས་ཕྱག་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དང་ནི་སྡུད་པར་བྱེད་པའོ། །དེ་བཞིན་དུ། མི་གཙང་ཕྱོགས་ནི་བཀྲུ་བ་མ་བྱས་དང་། །གོས་གཅིག་པ་དང་ཁ་གདོང་མ་བཀྲུས་པ། །དེ་ལ་ཕྱག་མི་བྱ་ཞིང་ དེས་ཀྱང་མིན། །ཞེས་བྱ་བ་ལ་མི་གཙང་བའི་ལམ་གྱི་ཕྱོགས་མ་བཀྲུས་མ་སྦྱངས་པ་གང་ཡིན་པ་དེ་ནི། མི་གཙང་ཕྱོགས་ནི་བཀྲུ་བ་མ་བྱས་པའོ། །མི་གཙང་བའི་ལམ་གྱི་ཕྱོགས་ཞེས་བྱ་བ་ནི་གཅི་བ་དང་བཤང་བའི་ལམ་དག་གཟུང་སྟེ། དེ་ལྟ་བུར་གྱུར་པ་དེ་ལ་ཕྱག་མི་བྱ་ཞིང་དེས་ཀྱང་མི་བྱའོ། ། གོས་གཅིག་གང་ལ་ཡོད་པ་དེ་ནི་གོས་གཅིག་པ་སྟེ། སྟོད་གཡོགས་མེད་པ་དེ་ལ་ཕྱག་མི་བྱ་ཞིང་དེས་ཀྱང་ཕྱག་མི་བྱའོ། །ཁ་གདོང་མ་བཀྲུས་པ་ལ་སོགས་ཞེས་བྱ་བ་ནི་འདིའི་ཁ་གདོང་ཟང་ཟིང་དང་བཅས་པར་འཇུག་པ་གང་ཡིན་པ་དེ་ལ་ཡང་ཕྱག་མི་བྱ་ཞིང་དེས་ཀྱང་ཕྱག་མི་བྱའོ། །དེ་ ལྟར་ཐམས་ཅད་ལ་སྦྱར་བར་བྱའོ། །ད་ནི། ཟས་ལ་བཀད་དང་ཞེས་བྱ་བ་ལ་སོགས་པས་ཕྱག་བྱ་བ་མ་ཡིན་པ་འབའ་ཞིག་འཆད་པར་བྱེད་དེ། ཟས་ནི་ཆོས་སྟོན་ཏེ་ཟ་འདོད་པས་བཀད་པ་སྟེ་འདུག་པའོ། །ཆད་པ་སྤྱོད་པ་སྟེ་ཆད་པའི་ལས་སྤྱོད་པའི་ཕྱིར་དེ་ལ་དེ་སྐད་ཅེས་ བྱའོ། །ཁྱིམ་ན་གནས་པས་ན་འམ། ཡང་ན་རབ་ཏུ་བྱུང་བ་ཁྱིམ་ནང་ན་འདུག་པས་ན་དེ་དག་ནི་ཁྱིམ་གནས་ཏེ། དེ་གཉི་ག་ལ་ཡང་གྲགས་པ་དང་ངེས་པའི་ཚིག་གི་ཚུལ་གྱིས་ཁྱིམ་ན་གནས་པ་ཡིན་པར་རྟོགས་པར་བྱའོ། །ཚུལ་ཁྲིམས་འཆལ་པ་ནི་བདག་ཉིད་ཉེས་པ་བྱུང་བར་གྱུར་པའོ། ། ལུས་སྒྲེན་མོ་ནི་པུས་མོའི་དཀྱིལ་འཁོར་དང་ལྟེ་བའི་དཀྱིལ་འཁོར་མཐང་གོས་སམ་བླ་གོས་དག་གིས་མ་གཡོགས་པ་སྟེ། ལུས་མ་གཡོགས་པ་ཉིད་ནི་སྒྲེན་མོ་ཉིད་ཡིན་ལ་ལུས་སྒྲེན་མོ་གང་ལ་ཡོད་པ་དེ་ནི་ལུས་སྒྲེན་མོ་རྣམས་སོ། །ཟས་ལ་བཀད་པ་དང་། ཆད་པ་སྤྱོད་པ་དང་། ཁྱིམ་ན་ གནས་པ་དང་། ཚུལ་ཁྲིམས་འཆལ་པ་དང་། སྒྲེན་མོ་དང་ཞེས་གཅིག་ལ་གཅིག་སྦྱོར་བའི་བསྡུ་བ་བྱའོ། །དེ་དག་ལ་ཕྱག་མི་བྱའོ། །དེ་དག་འབའ་ཞིག་ལ་ཕྱག་མི་བྱ་བར་མ་ཟད་ཀྱི་འོན་ཀྱང་གཞན་ཡང་ཕྱག་བྱ་བ་མ་ཡིན་པ་ལ་ཕྱག་མི་བྱ་བ་ཡང་མེད་དེ། གཉིད་ལོག་པ་དང་། སྙོམས་ པར་ཞུགས་པ་ལ་སོགས་པ་ལྟ་བུའོ། །ཕྱག་བྱ་བ་དུ་ཡོད་ཅེ་ན། རྟག་པར་ནི། བདེ་གཤེགས་དང་ནི་རྒན་གཉིས་ཕྱག་བྱའོ། །ཞེས་བྱ་བ་སྨོས་ཏེ། བདེ་བར་གཤེགས་པ་བཅོམ་ལྡན་འདས་དང་། རབ་ཏུ་བྱུང་བ་སྡོམ་ཅན་རྒན་པ་གཉིས་པོ་དེ་དག་ཁོ་ན་ཉིད་ཕྱག་བྱ་བ་ཡིན་གྱི་གཞན་ལ་བྱ་བ་མ་ཡིན་ ནོ་ཞེས་བྱ་བའི་དོན་ཏོ། །དང་ནི་སྡུད་པར་བྱེད་པའོ། །སྔགས་ཀློག་པ་ཡིས་ལྷ་གཞན་ཕྱག་མི་བྱ། །ཞེས་བྱ་བ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པའི་སྔགས་ཀློག་པའི་ལྷ་གཞན་ལ་ཕྱག་མི་བྱའོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་དེ་དག་སྡོམ་པས་རྒན་པ་མིན། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ ལྷ་དེ་དག་ནི་སྡོམ་པས་རྒན་པ་མ་ཡིན་པ་དེའི་ཕྱིར་རོ་ཞེས་བྱ་བའི་དོན་ཡིན་ནོ། །འིའི་སྒྲ་ནི་ཚིག་གི་ཁ་བསྐང་བའོ། །འོ་ན་གཞན་གྱིས་བྱས་པའི་སྔགས་ཀློག་པས་ཇི་ལྟར་བརྗོད་པར་བྱ་ཞེ་ན། གཞན་གྱིས་བྱས་པའི་སྔགས་ཀློག་དཀོན་མཆོག་གསུམ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཀོན་མཆོག་གསུམ་པོ་ཁོ་ན་ལ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ་ཞེས་ཕྱག་འཚལ་བའི་མཆོད་པས་མཆོད་ནས་ཕྱིས་གཞན་གྱིས་བྱས་པའི་སྔགས་ཁོ་ན་ཀློག་ཅིང་བརྗོད་པར་བྱའོ། །འིའི་སྒྲ་ནི་རིམ་པ་གཞན་དུ་ངེས་པར་གཟུང་བའོ། །གང་ཡང་གཞན་ལ་ཕྱག་འཚལ་བར་བྱེད་པ་ དེས་ཅིར་འགྱུར་ཞེ་ན། སྐྱབས་འོས་སངས་རྒྱས་སྐྱབས་སུ་སོང་བ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རབ་ཏུ་བྱུང་བ་གང་ཞིག་སྐྱབས་སུ་འོས་པ་སངས་རྒྱས་ལ་སྐྱབས་སུ་སོང་ནས་ལྷའི་བྱེ་བྲག་གཞན་ཉིད་ལ་བསམ་པ་སྟེ། སེམས་ཀྱིས་ཕྱག་འཚལ་བར་བྱེད་པ་དེ་ལྟ་བུར་གྱུར་པ་དེ་ནི་ གྲོང་སྟེ། ལྗོངས་ཀྱི་བསོད་སྙོམས་འབར་བ་ཟ་བར་བྱེད་པ་ཡིན་ནོ། །ཅི་ཞིག་བྱས་ནས་ཤེ་ན། ཤཱཀྱའི་རིགས་ཀྱི་རྟགས་ནི་བསླུས་གྱུར་ནས། །ཞེས་བྱ་བ་སྨོས་ཏེ། ཤཱཀྱའི་རིགས་ཏེ་བཅོམ་ལྡན་འདས་ཀྱི་རྟགས་ཆ་ལུགས་བསླུས་ཤིང་གཙེས་པར་གྱུར་ཅེས་བྱ་བའི་དོན་ཏོ། །དང་ནི་གང་གི་ཕྱིར་ཆ་ ལུགས་གཞན་དང་། བསམ་པ་གཞན་དང་། བྱ་བ་གཞན་དང་། དཀོན་མཆོག་གསུམ་ལས་གཞན་དུ་ཞེས་སྡུད་པར་བྱེད་པའོ། །མཁན་པོར་གསོལ་བ་བཏབ་པ་དང་འགལ་བའི་ཕྱོགས་ཏེ་བསླབ་པའི་གཞི་བཅུ་གསུམ་པའོ།། །།ད་ནི། དེ་ནས་སྡོམ་པ་འཇིག་པའི་ཕྱོགས་བཤད་ དེ། །ཞེས་བྱ་བ་ལ་སོགས་པས་སྡོམ་པ་མཐའ་དག་འཇིག་པའི་ཕྱོགས་དང་མཐུན་པ་བརྗོད་པ་ཡིན་ནོ། །དེ་ནས་ནི་བསྟན་མ་ཐག་པའི་འོག་ཏུའོ། །སྡོམ་པ་སྟེ་དགེ་ཚུལ་གྱི་བསླབ་པའི་གཞི་མཐའ་དག་འཇིག་ཅིང་ཡོངས་སུ་བཏང་ལ་ཕུལ་བ་དེའི་ཕྱོགས་སུ་གཏོགས་པ་དེའི་དངོས་པོ་དེ་ལ་དེ་སྐད་ ཅེས་བྱའོ། །དེ་དག་ཀྱང་གང་ཞེ་ན། དཀོན་མཆོག་གསུམ་ལ་གུས་པ་མེད་པ་དང་། །ཞེས་བྱ་བ་ལ་སོགས་པས་དེ་སྟོན་པར་བྱེད་པ་ཡིན་ཏེ། དཀོན་མཆོག་གསུམ་ལ་གུས་པ་མེད་པ་ནི་བརྙས་པར་བྱེད་པ་ཡིན་ཏེ། དེས་གསུངས་པ་ལ་ནན་ཏན་དུ་མི་བྱེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལྟ་ བུའོ། །ཆོས་འདིས་ཅི་ཞིག་བྱ་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ལ་བརྙས་པ་ཡིན་ནོ། །གནང་བ་བྱིན་པ་མེད་པར་དེའི་བཀའ་ལས་ཤིན་ཏུ་འདས་སོ་ཞེས་བྱ་བ་ལ་སོགས་པ་ནི་བརྙས་པ་ཡིན་པའི་ཕྱིར་དགེ་འདུན་ལ་མ་གུས་པ་ཡིན་ནོ། །དེ་བཞིན་དུ་དེ་ལྟར་གྱི་སྒྲ་ཐམས་ཅད་དུ་བལྟ་བར་བྱ་ སྟེ། དེ་ལྟར་འོག་ཏུ། ཉི་མ་ལྔ་ལས་ལྷག་པར་གནས་མེད་དང་། །ཞེས་བྱ་བ་ལ་གནས་ཤིའམ་བསླབ་པ་བཏང་ངམ་ཡུལ་གཞན་དུ་སོང་བ་ན་གནས་ཚོལ་བའི་ཕྱིར་ཞུགས་ན་ཉི་མ་ལྔ་ལས་ལྷག་པར་གནས་མེད་པར་གནས་པ་དེ་ལ་ཁ་ན་མ་ཐོ་བ་དང་བཅས་པ་མ་ཡིན་པར་མི་ འགྱུར་རོ། །འམ་ནི་རྣམ་པར་རྟོག་པའི་དོན་ཏེ། ཚོལ་བ་ལ་འཇུག་པ་ཉིད་ལས་མ་རྙེད་པར་གྱུར་ན་ཉིན་ཞག་དང་པོ་ནས་བརྩམས་ཏེ་ཞེས་བྱ་བ་དང་། གནས་མེད་པར་ཡུལ་གཞན་དུ་སོང་ན་གནས་སུ་ཕྱིན་པ་ན་ཉི་མ་གསུམ་པའི་འོག་ཏུ་གནས་མེད་པར་གནས་པ་ཡིན་ནོ་ཞེས་བྱ་བ་དེ་དག་ཁོང་དུ་ཆུད་ པར་བྱའོ། །འདིར་ཇི་སྐད་བཤད་པའི་ཉིན་ཞག་ལས་ལྷག་པར་གནས་མེད་པར་འདུག་པ་འབའ་ཞིག་ལ་ཡིད་ཀྱིར་འགྱུར་བར་མ་ཟད་ཀྱི། འདི་རྙེད་པ་དང་བཟའ་བ་ཡང་མི་དབང་ངོ་། །སྐབས་དབྱེ་བ་དང་གསོ་སྦྱོང་ལས་ཉམས་རྣམས། །ཞེས་བྱ་བ་ལ་དགག་དབྱེ་དང་གསོ་སྦྱོང་དེ་དག་གི་ ལས་ཏེ་བྱ་བ་དེ་ཉམས་པ་ནི་མི་བྱེད་པ་ཡིན་ནོ། །འདི་སྐད་དུ་དགག་དབྱེ་དང་། གསོ་སྦྱོང་གི་ལས་དགེ་ཚུལ་མི་བྱེད་ན་ཡིད་ཀྱིར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །དགེ་ཚུལ་ལ་གསོ་སྦྱོང་བྱ་བར་གསུངས་པ་ཉིད་ཀྱི་ཕྱིར་ཉེས་པ་མེད་དོ་སྙམ་དུ་སེམས་པར་འགྱུར་བའི་ཕྱིར། ཅི་སྟེ་ཆོ་ག་ མངོན་སུམ་མེད་ཀྱང་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཇི་སྟེ་མངོན་སུམ་སྟེ་དངོས་སུ་གསོ་སྦྱོང་བྱེད་པའི་ཆོ་ག་དགེ་ཚུལ་དག་གིས་གསོ་སྦྱོང་བྱའོ་ཞེས་བྱ་བ་མེད་པ་དེ་ལྟ་ན་ཡང་དགག་དབྱེ་བཤད་པ་སྟེ། འདུལ་བ་འདིར་དགེ་ཚུལ་དག་གི་དགག་དབྱེ་བཤད་ཅིང་བསྟན་པའི་ཕྱིར་གསོ་སྦྱོང་ཡོད་པ་ ཡིན་ནོ། །གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱི་དགག་དབྱེ་བྱས་ནས་དགེ་ཚུལ་དག་གི་དགག་དབྱེ་བྱའོ། །ཞེས་གསུངས་པ་དེའི་ཕྱིར་དེ་དག་གི་གསོ་སྦྱོང་ཡང་ཡོད་པ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱ་སྟེ། འདི་གཉིས་ལ་དོན་ཐ་དད་པ་མེད་པའི་ཕྱིར་ཇི་ལྟར་ན་ཚིག་གཅིག་གིས་ཅིག་ཤོས་ ཐོབ་པར་རུང་སྙམ་པའི་བློས་དོགས་པ་ལ། སྐབས་དབྱེ་བ་ནི་དག་པ་བརྗོད་པའི་དོན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དག་པ་སྟེ་ཉེས་པ་མེད་པ་དེ་ཉིད་ཀྱི་ཕྱིར་བརྗོད་ཅིང་བསྟན་པའི་དོན་ཏོ། །དགག་དབྱེའི་དགོས་པ་གང་ཡིན་པ་དེ་ནི། །ཞེས་བྱ་བའི་དོན་ཏེ་དེ་ལྟར་རིག་པར་བྱའོ། །དེ་གང་ཞེ་ན། དེ་དང་གསོ་སྦྱོང་དོན་ནི་ཐ་དད་མེད། །ཅེས་བྱ་བ་སྨོས་ཏེ། གསོ་སྦྱོང་གི་དོན་ཏེ་དགོས་པ་དེ་ཉིད་དགག་པ་བརྗོད་པའི་མཚན་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར་འདིར་དགག་དབྱེའི་ཐད་ལས་གསོ་སྦྱོང་གི་དོན་ཐ་དད་པ་མེད་དེ་ལྷག་པ་མེད་ཅེས་བྱ་བའི་དོན་ཏོ། །དེའི་ཕྱིར་གསོ་སྦྱོང་གི་དགོས་པ་ཡང་དག་པ་ཁོ་ན་ཡིན་པའི་ ཕྱིར་མ་གསུངས་སུ་ཟིན་ཀྱང་ཚིག་ཅིག་ཤོས་ཀྱིས་གྲུབ་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དགག་དབྱེ་བྱས་ནས་ཡང་གསོ་སྦྱོང་བྱ་བ་མ་ཡིན་ཏེ། དགག་པ་ཉིད་དུ་གྲུབ་པའི་ཕྱིར་རོ། །འདིའི་སྔགས་གང་ཡིན་ཞེ་ན། བཙུན་པ་དགོངས་ཤིག །དེང་འདིར་འཕགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ ཏེ། འདིར་དེ་ལྟ་བུའི་སྔགས་ཀྱི་མཚན་ཉིད་སྨྲ་ཞིང་བརྗོད་པར་བྱ་བ་ཡིན་ནོ། །བཙུན་པ་དགོངས་ཤིག་ཅེས་བྱ་བ་ལ་སོགས་པས་དེ་འཆད་པར་བྱེད་པ་ཡིན་ཏེ། ཀྱེ་བཙུན་པ་དགོངས་སུ་གསོལ། དེང་འཕགས་པའི་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པའམ་བཅུ་བཞི་པ་ལགས་ལ། དེ་ལྟར་དེང་ བདག་དགེ་ཚུལ་གྱི་ཡང་གསོ་སྦྱོང་བཅོ་ལྔ་པའམ་བཅུ་བཞི་པ་ལགས་ཏེ། ཡང་དག་པར་དགག་པ་བདག་ཉིད་ཀྱིས་བརྗོད་པར་བྱའོ་ཞེས་བྱ་བ་དེ་ལྟ་བུ་ནི་སྔགས་ཡིན་ཏེ། དེ་དག་ནི་སྔགས་ཀྱི་ཉེ་བར་མཚོན་པ་ཡིན་ནོ། །སྔགས་དགེ་སློང་གི་མདུན་དུ་འདི་ལྟར་བརྗོད་པར་བྱ་སྟེ། བཙུན་པ་ དགོངས་སུ་གསོལ། །དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པའམ། བཅུ་བཞི་པ་ལགས་ལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པའམ། བཅུ་བཞི་པ་ལགས་ཏེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་དེའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ བདག་ཉིད་སྨྲའོ་ཞེས་བྱ་བ་ཡིན་ནོ། །མཆོད་རྟེན་ཉེ་འཁོར་ཅི་ནུས་ཕྱགས་ནས་ཀྱང་། །ཞེས་བྱ་བ་ལ་སོགས་པས་གསོ་སྦྱོང་དགག་དབྱེའི་ཐོག་མར་བྱ་བ་སྟོན་ཏེ། གསོ་སྦྱོང་ལ་སོགས་པའི་དང་པོ་སྟེ། ཐོག་མར་མཆོད་རྟེན་གྱི་ཉེ་འཁོར་སྐུ་གདུང་གི་ཉེ་འཁོར་དད་པས་ཅི་ནུས་ཕྱགས་པ་དང་། སྐྱང་ནུལ་བྱས་ནས་སོ། །བདུག་པ་མེ་ཏོག་རྣམས་ཀྱིས་གཏོར་བར་བྱ། །ཞེས་བྱ་བ་ལ་མེ་ཏོག་རྣམས་ཀྱིས་གཏོར་ཞིང་གཅལ་དུ་བཀྲམ་པ་བྱས་ནས་སོ། །དེ་ལྟར་བྱས་པའི་འོག་ཏུ་བདག་ཉིད་ཀྱིས་བདག་ཉིད་ཀྱི་རྒྱུད་ལ་བསམས་ཤིང་བདག་ལ་ཉེས་པ་བྱུང་བར་གྱུར་ཏམ་ཞེས་སོ་སོར་རྟོག་པར་འདོད་ པས་རྒྱུད་ལ་དཔྱད་པར་བྱའོ་དེ་ནས་ཕྱིས་སྡོམ་ཅན་གྱི་མདུན་དུ་ཉེས་པ་དེ་ཉེས་བྱས་སོ་སོར་བཤགས་པར་བྱའོ། །སོ་སོར་བཤགས་པར་བྱ་ཞེས་བྱ་བ་འདིས་འདི་སྐད་དུ་ཐོག་མར་བསྒྲགས་ནས་ཕྱིས་སྤྱིར་བདག་གིས་ཇི་སྐད་དུ་བརྗོད་པ་ཞེས་བཤགས་པར་མི་བྱའི། འོན་ཀྱང་ སྔགས་ཀྱིས་ཀྱང་ཉེས་པ་སོ་སོར་བརྗོད་པར་བྱ་བ་ཡིན་ནོ། །རྣམ་པ་གཞན་དུ་ན་བཤགས་པ་མ་བྱས་པར་འགྱུར་ཏེ་བསྒྲགས་པ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པར་འགྱུར་རོ། །ཉེས་པ་བཤགས་པ་དང་གསོ་སྦྱོང་བྱིན་གྱིས་བརླབས་པ་དང་། དགག་དབྱེ་དགེ་ཚུལ་གྱིས་དགེ་སློང་གི་མདུན་དུ་ཞེས་ཁོང་དུ་ཆུད་ པར་བྱའོ། །ད་ནི། ཉི་མ་ལྔ་ལས་ལྷག་པར་གནས་མེད་དང་། །ཞེས་སྔར་བསྟན་པའི་གནས་དེའི་རང་གི་ངོ་བོར་བསྟན་པའི་ཕྱིར། ཚུལ་ཁྲིམས་ལྡན་ཞིང་འདུལ་ལ་མཁས་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚུལ་ཁྲིམས་ནི་འཆལ་པའི་ཚུལ་ཁྲིམས་ཀྱི་སྐབས་མ་ཡིན་པའི་ཕྱིར་སྲོག་ གཅོད་པ་ལ་སོགས་པ་ལས་སླར་ལྡོག་པའི་མཚན་ཉིད་འདུལ་བ་ལས་གསུངས་པ་དང་། གཞན་དགེ་བར་སྤྱོད་པ་དང་། དྲང་པོའི་རང་བཞིན་ཅན་དང་། གཉེན་པ་ཉིད་དང་། ཕན་པར་འདོད་པ་ཉིད་དང་། ཕན་པ་སྤྱོད་པ་ཉིད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གང་གིས་དགེ་བའི་ངང་ཚུལ་ཅན་ཡིན་ནོ་ ཞེས་འཇིག་རྟེན་པ་དག་སེམས་ཏེ། དེ་དང་ལྡན་ཞིང་ཡང་དག་པར་འབྱོར་པ་ནི་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ། །གང་གི་ཕྱིར་དེ་ལྟ་བུར་གྱུར་པ་ཁོ་ནས་སེམས་ཅན་སྡུད་པར་ནུས་ཀྱི་གཞན་གྱིས་ནི་མ་ཡིན་ཏེ། ལྡོག་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་ ཡོན་ཏན་འོད་ཀྱིས་ཚུལ་ཁྲིམས་དང་ལྡན་པ་མང་དུ་ཐོས་པ་དང་སྦྱར་བ་ཞེས་བསྟན་པ་ཡིན་ནོ། །འདུལ་བ་ལ་མཁས་པ་ནི་ལྟུང་བ་དང་ལྟུང་བ་མ་ཡིན་པའི་རྣམ་པ་ཤེས་པའི་ཕྱིར་མཁས་པའོ། །ནད་པ་དག་དང་གནས་པ་དག་ལ་སྨན་དང་ནད་གཡོག་བྱེད་པ་ལ་སོགས་པས་སྙིང་བརྩེ་བ་ནི་ནད་པ་ ལ་སྙིང་བརྩེ་བའོ། །འཁོར་དག་དང་ཞེས་བྱ་བ་ལ་འཁོར་ནི་སློབ་མ་དང་ཉེ་གནས་ཡིན་ཏེ། དེ་དག་གལ་ཏེ་ཚུལ་ཁྲིམས་དང་། ལྟ་བ་དང་། སྤྱོད་པ་དང་། འཚོ་བ་ལ་སོགས་པས་ཡོངས་སུ་དག་པར་འགྱུར་བ་དེ་ལྟ་བུ་དེས་ནི་གནས་ཀྱི་འཁོར་དག་པ་ཡིན་པར་འགྱུར་རོ། །ཆོས་དང་ཟང་ཟིང་ ཕན་འདོགས་དེ་མཆོག་བྱེད། །ཅེས་བྱ་བ་ལ་ཆོས་ནི་དམ་པའི་ཆོས་ཀློག་པ་ལ་སོགས་པ་ཡིན་ལ། ཟང་ཟིང་ནི་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་ཡིན་པས་ན་དེ་གཉིས་ཀྱིས་རྗེས་སུ་ཕན་འདོགས་པ་སྟེ་ཡང་དག་པར་སྦྱིན་པ་དག་གིས་དེ་དག་ལ་ཕན་འདོགས་པ་ལ་གཞོལ་བས་ན། ཆོས་དང་ ཟང་ཟིང་ཕན་འདོགས་དེ་མཆོག་ཅེས་བརྗོད་དོ། །དུས་སུ་སྟོན་པ་ཞེས་བྱ་བ་གང་ཞིག་གང་གདམས་པའི་དུས་དང་། རྗེས་སུ་སྟོན་པའི་དུས་དེ་ནི་དེ་ལ་དུས་སུ་སྟོན་པ་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དཔེར་ན་གདམས་པར་འོས་པའི་ཉེ་གནས་དག་ལ་དུས་ཏེ་གནས་སྐབས་དབེན་པར་རྗེས་སུ་བསྟན་པར་བྱ་བ་ ཡིན་གྱི་རྣམ་པ་གཞན་དུ་ན་སྐྱོན་མེད་པ་ལ་རྒྱབ་ཀྱིས་ཕྱོགས་པ་སྐྱེ་བར་འགྱུར་བ་དང་། ཕ་རོལ་པོ་དང་ཐག་ཉེ་བར་གྱུར་པས་སྟོན་པར་འགྱུར་ཏེ། ངོ་ཚ་བ་དང་བྲལ་བར་གྱུར་པའི་ཕྱིར་རོ། །དེའི་སྒྲ་ནི་དེ་ལྟར་ནའི་དོན་ཡིན་ཏེ་དེ་ལྟར་བཤད་མ་ཐག་པའི་ཡོན་ཏན་དང་ལྡན་པའི་བླ་མ་དེ་ནི་སེམས་ཅན་སྡུད་པ་ལ་ བསྔགས་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་བུ་ཡིན་པ་དེའི་ཕྱིར་དེ་ལྟ་བུར་གྱུར་པའི་ཐད་ལས་གནས་གཟུང་བར་བྱའོ། །དང་ནི་རིམ་པ་གཞན་དང་སྡུད་པའི་དོན་ཏོ། །དེ་ལྟར་ཡང་གནས་གཟུང་བ་ནི་རྐང་པ་གཉིས་ལ་ཕྱག་བྱ་ཞིང་ཕྱག་བྱས་ནས་བྱིན་པ་གཉིས་དང་། རྐང་པ་གཉིས་ཀྱི་མཐིལ་བཅངས་ནས་ འདི་སྐད་དུ། བཙུན་པ་དགོངས་སུ་གསོལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་བཙུན་པ་ལ་གནས་པར་གསོལ་ན། བཙུན་པས་བདག་ལ་གནས་སྩལ་དུ་གསོལ། བདག་བཙུན་པའི་ཐ་ན་གནས་པར་བགྱིའོ་ཞེས་བརྗོད་པ་ན་གནས་ཀྱིས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ་ཞིང་། བདག་ཉིད་ ཀྱིས་ལེགས་སོ་ཞེས་བརྗོད་པར་བྱའོ། །ད་ནི། སློབ་དཔོན་ལ་ནི་དད་ཅིང་ཚུལ་ཁྲིམས་གཙང་། །ཞེས་བྱ་བ་ལ་སོགས་པས་གནས་པའི་མཚན་ཉིད་སྟོན་ཏེ། སློབ་དཔོན་ལ་དད་པ་ནི་སློབ་དཔོན་ལ་དད་པ་སྟེ། འདི་སྐད་དུ་སློབ་དཔོན་ལ་མཉན་པ་དང་གུས་པ་དག་གིས་སྟེན་པར་བྱེད་ཅེས་བསྟན་པར་ འགྱུར་རོ། །ཚུལ་ཁྲིམས་གཙང་ཞེས་བྱ་བ་ནི་ཚུལ་ཁྲིམས་ཡོངས་སུ་དག་པ་གང་ལ་ཡོད་པ་ཞེས་བྱ་བའི་དབང་དུ་མཛད་ནས་བསླབ་པ་འདོད་ཅེས་བྱ་བའི་ཐ་ཚིག་གོ། །བསམ་གཏན་དང་ནི་ཀློག་ལ་རྟག་ཏུ་བརྩོན། །ཞེས་བྱ་བ་ནི་བསྒོམ་པ་དང་དམ་པའི་ཆོས་ཀློག་པ་ལ་རྟག་ཏུ་བརྩོན་པ་སྟེ་ལེ་ལོས་ གནོད་པར་མ་གྱུར་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །ཀློག་པ་སྨོས་པ་ནི་མཉེན་པ་ལ་སོགས་པའི་ཉེ་བར་མཚོན་པར་བྱེད་པའོ། །དང་ནི་སྡུད་པའི་དོན་ཏོ། །སྒྲིན་ཞིང་དུལ་ལ་དེས་དང་ལྡན་པ་ནི། །ཞེས་བྱ་བ་ལ་སྒྲིན་པ་ནི་གནས་འཆའ་བར་བྱེད་པ་ལ་ལེ་ལོའི་རྣམ་པ་དང་མི་ལྡན་པ་ ཡིན་ཏེ། གཞན་ཀློག་པ་ལ་སོགས་ལ་རྟག་ཏུ་བརྩོན། །ཞེས་བྱ་བ་སྨྲས་པའི་ཕྱིར་རོ། །ལུས་དང་ངག་གི་བྱ་བ་ལ་ཁྱད་པར་དུ་འདུལ་ཞིང་ཐུལ་བས་ན། དེ་དུལ་བ་སྟེ་རྒོད་པ་སྤངས་པ་དང་བྲལ་བ་ཞེས་བྱ་བའི་བར་དུའོ། །དེས་པ་སྟེ་བཟོད་པ་དང་ལྡན་ཞིང་འབྱོར་པ་དེ་ལྟ་བུར་གྱུར་པའི་སྡོམ་ཅན་གནས་འཆའི་ ཆོས་དང་ལྡན་པར་ཤེས་པར་བྱའོ། །འདི་སྐད་དུ་དེ་ལྟ་བུར་གྱུར་པའི་གནས་པ་ཞེས་བསྟན་པར་འགྱུར་རོ། །དགག་དབྱེ་བཤད་པས་འདིར་ཡང་གསོ་སྦྱོང་ཡོད། །ཅེས་སྔར་སྨོས་པས་དབྱར་ཚུལ་དུ་ཞུགས་པ་ལ་དགག་དབྱེ་ཡོད་པའི་ཕྱིར། དབྱར་ཡང་ཚུལ་དུ་འཇུག་པར་བྱ་བ་སྟེ། །ཞེས་བྱ་ བས་དེ་སྟོན་པ་ལ། དབྱར་ཏེ་དབྱར་གྱི་དུས་སུ་དབྱར་གནས་པར་ཁས་ལེན་པར་བྱེད་པ་ནི་དབྱར་ཚུལ་དུ་འཇུག་པ་སྟེ། ཁས་ལེན་པ་དམ་བཅའ་བའི་སྔགས་ཀྱིས་འདིར་གནས་པར་བགྱིའོ་ཞེས་ཚུལ་དུ་འཇུག་པ་དགེ་ཚུལ་གྱིས་རབ་ཏུ་བྱ་བ་ཡིན་ནོ། །དེ་ལ་དབྱར་ཚུལ་དུ་འཇུག་པ་ཞེས་བྱ་བ་འདིར། དབྱར་གྱི་སྒྲས་དབྱར་ཟླ་འབྲིང་པོའི་དང་པོའི་ཞག་གམ་དེ་མ་ཐག་པའི་ཟླ་བའི་ཞག་ལ་བྱ་སྟེ། དེ་ལ་སོགས་པ་དབྱར་གྱི་དུས་རྣམ་པར་གཞག་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཁས་བླང་བར་བྱ་ཞེ་ན། གྲོང་ལ་སོགས་པའི་མིང་བརྗོད་རིམ་པ་བཞིན། །ཞེས་བྱ་བ་སྨོས་པ་ཡིན་ཏེ། གྲོང་དང་། སྦྱིན་བདག་དང་། ཞལ་ ཏ་བ་དང་། ནད་གཡོག་དག་གི་མིང་སྨོས་པའི་རིམ་པ་བཞིན་དུ་ཚུལ་དུ་འཇུག་པར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་འདི་ལྟར་ཁས་བླང་བར་བྱ་སྟེ། དབྱར་ཟླ་ར་བའི་དེ་མ་ཐག་པ་དབྱར་ཟླ་འབྲིང་པོའི་ཉིན་ཞག་དང་པོའི་མཚན་མོ་དགེ་སློང་གི་མདུན་དུ། བཙུན་པ་དགོངས་སུ་གསོལ། དེང་དགེ་འདུན་ གྱི་དབྱར་ཉེ་བར་བསྒྲུབ་པའི་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལགས་ལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་ཡང་དབྱར་ཉེ་བར་བསྒྲུབ་པའི་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལགས་ཏེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་གནས་འདིར་འདི་ལྟ་སྟེ་གནས་རལ་བ་དང་། འདྲུམས་པ་བཅོས་པའི་ སླད་དུ་སྦྱིན་བདག་མིང་འདི་ཞེས་བགྱི་བ་དང་། ཞལ་ཏེ་བ་ཆེ་གེ་མོ་ཞིག་ཅེས་བགྱི་བ་དང་། སྤྱོད་ཡུལ་གྱི་གྲོང་ཆེ་གེ་མོ་ཞེས་བགྱི་བ་དང་། ནད་གཡོག་ཆེ་གེ་མོ་ཞེས་བགྱི་བས་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླང་ངོ་། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། ཅིག་ཤོས་ཀྱིས་ཐབས་ཡིན་ནོ། །ཞེས་བརྗོད་པར་བྱ་ཞིང་བདག་ཉིད་ཀྱིས་ལེགས་སོ་ཞེས་བརྗོད་པར་བྱ་བ་ཡིན་ཏེ། དེ་ལྟ་བུའི་སྔགས་ཀྱིས་ཁས་བླང་བར་བྱའོ། །དབྱར་གྱི་ནང་དུ་གཞན་དུ་འགྲོ་དགོས་པའི་རྐྱེན་བྱུང་ན་ཇི་ལྟར་བྱ་ཞེ་ན། ཇི་སྟེ་དེ་ནི་གཞན་དུ་འགྲོ་འདོད་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ དབྱར་ཚུལ་དུ་ཞུགས་པའི་གནས་ལས་དེ་གཞན་དུ་འགྲོ་བར་བྱེད་པ་དེའི་ཚེ་དགེ་སློང་མདུན་དུ་ཉི་མ་བདུན་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ་འགྲོ་བ་ལ་ཉེས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཉི་མ་བདུན་སྨོས་པ་ནི་ཆེས་མཆོག་ཏུ་བྱ་བ་ཡིན་ཏེ། ཉི་མ་གཅིག་ལ་ཡང་བྱིན་གྱིས་བརླབ་པ་འདུལ་བ་ལས་ གསུངས་པའི་ཕྱིར་རོ། །འདི་ལྟར་བྱིན་གྱིས་བརླབ་པར་བྱ་སྟེ། བཙུན་པ་དགོངས་སུ་གསོལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས། བདག་མིང་འདི་ཞེས་བགྱི་བ་ཆོས་དང་ལྡན་པའི་དགེ་འདུན་གྱི་བྱ་བ་ཞིག་གི་སླད་ དུ་དགུང་བདུན་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་བཙུན་པའི་སྤྱན་སྔར་བྱིན་གྱིས་བརླབ་བོ། །བདག་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་འདི་ལགས་སོ་ཞེས་བརྗོད་པར་བྱའོ། །ཚུལ་ཁྲིམས་ཉམས་པ་ངལ་སོར་གཞུག་མི་བྱ། །ཞེས་བྱ་བ་ནི་ཚུལ་ཁྲིམས་ཉམས་ཤིང་ ཞིག་པ་གང་ཡིན་པ་ནི་ཚུལ་ཁྲིམས་ཉམས་པ་སྟེ། མཐའི་ཉེས་པ་བྱུང་བ་གང་ཡིན་པ་དེ་གལ་ཏེ་ཤེས་པའམ་དོགས་པའམ་ཡིད་ཆེས་པ་ལས་ཐོས་པ་དེ་ལྟ་བུར་གྱུར་པ་དེ་ངལ་སོར་གཞུག་པར་མི་བྱ་སྟེ། ལུས་དུབ་ཅིང་ཉམ་ཆུང་བར་གྱུར་པ་ངལ་སོ་བར་བྱེད་པའོ། །དེ་ནི་ཐ་ན་སོ་ཤིང་བསྟབ་པ་ཙམ་གྱི་ བསྙེན་བཀུར་དུ་བྱ་བ་ཐམས་ཅད་ཀྱི་ཉེ་བར་མཚོན་པར་བྱེད་པའོ། །དེ་དང་གནས་དང་ལོངས་སྤྱོད་བྱ་བ་མིན། །ཞེས་བྱ་བ་ནི་ཚུལ་ཁྲིམས་འཆལ་པ་དེ་དང་། ལྷན་ཅིག་གནས་གཅིག་ཏུ་གནས་པ་ཐ་ན་ནུབ་གཅིག་དག་ཀྱང་ངོ་། །ལོངས་སྤྱོད་ནི་རྣམ་པ་གཉིས་ཏེ། ཟང་ཟིང་གི་ལོངས་སྤྱོད་དང་། ཆོས་ཀྱི་ ལོངས་སྤྱོད་དོ། །དེ་ལ་ཟང་ཟིང་གི་ལོངས་སྤྱོད་ནི་གཅིག་ཏུ་དགའ་བས་གནས་པ་དང་། བཟའ་བའམ་བཏུང་བ་ཀུན་དུ་ལོངས་སྤྱོད་པ་དང་། དེ་ལ་བྱིན་པའམ་དེ་ལས་ལེན་པ་དེ་དག་ཐམས་ཅད་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཆོས་ཀྱི་ལོངས་སྤྱོད་ནི་དེ་ལས་དམ་པའི་ཆོས་ཀྱི་ གདམས་ངག་མནོད་པ་དང་འཛིན་པ་ལ་སོགས་