Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 166

Văn bản gốc(Tây Tạng)

Trang 18 / 18 (50.000 ký tự/trang)
པ་དང་། གསོ་སྦྱོང་ལ་སོགས་པ་ཉམས་སུ་མྱོང་བ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དེ་ལྟ་བུར་གྱུར་པ་གང་ཡིན་པ་དེ་དང་ལྷན་ཅིག་གནས་པ་དང་ལོངས་སྤྱད་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཤིན་ཏུ་ཐལ་བར་འགྱུར་བའི་དམིགས་ཀྱིས་བསལ་བ་ནི། ཕ་མ་
དང་ནི་བླ་མ་ནད་པ་རྣམས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕ་དང་མ་ནི་ཕ་མའོ། །དེ་དག་དང་བླ་མ་སྟེ་སློབ་དཔོན་དང་། མཁན་པོ་དག་དང་ནད་པ་རྣམས། །ཞེས་བྱ་བའི་ནད་པ་དག་ཚུལ་ཁྲིམས་ཉམས་པ་སྟེ། ཚུལ་ཁྲིམས་དང་བྲལ་བར་གྱུར་ཀྱང་བསྙེན་བཀུར་བྱ་བ་ཡིན་ཏེ། ཕན་འདོགས་
པའི་ཞིང་ཉིད་ཡིན་པའི་ཕྱིར་དང་། སྙིང་རྗེའི་ཞིང་ཉིད་ཡིན་པའི་ཕྱིར་དེ་དག་ནི་ཚུལ་ཁྲིམས་རྗེས་སུ་བརྟག་པར་བྱ་བ་མ་ཡིན་ནོ། །ཡང་ནའི་སྒྲ་ནི་ངག་ཉེ་བར་བཀོད་པ་ཡིན་ལ་དང་ནི་སྡུད་པའི་དོན་ཏོ། །འཐབ་ཀྲོལ་བྱེད་པ་དག་ཇི་ལྟར་བྱ་ཞེ་ན། འཐབ་ཀྲོལ་ཅན་དང་ཁྱིམ་སུན་འབྱིན་པ་དང་། །ཞེས་བྱ་བ་
ལ་སོགས་པས་སྟོན་ཏེ། འཐབ་ཀྲོལ་ཅན་ཏེ་རྩོད་པ་བྱེད་པ་དག་ལ། གལ་ཏེ་བཟློག་ཏུ་ཟིན་ཀྱང་རྩོད་པ་མི་གཏོང་བ་དེའི་ཚེ་བསྐྲད་པར་བྱ་བ་ཡིན་ནོ། །ཁྱིམ་སྟེ་བྲམ་ཟེ་དང་ཁྱིམ་བདག་དག་ཆང་བཏུང་བ་ལ་སོགས་པ་མ་དད་པའི་དངོས་པོ་ཀུན་དུ་སྤྱོད་པས་སུན་འབྱིན་པར་བྱེད། མ་དད་པར་བྱེད་པ་
གང་ཡིན་པ་དེ་ཡང་བསྐྲད་པར་བྱའོ། །དེ་དག་འབའ་ཞིག་བསྐྲད་པར་བྱ་བར་མ་ཟད་ཀྱི་གསུམ་པ་ཡང་བསྐྲད་པར་བྱ་བ་ཡིན་ནོ། །དེ་གང་ཞེ་ན། འདིར་ཚུལ་ཁྲིམས་ཉམས་པ་ཞེས་བྱ་བ་སྨོས་ཏེ། འདིར་ཞེས་བྱ་བ་ནི་ཆོས་འདུལ་བ་འདིར་རོ། །ཚུལ་ཁྲིམས་ཉམས་ཤིང་ཚུལ་ཁྲིམས་
འཆལ་པར་གྱུར་པ་དེ་ཡང་བསྐྲད་པར་བྱའོ། །ཅི་ཞིག་བྱས་ནས་ཤེ་ན། གཎྜཱི་བརྡུངས་ནས་ཞེས་བྱ་བ་སྨོས་ཏེ། གཎྜཱི་བརྡུངས་ཤིང་དགེ་འདུན་གྱི་ཚོགས་ནས་རྣམ་པར་དཔྱད་དེ་བསྐྲད་པར་བྱ་བ་ཡིན་གྱི་དེ་ལྟ་དེ་ལྟར་ནི་བསྐྲད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །

ཇི་ལྟར་བྱས་ནས་བསྐྲད་པར་བྱ་བ་ཡིན་ཞེ་ན། རུལ་པའི་རོ་བཞིན་དུ་ནི་ཞེས་བྱ་བ་སྨོས་ཏེ། རོ་དང་རུལ་པ་ཞེས་བྱ་བ་ནི་རུལ་པའི་རོ་སྟེ་རྣམ་པ་དེ་ལྟ་བུར་རོ། །དེ་བཞིན་དུ་ནི་རྣམ་པ་འདི་ལྟར་ཞེས་རྟོག་པའི་ཕྱིར་ཏེ། འདི་ལྟར་ཤི་བའི་རོ་རུལ་པར་གྱུར་པ་དང་ལྷན་ཅིག་གནས་པར་མི་ནུས་ཏེ་
སྐྱོ་བར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་བཞིན་དུ་དེ་དག་ཀྱང་རུལ་བའི་རོ་བཞིན་དུ་བྱའོ། །གཎྜཱི་བརྡུང་བ་ནི་དགེ་འདུན་བསྡུ་བའི་དོན་ཡིན་གྱི། བསྐྲད་པའི་ཕྱིར་ནི་མ་ཡིན་ཏེ། དེའི་དོན་དུ་གཎྜཱི་བརྡུང་བ་མ་གསུངས་པའི་ཕྱིར་རོ། །ཅི་འཐབ་རྩོད་བྱས་ནས་སམ་ཞེ་ན། འཐབ་
རྩོད་མེད་པར་ཞེས་བྱ་བ་སྨོས་ཏེ། རྩོད་པ་མ་བྱས་པ་ཁོ་ནར་ཏེ་ལུས་ཀྱི་འཐབ་རྩོད་ལ་སོགས་པ་དེའི་དོན་དུ་མ་བྱས་པར་ཞེས་བྱ་བའི་ཐ་ཚིག་གོ། །བསྐྲད་པར་བྱ་བ་དེ་དག་གི་རྟེན་དུ་གྱུར་པ་དེ་དག་ཇི་ལྟར་བྱ་ཞེ་ན། མདོ་འཛིན་གཞན་ཡང་རྟེན་གྱུར་གང་ཡིན་པ། །ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། མདོ་སྡེ་འཛིན་པ་དང་དེ་བཞིན་དུ་གཞན་ཡང་འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དང་། མང་དུ་ཐོས་པ་རྟེན་དུ་གྱུར་པ་དེ་དག་ཀྱང་བསྐྲད་པར་བྱའོ། །ཇི་ལྟར་ཞེ་ན། ཆོ་ག་བཞིན་དུ་བརྟགས་ཏེ་ཞེས་བྱ་བ་སྨོས་ཏེ། འདུལ་བའི་ཆོ་ག་བཞིན་དུ་དཔྱད་ནས་ཞེས་བྱ་བའི་ཐ་ཚིག་གོ། །
དང་ནི་སྡུད་པའི་དོན་ཏོ། །གང་གི་ཚེ་རྟེན་བྱེད་པ་བཏང་བར་གྱུར་པ་དེའི་ཚེ་རྟེན་བྱེད་པ་གྲོལ་བར་གྱུར་པ་ཡིན་པས་ཡང་གཞག་པར་བྱའོ། །གལ་ཏེ་མ་བཅུག་ན་དེའི་ཚེ་གདོན་མི་ཟ་བར་ཉེས་པར་འགྱུར་ཏེ། འདི་སྐད་དུ་གལ་ཏེ་བཟོད་པ་བྱ་བར་འོས་པ་དང་། རྒྱུ་མཚན་བཏང་བ་དག་འཇུག་ཏུ་མ་
བཅུག་གམ། བཟོད་པ་མ་བྱས་པ་དེའི་ཚེ་གདོན་མི་ཟ་བར་བཟོད་པ་མ་བྱས་པ་ལས་ཉེས་པ་ཁོ་ནར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །གྲངས་ཅན་ལ་སོགས་བློ་དམན་གང་ཀློག་པ། །དེ་ལ་ཁ་ཟས་ཙམ་ཡང་དུག་ཏུ་འགྱུར། །ཞེས་བྱ་བ་ལ་གྲངས་ཅན་ལ་སོགས་པའི་ཕྱི་རོལ་གྱི་བསྟན་
བཅོས་བློ་དམན་པ་གང་ཞིག་ཀློག་པར་བྱེད་ན་དགེ་ཚུལ་དེ་ལ། གྲོང་ངམ་དགེ་འདུན་གྱི་ཁ་ཟས་ཟ་བ་དུག་ཉིད་དུ་འགྱུར་ཏེ་དེ་ལྟ་བུ་ལ་མངོན་པར་སྦྱོར་བ་དེ་དག་ལ་གནང་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་ཕྱི་རོལ་གྱི་བསྟན་བཅོས་རུང་བ་མ་ཡིན་པ་འདོན་པར་བྱེད་པ་དེ་

ཐམས་ཅད་ཀྱི་ཐམས་ཅད་དུ་བཀག་པ་ཡིན་ནོ། རུང་བ་དག་ཀྱང་ཇི་ལྟར་གདོན་པར་བྱ་ཞེ་ན། སྟོན་པའི་གཞུང་ལ་ཉིན་མཚན་ཆ་གཉིས་དག །གོམས་བྱ་གཞན་གྱིས་དང་བ་མིན་པ་བཀླག །ཅེས་བྱ་བ་ལ། སྟོན་པ་བཅོམ་ལྡན་འདས་ཀྱི་གཞུང་སྟེ་བཀའ་གང་ཡིན་པ་དེ་
ལ་ཉིན་མཚན་གྱི་ཆ་གཉིས་མངོན་པར་སྦྱོར་བར་བྱ་ཞིང་བློ་དམན་པ་མ་ཡིན་པ་གཞན་བློ་རྣོན་པོ་དག་གིས་ཆ་གསུམ་པ་ལ་ཕྱི་རོལ་གྱི་བསྟན་བཅོས་དམ་པ་བཀླག་པར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དམ་པ་སྨོས་པ་ནི་ཉན་པ་ལ་སོགས་པ་ཉེ་བར་མཚོན་པ་ཡིན་ནོ། །བཅོམ་ལྡན་འདས་
དང་རྒན་རིམས་ལ་སོགས་པའི་མཚན་ཇི་ལྟར་གཟུང་བར་བྱ་བ་ཡིན་ཞེ་ན། ཡོན་ཏན་སྔར་སྨོས་སྟོན་པའི་མཚན་བརྗོད་བྱ། །ཞེས་བྱ་བ་ལ། འདི་ལྟར་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གཞོན་ནུ་དོན་གྲུབ་ཅེས་བྱ་བ་ལ་སོགས་པས་མཚན་བརྗོད་ཅིང་སྨྲ་བར་བྱའོ། །ཇི་ལྟ་ཞེ་ན། ཡོན་
ཏན་སྔར་སྨོས་ཞེས་སྨོས་པ་ཡིན་ཏེ། ཡོན་ཏན་སྨོས་པ་ནི་ཡོན་ཏན་དག་བརྗོད་པའོ། །དེ་སྔར་ཏེ་ཐོག་མར་གྱུར་པ་གང་ཡིན་པ་ཞེས་བྱ་བའི་དབང་དུ་བྱས་ནས་ཡོན་ཏན་བརྗོད་པ་ནི། དཔེར་ན་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཡོན་ཏན་
བརྗོད་པ་སྔོན་དུ་སོང་བ་ཅན་གྱིས་བཅོམ་ལྡན་འདས་ཀྱི་མཚན་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པའི་མཚན་རིགས་ཀྱི་སྒོ་ནས་བརྗོད་པར་མི་བྱའི། འོན་ཀྱང་ཡོན་ཏན་བརྗོད་པ་སྔོན་དུ་སོང་བ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །
བླ་མ་སློབ་དཔོན་མིང་ཚིག་བརྗོད་མི་བྱ། །སློབ་དཔོན་གྱི་མིང་སློབ་དཔོན་གྱི་ཚིག་མ་སྨོས་པར་བརྗོད་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བཏུད་དེ་དོན་ལ་སོགས་པའི་ཚིག་ལྡན་པས། །མཁན་པོར་གྱུར་པའི་མིང་ནས་བརྗོད་པར་བྱ། །ཞེས་བྱ་བ་ནི་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་བྱ་
བའི་ཚིག་དང་བཅས་པས་མཁན་པོར་གྱུར་པའི་མིང་བཏུད་དེ་གུས་པ་དང་བཅས་པས་བརྗོད་པར་བྱ་སྟེ། དེ་དག་སྔོན་དུ་སོང་བ་ཞེས་བྱ་བའི་ཐ་ཚིག་གོ། །རྒན་ལ་བཙུན་པའི་ཉེ་བའི་ཚིག་གིས་བརྗོད། །ཅེས་བྱ་བ་ལ་རྒན་པོ་ལ་བཙུན་པ་ཇི་ལྟར་ཞེས་བྱ་བའི་ཉེ་བའི་ཚིག་འདིས་བརྗོད་པར་བྱའོ། །འདི་

སྐད་དུ་བཙུན་པའི་ཉེ་བའི་ཚིག་གི་སྔོན་དུ་རྒན་པོའི་མིང་གཟུང་བར་བྱའོ་ཞེས་བསྟན་པར་འགྱུར་རོ། །གཞོན་ལ་ཚེ་དང་ལྡན་པའི་ཉེ་ཚིག་བརྗོད། །ཅེས་བྱ་བ་ལ་གཞོན་པ་སྟེ་གཞན་དག་ལ་ཡང་བརྗོད་པར་བྱའོ། །ཇི་ལྟ་ཞེ་ན། ཚེ་དང་ལྡན་པའི་ཉེ་ཚིག་ཅེས་བྱ་བ་སྨོས་ཏེ། ཚེ་དང་ལྡན་པ་ཞེས་བྱ་བ་
ལ་སོགས་པའི་ཉེ་བའི་ཚིག་གིས་གཞོན་པ་དག་ལ་ཡང་བརྗོད་པར་བྱའོ། །འདི་སྐད་དུ་གཞོན་པ་ལ་ཡང་ཚེ་དང་ལྡན་པའི་སྒྲ་བརྗོད་ལ་མིང་གཟུང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་འདུལ་བའི་ཐ་སྙད་འདིར་མིང་གཟུང་བའི་གོ་རིམས་ཅན་དུ་རིག་པར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །དགེ་
ཚུལ་གྱི་ཚིག་ལེའུར་བྱས་པ་ལས་སྡོམ་པ་ཐམས་ཅད་འཇིག་པའི་ཕྱོགས་ཞེས་བྱ་བ་སྟེ། བསླབ་པའི་གཞི་བཅུ་བཞི་པའོ།། །།དེ་ལྟར་དེ་དག་རྒྱས་པར་བསྟན་ནས་མདོར་བསྡུས་པ་ཡང་སྟོན་པར་བྱེད་དེ། གནང་དང་མི་གནང་གང་ཡིན་པ། ཞེས་བྱ་བ་ལ་གནང་བ་མ་ཡིན་པ་སྟེ། རྗེས་སུ་གནང་
བ་གང་ཡིན་པ་ཁྱེད་རྣམས་ཀྱིས་ཀྱང་བཀག་ཅིང་མི་བྱའོ་ཞེས་བྱ་བ་གང་ཡིན་པ་དེ་ལྟ་བུར་གྱུར་པ་ནི་གཟུང་བར་བྱ་བའམ་སྤང་བར་བྱ་བ་མ་ཡིན་ནོ། །ཇི་ལྟ་ཞེ་ན། དེ་ནི་གསུང་དང་མཐུན་པ་སྟེ། གསུངས་པ་དང་འདྲ་བར་བརྟགས་ནས་སོ། །འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་མ་ཡིན་
པ་དང་བཀག་པ་མེད་པ་གང་ཡིན་པ་རྗེས་སུ་གནང་བ་དང་མཐུན་པ་སྟེན་པ་དེའི་ཚེ་གཟུང་བར་བྱ་ཞིང་གཞན་དུ་ན་མི་བྱའོ་ཞེས་བསྟན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་ཞེས་བྱ་བའི་སྒྲ་ནི་ངག་ཉེ་བར་བཀོད་པའོ། །དཔེར་ན་བཅོམ་ལྡན་འདས་ཀྱིས་སོ་རྩི་ཟ་བ་བཅས་པ་ཡང་མ་མཛད་བཀག་པ་ཡང་
མ་མཛད་པ། ཨ་རུ་ར་ལ་སོགས་པ་ལྟར་སྨན་གྱི་བློས་ཉེ་བར་ལོངས་སྤྱོད་ན་ཉེས་པར་མི་འགྱུར་ལ། འོན་ཏེ་རྒྱགས་པའི་བསམ་པས་ནི་མ་ཡིན་ན་ནི་དྲིས་བྱུགས་པ་ལ་སོགས་པ་དང་འདྲ་བར་འགྱུར་བའི་རྒྱུ་ཉིད་ཡིན་པའི་ཕྱིར་ཉེས་པར་འགྱུར་ཏེ། དེ་བཞིན་དུ་གཞན་དག་ལ་ཡང་བལྟ་བར་བྱའོ། །དེ་བཞིན་དུ་འདི་ནི་མར་མེ་དང་འདྲ་བ་ནི་མར་མེ་
དང་མཐུན་པ་སྟེ། བླ་བ་དང་དཀའ་བ་ནས་གསལ་བར་བྱེད་པའི་ཕྱིར་བདེ་བར་གཤེགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་འདུལ་བ་མདོར་བསྡུས་པ་ཞེས་བྱ་བ་གཞན་ཁྱེད་ཀྱི་ཡིན་ནོ། །འདུལ་བ་མདོར་བསྡུས་པ་ཞེས་བྱ་བ་སྟེ་བཅོ་ལྔ་པའོ།། །།ད་ནི། དགེ་ཚུལ་བསླབ་པ་བསྡུས་ལས་བྱུང་བ་ཡི། །ཞེས་བྱ་བ་ལ་སོགས་པ་དེ་ལས་བྱུང་བའི་

དགེ་བ་ཡོངས་སུ་སྔོ་བར་བྱེད་དེ། དགེ་ཚུལ་བ་རྣམས་ཀྱི་བསླབ་པ་ནི་ཀུན་དུ་སྤྱོད་པ་ཡིན་ལ་དེ་བསྡུས་པ་ནི་སྡུད་པའོ། །འདི་ལས་བྱུང་བས་ན་བྱུང་བ་སྟེ་རྒྱུ་བསྟན་པ་ཡིན་ནོ། །དགེ་ཚུལ་གྱི་བསླབ་པ་བསྡུས་པ་ཁོ་ན་ལས་བྱུང་བའི་རྒྱུས་བསོད་ནམས་སྐྱེས་པ་གང་ཡིན་པ་དེ་དགེ་ཚུལ་བསླབ་པ་བསྡུས་ལས་བྱུང་བའི་བསོད་ནམས་
གང་སྐྱེས་པའོ། །རྣམ་པ་དེ་ལྟ་བུའི་བསོད་ནམས་སྐྱེས་པ་གང་ཡིན་པ་དེས། འཇིག་རྟེན་འདི་དག་ཡང་དག་པར་རྫོགས་པའི་བྱང་ཆུབ་དཔལ་གནས་ཏེ། སངས་རྒྱས་ཀྱི་སར་དེང་བར་གྱུར་ཅིག །གང་གིས་ཤེ་ན། ཤཱཀྱ་འོད་ཀྱིས་བསྟན་པའི་ལམ་ཉིད་ནས། །ཞེས་བྱ་བ་སྨོས་ཏེ། ཤཱཀྱའི་རིགས་སུ་འཁྲུངས་པ་ཉིད་ཀྱི་ཕྱིར་བཅོམ་
འདས་ནི་ཤཱཀྱའོ། །དེའི་བཀའ་ནི་རབ་ཏུ་གསལ་བའི་ཕྱིར་འོད་ཡིན་ཏེ། བླ་བ་དང་དཀའ་བ་གསལ་བར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །བཀའ་འོད་དུ་གྱུར་པ་དེས་ཀུན་ནས་བསྟན་ཅིང་གསལ་བར་མཛད་པའི་ལམ་དེ་ནས་དོང་བར་གྱུར་ཅིག་ཅེས་བྱ་བར་སྦྱར་རོ། །ཡང་ན་ཤཱཀྱ་འོད་ཅེས་བྱ་བ་ནི་ཚིག་ལེའུར་བྱེད་པ་
མཛད་པའི་སློབ་དཔོན་དེ་ཉིད་ཀྱི་མཚན་ཡིན་པས་ན་དེ་ཀུན་ནས་བསྟན་པའི་ལམ་ནས་ཏེ། ཚིག་ལེའུར་བྱེད་པའི་ལམ་ནས་སོ། །འདི་སྐད་དུ་འཇིག་རྟེན་རྣམས་སློབ་དཔོན་ཤཱཀྱ་འོད་ཀྱིས་བསྟན་པའི་ཚིག་ལེའུར་བྱས་པའི་ལམ་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གནས་སུ་དེང་བར་གྱུར་ཅིག་ཅེས་
བསྟན་པར་འགྱུར་རོ། །ད་ནི། བདེ་གཤེགས་གསུངས་པ་འདུལ་བ་རྒྱ་མཚོ་ལས། །ཞེས་བྱ་བ་ལ་སོགས་པས་བདག་ཉིད་གཞན་གྱི་དབང་གིས་འཇུག་པ་སྟོན་པར་བྱེད་དེ། བདེ་བར་གཤེགས་པས་གསུངས་པའི་བསླབ་པ་ཉིད་ནི་རིན་པོ་ཆེ་ཡིན་ཏེ། བསོད་ནམས་དང་མི་ལྡན་པ་རྣམས་ཀྱིས་རྙེད་དཀའ་བ་ཉིད་ཡིན་པའི་ཕྱིར་རོ། །
ཁྱད་པར་ཇི་ལྟ་བུ་ཞེ་ན། འབར་བ་སྟེ་འོད་དང་ལྡན་པ་དང་མཆོག་ཏུ་གྱུར་པ་ཞེས་བྱ་བའི་བར་དུའོ། །འདུལ་བ་ཁོ་ན་རྒྱ་མཚོ་ཡིན་ཏེ། ཤིན་ཏུ་རྒྱ་ཆེ་བ་ཉིད་དང་། ཤིན་ཏུ་ཕྲ་བ་རྣམ་པར་སྤྱོད་པའི་ཕྱིར་དེ་ནི་གཏིང་དཔག་པར་དཀའ་བའི་ཕྱིར་རོ། །དེ་ལས་རིན་པོ་ཆེ་བཏུས་པ་ཡིན་ནོ། །གང་གིས་ཤེ་ན། དབང་པོའི་རྡོ་རྗེས་ཞེས་བྱ་བ་
སྨོས་ཏེ། ཇི་ལྟར་དབང་པོའི་རྡོ་རྗེས་རིན་པོ་ཆེ་ཕུག་ནས་རྒྱན་དུ་བྱེད་པ་དེ་བཞིན་དུ། འདུལ་བ་དེ་ལས་བསླབ་པའི་ཚིག་བཏུས་ནས་དབང་པོའི་རྡོ་རྗེའི་སྡེབ་སྦྱོར་གྱིས་བསླབ་པ་རིན་པོ་ཆེ་ཕུག་ནས་ཕྲེང་བར་བརྒྱུས་ཞེས་བྱ་བའི་ཐ་ཚིག་གོ། །དབང་པོའི་རྡོ་རྗེས་ཞེས་བྱ་བའི་ཚིག་འདི་ནི་ཕལ་ཆེ་བའི་དབང་དུ་

བྱས་པ་ཡིན་ཏེ། ཉེ་བའི་དབང་པོའི་རྡོ་རྗེ་ཡང་ཡོད་པའི་ཕྱིར་རོ། །དཔེར་ན། འདི་དག་བདག་པོ་ཐ་དད་ཉེས་བྱས་རྣམས། །ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཡང་ན་ཉེ་བའི་དབང་པོའི་རྡོ་རྗེ་ལ་ཡང་དབང་པོའི་རྡོ་རྗེའི་སྒྲ་བརྗོད་པ་ཡིན་ཏེ། ཕྱོགས་གཅིག་ཆོས་མཐུན་པ་ཉིད་ཀྱི་ཕྱིར་ཉེས་པ་མེད་དོ། །
གང་གི་ལུགས་སུ་ཕྱེ་བ་ཡིན་ཞེ་ན། གཞི་ཀུན་ཡོད་པར་སྨྲ་བའི་འོ། །གང་གི་ངོར་ཕྱེ་ཞེ་ན། ཤཱཀྱའི་གྲོགས་ངོར་ངེས་པར་འདི་ཕྱེ་སྟེ། །ཞེས་བྱ་བ་སྨོས་ཏེ། ལས་དང་འབྲས་བུ་ལ་སོགས་པ་ཐམས་ཅད་ཡོད་དོ་ཞེས་སྨྲ་བ་གང་དག་ཡིན་པ་དེ་དག་ནི། ཐམས་ཅད་ཡོད་པར་སྨྲ་བ་ཡིན་ཏེ་
བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་རྩ་བར་གྱུར་པ་ཡང་དེ་ཡིན་ལ། ཐམས་ཅད་ཡོད་པར་སྨྲ་བ་ཡང་ཡིན་པས་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཡིན་ནོ། །དེ་དག་གི་བསླབ་པ་ངེས་པར་ཕྱེ་ཞིང་བཀོད་པ་གང་ཡིན་པ་དེས་དགེ་ཚུལ་དག་གི་རྒྱན་དུ་བྱ་བའི་ཕྱིར། འདི་ཕྲེང་བར་བརྒྱུས་
པ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །གཞིར་གྱུར་པ་ཞེས་བྱ་བ་གང་ལས་ཤེ་ན། སྨྲས་པ། ལེགས་པར་སྦྱར་བའི་སྐད་ཀྱི་ཐ་སྙད་དུ་བྱེད་པའི་ཕྱིར་རོ། །དེ་ལྟར་ཡང་ཡ་རབས་དག་ནི་ལེགས་པར་སྦྱར་བས་ཐ་སྙད་དུ་བྱེད་ཀྱི། ཐ་མལ་པའི་སྐྱེ་བོ་ནི་མ་ཡིན་ནོ་ཞེས་ཟེར་རོ། །དོན་
དེ་ནི་ཡ་རབས་སུ་ཤེས་པར་བྱ་བའི་ཕྱིར་སྒྲའི་མཚན་ཉིད་བསྟན་པ་ཡིན་ལ། ཡ་རབས་ཀྱང་འཇིག་རྟེན་ན་གཞིར་གྱུར་པ་ཡིན་ཏེ། དེ་དག་ལས་འཇིག་རྟེན་གྱི་ཐ་སྙད་འབྱུང་བ་ཡིན་པའི་ཕྱིར་རོ། །གཞི་ཐམས་ཅད་ཡོད་པར་སྨྲ་བ་དེ་དག་ཀྱང་དེ་དང་འདྲ་བ་ཡིན་ཏེ། དེ་ལས་སྡེ་བར་གཞན་གྱི་ཐ་སྙད་
དུ་བྱ་བ་འདོན་པ་ཡིན་གྱི། གཞན་དག་ལས་ནི་མ་ཡིན་ཏེ། ཐ་མལ་པ་དང་། ཟུར་ཆག་དང་། འབྲིང་དུ་འདོན་པས་བརྗོད་པའི་ཕྱིར་དང་། དུས་ཕྱིས་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །འདི་སྐད་དུ་ཡང་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་པར་དགྲ་བཅོམ་པ་ལྔ་
བརྒྱ། རྒྱལ་པོའི་ཁབ་ཏུ་འདུག་ནས་སྡེ་སྣོད་གསུམ་བསྡུ་བ་མཛད་ལ། དེའི་འོག་ཏུ་མྱ་ངན་ལས་འདས་ནས་ལོ་བརྒྱ་རྩ་བཅུ་ལོན་པ་ན་འཕགས་པ་ཐམས་ཅད་འདོད་པ་ལ་སོགས་པ་ནས་སྒུར་པོ་དང་། ཞིང་ལྡན་ལ་ཐུག་པར་དགྲ་བཅོམ་པ་བདུན་བརྒྱ་ཡངས་པ་ཅན་དུ་འདུས་ནས། བསྡུ་བ་གཉིས་པ་མཛད་དེ་ཧུ་ལུ་ཧུ་ལུ་ཀའི་རུང་བ་

ལ་སོགས་པ་བཅུ་བསལ་བ་ཡིན་ཏེ། རྒྱ་ཆེར་ནི་ཕྲན་ཚེགས་ལས་འབྱུང་ངོ་། །དེ་ནས་རྒྱལ་པོ་དྷརྨ་ཨ་ཤོ་ཀ་ཤི་བ་དང་དགྲ་བཅོམ་པ་རྣམས་ཀྱིས་ཐ་མལ་པ་དང་། ཟུར་བཅག་པ་དང་། བར་མར་འདོན་པའི་ཚིག་ལ་མངོན་པར་ཞེན་པའི་གདུལ་བའི་དབང་གི་ཕྱིར་རིམ་གྱིས་གཞུང་གཞན་དང་གཞན་དུ་སྦྱར་ཏེ། རྒྱ་
ཆེན་པོའི་སྐད་དུ་སྦྱར་བའི་མདོ་སྡེ་ལ་སོགས་པ་ལྟ་བུ་སྟ། བསྟན་པ་རྣམ་པ་བཅོ་བརྒྱད་དུ་གྱུར་པ་ཡིན་ནོ། །ཤཱཀྱའི་གྲོགས་ངོར་ཞེས་བྱ་བ་ལ། ཤཱཀྱ་ནི་བཅོམ་ལྡན་འདས་ཡིན་ཏེ། ཤཱཀྱའི་རིགས་སུ་འཁྲུངས་པའི་ཕྱིར་རོ། དེའི་གྲོགས་ནི་བཤེས་གཉེན་ཏེ་ཟག་པ་མེད་པའི་ལམ་ཡིན་ཏེ། དེའི་སྟོབས་ཀྱིས་སངས་རྒྱས་ཉིད་ཀྱི་གོ་
འཕང་ཐོབ་པའི་ཕྱིར་རོ། །དེའི་ངོར་ཞེས་བྱ་བ་ནི་དེ་ཐོབ་པར་བྱེད་པའི་རྒྱུ་མཚན་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་ཤཱཀྱ་ནི་བཅོམ་ལྡན་འདས་ཡིན་ཞིང་དེ་ཉིད་འགྲོ་བའི་དགེ་བའི་བཤེས་གཉེན་གང་ཡིན་པ་དེ་དང་འདྲ་བར་གྲོགས་པོ་ཡིན་ཏེ། ཤཱཀྱའི་གྲོགས་པོས་འགྲོ་བའི་ངོར་ཏེ། དེ་རྣམ་པར་གྲོལ་བར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་
ཐ་ཚིག་གོ། །ཡང་ན་ཤཱཀྱའི་གྲོགས་པོ་ཞེས་བྱ་བ་ནི་དགེ་སློང་གི་མིང་ཡིན་ལ་དེའི་ངོར་ནི་དེས་གསོལ་བ་བཏབ་པའི་ཞེས་བྱ་བའི་ཐ་ཚིག་གོ། །དགེ་བའི་འབྱུང་གནས་གང་གི་བློ་འཇུག་པ། དེ་ཡི་ངོར་ནི་བདག་གིས་རྣམ་བཀྲོལ་བ། །གང་ཕྱིར་གུས་པ་མེད་ཀྱང་གཞན་ངོར་ཏེ། །དེའི་ཕྱིར་བདག་སྟོབས་རྟོག་
པས་འཇུག་པ་མིན། །བདག་ཉིད་སློབ་དཔོན་བདག་གཞན་དོན་གྱི་བསྟན་བཅོས་མཁྱེན་པའི་རིན་ཆེན་འབྱུང་གནས་བཞེང་གཞུང་དག །ཐོས་ནས་ཡོན་ཏན་འོད་ཀྱིས་སྦྱར་བའི་བསྟན་བཅོས་རྣམ་པར་ཕྱེ་བ་ལ་ནི་བརྟེན་ནས་ཀྱང་། །བདག་ཉིད་ནུས་པའི་རྣམ་པར་འཕྲུལ་པས་སློབ་མ་ལ་ཕན་རྣམ་པར་བཤད་པ་
བྱས་པ་ལས། །བདག་གི་བསོད་ནམས་བསགས་དེས་འགྲོ་བ་ཡོན་ཏན་གཏེར་མཆོག་སངས་རྒྱས་གོ་འཕང་ཐོབ་པར་ཤོག །དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པའི་རྣམ་པར་བཤད་པ། སློབ་མ་ལ་ཕན་པ་ཞེས་བྱ་བ། སློབ་དཔོན་དུལ་བའི་ལྷས་མཛད་པ་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་བུདྡྷ་ཤཱནྟི་དང་། །ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །འདི་ལ་ཤློ་ཀ་སྟོང་ཕྲག་ཕྱེད་དང་བཞི་ཡོད་དོ།། །།