Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 166
Văn bản gốc(Tây Tạng)
Trang 5 / 18 (50.000 ký tự/trang)
ཕགས་ཡིན། །དབྱུག་པ་ལ་སོགས་བརྒྱབ་པས་ཤིང་ཐོག་རྐུ། །འོག་ཏུ་ལྟུང་ན་བརྐུས་པ་ཡིན་པར་བསྟན། །གྲོགས་མང་དག་དང་འདུས་ཏེ་དེ་བྱེད་ན། །སྐལ་བ་ཐོབ་ན་བརྐུས་ཡིན་སྔར་མིན་ནོ། །སྐྱེ་བོ་མང་པོའི་རྫས་རྐུ་གང་གི་ཚེ། །རེ་རེའི་སྐལ་བས་རིན་ཐང་ཚང་ན་བརླག ། སྐྱེ་བོ་མང་པོས་གང་ཚེ་རྐུ་བྱེད་ན། །དེ་ཚེ་རང་སྐལ་རིན་གྱིས་རྣམ་པར་གཞག།དགེ་འདུན་དག་ནི་ནོར་གཅིག་སྤུན་འདྲ་བས། །དགེ་འདུན་ཆེད་བྱས་སྐལ་བ་མི་བརྟག་སྟེ། །ཞིང་བགོ་མང་ཕྱིར་སྡོམ་བརྩོན་མང་ཕྱིར་རོ། །གཞན་དུ་ལུང་ལས་རིན་ཐང་སྤྱད་མི་འགྱུར། །གང་ཞིག་བཏུས་སམ་བསྡུས་སམ་ ནགས་ཚལ་ལ། །རྐུ་ན་སྤགས་པ་ཉིད་ན་བརྐུས་པ་ཡིན། །ཤིང་ནི་བཏོན་ནས་རྐུ་ཞེས་བཤད་པ་ལས། །ཁ་གདངས་ནས་ནི་ཉལ་བ་ཇི་བཞིན་ནོ། །རྒྱན་པོ་དོར་བྱས་རྒྱལ་ན་ཉེས་པར་འགྱུར། །རྒྱན་པོ་ལ་སོགས་གྲངས་ལ་དོར་བྱེད་དང་། །མཚན་མ་བསྐྱེད་དམ་འབྲིད་པར་བྱེད་པ་དང་། ། གནས་གཞན་དག་ཏུ་འཇོག་དང་དོར་བྱེད་དང་། །ཚོམས་གཞན་དུ་ནི་འགྲང་ངམ་སྙོན་བྱེད་དམ། །མི་རིགས་པ་ཡི་ཐོབ་པ་གྲུབ་བྱེད་དང་། །གཞན་ལ་སྙད་བཏགས་ལ་སོགས་ཚུལ་གྱིས་བརྐུ། །གྲུབ་པ་ཉིད་ན་ཉེས་པ་ཡིན་པར་དགོངས། །སྐྱིས་དང་བརྙས་དང་གཏམས་པ་དག་ལ་ནི། །བསྙོན་པས་ཐག་བཅད་ པ་ན་ཉེས་པ་ཡིན། །བཅོལ་ཏེ་གཏམས་པ་རྐུ་བར་བྱེད་པ་ལ། །ཐག་བཅད་པ་ཡི་རབ་དབྱེ་རྣམ་གསུམ་སྟེ། །ཐག་བཅད་པ་དང་སྤགས་མཉམ་སྤགས་པ་ཡི། །འོག་ཏུ་ཐག་བཅད་པ་ལ་ཉེས་པར་འགྱུར། །སྤགས་པའི་སྔ་རོལ་ཐག་བཅད་དེ་བཞིན་བསྙོན། །སྦྱོར་བའོ་སྤགས་པ་འདིར་ནི་དངོས་གཞི་ཡིན། ། དེ་ལྟར་བརྐུ་བྱའི་དབྱེ་བས་རྐུ་དབྱེ་བ། །འདི་ནི་འདུལ་བའི་རྒྱ་མཚོ་ལས་བཏུས་བསྟན། །རང་གཞན་བང་ཆེན་བརྒྱུད་ལ་སོགས་པ་ཡིས། །གང་ཞིག་རྐུ་ན་ཐམས་ཅད་རྐུན་མ་ཡིན། །གཞི་ནས་རྒྱུན་གྱིས་རྐུ་བར་བྱེད་པ་ན། །ཀུན་དུ་འབྲེལ་པར་འབྱུང་བ་གཅིག་ཉིད་དོ། །དེ་བཞིན་འདིར་ནི་ཁ་དོག་གཅིག་ གྱུར་གནས། །རི་མོ་ལ་སོགས་མེད་པ་སྟེང་མཉམ་གཅིག །གླང་ཆེན་ལ་སོགས་ཕྱོགས་ནི་མི་མངོན་དང་། །དོང་ན་ཡོད་པའི་འབྲས་ཅན་ཁ་དོག་མཚུངས། །རྩྭ་རྣམས་བཀྲམ་པ་འབྱར་བ་མཉམ་པའམ། །གཞན་རྣམས་ལ་ཡང་འོས་པ་ཉིད་ཀྱིས་སྤྱད། །གསེར་དངུལ་རྣམ་པ་ཉམས་བྱས་རྐུ་བྱེད་ན། ། ཉམས་བྱས་ངོ་བོ་བརྐུ་བར་བྱ་བར་འདོད། །བསད་པ་ཉིད་ནི་ནམ་ཡང་བརྐུས་མིན་ཏེ། །དེ་ནི་རྐུ་བའི་སྦྱོར་བ་ཡིན་པར་བསྟན། །བརྐུ་བྱ་གཅིག་ཉིད་དང་ནི་གཞིར་གྱུར་གཅིག །རྐུ་བའི་ངོ་བོ་ཇི་ལྟར་དེ་ལྟར་བཤད། །ནོར་གྱི་བདག་པོ་མི་འམ་རི་དགས་ཞེས། །ངེས་པ་མེད་ན་དངོས་ཀྱི་དབང་གིས་ གཞག།རྐུན་པོས་ཆོས་གོས་རྫས་ལ་སོགས་ཕྲོགས་ན། །དེ་ལ་རེ་བ་མེད་ན་བདག་གིར་མིན། །དེ་ཕྱིར་ནན་གྱིས་ལེན་ན་དེ་ལ་མཐའ། །བསམ་པས་མ་བཏང་བ་ལ་ཉེས་པ་མེད། །གཞན་གྱི་སློབ་མ་དབང་བྱས་དེ་བདག་མིན། །གཞན་ཉིད་རྐུ་བ་ནམ་ཡང་ཡོད་མ་ཡིན། །དུད་འགྲོའི་ནོར་ལ་ བདག་དང་དུད་འགྲོ་དག །ཟས་བཏང་བ་ལ་བདག་ནི་དུད་འགྲོ་ཡིན། །ཐོབ་པར་བྱ་ཕྱིར་མེ་སོགས་སྐྲོགས་པ་ཡིས། །རི་དགས་ལ་སོགས་བདག་པོ་བརྩོན་པོར་བསྟན། །བཤད་པ་ལས་ནི་རི་དགས་མཚོན་ཕྱིར་ཡིན། །དེ་ཕྱིར་སྲོག་ཆགས་གཞན་ལའང་འཐད་པ་ཡིན། །རྔོན་པ་རྣམས་ཀྱིས་རི་དགས་ གཙེས་པ་ཞིག །གཙུག་ལག་ཁང་དུ་རྒྱུག་ཅིང་ཕྱིན་པ་ན། །སྐྱབས་སུ་འོངས་པ་དེ་ལ་བསྲུང་བར་བྱ། །དེ་ནི་ཤི་ན་དེ་དག་རྣམས་ལ་གཏད། །སྐྱེ་བོ་ཉེ་དུས་བརྟུལ་ཞུགས་ཅན་གང་ཞིག །མཐུ་ཡིས་ཁྲིད་ན་འབད་པས་གཟུང་བར་བྱ། །གལ་ཏེ་རྟགས་ཀྱིས་དེ་བསམ་སྐྱེ་བོ་གཉེན། །མཐུན་པར་ཤེས་ན་གཟུང་བར་ མི་བྱའོ། །དབྱར་གྱི་གནས་སུ་རྙེད་པའི་དངོས་པོ་རྣམས། །དེ་བས་མང་དུ་དབྱར་གནས་པ་ཡང་དབང་། །གང་དག་དམ་ཆོས་ཚིགས་བཅད་འགའ་འདོན་པ། །དེ་ཡང་ཆོས་ཀྱི་རྙེད་པ་དབང་བ་ཡིན། །གཙུག་ལག་ཁང་མང་གནས་པར་ཁས་བླངས་ཀྱང་། །རྙེད་པ་གཅིག་ནས་ལེན་པར་དབང་བ་ཡིན། ། གལ་ཏེ་ཐམས་ཅད་དུ་ན་གཙུག་ལག་ཁང་། །རྙེད་པ་ཀུན་ལས་ཆ་གཅིག་ཙམ་ཞིག་བླང་། །དགེ་སློང་གཅིག་གིས་དེ་དང་འདྲ་བ་ལས། །དགེ་ཚུལ་སུམ་ཆ་ཙམ་ཞིག་དབང་བར་འགྱུར། །བསྙེན་པར་རྫོགས་པར་འདོད་ན་ཆ་གཉིས་ཏེ། །ཟས་ལ་སོགས་གཏོགས་བགོ་བ་མ་གཏོགས་སོ། །གཙུག་ ལག་ཁང་ནི་གང་ན་གཅིག་གནས་ཀྱང་། །དེ་ཉིད་གཙུག་ལག་ཁང་དེའི་སྐལ་བ་དབང་། །སྡོམ་བརྩོན་ཤི་ན་བཀུར་སྟི་བྱས་ནས་ནི། །དེ་ཤི་བ་ཡི་གོས་ལ་སོགས་པ་བགོ །ནད་པའི་ནད་གཡོག་གྱུར་པ་གང་ཡིན་པ། །སྡོམ་བརྩོན་དེ་ནི་ལྷུང་བཟེད་སོགས་དྲུག་དབང་། །གང་ཚེ་ནད་གཡོག་མང་བ་ཉིད་ཡིན་ ན། །དེ་དག་དྲུག་པོ་དེ་དག་སྤྱིར་ཡིན་ནོ། །ནད་པའི་དོན་དུ་གཞན་དུ་སོང་བ་ལས། །སྡོམ་བརྩོན་ནད་པ་ཤི་ཡང་དྲུག་པོ་དབང་། །སྡོམ་བརྩོན་རྣམས་ཀྱིས་གལ་ཏེ་དེ་བགོས་བསྡུས། །མྱུར་བར་ནད་གཡོག་ལ་ནི་སྦྱིན་པར་བྱ། །གལ་ཏེ་ནད་གཡོག་བུད་མེད་མཚན་ལྡན་ནམ། །ཁྱིམ་པ་ཡིན་ན་དེ་དྲུག་མི་ དབང་ངོ་། །གལ་ཏེ་སྡོམ་བརྩོན་བུ་ལོན་བླངས་ཤི་ན། །དེ་ཡི་རྫས་རྣམས་ལ་ནི་ཁོར་བར་བྱ། །ལག་གི་བླ་ཡིས་དགེ་འདུན་ཆེད་བླངས་ནས། །ཡི་གེར་བྲིས་བརྟགས་དགེ་འདུན་དག་ལས་གཞལ། །གསོལ་དང་དང་པོ་ཐ་མར་གང་དག་ཡོད། །དེ་དག་དེ་ཤི་བ་ཡི་གོས་རྣམས་དབང་། །ཁོ་བོ་འདས་ ནས་སྦྱིན་ཞེས་སྨྲས་ན་ནི། །གལ་ཏེ་ཤི་ན་དེ་ནི་བགོ་བྱ་སྟེ། །སྡོམ་བརྩོན་བུ་ལ་སོགས་པ་ལྟོས་བྲལ་ཕྱིར། །ལྟོས་དང་བཅས་པའི་སྦྱིན་པ་སྦྱིན་པ་མིན། །དད་པས་སྦྱིན་པར་བྱ་བ་བསྐུལ་བ་ལས། །བྱ་བ་ཞིག་གིས་ཤོར་ནས་མ་བྱིན་ན། །དེ་ཤི་ན་ཡང་ཚིག་དང་མཐུན་པར་ནི། །དེ་ཡི་རྫས་ ལ་སྡོམ་བརྩོན་རྣམས་ཀྱིས་སྦྱིན། །རང་གི་སྡེ་ཚན་རྫས་ནི་འགེད་པ་ལས། །གལ་ཏེ་སྡོམ་བརྩོན་སྐལ་བ་མ་བླངས་ཤིང་། །སྐལ་བ་དེ་ནི་སྡེ་ཚན་དེའི་ཡིན་ནོ། །སྐལ་བ་ཐོབ་ན་ཤི་བའི་སྐལ་བ་ཡིན། །གཞན་དུ་གོས་ལ་སོགས་པ་བསྐུར་གྱུར་ན། །དེ་ནི་གང་ལ་བསྐུར་བ་དེའི་ཡིན་ནོ། །གལ་ཏེ་མི་འདོད་སྐུར་བར་ བྱེད་དབང་སྟེ། །མི་འདོད་ཀྱང་དེ་དབང་བ་ཁོ་ན་ཡིན། །མཐུན་པ་ཡོད་ན་ཤི་བའི་ནོར་རྣམས་ལ། །མཚན་རྣམས་ཐ་དད་པ་ནི་མི་དབང་ངོ་། །སྡོམ་བརྩོན་གཞན་གྱིས་མངོན་སུམ་བསྐྲད་པ་དག།བསྐྲད་པའི་རྫས་རྣམས་ལ་ཡང་དབང་བ་ཡིན། །གཙུག་ལག་ཁང་གི་མཚམས་གཉིས་པར་ཤི་ན། །དེ་ཡི་ལུས་ འབྲེལ་རས་ལ་སོགས་པའི་རྫས། །གང་དུ་མགོ་བོ་གཞག་པ་དབང་བ་ཡིན། །གཉིས་ཀར་གཞག་ན་དེ་བཞིན་གཉི་གའི་ཡིན། །ཁྱིམ་གྱི་ནང་ན་ཡོད་པའི་ཤི་བའི་གོས། །ཁྱིམ་པ་དེ་ནི་དད་པས་སྦྱིན་བྱེད་པའོ། །གང་གི་མཚམས་ན་ཤི་བའི་གོས་ཡོད་པ། །དེ་རྣམས་དེ་དག་བྱིན་གྱིས་རློབ་པ་དབང་། །གནས་ གཞན་དག་ན་གོས་རྣམས་ཡོད་གྱུར་ཀྱང་། །རྫས་དང་འདྲ་ལ་དེ་བཞིན་བྱིན་གྱིས་བརླབས། །གང་ལ་དེ་ཡི་རྫས་རྣམས་གཏམས་གྱུར་པའི། །མི་དེ་རྫས་དང་འདྲ་ཞེས་བྱ་བ་ཡིན། །གྲུར་ཞུགས་ལྷུང་བཟེད་ལ་སོགས་འདི་གཟུང་ངམ། །གཏང་ཞེས་གོ་བར་བྱས་ནས་སྦྱིན་པར་བྱ། །དེ་ལྟར་དེ་སྐད་སྨྲས་ནས་དེ་ བོར་ན། །དེ་ཚེ་རིན་ནི་ཐེ་ཚོམ་མེད་པར་གཞལ། །སྨད་རིམ་དག་ལས་གོས་ལ་སོགས་པ་སྟེ། །བླང་བར་མི་བྱ་དེ་ནི་སྦྱིན་པ་མིན། །ཕོངས་ན་ནད་པས་བདག་གི་རྣམས་ལས་བླང་། །དེ་ཡང་སླར་སྦྱིན་འདོད་པ་ཉིད་ཀྱིས་སོ། །ནོར་གྱིས་ཕོངས་པས་དེ་བཞིན་གཤེགས་པ་ཡི། །དཀོར་གྱིས་ཀྱང་ནི་ སྨན་གྱི་བྱ་བ་བྱ། །སོས་པ་ཉིད་དུ་གྱུར་ན་བསབ་པར་བྱ། །དེ་ལ་འབྱོར་པ་མེད་ན་ཉེས་པ་མེད། །ཡུལ་ཆོས་ཆད་པ་སོགས་ཆོས་ལྡན་པས་བསྟན། །རྒྱལ་པོའི་སྐལ་ཡིན་རྒྱལ་པོས་གནང་བ་བླང་། །དེ་ལ་རྩོད་པ་དག་ནི་བྱུང་གྱུར་ན། །སྡོམ་བརྩོན་བསྒོ་བར་སྟོན་པའི་བཀའ་ལས་མིན། །ཁབ་ལ་སོགས་ པའི་རྫས་དག་ལྟུང་མཐོང་ན། །དེ་དག་གཙུག་ལག་ཁང་སྐྱོང་དག་ལ་གཏད། །དེས་ཀྱང་ཚོགས་རྣམས་ནང་དུ་བསྟན་ནས་ནི། །ཉི་མ་གསུམ་དུ་དེ་འོང་བསྡད་བྱས་ནས། །གལ་ཏེ་ཤེས་པ་མེད་ན་ཚོགས་ལ་དབུལ། །དངུལ་ལ་སོགས་པ་ཉི་མ་བརྒྱད་བསྡད་ནས། །ཕྱི་ནས་ཟླ་བ་དྲུག་ཏུ་མཛོད་དུ་གཞག། ཕྱི་ནས་ཀྱང་ནི་སྣོད་རྣམས་རབ་ཏུ་བྱ། །དེ་ནས་གལ་ཏེ་དེ་འོངས་སློང་བྱེད་ན། །འོན་ཀྱང་སྦྱིན་པར་བྱ་སྟེ་སྐྱེད་ནི་མེད། །ལག་གི་བླ་ལ་མི་མཁོའི་ཤིང་ཡོད་ལ། །ཐོབ་ན་དེ་ཡིས་གནང་བས་དེ་བླང་བྱ། །དེ་ལྟར་བདག་པོ་ཐ་དད་དེ་འོག་ཏུ། །ཉེས་བྱས་དཔེར་ན་མ་བོས་ཟས་ཟ་དང་། །རྒྱ་སོགས་ཟིན་པས་སྡུག་ བསྔལ་གཟིར་པ་ཡི། །སྲོག་ཆགས་བསོད་ནམས་བསམ་པས་གཏོང་བྱེད་དང་། །སངས་རྒྱས་རིང་བསྲེལ་རིན་ཐང་མེད་གྱུར་ཀྱང་། །དེ་ལ་དད་པས་མཆོད་ཕྱིར་རྐུ་བ་དང་། །དེ་བཞིན་སྙིང་རྗེའི་དབང་གིས་གདོས་བཏགས་པ། །བཀྲོལ་བ་ལ་སོགས་བྱས་དང་བཤིག་པ་དང་། །ཕུག་རོན་ལ་སོགས་ཚང་ འཇིག་ལས་ཀྱང་ཡིན། །དེ་ནས་ལྟུང་བ་མེད་པའང་བཤད་པར་བྱ། །ཡིད་གཅུགས་བྱས་ནས་གཞན་ལ་གོ་བྱས་ཏེ། །ཡིད་དགེ་བ་ཡིས་ལེན་ན་ཉེས་པ་མེད། །གྲོགས་པོ་རབ་འབྲིང་ཐ་མར་གྱུར་པ་ལ། །ཡིད་གཅུགས་བྱ་བར་རིམ་པ་བཞིན་དུ་བསྒྲུབ། །ཐ་མ་ལ་ནི་ཐ་མ་འབྲིང་ལ་འབྲིང་། །ཐ་མ་དང་སྟེ་དང་པོ་ མཐའ་དག་ཉིད། །སློབ་མ་ལ་སོགས་ར་ལུག་ནོར་གྱི་རྒྱུད། །ཆོམ་རྐུན་གྱིས་ཕྲོགས་སྙིང་རྗེའི་རྗེས་མཐུན་པས། །རྫུ་འཕྲུལ་བསྟན་ནས་ཤོར་བྱེད་ཉེས་མེད་དེ། །པི་ལིང་དབད་ས་ལ་སོགས་བཞིན་ནོ། །གང་ཚེ་གཙུག་ལག་ཁང་གི་ཁྱམས་ན་ཚང་། །སྒོ་ང་མེད་ན་སྡོམ་བརྩོན་བསལ་བར་བྱ། །དཔེ་ཙམ་ ཡིན་པས་སྡོམ་གྱི་ཚང་ཡང་ཡིན། །ད་ནི་མ་བྱིན་ཕྱོགས་མཐུན་བཤད་པར་བྱ། །གང་གིས་བ་དན་མལ་སྟན་སོགས་བྱིན་ནས། །ཡིད་ལ་གཅགས་པའི་མེ་ནི་འབར་བྱེད་ན། །བསྡམ་བྱ་ལས་ཐར་བྱ་ཕྱིར་དེ་ལ་ནི། །སླར་སྦྱིན་བུམ་ཆུས་མ་ལུས་ཞི་བར་བྱ། །གནང་བ་མེད་པར་གཞན་གྱི་གོས་སྤྱོད་དང་། ། ཁྱིམ་དུ་སྟེན་ལས་མ་བསྟབས་འདུག་པ་དང་། །བརྟུལ་ཞུགས་ཅན་ལ་གོས་སོགས་བྱིན་ནས་ཁྲོས། །སྡང་དང་ལྡན་པའི་བསམ་པས་འཕྲོག་པ་དང་། །ལྷུང་བཟེད་ལ་སོགས་བརྐམ་པས་ནན་གྱིས་སློང་། །བཞད་གད་ཀྱིས་ནི་ལྷུང་བཟེད་ལ་སོགས་སྦེད། །ཁྲོས་པས་སྡོམ་བརྩོན་གཙུག་ལག་ཁང་ འབྱིན་སོགས། །རྐུན་པོས་སྐྱེ་བོ་མེད་པར་བོར་ལེན་དང་། །སྡོམ་བརྩོན་སྔ་ནས་འཁོད་ལ་ཕྱིས་མནན་ནས། །མལ་དང་སྟེན་ལ་སྤྱོད་པར་བྱེད་པ་དང་། །རྙེད་པ་དག་ཀྱང་གཞན་དུ་སྔོ་བྱེད་པ། །གཞན་གྱི་རྫས་ཕྱོགས་མཐུན་པའི་དཔེས་ཡིན་ནོ། །མ་བྱིན་པར་ལེན་པ་སྤོང་བ་སྟེ་བསླབ་ པའི་གཞི་གཉིས་པའོ།། །།གང་ཞིག་འཇིགས་མེད་ངོ་ཚ་མེད་ཆགས་ཕྱིར། །ཡན་ལག་ཆ་ཀུན་གཟུང་བར་བཟོད་པ་ཡི། །ལམ་ནི་གཞུག་ཏུ་རུང་དང་མ་ཉམས་པའི། །པགས་པ་སྦུ་གུའི་ཁ་དང་སོ་ལས་ཕར། །ནོར་བུ་ནད་མེད་ལས་རུང་དྲུད་ནས་ནི། །ཆགས་པས་རིག་པའི་བདེ་ རྣམས་མྱོང་དེ་ཉམས། །འདིར་ཡང་ཐ་མལ་རྨི་ལམ་མིན་བསླབ་བཅས། །ཞེས་སྦྱར་ཕྱི་མ་ལ་ཡང་དེ་བཞིན་ནོ། །རང་གི་རྨར་ཡང་གཞན་གྱིའམ་རང་ཉིད་ཀྱི། །སྦུ་གུས་ནན་ལ་སོགས་པའི་སྦྱོར་བ་ཡིས། །དྲུད་པ་བདག་གིར་བྱེད་ནའང་རྣམ་ཀུན་དུ། །དངོས་གཞི་རྡོ་རྗེས་མངོན་པར་བཅོམ་པ་ ཐོབ། །བུད་མེད་ལ་སོགས་རྨ་རྣམས་འགྲོ་རིགས་དབྱེ། །ཤི་དང་གཡོགས་དང་རྐེད་ཕྱེད་ཆད་ན་ཡང་། །ཁྱད་པར་མེད་དེ་དུམ་བུར་སྦྱར་བ་ལས། །མཚམས་མངོན་མིན་པའི་བུ་གའང་དངོས་གཞིར་འགྱུར། །སྦྱར་བའི་མཚམས་ནི་མངོན་པར་གྱུར་པ་དང་། །ཕག་ལ་སོགས་པ་བསྲེགས་པ་ སྤུ་མེད་རྨ། །དེ་བཞིན་མགོ་བོ་བཅད་པའི་ཁ་ལ་ཡང་། །ཀུན་དུ་བཤགས་པར་བྱ་བའི་ཆུང་པར་འགྱུར། །གོས་ཀྱིས་དཀྲིས་དང་དགུག་པར་བྱས་པ་དང་། །ལམ་ལ་མ་རེག་པར་ཡང་ཆུང་བར་འགྱུར། །གོས་སྟུག་དག་གིས་ཡིན་ན་ཆུང་བར་འདོད། །སྲབ་མོས་དངོས་གཞི་ཡིན་ན་དེ་ འགལ་མེད། །སེམས་བྱུང་ཡིད་ཀྱིས་བྱ་ཡིན་སོ་ལ་སོགས། །རེག་པའི་གཞི་ཡི་བར་དུ་སྦྱོར་བ་ཡིན། །སོ་སོགས་མཚམས་ལས་ཕར་ནི་དངོས་གཞི་ཡིན། །འཁྲིག་པ་ལ་ནི་འདུ་ཤེས་གཙོར་བྱ་མེད། །མི་ཚངས་སྤྱོད་ཕྱོགས་ངོ་བོ་བསྟན་པ་ནི། །དཔེར་ན་བསམས་བཞིན་ཁུ་བ་འབྱིན་པ་ དང་། །འདོད་ཆགས་ཀྱིས་ནི་འཁྱུད་དང་ཟུར་སྟེགས་དང་། །འཁྲིག་པའི་ཚིག་རྣམས་སྒྲོག་པར་བྱེད་པ་དང་། །ཉལ་ཤོམ་ཁྱིམ་དུ་ལྟད་མོ་ལྟ་ཕྱིར་དང་། །རྒོད་པས་གནས་པ་ཉིད་དང་སྨྱན་བྱེད་དང་། །ཁྱིམ་དག་ཏུ་ནི་མཚན་མོ་འཕྱན་ཅིང་རྒྱུ། །མིག་ཟུར་གཡོབ་དང་སྟེག་པར་བྱེད་པ་ཡིན། ། ཡང་དང་ཡང་དུ་བུད་མེད་གདོང་མི་ལྟ། །རེག་པའི་དུག་ལ་ནམ་ཡང་རེག་མི་བྱ། །གལ་ཏེ་ཆུ་དང་མེས་འཆི་དེ་ཡི་ཚེ། །དེ་སའི་འདུ་ཤེས་བྱས་ཏེ་རེག་པར་བྱ། །མོ་ཡི་བརྟུལ་ཞུགས་ཅན་ལའང་སྡོམ་བརྩོན་གྱིས། །དེ་མཐོང་ཆགས་ན་དེར་ནི་གནས་མི་བྱ། །རྡོ་སོགས་ཡན་ལག་འཁྲི་ཤིང་མི་བརྡུང་སྟེ། ། འདོད་ཆགས་མེ་ནི་མི་སྡུག་ཆུས་ཞིར་འགྱུར། །བུད་མེད་གནམ་བལྟས་འཐུང་ལ་རང་གིས་ནི། །ཆུ་ནི་རྒྱུན་མི་འཆད་པར་སྦྱིན་མི་བྱ། །རང་ལག་གཅེར་བུ་མོ་ལ་ཟས་ལ་སོགས། །མི་སྦྱིན་ཁུར་བ་སྦྱིན་ཞིང་འགྱུར་མི་རུང་། །མི་ཆགས་མིག་གིས་བུད་མེད་ཆོས་བསྟན་བྱའི། །མིག་ཚུགས་སུ་ ནི་བཞིན་ལ་བལྟ་མི་བྱ། །བུད་མེད་རྣམས་དང་ཉལ་འདུག་འགྲོ་ལ་སོགས། །སྤང་བྱ་སྐྱེས་པ་ཡོད་ན་ཉེས་པ་མེད། །མི་ཚངས་སྤྱོད་པ་སྤོང་བ་སྟེ་བསླབ་པའི་གཞི་གསུམ་པའོ།། །།གང་ཞིག་བླ་མ་བརྗོད་བློས་མི་ཆོས་ལས། །བླ་མ་ཞེས་བྱ་དེ་བདག་ལ་ཡོད་ཅེས། །མི་ལ་བརྫུན་ ཟེར་གཞན་གྱིས་གོ་ན་ནི། །མངོན་པའི་ང་རྒྱལ་མ་གཏོགས་དེ་བསྙིལ་བྱ། །བསམ་གཏན་ལ་སོགས་མངོན་ཤེས་འབྲས་བཅས་པའི། །ཡོན་ཏན་རྣམས་འདིར་མི་ཆོས་བླ་མར་བསྟན། །དེ་ཡི་རྗོད་པར་བྱེད་པ་རྣམ་མང་དག །ད་ནི་བཤད་པར་བྱ་ཡིས་མཉན་པར་གྱིས། །ལྷ་ལ་སོགས་མཐོང་ བདག་ལ་ལྷ་ལ་སོགས། །ལྟ་བྱེད་སྡུག་བསྔལ་ཉིད་ལ་སོགས་ཤེས་སོ། །ཟག་པ་ཟད་པའི་ཁྱད་པར་ངེས་རྣམས་དང་། །བདག་ཉིད་ལྡན་པར་བྱེད་པ་བརྗོད་པ་ཡིན། །དེར་དགྲ་བཅོམ་གང་སྟན་བཀྲ་ལ་སོགས་དབང་། །དེར་ནི་ཁོ་བོ་ཡང་དབང་གཞན་མ་ཡིན། །ཁྱད་པར་ཐོབ་ལས་ཡོངས་ སུ་ཉམས་སྨྲ་ཡིན། །བདག་ནི་དགེ་སྦྱོང་ཚུལ་གྱི་ལམ་ཉམས་ཡིན། །དེ་ལྟར་བླ་མ་བརྗོད་ཚིག་སྦྱོར་བ་ལས། །དངོས་གཞིས་བཅོམ་ཞིང་སེམས་ཅན་དམྱལ་མྱོང་འགྱུར། །ཕྱག་དར་ཁྲོད་ཀྱི་འདྲེ་དང་རྒྱུ་མཚན་ནི། །རང་གི་མཚན་ཉིད་འཛིན་ལ་ལྟུང་བ་ཆུང་། །དཔེར་ན་བརྟུལ་ཞུགས་ཅན་གང་ ལྷའི་སྒྲ་ཐོས། །ཡོད་ཅེས་གཞན་ལ་སྙད་བཏགས་ཟེར་བའང་ཡིན། །ང་ཡིན་ཚིག་མ་ཚང་པས་དེ་ཆུང་ལ། །ང་ཡིན་ཚིག་འབྱུང་བས་ནི་དངོས་གཞིར་འགྱུར། །སྒྲ་མཐུན་བརྗོད་པ་ལས་ཀྱང་ཡིན་ཏེ་དཔེར། །ཀུན་དུ་སྤྱོད་ལས་བསམས་ནས་བདག་སློབ་པའམ། །ལམ་དུ་འདུག་ནས་བདག་ ནི་ལམ་གནས་ཞེས། །ཟེར་བ་ལ་སོགས་དག་ལའང་དེ་དང་འདྲ། །མ་ལ་ཀྱེ་མ་ཁྱོད་ཀྱང་ང་འདྲ་ན། །འོ་ན་ཕྱིར་འོང་བ་ཡི་འབྲས་ལྡན་ཡིན། །ད་ལྟར་ང་ནི་དེ་ལྟར་འཕགས་མིན་ཞེས། །ཟུར་གྱིས་གླེང་བ་བརྗོད་པ་ལས་ནི་ཆུང་། །ཁོ་བོས་དེང་འདིར་བསམ་གཏན་སྙོམས་མ་ ཞུགས། །དེ་བཞིན་ཁར་ཚང་མིན་ཏེ་ལས་ཕར་མིན། །ཁྱིམ་དེ་གང་གི་ཡིན་པ་དེ་ཆགས་བྲལ། །དེ་ཉིད་ངའི་ཡིན་ང་ཉིད་ཆགས་བྲལ་མིན། །བཙུན་པ་གལ་ཏེ་དགྲ་བཅོམ་བདག་གི་ཟས། །བཞེས་ཤིག་ཟེར་ཏེ་དེ་བཞིན་མི་སྨྲ་ལེན། །གཞན་གྱིས་ཟག་པ་ཟད་དམ་ཞེས་དྲིས་ན། །མི་སྨྲའི་རྣམ་པས་ དང་དུ་ལེན་བྱེད་ཡིན། །དེ་ལྟར་བླ་མ་བརྗོད་བློས་བརྫུན་པ་བསྟན། །ད་ནི་བརྫུན་དུ་སྨྲ་བ་གཞན་ཉོན་ཅིག །གང་ལས་གཞན་པའི་འདུ་ཤེས་ཉིད་སྒྲའི་དོན། །གོ་བའི་མི་ལ་སྨྲས་པ་དེ་བརྫུན་ཡིན། །བརྫུན་ཞེས་བྱ་བའི་ཚུལ་དེ་ཚིག་ཡིན་ཡང་། །ངག་གིས་གོ་འགྱུར་གལ་ཏེ་ལུས་ཀྱིས་ཀྱང་། །གོ་བྱེད་ཉེས་ བྱས་ཉིད་དེ་འོན་ཀྱང་ཆུང་། །འདི་ལྟར་འདིར་ནི་ཚིག་འཇུག་མེད་པས་སོ། །རང་གིས་རིག་པ་གང་ཡིན་མཐོང་བ་ཡིན། །ཡིད་ཆེས་ལས་ཐོས་གང་ཡིན་ཐོས་པ་ཡིན། །རྟགས་མ་ངེས་པ་འཛིན་པར་དགོས་པ་ཡིན། །གཞི་འདི་དག་གིས་སྨྲས་ན་ཉེས་པ་མེད། །གཞན་གྱིས་གང་དྲིས་དེ་ཉིད་བརྗོད་ པར་བྱའི། །བརྩེ་བར་འདོད་པས་གཞན་དང་གཞན་མ་ཡིན། །གལ་ཏེ་གཤེད་མས་གསད་བྱ་བྲོས་པ་ན། །འདྲི་ན་དེ་ཚེ་དེ་ལ་འདི་སྐད་བརྗོད། །ཚུར་ཤོག་སེན་མོའམ་གནམ་མཐོང་ཡང་དག་ཏུ། །ཁྱོད་ཀྱི་ལུས་ཅན་དག་ཏུ་མ་མཐོང་ངོ་། །གནོད་པར་གྱུར་པ་རྣམས་ལས་ཡོངས་བསྲུང་ཕྱིར། །དེ་ སོགས་བརྣག་པས་སྨྲ་ན་ཉེས་པ་མེད། །བརྫུན་སྨྲར་གཏོགས་པའི་རབ་ཏུ་དབྱེ་བསྟན་ནས། །ད་ནི་བརྫུན་སྨྲའི་ཕྱོགས་དང་མཐུན་པ་བརྗོད། །དྲིས་ན་ཆོས་དང་མཐུན་པའི་ལན་གདབ་བྱའི། །བརྩེ་ཕྱིར་མི་སྨྲ་བར་ནི་འདུག་མི་བྱ། །བླ་མ་མཁན་པོ་མི་ཡི་དབང་ཕྱུག་དང་། །སངས་རྒྱས་དགེ་འདུན་ གནས་བརྟན་དག་གི་བཀའ། །བརྟགས་ནས་རིགས་པ་ཉིད་ལ་ཚིག་བཞིན་བྱ། །གལ་ཏེ་ཆོས་བཞིན་མིན་ན་བརྡ་སྤྲད་བྱ། །རང་ངམ་གཞན་ནམ་གཉི་གས་སྐྱེ་བོ་ལ། །འདྲེ་སྐད་མི་སྙན་པ་དག་མི་བྱའོ། །མི་སྡུག་མཆེ་བ་གཙིགས་པའི་སྐད་དག་གིས། །གལ་ཏེ་ཕན་ཕྱིར་བྱེད་ན་ཉེས་པ་མེད། ། ཡལ་གཟུགས་བཅའ་དང་མནའ་དང་མི་སྨྲར་བཅས། །དེ་བཀག་ཡིན་པས་ལམ་དུ་འགྲོ་བ་ན། །མི་སྨྲ་ཉིད་དམ་ཆོས་ཀྱི་གཏམ་བྱ་ཡི། །བུད་མེད་ལ་སོགས་གཏམ་ཚུལ་མཐུན་མི་བྱ། །ངལ་སོས་གུས་པས་སངས་རྒྱས་ཚིགས་བཅད་གདོན། །མཚན་མོ་འདུག་ན་རྒྱུད་གསུམ་པ་ཡིན་ནོ། །འོན་ཏེ་ གཞན་གྱི་ལྷ་ཡི་གནས་དག་མཐོང་། །དེར་ནི་སེ་གོལ་གཏོགས་ཏེ་ཚིགས་བཅད་གདོན། །མཛའ་བོ་འབྱེད་དང་རྩུབ་པའི་ཚིག་དག་ནི། །སྐྱོན་ནས་སྨྲ་བ་ལ་སོགས་སྤང་བར་བྱ། །འདུལ་བར་དབྱེན་འདི་ཉེས་བྱས་གསུངས་གྱུར་པ། །དེ་ནི་ཡིད་ཀྱི་ཉེས་བྱས་ཡིན་གཞན་མིན། །བརྫུན་དུ་སྨྲ་བ་སྤོང་བ་ སྟེ་བསླབ་པའི་གཞི་བཞི་པའོ།། །།འབྲས་བུ་ལ་སོགས་ཁུ་བ་བཅོས་པ་ནི། །བཅོས་ཆང་རྒུན་ཆང་བུ་རམ་ཆང་འདྲར་བསྟན། །ཆན་བཏགས་མནན་པ་བྱ་བ་སྦྱར་བའི་ཆང་། །མྱོས་འགྱུར་རྩྭ་མཆོག་གིས་ཀྱང་བཏུང་མི་བྱ། །སྦྱར་བའི་ཆང་དང་བཅོས་ཆང་གཉིས་འདིར་བསྟན། ། དེ་ཀོ་ཏྲ་བ་ལ་སོགས་བཟློག་ཕྱིར་རོ། །མྱོས་འགྱུར་སྨོས་པས་མ་རེད་ཉམས་པ་ཡིན། །བག་མེད་སྨོས་པས་སྤོང་བའི་རྒྱུ་ཡིན་ནོ། །གང་ཞིག་མྱོས་འདུ་ཤེས་པས་མྱོས་འཐུང་བ། །འཐུངས་ལ་མྱོས་ན་ཉེས་བྱས་ཉིད་ཡིན་ནོ། །ནུ་རྩི་དང་ནི་སྦང་མ་ཟ་བ་ལས། །དེ་དང་འདྲ་བར་ཉེས་བྱས་རྡོ་རྗེས་ འཇོམས། །ཕབས་ཀྱི་རྡོ་གུའམ་རྩྭ་སོགས་མྱོས་སྐྱེད་གང་། །གལ་ཏེ་ཟ་ན་ཆུང་བ་ཉིད་དུ་འགྱུར། །གང་ལ་མྱོས་འགྱུར་ཁུ་བའི་རོ་དྲི་ཡོད། །མྱོས་འགྱུར་ཁུ་བ་མིན་ཡང་བཏུང་མི་བྱ། །ལུས་ལ་བསྐུ་དང་མཁུར་བར་བླུགས་པ་ནི། །ན་བ་མ་གཏོགས་མྱོས་ཁུས་མི་བྱའོ། །གལ་ཏེ་སྐོལ་དང་དེ་ཡི་ ཁ་དོག་ཙམ། །མཐུན་པའམ་མྱོས་པར་འགྱུར་བའི་ཁུ་བ་ཡི། །དངོས་པོར་མ་རེད་ཉམས་འཐུང་ཉེས་མེད་དེ། །འདི་ལྟར་འདིར་ནི་མྱོས་འགྱུར་སྤང་བྱ་ཡིན། །མྱོས་པར་འགྱུར་བའི་ཕྱོགས་མཐུན་དཔེར་བྱས་ནས། །དྲེག་བཅོང་ཀེའུ་དང་སྒོག་སྐྱ་ཡིན་པར་བཤད། །དེ་ཡང་ནད་ལ་མཁས་པས་ལུང་ཕོག་ པས། །གནང་ངོ་དད་མེད་མི་ཡི་མངོན་སུམ་མིན། །གཙུག་ལག་ཁང་གི་ཕྱི་རོལ་དབེན་ཕྱོགས་སུ། །ཁང་པ་བྱས་ནས་བྱ་བའི་ཆེད་དུ་འཇུག །དེ་ཡང་དགེ་འདུན་མལ་སྟན་རྣམས་ལ་ནི། །ནམ་ཡང་ལོངས་མི་སྤྱད་པར་བཀའ་སྩལ་ཏོ། །ལུས་ལ་དྲི་ང་ཉིད་དང་བྲལ་འོག་ཏུ། །རང་བཞིན་གནས་ཕྱིས་ གཙུག་ལག་ཁང་འཇུག་བྱ། །མྱོས་པར་འགྱུར་བ་སྤོང་བ་སྟེ་བསླབ་པའི་གཞི་ལྔ་བའོ།། །།བྲོ་གར་གླུ་དང་རོལ་མོའི་སྒྲ་ཡང་རུང་། །བརྟུལ་ཞུགས་ཅན་གྱིས་རང་ངམ་གཞན་བྱ་མིན། །འདི་འདིར་འཁོར་བ་ལ་ཆགས་རྒྱུ་ཡིན་ནོ། །འོན་ཀྱང་གལ་ཏེ་བྱེད་ན་ཉེས་ བྱས་འགྱུར། །མཆོད་པའི་ཆེད་དུའང་རོལ་མོའི་སྒྲ་དང་ནི། །གླུ་བྱོས་ཞེས་ནི་མི་བརྗོད་འོན་ཀྱང་ནི། །ལྷ་དང་ལྷ་མིན་དབང་པོས་ཞབས་རྡུལ་གཏུགས། །སངས་རྒྱས་ལ་ནི་མཆོད་པ་བྱོས་ཞེས་བརྗོད། །ཆོས་སྒྲོགས་བྱེད་པའི་གླུ་ནི་ཉེས་པ་མེད། །སྟོན་པའི་ཡོན་ཏན་སྒྲོགས་པའང་དེ་བཞིན་ ནོ། །དམ་ཆོས་ཆེད་དུ་གླུ་ནི་མི་ཤེས་ན། །དབེན་པར་སོང་སྟེ་རབ་ཏུ་བསླབ་པར་བྱ། །མཆུ་འབུད་ལ་སོགས་གར་སོགས་ཕྱོགས་མཐུན་ཡིན། །བྱིའུ་ཟུལ་དང་ནི་རིང་དུ་འགྲོ་བྱེད་དང་། །སྟེང་དུ་འབྱུང་དང་མཆོང་དང་རྒྱུག་ལ་སོགས། །རྩེད་མོའི་རྒྱུ་ཡིན་པས་ན་དེ་བཀག་གོ། །འཕགས་པ་རྣམས་ཀྱིས་ དགོད་ན་སོ་ཕྱུང་སྟེ། །དེ་བཞིན་སྒྲ་དག་ཆེན་པོར་མི་བྱའོ། །ལག་པའམ་ཆོས་གོས་ཀྱི་ནི་མཐའ་མ་ཡིས། །ཁ་དག་རབ་ཏུ་བཀབ་སྟེ་གླལ་བར་བྱ། །སྨན་པས་ལུང་ཕོག་པས་སམ་བསླབ་པའི་ཕྱིར། །དབེན་པའི་ཕྱོགས་སུ་རྐྱལ་ནའང་ཉེས་མེད་དོ། །གང་དུ་བུད་མེད་དམག་མི་ཁྲུས་ བྱེད་པའི། །འཇུག་ངོགས་དེ་ནི་རིང་པོར་སྤང་བར་བྱ། །གླུ་གར་ལ་སོགས་པ་སྤོང་བ་སྟེ་བསླབ་པའི་གཞི་དྲུག་པའོ།། །།གང་ཞིག་སྤོས་བྱུག་མེ་ཏོག་ཕྲེང་བ་དང་། །དེ་བཞིན་ལུས་མདོག་ཁ་དོག་བྱ་བ་དག །མི་གཙང་སྣོད་ཀྱི་ལུས་ལ་འཆང་བྱེད་ན། །རྨོངས་པ་དེ་ནི་ཉེས་བྱས་ཉིད་ཀྱིས་ གཟིར། །འདབ་ཆལ་གསུམ་དང་གོས་ལ་འདུག་བྱེད་དང་། །སེན་མོ་བྱི་དོར་མིག་སྨན་མཆུ་བསྒྱུར་དང་། །གཡན་པ་མ་གཏོགས་སོ་ཕག་ལོང་བུ་ལས། །ཡན་ལག་འདྲུད་ལ་སོགས་པ་ཉེས་བྱས་ཡིན། །ནད་པས་དབེན་པར་འདུག་ནས་བསྐུ་བྱ་སྟེ། །འཇིག་རྟེན་མ་དད་འགྱུར་བ་བཟློག་ཕྱིར་རོ། ། དད་ལྡན་དག་གིས་རྐང་པ་སྤོས་བྱུགས་ན། །སྦྱིན་བདག་གི་ནི་ལྐོག་ཏུ་བཀྲུ་བར་བྱ། །འཕགས་པས་མེ་ཏོག་དྲི་ནི་ཞིམ་པོ་དག །མིག་ཕན་སྙམ་བསྣམ་འདོད་ཆགས་བློས་མ་ཡིན། །ད་ནི་སྤོས་སོགས་ཕྱོགས་མཐུན་སྐབས་ཡིན་པས། །ཆུ་ལ་སོགས་པར་བཞིན་ལ་བལྟ་མི་བྱ། །དེས་ནི་ལུས་ ཀྱི་སྔ་ཕྱིའི་གནས་སྐབས་དང་། །རྨ་ལ་ལྟ་ན་ལྟུང་བ་མེད་པར་འགྱུར། །མཆོད་ཕྱིར་ཐོགས་བྱུག་རིས་ཤིག་སྐུད་ལ་སོགས། །ལྷབ་ལྷུབ་དག་ནི་ཐམས་ཅད་སྤང་བར་བྱ། །རིམས་སོགས་ཞི་བར་བྱ་ཕྱིར་དཔུང་གཡོན་ལ། །སྔགས་ལ་སོགས་པའི་སྐུད་པ་ལ་སོགས་བཅང་། །རིམས་དང་བྲལ་ནས་སྐུད་པ་ བཀྲོལ་ནས་ནི། །བུ་ག་གཙང་མའི་ཕྱོགས་སུ་གཞག་པར་བྱ། །སྡོམ་བརྩོན་དག་གིས་གདུགས་བཀྲ་བཅང་མི་བྱ། །གྲོང་དུ་དེ་བསྒྲེང་བ་འང་བཀག་པ་ཡིན། །ལོ་མ་ལས་ནི་བྱས་པའམ་སྨྱག་མའི་གདུགས། །ཡུ་བའང་གདུགས་ཀྱི་ཚད་དུ་བཤད་པ་ཡིན། །སྤོས་ལ་སོགས་པ་སྤོང་བ་སྟེ་བསླབ་པའི་ གཞི་བདུན་པའོ།། །།མལ་ཆེན་མཐོན་པོ་དག་ལ་ཉལ་བྱེད་པ། །ཉེས་བྱས་བཀྲ་མི་ཤིས་པས་ངེས་པར་གཟིར། །ཁྲུ་གང་ལས་ལྷག་ཚད་ནི་མཐོན་པོ་ཡིན། །རིན་ཆེན་ལ་སོགས་རྐང་པ་སྤྲས་ཆེན་ཡིན། །སྟན་མཐོན་རིན་ཆེན་འོད་ཀྱིས་མཛེས་པ་ལ། །འདུ་བྱེད་འཇིག་པའི་ངང་ཅན་འདིར་ བསམས་ཏེ། །འཛེགས་ནས་ཆོས་བསྒྲགས་པ་ནི་སྦྱིན་བྱ་སྟེ། །བདེ་གཤེགས་ཆོས་ཀྱི་མཆོད་བྱ་ཡིན་པས་སོ། །ཁྱིམ་པས་རིན་ཆེན་འོད་འབར་བྱས་བྱིན་ནའང་། །མི་རྟག་ཉིད་དུ་བསྒོམ་པས་འདུག་པར་བྱ། །གནོད་སྦྱིན་གནས་དང་ལྷ་ཁྱིམ་ཀླུ་གནས་སུ། །སྡོམ་བརྩོན་འདུག་ནའང་ཉེས་པ་མེད་པ་ ཡིན། །མཐོན་པོ་ལ་སོགས་ཕྱོགས་མཐུན་ཉིན་ཉལ་ཡིན། །གཉིད་ཀྱི་ནད་དུ་གྱུར་ན་ཡུད་ཙམ་གནང་། །ན་དང་དེ་ཡི་ནད་གཡོག་མ་གཏོགས་པ། །བརྟུལ་ཞུགས་ཅན་ནི་མར་མེས་ཉལ་བ་བཀག །གདིང་བ་མེད་པར་ཉལ་བ་རིགས་མ་ཡིན། །ཡུལ་གྱི་དབུས་སུ་མལ་སྟན་ཀོ་ལྤགས་མིན། ། ཁྱིམ་དག་ཏུ་ནི་སྟན་ཙམ་ཁོ་ན་དབང་། །ཡུལ་གྱི་མཐའ་འཁོབ་དག་ཏུ་གཉི་ག་དབང་། །གླང་ཆེན་རྟ་དང་སྟག་དང་སེང་གེ་དང་། །སྤྲེའུ་བྱི་ལའི་པགས་པའང་རུང་མ་ཡིན། །མཆིལ་ལྷམ་བལ་བ་ཛ་དང་མུན་ཛའི་འཇག། །རྩྭ་ལ་སོགས་ལས་བྱས་པའང་བཅང་མི་བྱ། །གཙུག་ལག་ཁང་སྟེང་གནས་ ཁང་ཁྱམས་རྣམས་སུ། །ཤིང་ལས་བྱས་ལྷམ་རྟག་ཏུ་མི་གནང་ངོ་། །བཤང་དང་གཅི་བའི་ཁང་པའི་ཕྱོགས་དང་ནི། །ཁྱིམ་ནང་བཅས་མ་བསྟར་བར་ཉེས་པ་མེད། །མཛེ་ཅན་གྱིས་ནི་དགེ་འདུན་ཁྲི་སོགས་སྤང་། །དགེ་འདུན་རྣམས་དང་འདུ་སོགས་དེ་བཞིན་ནོ། །དགེ་འདུན་སྐྱེ་བོ་མེད་པར་ དེ་བཞག་སྟེ། །སྨན་གྱི་སྦྱོར་བ་དག་གིས་བསྐྱང་བར་བྱ། །ནད་གཡོག་གིས་ཀྱང་ནད་པ་ཐམས་ཅད་ལ། །གསོན་པ་རྙེད་པར་དཀའ་བ་རྟོགས་བྱས་ཏེ། །རང་བཞིན་ཁ་ན་མ་ཐོ་མ་གཏོགས་བསྒྲིམ། །བཅས་པའི་ཁ་ན་མ་ཐོ་བས་ཀྱང་བསྐྱང་། །མལ་མཐོན་པོ་ལ་ སོགས་པ་སྤོང་བ་སྟེ་བསླབ་པའི་གཞི་བརྒྱད་པའོ།། །།རང་གླིང་སྐྱ་རེངས་དང་པོ་སོགས་བཟུང་ནས། །ཉི་མ་ཕྱེད་པར་འདིར་ནི་དུས་ཡིན་ཏེ། །དེ་ཡོལ་གང་ཞིག་དུས་རུང་ཟ་བྱེད་དེ། །ཉེས་བྱས་ལྕགས་ཀྱི་གོང་བུའི་ཟས་རྣམས་ཟ། །སྒེགས་པ་ཟས་བཅས་བྱུང་ན་བོར་བྱས་ནས། །འབད་པ་ དག་གིས་ཁ་ནི་བཀྲུ་བར་བྱ། །ལས་ཀྱི་དབང་གིས་མིད་པ་གཉིས་ཡོད་ན། །བ་གླང་བདག་བཞིན་ཅི་དགར་མིད་པར་བྱ། །གལ་ཏེ་འདི་ལ་བརྟུལ་ཞུགས་གནས་པའི་ཚེ། །ཉི་མ་གཅིག་ཀྱང་འདོད་ཡིན་དེ་ཡི་ཚེ། །ནད་པ་ལ་ནི་མཁས་པའི་ལུང་ཉིད་དུས། །ཕོངས་པ་ལ་ནི་དུས་མིན་མེད་པ་ཡིན། ། ཡ་རབས་རྣམས་ཀྱིས་ཤ་དང་ཉ་གནང་གང་། །གནོད་དང་བརྩེ་མེད་རོ་སོགས་ལ་ཆགས་དང་། །ཡོངས་སུ་བཙལ་བའི་སེམས་དག་སྤངས་ནས་ནི། །ལྷུང་བཟེད་འོངས་པ་དེ་ལ་བརྟགས་ཏེ་བཟའ། །ནས་ཆན་སྣུམ་ཁུར་འབྲས་ཆན་ཉ་དང་ཤ། །འདི་དག་སྲོག་གནས་བྱ་ཕྱིར་བཟའ་བར་ གསུངས། །སྡོང་བུ་འབྲས་བུ་ཨུཏྤལ་ལ་སོགས་རྩ། །དེ་དག་བཅའ་བ་དུས་སུ་རུང་བ་ཡིན། །དུས་མི་རུང་བ་ཆུ་ཤིང་འབྲས་བུ་ལས། །སོགས་པའི་བཏུང་བའི་ཚགས་བཙགས་རུང་ཆུས་བསླད། །དར་བ་དང་རྩབས་ཆུར་ཁུ་སྦྱར་བའི་ཚེ། །བུ་རམ་ཤིང་ཁུ་དང་བ་འབྲུ་ཚ་ཡིན། །བུ་རམ་དང་ནི་ འབྲུ་མར་སྦྲང་རྩི་མར། །ཧྭགས་དང་ཞག་དང་ཁ་རར་བཅས་ཉིད་ཡིན། །ཡུང་དང་སྒེའུ་གཤེར་གླ་སྒང་ལ་སོགས་རྩ། །སླེ་ཏྲེས་ཙན་དན་དམར་པོ་སོགས་སྡོང་བུ། །ནིམ་པ་པ་ཏོ་ལ་སོགས་ལོ་མར་བཤད། །མེ་ཏོག་ད་ཏ་ཀི་དང་བཤ་ཀ །འབྲས་བུ་སྐྱུ་རུ་ན་ལེ་ཤམ་པ་རུ། །ཨ་རུ་ཀ་ ཀོ་ལ་སུག་སྨེལ་པི་པི་ལིང་། །ཏིལ་སོགས་འགྱུར་བྱེད་དང་ནི་ཚ་ལྔ་དང་། །ཐང་ཆུ་རྒྱ་སྐྱེགས་སྲ་རྩི་ཤིང་ཀུན་དང་། །སྤྲ་ཚིལ་བཀྲེས་པ་བསལ་ཕྱིར་བཟའ་མིན་གང་། །དེ་དག་མ་ཤི་བར་བཅངས་སྨན་དུ་གསུངས། །དུས་མིན་རུང་དང་དུས་སུ་རུང་བསྲེས་གང་། །དེ་ནི་དུས་སུ་རུང་བའི་དབང་གིས་ སྐྱད། །དུས་མིན་ཕྱོགས་མཐུན་སྣོད་གཞན་ཡོད་པ་དང་། །འཇིགས་མེད་ཕྱོགས་སུ་སྣོད་གཅིག་ནས་ཟ་ཡིན། །ཕ་མ་དང་ནི་གཅིག་ཏུ་ཟ་བ་ལ། །ངོ་ཕྱིར་སྐྱེ་བོ་མེད་པར་ཉེས་པ་མེད། །དགའ་བོ་ལ་སོགས་མདོ་ལས་གསུངས་ཚུལ་དང་། །ལེགས་དང་ཚོད་དང་ལྡན་པས་ཟས་བཟའ་བྱ། ། ཁམ་ཆུང་བ་འམ་ཆེ་བ་རིགས་མིན་ལ། །ཁ་ཁམ་བཅས་པས་ནམ་ཡང་སྨྲ་མི་བྱ། །མི་སྙན་མི་བྱ་གཏོར་བར་བྱ་མ་ཡིན། །མཆོད་རྟེན་འདྲ་བྱས་བཅོམ་སྟེ་ཟས་མི་བཟའ། །སྟག་གིས་ཟོས་པའི་གོད་ཀྱི་ཤ་རྣམས་དང་། །ཆེད་དུ་བྱས་པ་དག་ནི་བཟའ་མི་བྱ། །ཁྭ་རྣམས་ཀྱིས་ནི་ལྷག་མར་ བྱས་པའི་ཟས། །གང་ཡིན་དེ་མཆུའི་ཐན་འཁོར་བོར་ཏེ་བཟའ། །ལྷུང་བཟེད་གཞི་ལ་རྐང་ཕྱོགས་མནན་ནས་མིན། །མཆིལ་ལྷམ་གྱོན་བཞིན་མིན་གོས་གཅིག་པས་མིན། །སྨན་པས་བསྒོ་ན་ནད་པས་མཆིལ་ལྷམ་སྟེང་། །རྐང་པ་བཞག་སྟེ་ཇི་ལྟར་འདོད་པར་བཟའ། །དེ་ཡི་བདག་ པོའམ་འདྲིམ་པར་བྱེད་པ་ལ། །འདི་འམ་འདི་ལས་བྱིན་ཞེས་བརྗོད་མི་བྱ། །འཕགས་པ་རྣམས་ཀྱིས་རིམ་གྱིས་ཐོབ་བ་བཟའ། །འདིར་ནི་ནད་པ་རྣམས་ལ་བཀག་པ་མིན། །ཟོས་པའི་ལྷག་མ་ལས་ནི་ཆང་གཅིག་གཞག།ཆེད་དུ་མི་བྱ་དགག་པའི་རྒྱུ་འདིར་ཁ། །འདག་པའི་རྫས་སམ་ རུང་བའི་ཆུ་རྣམས་ཀྱིས། །ཟོས་ནས་ཁ་ཡང་ཁ་ཟས་མེད་པར་བྱ། །དུས་མ་ཡིན་པའི་ཁ་ཟས་སྤོང་བ་སྟེ། །བསླབ་པའི་གཞི་དགུ་པའོ།། །།དངུལ་དང་གསེར་གྱི་རྣམ་པ་ལེན་བྱེད་ན། །ཉེས་བྱས་འགྱུར་རོ་གོས་དང་རྒྱགས་ཕྱིར་དང་། །ལུས་ཀྱི་ཕྱིར་དང་དེ་བཞིན་སྨན་ཕྱིར་རམ། །ཆོས་དང་ ལྡན་པའི་ཕྱིར་ནི་ལྟུང་བ་མེད། །ལེན་པའི་རྗེས་སུ་མཐུན་པའི་དཔེར་བྱ་ན། །ཆོས་གོས་ལ་སོགས་ཡོད་བཞིན་གོས་སོགས་སློང་། །ཁབ་རལ་བ་སོ་རུས་ལ་སོགས་པའམ། །གསེར་གྱིས་སྤྲས་པ་བྱ་བ་མ་ཡིན་ནོ། །རྙེད་འདོད་ཉོ་དང་བཙོངས་ལ་སོགས་མི་བྱ། །དགོས་པའི་འབྲེལ་བ་ཡོད་ན་ཉེས་པ་མེད། ། གལ་ཏེ་གོས་དག་ཉོ་བར་འདོད་ན་ནི། །ཁྱིམ་པ་ལ་བཅོལ་ཉོ་བྱ་རང་གིས་མིན། །གལ་ཏེ་ཉོ་བྱེད་སྒྲིན་པོ་འགའ་མེད་ན། །ཚིག་ནི་གསུམ་གྱི་བར་དུ་བརྗོད་པར་བྱ། །རྒས་པས་འཁོགས་དང་ནད་པ་མ་གཏོགས་པ། །སྡོམ་བརྩོན་གཞན་གྱིས་པུས་འཁྱུད་བཅང་མི་བྱ། །རྙེད་ཕྱིར་སྤྱོད་ལམ་ཚུལ་འཆོས་ ཡིན་པར་བསྟན། །ཆགས་པས་གཞན་ལ་སྨོད་པ་ཐོབ་ཀྱིས་འཇལ། །ཆུང་ངུ་བྱིན་ནས་མང་པོ་ཚོལ་བྱེད་དང་། །གཞན་གྱི་བསྔགས་པ་བྱེད་པ་གཞོགས་སློང་ཡིན། །རྙེད་པའི་ཕྱིར་ནི་གཙང་དང་སྙན་པར་སྨྲ། །ཐམས་ཅད་ཁ་གསག་ཡིན་པར་འཕགས་པས་བཤད། ། དེ་དག་དཔེ་ཙམ་གཞན་ཡང་ལོག་སྒྲུབ་པ། །འཚོ་བར་བྱེད་པ་དག་ནི་རྟག་ཏུ་སྤང་། །གསེར་དངུལ་ལ་རེག་པ་སྤོང་བ་སྟེ་བསླབ་པའི་གཞི་བཅུ་པའོ།། །།ཁྱིམ་པའི་རྟགས་ནི་སྤང་བ་སྨྲ་བས་ན། །དེ་ཉམས་ཕྱོགས་མཐུན་ཡོངས་སུ་སྤང་བར་བྱ། །ཁྱིམ་པ་འདྲ་བར་ཤམ་ཐབས་མི་བགོ་ཞིང་། ། ཁ་དོག་གཅིག་པའམ་ཁ་ཚར་ཅན་དཀར་མིན། །ཕྱི་རོལ་དག་ཏུ་ཚོན་ཅན་གོས་གཡོགས་ན། །དཀར་པོའང་ཉིན་པར་བགོ་བར་གནང་བ་ཡིན། །དགེ་འདུན་ཁྲི་དང་ཁྲིའུ་བེའུ་རས་ལ། །གདིང་བ་བཏིང་ནས་སྤྱོད་ནའང་དེ་བཞིན་ནོ། །གོས་རྣམས་ཁ་དོག་བསྒྱུར་ཕྱིར་ཚོན་རྩི་གསུམ། །ངུར་སྨྲིག་རྩི་དང་སྔོན་པོའི་ མདོག་དང་བཙག །མཚལ་དང་དེ་བཞིན་རྒྱ་སྐྱེགས་བཙོད་རྣམས་དང་། །གུར་གུམ་དང་ནི་མཐིང་ཤིང་ལི་ཁྲི་དང་། །རྨ་ཤིང་ལེ་བརྒན་རྩི་རྣམས་མི་རུང་སྟེ། །བརྒྱད་པོ་ཚོན་ཆེན་ཡིན་པས་དེ་བཀག་ཕྱིར། །སེན་མོ་སྟེའུ་དང་སྤུ་གྲིའི་སོ་འདྲ་བར། །བྲེག་བྱ་དེ་ལས་གཞན་གྱི་རྣམ་པར་མིན། །དགོན་པར་ གནས་པའི་སྐྲ་དང་ཁ་སྤུ་དག །སོར་གཉིས་ལས་ནི་ལྷག་པར་གཞག་མི་བྱ། །གྲོང་མཐའ་དེ་བས་ཆུང་ལྷག་དེ་བཞིན་ནོ། །སྐྲ་ནི་བ་ལང་སྤུ་འདྲའི་བྱི་བྱད་སྤང་། །བྱིན་པ་མིག་དང་མཆན་ཁུང་རྐེད་སྨིན་མ། །བྲེག་པར་བྱ་བ་ཤིན་ཏུ་ཐག་རིང་སྤང་། །སྐྲ་རྣམས་བྲེག་པར་བྱས་ནས་ཁྲུས་དག་བྱ། ། ཡང་ན་ཡན་ལག་ལྔ་པོ་བཀྲུ་བར་བྱ། །དང་པོ་ཁ་འམ་མགོ་ནི་ཅི་འདོད་བྲེག།དེ་ཡི་འོག་ཏུ་སྣ་ཡི་ནང་བྱ་ཞིང་། །ལག་པ་རྐང་པ་སེན་མོའི་རིམ་པས་བྱ། །འདི་ལྟར་འདི་ནི་འབྲེག་མཁན་ལས་ཡིན་ནོ། །སྐས་ལ་འཛེག་དང་དེ་བཞིན་ཉིན་ཉལ་ན། །ཤམ་ཐབས་མཐའ་མ་མདུད་པ་དོར་བར་བྱ། །སྡོམ་བརྩོན་ གྱིས་ནི་ཁུར་ལྕི་བསྐུར་མི་བྱ། །ཡང་ཡང་མགོ་བོ་ཕྲག་པ་རྐེད་པས་མིན། །བཀུག་དང་ཕྲལ་དང་འདོམས་སྣང་བྱས་པ་དང་། །དེ་བཞིན་ཙོག་ཙོག་པོར་ཡང་འདུག་མི་བྱ། །བསྟན་བཅོས་ལས་གསུངས་སྤྱོད་ལམ་ལྟ་བུར་ནི། །བྱ་ཡིན་འདིར་ནི་དེ་དག་དཔེ་ཙམ་ཡིན། །ཁྱིམ་པའི་རྟགས་སྤོང་བའི་ ཕྱོགས་དང་མཐུན་པ་སྟེ་བསླབ་པའི་གཞི་བཅུ་གཅིག་པའོ།། །།སྡོམ་བརྩོན་རྟགས་ནི་ཁས་བླངས་བརྗོད་པས་ན། །དེར་གཏོགས་ཉམས་པའི་ཕྱོགས་མཐུན་སྤང་བྱ་སྟེ། །དཔེར་ན་མུ་སྟེགས་རྟགས་ནི་ཐོགས་པ་དང་། །གཅེར་བུར་སྐྲ་འབལ་ལག་པར་ཟས་ཟ་དང་། །རི་ལ་མཆོང་དང་ཉི་ཟླ་ལྟ་ བྱེད་དང་། །མེ་ལྔ་བསྟེན་པ་ལ་སོགས་སྤང་བར་བྱ། །མཆིལ་མ་ལ་སོགས་སེ་གོལ་གཏོགས་བྱས་ཏེ། །དེ་ནས་སྣང་བའི་ཕྱོགས་དག་ཏུ་ནི་དོར། །བཤང་བའི་ས་དང་གཅི་བའི་ཉེ་འཁོར་དུ། །སྣ་ཚོགས་གཏམ་གྱིས་ཡུན་རིངས་གནས་མི་བྱ། །ཁ་ཏོན་བཙོ་བླག་ལ་སོགས་དེར་མི་བྱ། །སྐད་དག་ཕྱུང་ སྟེ་བརྟགས་ནས་འཇུག་པར་བྱ། །བཤང་བའི་ས་དང་གཅི་བའི་ས་དག་ཀྱང་། །སོ་སོ་ཐ་དད་ཡིན་ཏེ་དེར་མི་བརྗོད། །གཅི་དང་བཤང་དང་དེ་བཞིན་རླུང་དག་ནི། །བྱུང་བར་གྱུར་ན་དལ་བུས་གཏང་བར་བྱ། །འབྱུང་བ་བཀག་པ་ནམ་ཡང་འདོད་མ་ཡིན། །རྨ་ལ་སྔར་ནི་འཇམ་པོས་ཕྱིས་ནས་ཀྱང་། །ཆུ་མང་དག་དང་ ས་ཡིས་ཁྲུས་བྱས་ཏེ། །ལག་པ་གཡོན་པར་ས་ནི་ལན་བདུན་བླུགས། །དེ་ཡི་འོག་ཏུ་ལག་པ་གཉི་གར་བདུན། །ས་དེ་དག་ཀྱང་སོ་སོར་རིམ་པར་གཞག།དེ་བཞིན་ཆུ་མང་ལག་པ་གཉིས་བཀྲུས་ནས། །དེ་འབད་ལག་ངར་བྱིན་པ་ལེགས་ཕྱིས་ཏེ། །ཕྱིས་ཀྱང་ལག་པ་གཉི་ག་བཀྲུ་བྱ་ཞིང་། །ཕྱི་ནས་ རི་ལ་བརྐང་བ་གཉི་ག་ཡིན། །སེམས་ནི་དག་ན་གཙང་བ་ཡིན་པར་བཤད། །དྲི་དང་གོས་པ་དག་དང་བྲལ་ཙམ་ཡིན། །བཅོམ་ལྡན་ནང་གི་གཙང་སྦྲར་གསུངས་པ་ནི། །ལུས་ལ་སོགས་པའི་སྡིག་སྤང་གང་ཡིན་པའོ། །བརྟུལ་ཞུགས་ཅན་གྱིས་བཤང་དང་གཅི་བ་དང་། །སོ་ཡི་དྲི་བསལ་ཕྱོགས་ནི་ དབེན་པར་བྱ། །སོ་ཤིང་དག་ནི་ཆུ་ཡིས་བཀྲུས་བྱས་ནས། །དོར་བར་བྱའོ་ཆུ་དག་མེད་ན་ཡང་། །ལྕེ་ཡི་དྲི་མས་ཤི་བཞིན་འདིར་གྱུར་ན། །མི་རུང་བསྒྲིམས་ཏེ་ས་ལ་ཕྱིས་ནས་སོ། །ལྷུང་བཟེད་གཉིས་ཏེ་ས་བྱས་ལྕགས་ལས་བྱས། །ལྷུང་བཟེད་གཞན་མིན་ཆུང་ཆེ་སྐྱ་བ་མིན། །ཁར་གསིལ་སྒྲ་དང་ ལྡན་པ་བཅང་བྱ་སྟེ། །དེ་ནི་གོ་བྱེད་ཁྱི་སྐྲོད་ཡིན་པས་སོ། །རབ་ཏུ་བྱུང་བ་ཉམས་པའི་ཕྱོགས་དང་མཐུན་པ་སྤོང་བ་སྟེ་བསླབ་པའི་གཞི་བཅུ་གཉིས་པའོ།། །།བླ་མར་གསོལ་བཏབ་བླ་མ་ཉམས་ཕྱོགས་མཐུན། །རང་གི་བླ་མ་མ་གུས་དེ་ཡིན་པས། །བདག་ཉིད་འདོད་པས་ཕ་ལྟར་རབ་སྡུག་ དང་། །གུས་པ་བྱས་ནས་བླ་མར་རིམ་གྲོ་བྱ། །བཤང་དང་གཅི་དང་སོ་ནི་དག་བྱ་དང་། །མཚམས་ཀྱི་ནང་དུ་རྒྱལ་ལ་ཕྱག་བྱ་དང་། །ཆུ་དག་བཏུང་བར་བྱ་བ་མ་གཏོགས་པ། །ཐམས་ཅད་དྲིས་ནས་བྱ་བ་ཡིན་པར་གསུངས། །བླ་མ་བས་སྔར་ནང་བར་ལངས་ནས་ནི། །གདོང་དག་ བཀྲུས་ནས་བདེ་གཤེགས་ཕྱག་འཚལ་ཏེ། །དེ་ནས་བླ་མར་གུས་བཅས་ཕྱག་བྱས་ནས། །བཏུད་དེ་སྐུ་ལ་མ་ཉམས་ཞེས་འདྲི་ནས། །བྱ་བ་ཉིད་ཀྱིས་ལུང་མནོས་དེ་འོག་ཏུ། །དེ་ཡི་གནས་ཁང་ཉེ་འཁོར་ཕྱག་དར་བྱ། །དེ་ནས་རྒྱལ་ལ་དཀྱིལ་འཁོར་བྱས་ནས་ནི། །དད་པས་འདུད་བཞིན་དུ་ནི་བསྐོར་བྱ་ཞིང་། ། ཉེ་བའི་སྡོམ་བརྩོན་རྒན་ལ་ཕྱག་བྱས་ནས། །དགེ་བས་ལུས་ལ་སྙིང་པོ་བླང་བར་བྱ། །བླ་མ་དག་ལ་བསྙེན་བཀུར་བྱེད་པ་ན། །ཟས་སྐོམ་ལ་སོགས་ཞིམ་པོ་ཀུན་ཀྱང་དབུལ། །ཕྱག་བྱའི་ལམ་དུ་ཕྱིན་ནའང་ཕྱག་བྱ་སྟེ། །བརྟུལ་ཞུགས་ཅན་དང་མི་མཐུན་བཀོལ་མི་བྱ། །འཇིག་རྟེན་གསུམ་གྱི་སྟོན་པའི་མི་ དབང་གིས། །དེས་ཀྱང་ཨ་རོག་གྱ་ཞེས་བརྗོད་པར་བྱ། །རྒན་ཞུགས་ཤིན་ཏུ་རྒན་པོ་སྦྲིད་བྱུང་དང་། །ཁྱིམ་པ་སྦྲིད་པ་བྱུང་ནའང་སོས་ཞེས་བརྗོད། །གཞོན་ནུའི་སྦྲིད་བྱུང་ཨ་རོག་གྱ་ཞེས་བྱ། །རྒན་ལ་སྦྲིད་བྱུང་ཚིག་གིས་ཕྱག་བྱའོ། །འདི་ལ་བཀུར་སྟིས་ཕྱག་བྱ་རྣམ་གཉིས་ཏེ། །ཡན་ལག་ལྔ་དང་སྒྱིད་ བཟུང་རང་བཞིན་ནོ། །མུན་ཁུང་བླ་མའི་སྤྱི་བོས་སར་གཏུགས་པའི། །ཕྱག་དག་མི་བྱ་ཚིག་གིས་ཕྱག་བྱའོ། །སྡོམ་བརྩོན་བཅའ་བ་འགའ་ཞིག་འཆའ་བྱེད་ན། །ཕྱག་དག་མི་བྱ་དེས་ཀྱང་ཕྱག་མི་བྱ། །མི་གཙང་ལམ་གྱི་ཕྱོགས་མ་བཀྲུས་པའང་མིན། །གོས་གཅིག་མ་ཡིན་ཟས་དང་བཅས་མ་ཡིན། །མདུན་ དུ་ཟས་དྲངས་སྤོ་བ་སྤྱོད་པ་དང་། །ཁྱིམ་ནས་ཚུལ་ཁྲིམས་འཆལ་དང་གཅེར་བུ་དང་། །གཞན་ཡང་ཕྱག་བྱ་མིན་ཡང་བརྟག་པ་ནི། །ཕྱག་བྱ་གཉིས་ཏེ་བདེ་གཤེགས་རྒན་པོ་ཡིན། །གང་ཕྱིར་དེ་དག་སྡོམ་པས་རྒན་མིན་པས། །གསང་སྔགས་ལའང་ལྷ་གཞན་ཕྱག་མི་བྱ། །དཀོན་མཆོག་གསུམ་ལ་འདུད་པས་ ཕྱག་བྱས་ནས། །གཞན་གྱིས་བྱས་པའི་གསང་སྔགས་བརྗོད་པར་བྱ། །གང་ཞིག་སངས་རྒྱས་སྐྱབས་འོས་དག་ལ་སྐྱབས། །སོང་ནས་གུས་པར་གཞན་ལ་ཕྱག་བྱེད་པ། །དེ་ནི་ཤཱཀྱའི་རིགས་ཀྱི་རྟགས་དག་ལ། །ཅོ་འདྲི་ཡུལ་འཁོར་ཟས་ནི་འབར་བ་ཟ། །བླ་མར་གསོལ་བ་བཏབ་པ་ཉམས་པའི་ཕྱོགས་དང་མཐུན་ པ་སྟེ་བསླབ་པའི་གཞི་བཅུ་གསུམ་པའོ།། །།དེ་ནས་སྡོམ་པ་ཉམས་ཕྱོགས་མཐུན་འབྱུང་སྟེ། །དཀོན་མཆོག་གསུམ་ལ་མ་གུས་དེ་བཞིན་དུ། །ཉི་མ་ལྔ་ལས་ལྷག་པར་མི་གནས་པའམ། །དགག་དབྱེ་དང་ནི་གསོ་སྦྱོང་ཉམས་པ་སྟེ། །གལ་ཏེ་མངོན་སུམ་གསུངས་པ་མེད་གྱུར་ཀྱང་། །དགག་དབྱེ་ གསུངས་ཕྱིར་འདིར་ནི་གསོ་སྦྱོང་ཡོད། །དགག་དབྱེ་དག་པར་གོ་བར་བྱ་ཕྱིར་ཏེ། །དེ་ལས་གསོ་སྦྱོང་དོན་ནི་ཐ་དད་མིན། །ཀྱེ་ཚིག་བདག་ལ་བཙུན་པ་དགོངས་སུ་གསོལ། །དེང་འདིར་འཕགས་པའི་དགེ་འདུན་གསོ་སྦྱོང་ལགས། །དེང་འདིར་དགེ་ཚུལ་བདག་གི་འང་ལགས་ཏེ་བདག །ཡང་དག་པར་ མཆི་ཞེས་བྱ་སྔགས་ཡིན་ནོ། །མཆོད་རྟེན་ཁྱམས་དག་ཅི་ནུས་བྱི་དོར་བྱ། །བདུག་པ་མེ་ཏོག་བཀྲམ་པས་དགྲམ་བྱས་ཏེ། །རང་གི་རྒྱུད་བརྟགས་ཐོག་མར་སྡོམ་བརྩོན་གྱི། །མདུན་དུ་ལྟུང་བ་དག་ནི་བཤགས་པར་བྱ། །ཚུལ་ཁྲིམས་ལྡན་དང་འདུལ་བའི་ཆོ་ག་ཤེས། །ནད་པ་སྙིང་རྗེ་འཁོར་ནི་དག་པ་ དང་། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་དང་། །དུས་སུ་འདོམས་པ་དེ་ལྟར་བླ་མར་བསྔགས། །སློབ་དཔོན་ལ་གུས་ཚུལ་ཁྲིམས་ཡོངས་དག་དང་། །བསམ་གཏན་དང་ནི་འདོན་ལ་རྟག་བརྩོན་དང་། །གྲིམས་ཤིང་དུལ་ལ་བཟོད་དང་ལྡན་པ་ནི། །སྡོམ་བརྩོན་གནས་པའི་ཆོས་ལྡན་ཤེས་པར་བྱ། །གྲོང་ ལ་སོགས་པའི་མིང་སྨོས་རིམ་པ་ཡི། །དབྱར་དུ་དབྱར་གནས་དམ་ནི་བཅའ་བར་བྱ། །གལ་ཏེ་དེ་ནི་གཞན་དུ་འགྲོ་གྱུར་ན། །ཞག་བདུན་བྱིན་གྱིས་བརླབས་ཏེ་འགྲོ་བར་བྱ། །ཚུལ་ཁྲིམས་ཉམས་ལ་བཀུར་སྟི་མི་བྱ་ཞིང་། །དེ་དང་འགྲོགས་དང་ལོངས་སྤྱོད་མི་བྱའོ། །ཕ་མ་བླ་མ་དག་དང་ནད་པ་དག །ཚུལ་ ཁྲིམས་ཉམས་སུ་ཟིན་ཀྱང་བཀུར་སྟི་བྱ། །ཉེས་རྩོམ་བྱེད་དང་ཁྱིམ་སུན་འབྱིན་པ་དང་། །འདིར་ནི་གསུམ་པ་ཚུལ་ཁྲིམས་ཉམས་པ་དག །འཐབ་མོ་སྤངས་ཏེ་གཎྜཱི་བརྡུངས་བྱས་ནས། །ཤི་ཞིང་རུལ་བ་བཞིན་དུ་ངེས་བསྐྲད་བྱ། །ཀ་བར་གྱུར་པ་མདོ་སྡེ་འཛིན་གང་དང་། །དེ་བཞིན་གཞན་ཡང་ཆོ་ག་བཞིན་ དཔྱད་བསྐྲད། །དཔུང་བྱེད་བཏང་ན་སླར་ཡང་གཞུག་བྱ་སྟེ། །གལ་ཏེ་མིན་ན་དེ་སྐལ་རིན་གྱིས་ལྟུང་། །གང་དག་གྲངས་ཅན་ལ་སོགས་བདེན་བློས་འདོན། །དེ་དག་ལ་ནི་ཁ་ཟས་དུག་ཏུ་འགྱུར། །སངས་རྒྱས་གསུང་ནི་ཇི་སྐད་བསྟན་བཏོན་ནས། །ངེས་པར་དཔྱད་པར་བྱ་ཕྱིར་གཞན་དག་བཀླག།སངས་ རྒྱས་དེ་ཡི་ཡོན་ཏན་སྨོས་པས་བརྗོད། །སློབ་དཔོན་སློབ་དཔོན་ཚིག་དང་ལྡན་པས་སོ། །དོན་སོགས་སྨོས་པས་ཉེ་བའི་ཚིག་བྱ་སྟེ། །འདུད་བཅས་མཁན་པོར་གྱུར་པའི་མིང་དག་བརྗོད། །རྒན་ལ་བཙུན་པ་ཉེ་བའི་ཚིག་གིས་བརྗོད། །གཞོན་ལའང་ཚེ་དང་ལྡན་པའི་ཉེ་ཚིག་གིས། །དེ་ བཞིན་གནས་བརྟན་ཞེས་བྱའི་ཉེ་ཚིག་བརྗོད། །དེ་ལྟར་འདིར་ནི་མིང་སྨོས་རིམ་པས་ཡིན། །སྡོམ་པ་མཐའ་དག་ཉམས་པའི་ཕྱོགས་དང་མཐུན་པ་སྟེ་བསླབ་པའི་གཞི་བཅུ་བཞི་པའོ།། །།གང་ཞིག་གནང་མེད་དེ་བཞིན་བཀག་མེད་པ། །དེ་ནི་གསུངས་པའི་རྗེས་མཐུན་བརྟགས་ཏེ་གཟུང་། །འདུལ་ བ་མདོར་བསྡུས་ཞེས་བྱའི་སྒྲོན་མ་དང་། །འདྲ་བར་གཞན་འདི་བདེ་བར་གཤེགས་པས་གསུངས། །དགེ་ཚུལ་རྣམས་ཀྱི་ཆོས་ལུགས་བསྡུས་འབྱུང་བའི། །བསོད་ནམས་བདག་ལ་སྐྱེས་དེས་འཇིག་རྟེན་འདིའི། །ཤཱཀྱའི་འོད་བསྟན་ལམ་ནས་རྫོགས་པ་ཡི། །བྱང་ཆུབ་དཔལ་ལྡན་གནས་སུ་འགྲོ་བར་ཤོག། ། ཤཱཀྱའི་བཤེས་གཉེན་ངོར་ནི་བདེ་བར་གཤེགས་པས་གསུངས་པའི་བསླབ་པ་ཡི། །རིན་ཆེན་འབར་བ་དག་ནི་འདུལ་བ་རྒྱ་མཚོའི་ནང་ནས་རབ་བཏུས་ཏེ། །དབང་པོའི་རྡོ་རྗེས་ཕུག་ནས་དེ་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཡི། །སོ་སོར་ངེས་པའི་དབྱེ་བ་དག་གིས་ཕྲེང་བར་མཐུན་པར་བསྡེབས་པ་ཡིན། །འདུལ་ བ་མདོར་བསྡུས་ཏེ་བཅོ་ལྔ་པའོ།། །།ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ། མང་དུ་ཐོས་པའི་སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཱུ་ལ་སརྦ་ཨསྟི་བ་དི་ཤྲ་མ་ཎེ་ར་ཀཱ་རི་ཀཱ་པྲྀཏྟི་པྲ་བྷཱ་བ་ཏི། བོད་སྐད་དུ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་འོད་ལྡན། བམ་པོ་དང་པོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཐམས་ཅད་ཡོད་སྨྲ་གང་དག་རྒྱལ་འགྱུར་བ། །སྟོན་པའི་བསླབ་པ་འཛིན་བྱེད་ས་འཛིན་དབང་། །གཞན་ཞིག་སྐྱེས་འགྱུར་མེ་ཏོག་མདའ་ཅན་དཔུང་། ། རབ་ཏུ་རྒྱུ་བ་དེ་དག་བཅོམ་ཞིང་རྒྱལ། །འཕགས་པ་ཡོན་ཏན་འོད་དང་ཉེར་སྦས་དང་། །ཟླ་སྩོགས་རྣམ་བཤད་མཛད་ལ་དད་པ་ཡིས། །ཕྱག་འཚལ་དགེ་ཚུལ་ཚིག་ལེའུར་བྱས་པའི་དོན། །ཚིག་དོན་ལྡན་པ་སྤེལ་བས་ཇི་བཞིན་བཤད། །རྣམ་བཤད་མཐའ་དག་རྣམ་མང་ངེས་བརྟགས་ནས། །འདུལ་བ་རྒྱ་མཚོའི་ ཕ་རོལ་ཕྱིན་མེད་ཚུལ། །ཆུ་སྲིན་ན་ཀྲའི་འཇིགས་ཅན་དེ་ལས་བདག །གྲོགས་ཀྱིས་ངོ་དགར་འདོད་པའི་དད་པ་སྐྱེས། །བླ་མའི་མན་ངག་ཡང་དག་རྣམ་བཤད་པ། །དེ་དང་དེ་དག་ཐོས་ཏེ་འོན་ཀྱང་ནི། །ཟབ་མོ་རྣམ་པར་གཏན་ལ་དབབ་པ་ལ། །སོ་སོའི་སྐྱེ་བོའི་སེམས་དག་འཁྲུལ་བར་འགྱུར། །ཡོན་ཏན་ འོད་བཤད་ལམ་གྱི་རྗེས་འབྲངས་ནས། །མཁས་པས་བདག་སྨད་མི་འགྱུར་དེ་ཡི་ཕྱིར། །ཐམས་ཅད་ཡོད་སྨྲའི་བླ་མ་རྣམས་ཀྱིས་བདག །འདི་ལ་ཡང་དག་ཞུགས་པས་མྱུར་གྲུབ་མཛོད། །ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང་། །འཇིག་ཚོགས་ལྟ་བ་གདོན་གྱི་རྩ་བ་འཇོམས། །དཔལ་ འབྱོར་ས་དང་མེ་ཏོག་མདའ་ཅན་འཇོམས། །སངས་རྒྱས་ལ་ནི་མགོས་གཏུགས་བཤད་པར་བྱ། །གཞི་ཐམས་ཅད་ཡོད་པར་སྨ་བའི་དགེ་ཚུལ་རྣམས་ཀྱི་ཆོ་ག་བསྡུ་བར་བཞེད་ནས། སངས་རྒྱས་བཅོམ་ལྡན་འདས་ལ་མགོ་བོས་ཕྱག་འཚལ་ཏེ། ངེས་པར་འབྱུང་བའི་ཚུལ་ཁྲིམས་བཤད་པར་བྱའོ། ། ཞེས་བྱ་བ་ལ་སོགས་པ་སྐབས་འབྱེད་པ་ཡིན་ནོ། །ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ། ཁམས་གསུམ་ལས་ངེས་པར་ཕྱིན་པ་ཡིན་ནོ། །དེའི་རྒྱུར་གྱུར་པའི་ཚུལ་ཁྲིམས་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་སོ། །འདིས་ནི་ངེས་པར་ལེགས་པའི་རྒྱུ་ཉིད་ཡིན་པར་བསྟན་ཏོ། །ངེས་པར་ལེགས་པ་ཡང་ རྣམ་པ་གཉིས་ཏེ། ཕུང་པོ་ལྷག་མ་དང་བཅས་པ་དང་། ཕུང་པོ་ལྷག་མ་མེད་པ་ཐ་དད་པས་སོ། །དེ་ལ་ཚུལ་ཁྲིམས་གང་གིས་ཕུང་པོ་ལྔའི་བདག་ཉིད་ཀྱི་སྡུག་བསྔལ་སྤོང་བར་བྱེད་པ་ནི་སྡུག་བསྔལ་སྤོང་བྱེད་ཅེས་བྱ་བ་སྟེ། འདིས་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་རྒྱུ་ཉིད་ཡིན་པར་བསྟན་ ཏོ། །འཇིག་ཚོགས་ལ་ལྟ་བ་ཉིད་གདོན་ཡིན་ཏེ། གསོ་བར་དཀའ་བ་ཉིད་ཡིན་པའི་ཕྱིར་རོ། །དེའི་རྩ་བ་སྟེ། ས་བོན་འཇོམས་པར་བྱེད་པ་ཡིན་པས་འཇིག་ཚོགས་ལྟ་བའི་གདོན་གྱི་རྩ་བ་འཇོམས་བྱེད་དེ། འདིས་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་རྒྱུ་ཉིད་ཡིན་པར་སྟོན་ཏེ། དཔལ་འབྱོར་ས་ཞེས་བྱ་བ་ནི་རྟེན་ཡིན་ཏེ། མངོན་པར་མཐོ་བའི་རྒྱུ་ཡིན་པར་ཡང་བསྟན་ཏོ། །མེ་ཏོག་གི་མདའ་ཅན་འདོད་པའི་ལྷ་སྟེ། དེ་འཇོམས་པའི་རྒྱུར་གྱུར་པ་ཡིན་པའི་ཕྱིར་མེ་ཏོག་མདའ་ཅན་འཇོམས་པ་སྟེ། ལྷའི་བུའི་བདུད་ལས་རྣམ་པར་རྒྱལ་བར་བྱེད་པའི་རྒྱུ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ། ། འདིས་ནི་མངོན་པར་མཐོང་བ་ཡང་བསྟན་ཏོ། །ད་ནི། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང་། །མི་ཚངས་སྤྱོད་བརྫུན་བཅོས་པའི་ཆང་ལ་སོགས། །གར་སྩོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང་། ཕྱི་དྲོའི་ཁ་ཟས་དངུལ་ནི་སྤོང་བ་དེ། །ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་ ཁྲིམས་དེ། །དགེ་ཚུལ་བརྟུལ་ཞུགས་ཆུ་ལོན་བརྩིགས་པ་དང་། །འཆི་བའི་མཆེ་བ་འབྱིན་པར་བྱེད་པའི་ཐབས། །རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཞེས་བྱ་བས་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་རང་བཞིན་སྟོན་ཏེ། སྲོག་གཅོད་པ་ལ་སོགས་པ་རེ་རེ་ལ་ཡང་སྤོང་བར་སྦྱར་བར་བྱའོ། ། སྤོང་བ་ནི་སྤོང་བར་བྱེད་པའོ། །བཅོས་པའི་ཆང་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་སྦྱར་བའི་ཆང་བསྡུའོ། །གར་ལ་སོགས་པ་དང་། ཕྲེང་བ་ལ་སོགས་པ་དང་། མལ་མཐོན་པོ་དང་། ཆེན་པོ་དང་། ཕྱི་དྲོའི་ཁ་ཟས་ཞེས་བྱ་བར་ཚིག་དབྱེའོ། །དེ་ལ་གར་སོགས་ཞེས་བྱ་བ་ལ་སོགས་པའི་ སྒྲས་ནི་གླུ་དང་རོལ་མོའི་སྒྲ་གཉིས་གཟུང་ངོ་། །ཕྲེང་བ་ལ་སོགས་པའི་སྒྲས་ནི་སྤོས་ཉུག་པ་དང་ཁ་དོག་འཆང་བ་གཉིས་བསྡུའོ། །མལ་ཆེན་མཐོ་བ་ཞེས་བྱ་བ་ནི་དེ་ཆེན་པོ་ཡང་ཡིན་ལ། མཐོན་པོ་ཡང་ཡིན་པས་སོ། །མལ་གྱི་སྒྲ་སྤྱིར་བསྟན་པས་མལ་ཆེན་པོ་དང་མལ་མཐོན་པོ་སྟོན་ཏོ། །ཆེན་པོ་དང་ མཐོན་པོའི་སྒྲའི་ཡན་ལག་གི་སྒོ་ནས་ནི་མལ་ཞེས་སྤྱིར་བསྟན་པའི་ཁྱད་པར་དུ་འབྱེད་པ་ཡིན་ནོ། །དེའི་ཕྱིར་མལ་མཐོན་པོ་དང་། མལ་ཆེན་པོ་ཞེས་བྱ་བའི་དོན་དུ་འགྱུར་རོ། །མལ་གྱི་སྒྲ་ནི་མཚོན་པའི་དོན་ཡིན་པའི་ཕྱིར་སྟན་ཡང་བསྡུའོ། །ཕྱི་དྲོའི་ཁ་ཟས་ཞེས་བྱ་བ་ནི་ཕྱི་དྲོའི་ཁ་ཟས་ཞེས་བྱ་བའི་ཐ་ཚིག་གོ། ། ཟས་ནི་བཟའ་བ་སྟེ་མ་ནིང་གི་རྟགས་སུ་བསྟན་ཏོ། །དངུལ་རྣམས་སྤོང་བ་ཞེས་བྱ་བ་ནི་དངུལ་དང་གསེར་ལ་སོགས་པ་ལེན་པ་སྤོང་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་སྲོག་གཅོད་པ་ལ་སོགས་པ་བཅུ་པོ་སྤོང་བ་གང་ཡིན་པའི་སྤོང་བ་སྟེ་ཚུལ་ཁྲིམས་ཡིན་ནོ་ཞེས་བྱ་བར་སྦྱར་བར་བྱ་སྟེ། དེ་ཡང་དགེ་ཚུལ་གྱི་སྡོམ་ པ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུའི་སྤོང་བ་སྟེ། ཚུལ་ཁྲིམས་དེ་ནི་ཉོན་མོངས་དགྲའི་གཡུལ་ལས་རྒྱལ་བྱེད་དེ། ངེས་པར་འབྱིན་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཉེ་བར་སྟོན་པར་བྱེད་པ་ཡིན་པའི་དོན་གྱིས་ཆུ་ལོན་བརྩིགས་པ་དང་འདྲ་བས་དགེ་ཚུལ་གྱིས་ནི་བརྟུལ་ཞུགས་ཀྱི་ཆུ་ལོན་བརྩིགས་པ་ཡིན་ནོ། ། དགེ་ཚུལ་གྱི་བརྟུལ་ཞུགས་ནི་འདིར་རབ་ཏུ་བྱུང་བ་ལ་བྱ་སྟེ། ཆོས་འདི་པ་རྣམས་ཀྱི་ཆ་བྱད་ཡིན་ནོ། །དགེ་ཚུལ་གྱི་སྡོམ་པ་ནི་སྤོང་བ་ཡིན་ཏེ། ཁྱད་པར་ནི་དེ་ཡིན་ནོ། །འཆི་བའི་མཆེ་བ་འབྱིན་པར་བྱེད་པའི་ཐབས་ཡིན་པ་ནི་འཆི་བའི་མཆེ་བ་འདོན་པའི་རྒྱུ་ཡིན་ཏེ། ཚུལ་ཁྲིམས་ལ་གནས་པ་དང་། ཐོས་པ་དང་། བསམས་པ་དང་། བསྒོམས་པའི་རིགས་ཀྱིས་འཆི་བ་ངེས་པར་འཇོམས་པའི་ཕྱིར་རོ། །རྫོགས་པའི་བྱང་ཆུབ་ཉིད་དཔལ་ཡིན་ཏེ། ཆོས་ཀྱི་རྒྱལ་པོ་མཛད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཐོབ་པར་བྱ་བའི་ཕྱིར་དབང་བསྐུར་བ་ཡིན་ཏེ། དབང་སྦྱིན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ད་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ ཀྱི་སོ་སོའི་མཚན་ཉིད་བརྗོད་པར་བྱ་བའི་ཕྱིར་རེ་ཞིག་སྤྱིར་བཏང་བས་ནི། འདུ་ཤེས་གཙོ་ལ་དོན་གཉིས་ཇི་བཞིན་ན། །ལྟུང་རྫོགས་དོན་ཉིད་ཇི་བཞིན་མིན་ན་ཆུང་། །ཡིད་གཉིས་གྱུར་ན་ངེས་དང་འདྲ་བར་གཞག།བླངས་པའི་ཕྱོགས་མཐུན་རྣམས་ལ་ཡིད་ཀྱིར་འགྱུར། །ཞེས་བྱ་བ་སྨོས་སོ། །བསླབ་པའི་གཞི་ནི་ རྣམ་པ་གཉིས་ཏེ། འདུ་ཤེས་གཙོ་བོར་བྱ་བ་དང་། །དངོས་པོ་གཙོ་བོར་བྱ་བའོ། །དེ་ལ་འདུ་ཤེས་གཙོ་བོར་བྱ་བ་ནི་དཔེར་ན་སྲོག་གཅོད་པ་ལྟ་བུའོ། །དངོས་པོ་གཙོ་བོར་བྱ་བ་ནི་དཔེར་ན་འཁྲིག་པ་ལས་བྱུང་བ་ལྟ་བུའོ། །སྤྱིར་བཏང་བ་འདི་ནི་འདུ་ཤེས་གཙོ་བོར་བྱ་བ་རྣམས་ཀྱི་ཡིན་གྱི། དངོས་པོ་གཙོ་བོར་ བྱ་བ་རྣམས་ཀྱི་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་ཉིད་ཇི་བཞིན་ན་ཞེས་བྱ་བ་ནི་དོན་དེ་ཇི་ལྟ་བ་བཞིན་དུ་གལ་ཏེ་འདུ་ཤེས་ཀྱང་དེ་ཁོ་ན་ཉིད་བཞིན་དུ་གྱུར་ན། དེའི་ཚེ་ལྟུང་བ་རྫོགས་པ་ཡིན་ཏེ། དཔེར་ན་སྲོག་ཆགས་དང་བཅས་པའི་ཆུ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་པ་ལྟ་བུའོ། །དོན་ཉིད་ཇི་བཞིན་མིན་ན་ཆུང་ ཞེས་བྱ་བ་ནི། འདུ་ཤེས་བཞིན་དུ་གལ་ཏེ་དོན་དེ་ཁོ་ན་ལྟར་མ་ཡིན་ན་ལྟུང་བ་དེ་མ་རྫོགས་སོ་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་སྲོག་ཆགས་མེད་པ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་པ་ལྟ་བུའོ། །ཡིད་གཉིས་གྱུར་ན་ངེས་དང་འདྲ་བར་གཞག།ཅེས་བྱ་བ་ནི་ཐེ་ཚོམ་ཟ་བ་ནི་ངེས་པ་དང་འདྲ་བར་རྣམ་པར་གཞག་གོ་ཞེས་ བྱ་བའི་ཐ་ཚིག་གོ། །འདི་ལྟར་སྲོག་ཆགས་དང་བཅས་པ་ལ་ཡིད་གཉིས་སུ་གྱུར་པ་ནི་ལྟུང་བ་རྫོགས་པ་ཁོ་ན་ཡིན་ལ་སྲོག་ཆགས་མེད་པ་ལ་ཡིད་གཉིས་སུ་གྱུར་པ་ནི་རྫོགས་པ་མ་ཡིན་པར་རྣམ་པར་གཞག་གོ། །བླངས་པའི་ཕྱོགས་མཐུན་རྣམས་ལ་ཡིད་ཀྱིར་འགྱུར། །ཞེས་བྱ་བ་ལ། བླངས་ཞེས་བྱ་ བ་ནི་སྲོག་གཅོད་པ་སྤོང་བ་ལ་སོགས་པ་དང་། དེ་བཞིན་དུ་ཁྱིམ་པའི་རྟགས་སྤོང་བ་དང་། རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་པ་དང་། མཁན་པོར་ཁས་ལེན་པའོ། །བླངས་པའི་ཕྱོགས་དང་མཐུན་པ་ནི་དཔེར་ན་མི་ཚངས་པར་སྤྱོད་པ་སྤོང་བའི་ནི་ཁུ་བ་འབྱིན་པ་སྤོང་བ་ལ་སོགས་ བ་ལྟ་བུ་སྟེ། མ་བླངས་སུ་ཟིན་ཀྱང་བླངས་པ་དང་ཤན་འདྲ་བ་ཡིན་པས་ཕྱོགས་དང་མཐུན་པ་དེ་རྣམས་སུ་གྱུར་པ་ཁུ་བ་འབྱིན་པ་ལ་སོགས་པར་ཐལ་བ་ནི་ཕྱོགས་དང་མཐུན་པ་ཞེས་བྱའོ། །ཕྱོགས་དང་མཐུན་པ་དེ་དག་ཡོད་ན་ཡིད་ཀྱིར་འགྱུར་ཏེ། བསྡམ་པར་བྱས་པའི་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་ གོ། །དེ་ལ་སྲོག་གཅོད་པའི་ཕྱོགས་དང་མཐུན་པ་ནི། དཔེར་ན་ཉེས་རྩོམ་གྱི་གཞི་མི་གཏོང་བ་དང་། རྣམ་པར་འཚེ་བ་དང་། དམག་གི་ནང་དུ་ཞུགས་པ་དང་། རྡེག་པ་དང་འགྱོད་པ་སྐྱེས་པ་དང་། བཟའ་བ་དང་། སྔངས་པར་བྱེད་པ་ལ་སོགས་པའོ། །མ་བྱིན་པར་ལེན་པའི་ཕྱོགས་དང་མཐུན་པ་ནི། །དཔེར་ ན་མ་བསྟབས་པར་སྟན་ལ་འདུག་པ་དང་། བྱིན་པ་ཁྲོས་ནས་ཕྲོགས་པ་དང་། བཞད་གད་ཀྱིས་སྦེད་པ་ལ་སོགས་པའོ། །མི་ཚངས་པར་སྤྱོད་པའི་ཕྱོགས་དང་མཐུན་པ་ནི་དཔེར་ན་ཁུ་བ་འབྱིན་པ་དང་། འཁྲིག་པ་དང་། བསྙེན་བཀུར་བསྔགས་པ་དང་། སྨྱན་ལ་སོགས་པ་སྟེ་དེ་བཞིན་དུ་དེ་རྣམས་ཀྱང་བསླབ་པའི་གཞི་ རེ་རེ་ལ་དཔེར་བརྗོད་པར་བལྟ་བར་བྱའོ། །བྱེ་བྲག་ཏུ་བཤད་པ་ལས་ནི་ཕྱོགས་དང་མཐུན་པའི་མཚན་ཉིད་འདི་སྐད་དུ། འཆང་བ་དང་ནི་འབྲལ་བ་དང་། །དེ་བཞིན་ས་ནི་རྐོ་བ་དང་། །རིན་ཆེན་རེག་དང་མེ་ལ་རེག །བཏང་ནས་ཟ་བར་བྱེད་པ་དང་། །ལྗོན་ཤིང་གཅོད་དང་ཤིང་གཅོད་དང་། །བྱིན་ལེན་མ་བྱས་ཟ་བ་ དང་། །རྩྭ་སྔོན་མི་གཙང་འདོར་བ་དང་། །དེ་བཞིན་སྩོགས་འཇོག་ཟ་བ་དང་། །ས་བོན་འཇོམས་དང་བསླབ་པའི་གཞི། །བཅུ་པོ་རྣམས་ནི་མ་གཏོགས་པ། །སོ་སོར་ཐར་པར་བསྟན་པ་དག །བླངས་པའི་ཕྱོགས་མཐུན་ཤེས་པར་བྱ། །ལྷན་ཅིག་དབྱར་ནི་གནས་པ་དང་། །གསོ་སྦྱོང་དགག་དབྱེ་ བཅས་ལ་སོགས། །བླངས་པ་ལ་བརྟེན་རྟགས་དང་ནི། །སློང་སྤྱད་ཉེར་སྤྱོད་རྒོད་པ་དང་། །འདོད་དང་གནོད་དང་འགྲོགས་པ་དང་། །མ་གུས་མི་སྦྱོང་གཞི་ལས་འབྱུང་། །ཞེས་བསྟན་ཏོ། །འདིའི་དོན་ནི་འདི་ཡིན་ཏེ། ལྷུང་བཟེད་དང་ཆོས་གོས་དག་ལྷག་པ་འཆང་བ་དང་། ཆོས་གོས་ དང་འབྲལ་བ་དང་། ས་རྐོ་བ་དང་། རིན་པོ་ཆེ་ལ་རེག་པ་དང་། མེ་ལ་རེག་པ་དང་། བཏང་ནས་ཟ་བ་དང་། ལྗོན་ཤིང་གཅོད་པ་དང་། ཤིང་ལ་སོགས་པ་གཅོད་པ་དང་། བྱིན་ལེན་མ་བྱས་པར་ཟ་བ་དང་། རྩྭ་སྔོན་པོ་དང་བཅས་པའི་ཕྱོགས་སུ་མི་གཙང་བ་འདོར་བ་དང་། སྩོགས་འཇོག་ཟ་བ་དང་། ས་བོན་ འཇོམས་པ་དང་། ཞེས་བྱ་བ་བཅུ་གསུམ་དང་། དགེ་ཚུལ་གྱི་བསླབ་པའི་གཞི་བཅུ་པོ་དག་མ་གཏོག་པ་སོ་སོར་ཐར་པའི་མདོ་ལས་བསྟན་པ་གཞན་རྣམས་ནི་ཇི་ལྟར་འབྱོར་པར་དགེ་ཚུལ་གྱིས་ཡང་དག་པར་བླངས་པའི་ཕྱོགས་དང་མཐུན་པ་ཡིན་ནོ། །དེ་དག་ཀྱང་དབྱར་གནས་པར་ཁས་ལེན་པ་དང་། གསོ་ སྦྱོང་དང་དགག་དབྱེ་དང་། སྩོགས་པའི་སྒྲས་རྟགས་ཀྱི་གཞི་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་བསྡུའོ། །གཞིའི་སྒྲ་ཡང་རེ་རེ་ལ་སྦྱར་བའི་ཕྱིར་གཞི་བཅུར་འགྱུར་རོ། །དེ་ལ་རྟགས་ཀྱི་གཞི་ལས་བྱུང་བ་ནི་རབ་ཏུ་བྱུང་བའི་སྔགས་ལས་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ་ཞེས་འབྱུང་བ་གང་ཡིན་པ་དེ་ལས་མུ་ སྟེགས་ཅན་གྱི་རྟགས་འཆང་བ་དང་། ཁྱིམ་པའི་རྟགས་འཆང་བ་དང་། དེ་བཞིན་དུ་རྫས་རུང་བ་མ་ཡིན་པ་དང་། ཚད་ལས་ཆུང་བ་དང་ལྷག་པ་དག་བྱེད་པ་དང་བྱེད་དུ་འཇུག་པ་དང་། སེན་མོའི་བྱི་དོར་མ་གནང་བ་རྣམས་བྱེད་པ་དང་། རྟགས་ཉམས་པར་བྱེད་པའི་སྐྲའི་བྱི་བྱད་དང་། མ་གནང་བའི་ཕྱོགས་རྣམས་ འབྲེག་པར་བྱེད་པ་ལ་སོགས་པ་ནི་རབ་ཏུ་བྱུང་བའི་རྟགས་ཉམས་པའི་ཕྱོགས་དང་མཐུན་པ་ཡིན་པར་བསྟན་ཏོ། །ལྷུང་བཟེད་འཆང་བ་དང་བསོད་སྙོམས་ལ་རྒྱུ་བ་ན་རྟགས་སུ་གྱུར་པ་ཉིད་ཡིན་ཏེ། དེ་ཡང་རྣམ་པ་གཞན་དང་། རྫས་གཞན་ལས་བྱས་པ་དང་། ཚད་ལས་ཆུང་བ་དང་། ལྷག་པ་དང་། སྐྱ་བོ་འཆང་ བ་ཡང་རྟགས་ཉམས་པའི་ཕྱོགས་དང་མཐུན་པ་ཡིན་པར་རིག་པར་བྱའོ། །སློང་བ་དང་སྤྱད་པའི་གཞི་ལས་བྱུང་བ་རྣམས་ནི་དངུལ་དང་གསེར་ལེན་པ་སྤོང་བ་ཉམས་པའི་ཕྱོགས་དང་མཐུན་པ་ཉིད་ཡིན་ཏེ། སློང་བའི་གཞི་ལས་བྱུང་བ་ནི་གོས་སློང་བ་ལ་སོགས་པའོ། །སྤྱད་ཀྱི་གཞི་ལས་བྱུང་བ་ནི་ཁབ་རལ་ལ་སོགས་པ་བྱེད་ དུ་འཇུག་པའོ། །ཉེ་བར་སྤྱོད་པའི་གཞི་ལས་བྱུང་བ་ནི་སྒོག་སྐྱ་ཟ་བ་ལ་སོགས་པ་དག་སྟེ། དུས་མ་ཡིན་པར་ཟ་བའི་ཕྱོགས་དང་མཐུན་པ་ཉིད་དོ། །རྒོད་པའི་གཞི་ལས་བྱུང་བ་ནི་རྒྱུག་པ་དང་མཆོང་བ་དང་ཆུ་ལ་རྩེ་བ་ལ་སོགས་པ་དག་སྟེ། གར་དང་གླུ་དང་རོལ་མོའི་སྒྲ་དང་། ཕྲེང་བ་དང་སྤོས་ཉུག་པ་དང་ཁ་དོག་འཆང་ བ་དང་། མལ་མཐོན་པོ་དང་མལ་ཆེན་པོའི་ཕྱོགས་དང་མཐུན་པ་ཉིད་ཡིན་ནོ། །འདོད་པའི་གཞི་ལས་བྱུང་བ་ནི་ཁུ་བ་འབྱིན་པ་ལ་སོགས་པ་དང་ཁང་པ་དང་ལྷ་ཁང་དུ་གཏོགས་པ་སྟེ། དེ་ནི་རབ་ཏུ་བྱུང་བའི་ཕྱོགས་དང་མཐུན་པ་ཉིད་ཀྱང་ཡིན་ནོ། །གནོད་པའི་གཞི་ལས་བྱུང་བ་ནི་དགེ་འདུན་གྱི་ དབྱེན་ལ་སོགས་པ་ཡིན་ནོ། །འགྲོགས་པའི་གཞི་ལས་བྱུང་བ་ནི་དགེ་འདུན་གྱིས་བསྐྲད་པ་གང་ཡིན་པ་དང་འགྲོགས་པ་སྟེ། དེ་ནི་འདོད་ཆགས་དང་བྲལ་བར་འགྱུར་བ་ལས་གཡེལ་བར་གྱུར་པ་ཉིད་ཡིན་པས་ཡོངས་སུ་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར་ན་སྡོམ་པ་མཐའ་དག་ཉམས་པའི་ཕྱོགས་དང་མཐུན་པ་ཉིད་ ཡིན་ནོ། །བུད་མེད་དང་ལྷན་ཅིག་ཏུ་ཉལ་བའི་བདག་ཉིད་དུ་འགྲོགས་པ་གང་ཡིན་པ་དེ་ནི་མི་ཚངས་པར་སྤྱོད་པའི་ཕྱོགས་དང་མཐུན་པ་ཉིད་ཡིན་ནོ། །མ་གུས་པའི་གཞི་ལས་བྱུང་བ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་མ་གུས་པ་ཉིད་ཡིན་ཏེ། དེ་ཡང་རབ་ཏུ་བྱུང་བའི་སྡོམ་པ་ཉམས་པའི་ཕྱོགས་དང་ མཐུན་པ་ཉིད་ཡིན་ནོ། །གནས་ལ་མ་གུས་པ་ཉིད་ནི་སྡོམ་པ་མཐའ་དག་འཇིག་པའི་ཕྱོགས་དང་མཐུན་པ་ཉིད་ཡིན་ནོ། །མཁན་པོ་ལ་མ་གུས་པ་ཉིད་ནི་མཁན་པོ་ལ་བདག་གི་མཁན་པོ་མཛད་དུ་གསོལ་ཞེས་གསོལ་བ་འདེབས་པ་སྔོན་དུ་འགྲོ་བའི་ཁས་བླངས་པ་གང་ཡིན་པ་དེ་ཉམས་པའི་ཕྱོགས་དང་མཐུན་པ་ཉིད་ ཀྱང་ཡིན་ནོ། །གང་ཟག་གཞན་ལ་མ་གུས་པ་ཉིད་ནི་མཁན་པོ་ལ་མ་གུས་པའི་ཕྱོགས་དང་མཐུན་པ་ཉིད་ཡིན་ནོ། །མི་སྦྱོང་བའི་གཞི་ལས་བྱུང་བ་ནི་བདག་ཉིད་དག་པར་བྱ་བའི་ཕྱིར་གསོ་སྦྱོང་དང་དགག་དབྱེ་གཉིས་བྱ་བར་གསུངས་པ་སྟེ། དེ་མི་བྱེད་པ་ནི་མི་སྤྱོད་པའོ། །དགེ་ཚུལ་གྱི་དགག་དབྱེ་ལས་ གསོ་སྦྱོང་དུ་འགྱུར་བ་ཡང་ཡོད་པར་ཕྱིས་བསྟན་པར་བྱའོ། །གནས་མེད་པར་འདུག་པར་ཡང་མི་སྦྱོང་བ་ཡིན་ཏེ། དེ་ལྟར་མ་བྱས་ན་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་མི་འགྱུར་བས་དེ་རྣམས་ནི་བྱ་བ་ཁོ་ན་ཡིན་ནོ། །ཇི་སྟེ་དེའི་ཕྱོགས་དང་མཐུན་པ་རྣམས་ཡིད་ཀྱིས་བྱ་བ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་འབྱུང་ཞེ་ ན། དགེ་ཚུལ་གྱི་སྔགས་ལས་ཡན་ལག་བཅུ་པ་འདིས་བདག་ཅེས་བསླབ་པའི་ཚད་གསུངས་པ་ལས་བསླབ་པ་བཅུ་པོ་དག་ཁོ་ན་ལས་འདས་ན་ལྟུང་བ་ཡིན་པར་གསུངས་པའི་ཕྱིར་དང་། གཞན་ལ་ནི་མ་གསུངས་པའི་ཕྱིར་ལ་གཞན་ལའང་སྐྱོན་མེད་པ་ཉིད་ནི་མ་ཡིན་ཞིང་། བླངས་པ་ལས་འདས་པ་དང་། ཤན་འདྲ་བའི་ཕྱིར་དང་། ཡིད་ཀྱིས་བསྡམ་པར་བྱ་བ་ཡང་སྤྱིར་བསྟན་པའི་ངོ་བོ་ཉིད་ཡིན་པས་ཕྱོགས་དང་མཐུན་པ་རྣམས་ཡིད་ཀྱིས་བསྡམ་པར་བྱ་བ་ཡིན་ནོ་ཞེས་རྣམ་པར་གཞག་གོ། །གལ་ཏེ་ཡང་ཅིའི་ཕྱིར་ཆ་མ་ཚང་བའི་ལྟུང་བ་ཡིན་པར་མི་འདོད་ཅེ་ན། མི་འཐད་པའི་ཕྱིར་ཏེ། ཆ་མ་ཚང་བའི་ཡང་དག་པར་ བླངས་པ་ལས་འདས་པའི་ཡུལ་ཁོ་ན་ཉིད་ཡིན་ནོ། །དེ་ལ་ཆ་ཇི་སྙེད་ཅིག་གིས་འགྱུར་བར་བསྟན་པ་དེ་རྣམས་ལས་ཆ་གཅིག་མེད་པས་ཀྱང་ཆུང་བར་རྣམ་པར་གཞག་པ་ཡིན་ཏེ། དེས་ན་གཞན་ལ་ནི་ཆ་མ་ཚང་བར་མི་འགྱུར་རོ། །དེའི་ཕྱིར་བསླབ་པའི་གཞི་ལས་གཞན་བླངས་པ་དང་འདྲ་བ་རྣམས་ནི་མ་བླངས་ ཀྱིས་ཀྱང་འདས་ན་ཡིད་ཀྱིས་བསྡམ་པར་བྱ་བར་རྣམ་པར་གཞག་པ་ཡིན་གྱི་ལྟུང་བ་ནི་མ་ཡིན་ནོ། །ཁ་ན་མ་ཐོ་བ་ལྕི་བ་དང་ཡང་བ་ཉིད་དུ་འགྱུར་བ་ནི་བསམ་པའི་དབང་ལས་འགྱུར་བ་དང་། ཡུལ་གྱི་དབང་ལས་འགྱུར་བར་རྣམ་པར་གཞག་གི །ལྟུང་བའི་དབང་ལས་ནི་མ་ཡིན་ཏེ། ལྟུང་བ་ལ་ནི་བཅས་པ་ ཙམ་གྱི་རྗེས་སུ་འབྲང་བས་སོ། །དེ་ལྟར་སྤྱིར་བཏང་བ་རྣམས་བཤད་ནས། མཚན་ཉིད་རྣམས་བཤད་པར་བྱ་སྟེ། གང་ཞིག་རང་བཞིན་གནས་ལ་བསླབ་བཅས་པས། །མི་གཞན་ཡིན་ལ་མིར་ནི་འདུ་ཤེས་དང་། །གསད་པའི་བསམ་པས་འཁྲུལ་མེད་གསོད་བྱེད་ཅིང་། །མི་ཤི་རྨི་ལམ་མ་གཏོགས་དེ་ བརླག་འགྱུར། །ཚིག་གི་དོན་ནི་དགེ་ཚུལ་གང་ཞིག་རང་བཞིན་དུ་གནས་པ་དང་བསླབ་པ་མ་བཏང་བས། མི་ཕ་རོལ་ལ་མིའི་བློ་དང་གསད་པའི་བསམ་པས་འཁྲུལ་པ་མེད་པར་གསོད་ཅིང་ཕ་རོལ་པོ་དེ་ཡང་ཤི་ན་དེ་ཕམ་པར་འགྱུར་བ་ཡིན་ཏེ། རྨི་ལམ་ནི་མ་གཏོགས་སོ་ཞེས་བྱ་བ་ཡིན་ནོ། །རང་བཞིན་ གནས་ཞེས་བྱ་བ་ནི་ཐ་མལ་པར་གནས་པའོ། །འདིར་གཞུང་ནི་སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བས་གཟིར་བ་ལ་ནི་ལྟུང་བ་མེད་དོ་ཞེས་འབྱུང་བ་ཡིན་ནོ། །བསླབ་པ་བཅས་པ་ཞེས་བྱ་བ་ནི་བསླབ་པ་མ་བཏང་བ་ཡིན་ནོ། །འདིར་གཞུང་ནི་སོ་སོར་ཐར་པ་ལས་བསླབ་པ་མ་ཕུལ་བསླབ་པ་ཉམས་ པར་མ་བྱས་པར་ཞེས་གསུངས་པའི་དབང་དུ་བྱས་པའི་ཕྱིར་རོ། །ཕུལ་བ་ཞེས་བྱ་བ་ཡང་ཕུལ་བ་གསལ་བར་བྱེད་པ་གང་ཡང་རུང་བར་འགྱུར་རོ། །འདི་ལྟར་གཞུང་ནི་ཐ་ན་འདི་སྐད་དུ་བདག་ལ་ཁྱེད་ལྟ་བུའི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཅི་ཞིག་བྱ་ཞེས་ཟེར་ནའོ་ཞེས་འབྱུང་བ་ཡིན་ནོ། །ཡང་ བཤད་པ། རང་བཞིན་གནས་པའི་སྡོམ་དང་ནི། །བཏང་བའི་བློ་ཡིས་བཏང་བ་ཡི། །གོ་བར་བྱེད་པ་ཐམས་ཅད་ཀྱིས། །བརྡ་ཕྲད་མི་ལ་གོ་བྱེད་ནའོ། །སློབ་དཔོན་གཞན་དག་ནི། ངག་གིས་སྡོམ་པ་ལེན་པ་ཡིན་པས། གཏོང་བ་ཡང་ཚིག་ཁོ་ནས་རིགས་སོ་ཞེས་ཟེར་བ་དེ་ནི་མི་ རིགས་ཏེ། ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་ཀྱང་སྡོམ་པ་ལེན་པའི་ཕྱིར་རོ་ཟེར་རོ། །བསླབ་པ་ཉམས་པར་མ་བྱས་ཞེས་སྨོས་པ་ནི་གཏོང་བའི་རྒྱུ་ཡིན་པར་བསྟན་པའི་ཕྱིར་རོ། །ཇི་སྟེ་བསླབ་པ་མ་ཕུལ་བ་ཞེས་བྱ་བ་ལ་སོགས་པ་ནི་དགེ་སློང་ལ་གསུངས་པ་ཡིན་ན་ཅིའི་ཕྱིར་དགེ་ཚུལ་གྱི་ཡང་ཞར་ལ་བཤད་ཅེ་ན། དགེ་སློང་གི་སྐབས་སུ་བབ་པའི་ཕྱིར་དགེ་སློང་ཞེས་གསུངས་པས་འདི་ནི་སྤྱིར་གསུངས་པ་ཡིན་ནོ། །འདི་ལྟར་བྱེ་བྲག་ཏུ་བཤད་པ་ལས། དགེ་སློང་གང་ཞེས་བྱ་བ་འདིར་དགེ་སློང་གི་སྒྲ་ནི་གཞི་གཅིག་ལ་བྱ་བ་ཡིན་པའི་ཕྱིར་རོ། །གང་ཞེས་བྱ་བའི་སྒྲ་འདི་ནི་སྤྱིར་བསྟན་པ་ཡིན་ནོ། །དེའི་ཕྱིར་སྡེ་ལྔ་ཆར་གཟུང་ ངོ་ཞེས་བཤད་དོ། །མི་ཞེས་བྱ་བ་ནི་མིའི་འགྲོ་བ་སྟེ། བཤད་པ་ནི་འགྲོ་བའི་གཙོ་བོ་ཡིན་ནོ། །དེས་ན་འདིར་བུད་མེད་དང་། མ་ནིང་དང་མེར་མེར་པོ་ལ་སོགས་པ་དག་ཀྱང་སྨོས་པར་རིག་པར་བྱའོ། །འདིར་གཞུང་ནི་མིའམ་མིར་ཆགས་པ་ཞེས་བྱ་བར་འབྱུང་བ་ཡིན་ནོ། །མིར་ཆགས་པ་ཞེས་བྱ་བ་ནི་ མེར་མེར་པོ་དང་ནུར་ནུར་པོ་དང་། ལྟར་ལྟར་པོ་དང་མཁྲང་གྱུར་གྱི་གནས་སྐབས་རྣམས་ཡིན་ནོ། །མི་ནི་རྐ་ལག་འགྱུས་པ་དང་། བྱིས་པ་དང་། གཞོན་ནུ་དང་། དར་ལ་བབ་པ་དང་། བར་མ་དང་། རྒན་པོའི་གནས་སྐབས་རྣམས་ཡིན་ནོ། །རྣམ་པར་འབྱེད་པ་ལས་མིར་ཆགས་པ་ཞེས་བྱ་བ་ནི་གང་གིས་ མའི་མངལ་དུ་དབང་པོ་གསུམ་པོ་ལུས་དང་། སྲོག་དང་། ཡིད་ཀྱི་དབང་པོ་རྣམས་རྙེད་པའོ།། །མི་ཞེས་བྱ་བ་ནི་གང་གིས་དབང་པོ་དྲུག་པོ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དབང་པོ་རྣམས་རྙེད་པའོ་ཞེས་གསུངས་པའོ། །དེ་ལྟར་ན་བཙས་པའི་གནས་སྐབས་ལྔ་དང་། མངལ་གྱི་ གནས་སྐབས་ལྔ་ནི་རིས་མཐུན་པ་གཅིག་ཡིན་པར་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་རྩ་བའི་བྱེ་བྲག་ཏུ་བཤད་པ་ལས། འཕགས་པ་ཉེར་སྦས་ཀྱིས་མེར་མེར་པོ་བསད་ན་མཐར་འགྱུར་རོ་ཞེས་གསུངས་པ་དང་། མངལ་ཚུན་ཆད་ལོ་ཉི་ཤུ་ལོན་པ་ནི་བསྙེན་པར་རྫོགས་པར་རུང་ངོ་ཞེས་ཁུངས་གསུངས་པ་ཡིན་ཏེ། མེར་མེར་པོ་ཚུན་ཆད་མིར་གདགས་སོ་ཞེས་དགོངས་པ་ཡིན་ནོ། །མི་ཞེས་ཅིའི་ཕྱིར་སྨོས་ཤེ་ན། འགྲོ་བ་གཞན་ནམ་སྤྲུལ་པ་ལ་ནི་ལྟུང་བ་ཆུང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །འདིར་གཞུང་ནི་ཚེ་དང་ལྡན་པ་དག་མི་མ་ཡིན་པ་ཤིན་ཏུ་ཆེན་པོ་བསད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །སྤྲུལ་ པ་ཡང་གཞུང་ནི་གཏམ་གྱི་གཞི་ལས། གང་ཞིག་འགྲོ་བ་ཐམས་ཅད་དང་མ་འབྲེལ་ལ། མྱ་ངན་ལས་འདས་པ་ཡང་མ་ཡིན་ཞིང་། རྒྱལ་བའི་བསྟན་པ་ལ་ཡང་མི་འཇུག་པ་དེ་གང་ཞེ་ན། བཤད་པ། སྤྲུལ་པའོ། །དེ་སྲོག་དང་བྲལ་ན་ཅིར་འགྱུར་བཤད་པ། དམན་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་ ཡིན་ནོ། །ཇི་སྟེ་ཅིའི་ཕྱིར་མི་བསད་ན་མཐར་འགྱུར་ལ་ལྷ་ལ་སོགས་པ་མི་མ་ཡིན་པ་བསད་ན་ནི་སྦོམ་པོར་འགྱུར། དུད་འགྲོར་གྱུར་པ་བསད་ན་ལྟུང་བྱེད་དུ་འགྱུར་ཞེ་ན། །འདིར་འཕགས་པ་ཉེར་སྦས་ཀྱིས་གསུངས་པ་ལ་འཇིག་རྟེན་ན་མི་བསད་པ་ལ་ཤིན་ཏུ་སྐྱོ་བར་བྱས་པ་ཡིན་པའི་ཕྱིར་རོ་ཞེས་ གསུངས་སོ། །གཞན་ཡང་མི་རྣམས་ཁོ་ན་ལ་དཀོན་མཆོག་གསུམ་རྣམ་པར་འཇོག་པ་དང་། སོ་སོར་ཐར་པ་དང་། བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་གནས་ལ། མི་མ་ཡིན་པ་རྣམས་ལ་ཡང་བསམ་གཏན་དང་། ཟག་པ་མེད་པའི་སྡོམ་པ་གཉིས་གནས་ཤིང་། སོ་སོར་ཐར་པའི་སྡོམ་པ་ནི་མེད་ དོ། །དུད་འགྲོ་རྣམས་ལ་ནི་སྡོམ་པ་གསུམ་ཆར་མེད་པ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་པས་མི་རྣམས་ནི་གཙོ་བོ་ཡིན། མི་མ་ཡིན་པ་རྣམས་ནི་འབྲིང་ཡིན། དུད་འགྲོ་རྣམས་ནི་ཐ་ཆད་ཡིན་པས་ལྟུང་བ་ཐ་དད་པར་ཁོང་དུ་ཆུད་པར་བྱའོ། །གཞན་སྨོས་པ་ཅི་དགོས་ཤེ་ན། བདག་གསོད་པ་ལྟུང་ བ་ཆུང་ངུ་ཡིན་པར་བསྟན་པ་ཡིན་ནོ། །ཞུས་པ་ལས་ཀྱང་འདི་སྐད་དུ། བཙུན་པ་དགེ་སློང་གིས་མི་ལ་མིར་འདུ་ཤེས་པས་སྲོག་དང་ཕྲལ་ན་མཐར་མི་འགྱུར་བ་ལྟ་མཆིས་སམ། བདག་ཉིད་ལ་གསོད་པར་བྱེད་ན་དམན་པ་སྦོམ་པོར་འགྱུར་བ་ཡོད་དོ་ཞེས་གསུངས་སོ། །དམན་པ་སྦོམ་པོར་ཞེས་ བྱ་བ་ནི་ཆུང་བའི་རྣམ་གྲངས་ཡིན་ཏེ། ཨུཏྤ་ལའི་ཕྲེང་བ་ལས་འདི་སྐད་ཅེས་དམན་པ་སྦོམ་པོ་ཞེས་བྱ་བའི་ཚིག་འདི་ནི་རིལ་གྱིས་མ་ཡིན་པ་དང་། གླང་པོ་ཆེའི་གཙོ་བོ་དག་མི་བུལ་མི་མགྱོགས་པར་འགྲོ་བ་ལ་སྦྱར་བ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། རིལ་གྱིས་མ་ཡིན་པ་ནི་ཆུང་བ་ཉིད་ཡིན་ནོ་ ཞེས་བྱ་བའི་ཐ་ཚིག་གོ། །གང་ལ་ཉེས་པ་སྦོམ་པོར་ཞེས་འབྱུང་བ་དེར་དམན་པ་སྦོམ་པོ་ཞེས་བྱ་བའི་སྒྲ་ནི། སྦོམ་པོ་ཞེས་བྱ་བའི་སྒྲར་སྦྱར་བ་ཡིན་ནོ། །འདི་ལྟར་ཚིག་ནི་ཕྱོགས་གཅིག་ལ་ཡང་སྦྱར་བ་ཡིན་ཏེ། དཔེར་ན་འཇིགས་སྡེ་ལ་འཇིགས་པ་ཞེས་བྱ་བ་དང་། བདེན་སྨྲ་ལ་སྨྲ་བ་ ཞེས་བྱ་བ་ལྟ་བུ་ཡིན་པས་དེའི་ཕྱིར་ཉེས་པའི་སྒྲས་བྱེ་བྲག་གི་ཚིག་ཏུ་བསྡུ་ན་ཉེས་པ་སྦོམ་པོར་འགྱུར་ཏེ། འདས་པ་ཆུང་ངུ་ཞེས་བྱ་བར་འགྱུར་རོ། །བུད་མེད་ཀྱི་རྟགས་སུ་བསྟན་པ་ནི་ལྟུང་བ་ཆུང་ངུ་དང་སྦྱར་བའི་ཕྱིར་རོ། །ཅི་སྟེ་དེ་ལྟར་ན་འདས་པ་ཆུང་ངུ་ཞེས་བྱ་བ་འདས་པ་ཞེས་བྱ་བའི་ཚིག་གི་དོན་ཇི་ལྟར་འབྲེལ་ པར་འགྱུར་ཞེ་ན། སྤྱི་དང་ཁྱད་པར་གྱི་དངོས་པོ་ཉིད་ཡིན་པའི་ཕྱིར་འདི་ལ་ངེས་པ་མེད་དེ་དཔེར་ན་བ་ལང་གསོ་བར་བྱེད་ཅེས་བྱ་བ་ལྟ་བུའོ། །ལྟུང་བའི་རང་བཞིན་ཅི་ཡིན་ཞེ་ན། ལུས་ཀྱི་དང་ངག་གི་ལས་འདས་པའི་རང་བཞིན་ནོ། །ཅི་སྟེ་ཡིད་ཀྱིས་ཐལ་བའི་རང་བཞིན་ལྟུང་བ་ཅིའི་ཕྱིར་མ་ཡིན་ཞེ་ན། ཡིད་ཀྱི་སྡོམ་པ་ལ་སོ་སོར་ཐར་པའི་སྡོམ་པ་ཉིད་མེད་པའི་ཕྱིར་རོ། །སོ་སོར་ཐར་པའི་སྡོམ་པ་ནི་སྤོང་བ་བདུན་གྱི་མཚན་ཉིད་ཡིན་ཏེ། ལུས་ཀྱི་རྣམ་པ་གསུམ་ངག་གི་རྣམ་པ་བཞི་ཞེས་བྱ་བར་ངེས་པའི་ཕྱིར་རོ། །གཏམ་གྱི་གཞི་ལས་ཀྱང་། ལྟུང་བ་ནི་རྣམ་པར་རིག་བྱེད་ཡིན་པར་བརྗོད་པར་བྱའོ། ། དེ་བཞིན་དུ་ལྟུང་བ་ནི་སེམས་དང་སེམས་ལས་བྱུང་བ་མ་ཡིན་ནོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་པས་དེའི་ཕྱིར་རྣམ་པར་རིག་བྱེད་ཉིད་དང་། གཟུགས་ཅན་ཉིད་དུ་བསྟན་པའི་ཕྱིར་དང་། སེམས་དང་སེམས་ལས་བྱུང་བ་དག་ནི་བཀག་པའི་ཕྱིར་ཡིད་ཀྱི་བྱ་བ་ལ་ནི་ལྟུང་བ་ཉིད་མེད་དོ། །མིར་ནི་འདུ་ཤེས་ ཞེས་བྱ་བ་ནི་འགྲོ་བ་གཞན་དུ་འདུ་ཤེས་པ་ནི་མཐར་འགྱུར་བ་མེད་པར་སྟོན་ཏོ། །གསད་པའི་བསམ་པས་ཞེས་བྱ་བ་ནི་གསད་པར་བྱ་བའི་སེམས་ཀྱིས་སོ། །འདིར་གཞུང་ནི། དགེ་སློང་གིས་སྐྱེས་པ་དང་བུད་མེད་དང་མ་ནིང་དག་གསད་པའི་སེམས་ཀྱིས་ཞེས་བྱ་བ་འབྱུང་བ་ཡིན་ནོ། །འཁྲུལ་མེད་ཅེས་བྱ་ བ་ནི་འཁྲུལ་པ་ནི་དེ་མ་ཡིན་བཞིན་དུ་དེ་ཡིན་ནོ་ཞེས་ངེས་པར་བརྟགས་ནས་ནོར་བ་སྟེ། མ་འཁྲུལ་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཞུས་པ་ལས། མ་ལ་མ་མ་ལགས་པའི་འདུ་ཤེས་ཀྱིས་འགུམས་ན་ཅིར་འགྱུར། བཀའ་སྩལ་པ། ཉེས་པ་སྦོམ་པོའོ་ཞེས་བྱ་བ་དང་། དེ་བཞིན་དུ་མི་ གཉིས་འཁོད་པ་ན། དེ་ན་དེ་གསད་དོ་སྙམ་ནས་གཅིག་གསད་པའི་སེམས་ཀྱིས་གཉིས་པ་འགུམས་ན་ཅིར་འགྱུར་བཀའ་སྩལ་པ། ཉེས་པ་སྦོམ་པོའོ་ཞེས་འབྱུང་བ་ཡིན་ནོ། །འོ་ན་དགྲ་བཅོམ་པ་ལ་དགྲ་བཅོམ་པ་མ་ཡིན་པའི་འདུ་ཤེས་ཀྱིས་གསོད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་དེའི་དོན་ གང་ཡིན། ཅི་དགྲ་བཅོམ་པའི་ལུས་ལ་དགྲ་བཅོམ་པ་མ་ཡིན་པའི་ལུས་སུ་ནོར་བས་དགྲ་བཅོམ་པ་མ་ཡིན་པར་འདུ་ཤེས་པ་ཞེས་བྱ་བའམ། འོན་ཏེ་ལུས་གཅིག་ལ་དགྲ་བཅོམ་པ་ཉིད་ཀྱི་ཆོས་མེད་པར་ནོར་བ་ལས་འགྱུར་བ་བརྗོད་པར་བྱ་དགོས་སོ་ཞེ་ན། དེ་ནི་གཞན་གྱི་ལུས་སུ་ནོར་བ་ལས་སྦོམ་ པོ་ཡིན་ནོ་ཞེས་བཤད་དོ། །དེ་ལྟ་མ་ཡིན་ན་དགྲ་བཅོམ་པ་ཉིད་ཀྱི་ཆོས་མེད་པ་ལས་ཡིན་ན་ནི་མཚམས་མེད་པར་གྱུར་ན་མི་རུང་གིས་ཀྱང་ལུས་གཅིག་པ་ཉིད་ཡིན་པའི་ཕྱིར། ཕམ་པ་ནི་སུས་ཀྱང་བཟློག་པར་དཀའོ། །དེ་ལྟ་བས་ན་ཇི་ལྟར་མ་ལ་མ་མ་ཡིན་པའི་འདུ་ཤེས་བཞིན་དུ་དགྲ་བཅོམ་པ་ལ་ དགྲ་བཅོམ་པ་མ་ཡིན་པའི་འདུ་ཤེས་ཀྱང་དེ་ལྟ་བུར་རིག་པར་བྱའོ། །གསོད་བྱེད་ཅེས་བྱ་བ་ནི་གསོད་པར་བྱེད་པའོ། །འདིར་གཞུང་ནི། ལུས་ཀྱིས་སམ་ལུས་དང་འབྲེལ་པས་སམ་ཕྱི་རོལ་དུ་ཐལ་བས་སམ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །མི་ཤི་ཞེས་བྱ་བ་ནི་མིའི་རིགས་ཤི་བར་གྱུར་ ན་ཞེས་བྱ་བའི་ཐ་ཚིག་གོ། །དུས་ངེས་པར་མ་བཤད་པའི་ཕྱིར་དེའི་ཚེའམ་གཞན་གྱི་ཚེ་ཡང་རུང་སྟེ། སྦྱོང་བ་དེས་ཤི་ན་མཐར་འགྱུར་བར་རིག་པར་བྱའོ། །འདིར་གཞུང་ནི་དེས་དེའི་ཚེ་ཁོ་ན་ནི་མ་ཡིན་ལ། འོན་ཀྱང་དེས་དེ་ནས་ཕྱིས་གྱུར་ན་དགེ་སློང་ཕམ་པ་བྱུང་བ་ཡིན་ནོ། །དེས་དེའི་ཚེ་ ཡང་མ་ཡིན་ལ་དེས་དེ་ནས་ཕྱིས་ཀྱང་མ་ཡིན་ན་དགེ་སློང་ཉེས་པ་སྦོམ་པོ་བྱུང་བ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །འོ་ན་རྩ་བའི་བྱེ་བྲག་ཏུ་བཤད་པའི་གཞུང་དང་འགལ་ཏེ། གཅིག་གིས་ནི་ཞག་བཅུ་ཙམ་གྱིས་འཆི་བར་འགྱུར་བར་མཚོན་བསྣུན་ལ། གཉིས་པས་ནི་ཞག་དགུས་འཆི་བར་འགྱུར་བར་མཚོན་ བསྣུན་པ་ནས། བཅུ་པས་ནི་དེ་ཉིད་ཀྱི་ཉིན་པར་ཤི་བར་མཚོན་བསྣུན་ན་དེའི་ཕྱིར་དགུ་པོ་རྣམས་ཀྱིས་ནི་ཕམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་བཟུང་བ་ཡིན་ལ། བཅུ་པས་ནི་ཕམ་པའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་ཡང་བཟུང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་དང་འགལ་ཏེ། འདིར་སྔ་མ་ཤོས་རྣམས་ལ་ནི་ སྦྱོར་བ་དེ་ཉིད་ཀྱིས་ཞེས་བྱ་བའི་དོན་དེ་མི་སྲིད་པའི་ཕྱིར་དང་། བཅུ་པ་ཤོས་ཁོ་ན་ལ་སྲིད་པའི་ཕྱིར་ལ། བཅུ་ཆར་གྱིས་ཕམ་པའི་རྣམ་པར་རིག་བྱེད་མ་ཡིན་པར་བསྡུས་སོ་ཞེས་འབྱུང་བ་དང་འགལ་བ་ཡིན་ནོ་ཞེ་ན། འགལ་བ་མེད་དེ། བཅུ་ཆར་གྱི་ཡང་སྦྱོར་བ་མཐུན་པའི་ཕྱིར་དང་འབྲས་ བུ་གཅིག་པའི་ཕྱིར་རོ། །གཞན་དག་ན་རེ་དང་པོ་ཉིད་ཀྱིས་ངེས་པར་བྱས་པའི་ཕྱིར་གཉིས་པ་ལ་སོགས་པ་ལ་ནི་ཕམ་པར་མི་རིགས་ཏེ། དང་པོ་པས་ཚེའི་ཚད་ཅི་ཡོད་པ་མེད་པར་བྱས་པ་དེ་ཁོ་ན་ལ་གཉིས་པ་ལ་སོགས་པས་བྱེད་པར་ཟད་དེ། །འདི་ལྟར་རྩ་བའི་བྱེ་བྲག་ཏུ་བཤད་པ་ཉིད་ལས་གང་གི་ཚེ་ དབུགས་རྔུབ་པ་དང་འབྱུང་བ་ཐ་མར་གྱུར་ཅིང་གནད་དང་འགལ་བའི་ཚོར་བ་ལ་གནས་པ་ན་མཚོན་བསྣུན་ཏེ་དུས་བྱས་ན་དེས་ཕམ་པའི་ལྟུང་བར་མི་འགྱུར་ཏེ། འདི་ལྟར་དེ་ནི་དེ་ཉིད་ཀྱི་ཚེ་འཆི་བས་སོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། མི་བཅུ་ཆར་ཡང་སྦྱོར་བ་མཚུངས་པ་དང་འདྲ་བར་ཞུགས་པ་ཡིན་ཏེ། དེས་ན་ དེ་རྣམས་ལྟུང་བ་མཚུངས་པ་ཡིན་ནོ། །དབུགས་རྒྱུ་བ་ཐ་མར་གྱུར་པ་ནི་འཇིག་པའི་གནས་སྐབས་ཉིད་ཡིན་པའི་ཕྱིར་བྱེད་པ་དོན་མེད་པ་ཉིད་ཡིན་པས་ག་ལ་མཚུངས། བཙུན་པ་ཆོས་དགའ་ན་རེ་ནི་ཡོང་ཡེ་ཚེའི་སྐད་ཅིག་གཅིག་ལུས་པ་ལ་ཡང་གསོད་པ་གང་ཡིན་པ་དེ་ལ་མཐར་འགྱུར་ལ། གཞན་རྣམས་ ལ་ནི་སྦོམ་པོར་འགྱུར་རོ་ཞེས་ཟེར་རོ། །ཡང་གང་ཞིག་གསད་པའི་ཕྱིར་མཚོན་བཏབ་ནས་འགྱོད་པར་བྱེད། ཕྱིར་འཆོས་པར་བྱེད་ན་དེ་ལ་མཐར་མི་འགྱུར་རོ་ཞེས་འཆད་པ་ནི་དངོས་གཞིའི་ལས་ཀྱི་ལམ་འཇུག་པར་བྱེད་པའི་སེམས་པ་རྣམ་པར་སྨད་པས་ལོག་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་མི་སྐྱེ་བས་ སོ། །དེ་བཞིན་དུ་མདོ་ལས། འདུན་པ་བཟློག་པའི་འོག་ཏུ་ཤི་ན་རྒྱུ་མེད་པ་ཡིན་ནོ་ཞེས་འབྱུང་ངོ་། །གལ་ཏེ་དེ་ལྟ་མ་ཡིན་ན་མ་སྐྱེས་དགྲ་ལ་མཚམས་མེད་པ་འབྱུང་ངོ་ཞེས་པ་དང་འགལ་ཏེ། མ་སྐྱེས་དགྲས་གསོན་པའི་གཏམ་ཞིག་ཡོད་ན་མགུ་བའི་རྫས་སྦྱིན་པར་དམ་བཅས་པ་དང་། གཟུགས་ཅན་སྙིང་པོ་ཤིན་ དུ་བརྟད་པར་འོས་པ་རྣམས་ཀྱི་སྒྲ་ཐོས་པས་ཤི་བར་གྱུར་པའི་ཕྱིར་རོ་ཞེ་ན། འགལ་བ་མེད་དེ་དེ་དུས་ཕྱི་མར་གནས་སྐབས་མི་འདྲ་བ་ལ་སྦྱོར་བ་ནི་ཆུང་བ་ཉིད་ཡིན་པར་འདོད་པའི་ཕྱིར་རོ། །དེ་བཞིན་དུ་མདོ་ལས། སྔོན་གྱི་ཚིགས་སུ་སྦྱོར་བ་བྱས་པ་ནི་ཆུང་བ་ཉིད་ཡིན་ནོ་ཞེས་འབྱུང་སྟེ། དཔེར་ན་སྔོན་གྱི་ ཚིགས་ཁྱིམ་པ་ཉིད་ཡིན་ལ་སྦྱོར་བ་དེའི་དབང་གིས་དགེ་ཚུལ་ཉིད་ལ་སོགས་པའི་ཚེ། ལས་ཀྱི་ལམ་གང་ཞིག་གྲུབ་ནའོ། །དགེ་ཚུལ་ཉིད་ཀྱིས་སྦྱོར་བ་བྱས་པ་ཙམ་གྱི་དབང་གིས་བསྙེན་པར་རྫོགས་པ་ཉིད་དུ་གྲུབ་ན་ཆུང་བ་ཉིད་ཡིན་ཏེ། སྔ་མའི་ཚིགས་སུ་སྦྱོར་བ་བྱས་པའི་ལས་ཀྱི་ལམ་ཚིགས་ཕྱི་མ་ ལ་རྫོགས་ན་ཆུང་བ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་ཡང་གཙུག་ལག་ལས། བསྙེན་པར་མ་རྫོགས་པས་རྐུ་བ་ལ་སྦྱོར་ཞིང་། བསྙེན་པར་མ་རྫོགས་པ་ན་རྐུ་བར་བྱེད་ན་ཉེས་བྱས་སོ། །བསྙེན་པར་མ་རྫོགས་པས་རྐུ་བ་ལ་སྦྱོར་ཞིང་བསྙེན་པར་རྫོགས་པ་ན་རྐུ་བར་བྱེད་ན་ཉེས་པ་སྦོམ་པོའོ་ཞེས་བྱ་བ་ ལ་སོགས་པ་འབྱུང་བ་ཡིན་ནོ། །དེ་ལྟ་བས་ན་རབ་ཏུ་སྡང་བའི་གནས་སྐབས་ལ་སྦྱོར་བ་བྱས་པ་ནི་སྙིང་བརྩེ་བའི་གནས་སྐབས་སུ་ཡོངས་སུ་རྫོགས་ན་ཆུང་བ་ཉིད་ཡིན་པས་མ་སྐྱེས་དགྲ་ལ་མཚམས་མེད་པ་ཆུང་བ་ཉིད་བྱུང་བའི་ཕྱིར་འགལ་བ་མེད་དེ། དཔེར་ན་ཉེས་བྱས་ཆུང་ངུ་ལ་ཉེས་བྱས་ཞེས་བྱ་བ་དེ་བཞིན་དུ་ མཚམས་མེད་པ་ཆུང་ངུ་ལ་མཚམས་མེད་པ་ཉིད་ཅེས་བྱའོ། །འོ་ན་གསད་པར་བྱ་བ་ལ་མཚོན་བཏབ་ནས་དེ་དང་ལྷན་ཅིག་གམ། དེ་བས་སྔར་གསོད་པར་བྱེད་པ་ཤི་ན་དེ་ལ་ཇི་ལྟར་འགྱུར། དེ་ལ་ཡང་མཐར་མི་འགྱུར་ཏེ། གསད་པའི་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་བའི་གནས་སྐབས་ལ་བབ་པ་ན་ རིས་མི་འདྲ་བའི་ལུས་སུ་སྐྱེས་པའི་ཕྱིར་རོ། །དེ་ལྟར་ཡང་། ལྷན་ཅིག་སྔར་ནི་ཤི་བ་ལ། །ལུས་གཞན་སྐྱེས་པས་དངོས་གཞི་མེད། །ཅེས་བསྟན་པ་ཡིན་ནོ། །དེ་བཞིན་དུ་འདུལ་བ་མདོ་ལས། ཚེ་རབས་གཞན་དུ་ལས་ཀྱི་ལམ་སྐྱོ་བ་མེད་དོ་ཞེས་འབྱུང་ངོ་། །རྨི་ལམ་མ་གཏོགས་ཞེས་བྱ་བ་ནི་རྨི་ ལམ་དུ་རྨིས་པ་བོར་ཏེ། ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་འཁྲིག་པ་ལས་བྱུང་བའི་ཆོས་བསྟེན་ན་ཞེས་འབྱུང་བ་ཡིན་ནོ། །རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་སོ་ཞེས་བྱ་བ་ལ་སོགས་པ་ཡིན་པས་འདིར་ཆོས་སྨོས་པ་གང་ཡིན་པ་དེས་ན་བཅོམ