Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 166
Văn bản gốc(Tây Tạng)
Trang 8 / 18 (50.000 ký tự/trang)
་ཞེས་བསྡུས་སོ། །མདོའི་དོན་ནི་དགྲོལ་ན་སུམ་ཆ་དང་བྲལ་བ་ ཉིད་ནི་སུམ་ཆ་མ་ཡིན་པའི་ཆ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །མིད་པར་བྱ་བ་ནི་འབྲས་ཆན་ལ་སོགས་པའོ། །མཉམ་པ་ཉིད་ནི་དགེ་ཚུལ་དང་དགེ་ཚུལ་མ་གཉིས་སྐལ་བ་མཚུངས་པ་ཉིད་དོ། །བསྙེན་པར་རྫོགས་པར་འདོད་པ་དང་དགེ་སློབ་མའི་ཡང་མཉམ་པ་ཉིད་དོ་ཞེས་བྱ་ བར་སྦྱར་རོ། །མིད་པར་བྱ་བར་མ་ཟད་དོ། །དེའི་ཕྱིར་མདོ་འདི་སྤྱིར་ཁོང་དུ་ཆུད་པར་བྱའོ། །གལ་ཏེ་ཞེས་བྱ་བ་ལས་ཀྱང་གཞུང་དེ་ཉིད་རིགས་པར་བསྟན་ཏེ། ཆོ་ག་དེ་ལ་ནི་ནོར་ཅེས་པའི་ཕྱིར་རོ། །དེ་ལྟར་ཡང་གླེང་གཞི་ལས་དགེ་ཚུལ་རྣམས་ལ་ནི་གཏོད་གཡོགས་དང་སྨད་གཡོགས་སུ་ཟད་པས་བདག་ ལ་ནི་ཆོས་གོས་གསུམ་དགོས་སོ་ཞེས་བསྟན་པ་ཡིན་ནོ། །འདིར་ཞུས་པའི་གཞུང་ཡང་ཁུངས་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དགེ་ཚུལ་དང་། དགེ་ཚུལ་མ་ལ་སོགས་པའི་རྙེད་པ་སུམ་ཆ་མ་ཡིན་པ་སྦྱིན་པར་བྱའོ་ཞེས་བྱ་བ་དང་། དགེ་སློབ་མ་ལ་ཅི་ཙམ་ཞིག་སྩལ་བར་བགྱི་ལགས། ཉེ་བ་ འཁོར་མི་ཆེ་མི་ཆུང་བར་མཉམ་པོར་རོ་ཞེས་འབྱུང་བ་ཡིན་ཏེ། འདི་ཐམས་ཅད་ཀྱང་ཡིན་ན། འོན་ཀྱང་གཞུང་དེ་མི་སྣང་བའི་ཕྱིར་སློབ་དཔོན་དག་ནི་སྔ་མ་བཞེད་དོ། །ཟས་ལ་སོགས་པ་གཏོགས་ཀྱི་བགོ་བ་མ་གཏོགས་སོ་ཞེས་བྱ་བ་ནི། བཟའ་བ་དང་བཅའ་བ་ལ་སོགས་པ་ཁར་མིད་པར་བྱ་བ་གང་ཡིན་ པ་དེར་གཏོགས་པ་བགོ་བ་ནི་མ་གཏོགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་སིལ་བུ་ལས། དགེ་འདུན་ལ་བུ་རམ་ཤིང་གི་བཅའ་བ་དག་ཅིག་གྲུབ་པ་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་སྡོང་བུའི་སུམ་ཆ་ཞིག་བྱིན་པའི་བར་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ དག་ངས་གོས་ཀྱི་རྙེད་པ་ལ་དགོངས་ནས་དགེ་ཚུལ་དག་ལ་སུམ་ཆ་བཅས་ཀྱི་ཟས་ཀྱི་རྙེད་པ་ལ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ཟས་ཀྱི་རྙེད་པ་ཞིག་བྱུང་ན་སུ་ལ་སའི་འདབ་མ་ཙམ་ཡང་མཉམ་པར་བགོ་བར་བྱའོ། །གཞན་དུ་དགོད་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བའི་གཞུང་འབྱུང་བ་ ཡིན་ནོ། །ཟས་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཤི་བའི་གོས་ཀྱི་སྐལ་བ་བསྡུས་པ་ཡིན་ཏེ།དགེ་ཚུལ་རྣམས་ལ་སྐལ་བ་མཉམ་པར་སྦྱིན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ཡང་བསྙེན་པར་རྫོགས་པ་དག་དང་མཉམ་པ་ཡིན་ནོ། །དེ་ཡང་འདུལ་བ་མདོ་འདི་ལ་བསྙེན་པར་མ་རྫོགས་པ་ལ་ནི་ ཐམས་ཅད་འོས་སོ་ཞེས་བྱ་བ་དང་། དགེ་འདུན་གྱི་དབང་གིས་སོ་ཞེས་གསུངས་པ་ཡིན་ནོ། །གཙུག་ལག་ཁང་ནི་གང་ན་གཅིག་གནས་ཀྱང་། །དེ་ཉིད་གཙུག་ལག་ཁང་དེའི་སྐལ་བ་དབང་། །ཞེས་བྱ་བ་ནི།གཙུག་ལག་ཁང་ན་བརྟུལ་ཞུགས་ཅན་གཅིག་པུ་ཞིག་གནས་ན་ཡང་དེ་ལ་གང་ཞིག་གཙུག་ ལག་ཁང་དེའི་རྙེད་པ་ལ་དེ་ཉིད་བདག་པོ་ཡིན་གྱི་ཇི་སྲིད་སྡོམ་བརྩོན་གཞན་དག་ལ་ནི་མ་ཡིན་ནོ། །འདིར་གཞུང་ནི་བྲམ་ཟེའི་བུ་མོ་ལྟ་བུ་ལས། ཉེ་བ་འཁོར་གཙུག་ལག་ཁང་གང་ན་དགེ་སློང་གཅིག་པུ་ཞིག་འདུག་ན་དགེ་སློང་དེས་ཆོས་གོས་ཀྱི་རྙེད་པ་ཞིག་བྱུང་བ་ན་གནས་འདི་ན་བདག་གཅིག་པུ་གནས་ལ། དགེ་འདུན་གྱི་ གོས་བགོ་བར་བྱ་བ་དགེ་འདུན་ལ་བརྟེན་དུ་རུང་བ་འདི་བདག་གིས་ཐོབ་པས་བདག་གིས་གོས་འདི་བདག་གིར་བྱའོ་ཞེས་བྱ་བ་ནས་བདག་གིར་བྱས་བྱིན་གྱིས་བརླབས་སོ་ཞེས་བྱ་བའི་བར་དུ་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱའོ། །གལ་ཏེ་དེ་ལྟར་བྱེད་ན་བྱིན་གྱིས་བརླབས་པ་ཡིན་པར་བརྗོད་པར་ བྱ་བ་ཡིན་པས་གཞན་དག་འོངས་པ་རྣམས་ལ་སྦྱིན་པར་མི་བྱའོ། །འོན་ཏེ་དེ་ལྟར་མི་བྱེད་ན་དགེ་སློང་དེས་གོས་དེ་དག་བདག་གིར་མི་བྱའོ། །བདག་གིར་བྱས་ན་ཉེས་བྱས་སུ་འགྱུར་ཏེ། དགེ་སློང་དེ་དག་དང་ཡང་སྐལ་བ་མཉམ་པ་ཡིན་ནོ། །འདིར་བརྒྱ་ལ་གལ་ཏེ་དེ་དག་དང་སྐལ་བ་མཉམ་ན་གོས་དེ་དག་ ལས་བརྐུས་པ་ཡིན་ན་ཇི་ལྟར་ཉེས་བྱས་སུ་འགྱུར་ཞེ་ན། དེའི་དོན་ནི་མི་རིགས་པར་བྱེད་པ་ལས་ཉེས་པར་འགྱུར་བ་ཡིན་པའི་ཕྱིར་རོ། །ལྟུང་བ་ནི་མཚན་ཉིད་ཇི་ལྟ་བུ་བཞིན་དུ་རིག་པར་བྱ་བ་ཡིན་པས་ཉེས་པ་མེད་དོ། །སྡོམ་བརྩོན་ཤི་ན་བཀུར་སྟི་བྱས་ནས་ནི། །དེ་ཤི་བ་ཡི་གོས་ལ་སོགས་པ་བགོ། །གདུགས་ དང་མེ་ཏོག་དང་བ་དན་ལ་སོགས་པའི་ཡོ་བྱད་ཀྱིས་སྡོམ་བརྩོན་ཤི་བ་དུར་ཁྲོད་ཀྱི་གནས་སུ་བསྐྱལ་ཏེ། བཀུར་སྟི་བྱ་ཞིང་དེ་ཉིད་དུ་རྒྱུད་གསུམ་པའི་ཆོས་བསྒྲགས་པར་བྱའོ། །དེ་ནས་སླར་ཕྱིན་ནས་ཤི་བའི་གོས་ལ་སོགས་པ་བགོ་བར་བྱ་སྟེ། །གོ་རིམས་ནི་འདི་ཡིན་ནོ། །འདིར་གཞུང་ནི་གོས་ཀྱི་གཞི་ ལས། དེ་མི་མ་ཡིན་པ་རྣམས་སུ་སྐྱེས་ནས་དབྱུག་པ་ཐོགས་ཏེ་ལངས་ནས་ཇི་སྲིད་དུ་ངའི་ལུས་ལ་མཆོད་པ་མ་བྱས་པ་དེའི་བར་དུ་འགྱེད་དམ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་ཀྱིས་སྔར་དེའི་ལུས་ལ་མཆོད་པ་བྱས་ཤིང་། ཕྱིས་ལྷུང་བཟེད་དང་ ཆོས་གོས་བགོ་བར་བྱ་སྟེ། ཉེས་དམིགས་དེ་ཡང་འབྱུང་བར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་འབྱུང་བ་དང་། དགེ་སློང་ནད་པ་ཞིག་གནས་ཁང་དུ་ཤི་བ་དང་། མི་མ་ཡིན་པ་རྣམས་སུ་སྐྱེས་སོ། །ཁོག་པ་དེ་ནི་དགེ་སློང་རྣམས་ཀྱིས་བསྲེག་པའི་གནས་སུ་ཁྱེར་ཏེ་མཆོད་ པ་བྱས་ནས་བསྲེགས་སོ། །དེ་ནས་གཙུག་ལག་ཁང་དུ་ཕྱིན་ནས་གོས་འགྱེད་པ་དང་། དབྱུག་པ་ཐོགས་ནས་ལངས་ཏེ་ཇི་སྲིད་དུ་ངའི་ཆེད་དུ་ཆོས་བསྒྲགས་པ་མ་བྱས་པ་དེའི་བར་དུ་གོས་འགྱེད་པར་བྱེད་དམ་ཞེས་ཟེར་བ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཆེད་དུ་ཆོས་ བསྒྲགས་པ་བྱ་ཞིང་ཡོན་བསྔོ་བ་བྱས་ཏེ་ཕྱིས་གོས་བགོ་བར་བྱའོ་ཞེས་འབྱུང་བ་ཡིན་ནོ། །གང་ཞིག་ཤི་བའི་ཡོ་བྱད་གང་དབང་བ་དེ་བཤད་པར་བྱ་སྟེ། ནད་པའི་ནད་གཡོག་འགྱུར་བ་གང་ཡིན་པ། །སྡོམ་བརྩོན་དེ་ནི་ལྷུང་བཟེད་སོགས་དྲུག་དབང་། །གང་ཚེ་ནད་གཡོག་མང་བ་ཉིད་ཡིན་ན། །དེ་དག་ དྲུག་པོ་དེ་ཉིད་སྤྱིར་ཡིན་ནོ། །ལྷུང་བཟེད་དང་ཆོས་གོས་གསུམ་དང་། གདིང་བ་དང་། ཆུ་ཚགས་ཞེས་བྱ་བ་དྲུག་པོ་དེ་ནི་ནད་གཡོག་སྡོམ་བརྩོན་དབང་བ་ཡིན་ཏེ། དེ་ནི་དེའི་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཚེ་ནད་གཡོག་མང་བར་འགྱུར་བ་དེའི་ཚེ་ཡང་ལྷུང་བཟེད་ལ་སོགས་པ་དྲུག་པོ་དེ་ ཉིད་དེ་རྣམས་ཀྱི་སྤྱིར་དབང་བར་ཟད་དེ། གཞན་ནི་སྦྱིན་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་བྲམ་ཟེའི་བུ་མོ་ལྟ་བུ་ལས། ཡོ་བྱད་དེ་དག་ལས་ཀྱང་འབྲིང་ལས་སྦྱིན་པར་བྱའོ་ཞེས་གསུངས་པ་དང་། ནད་པའི་ནད་གཡོག་དགེ་ཚུལ་ལགས་ན་དེ་ལ་ནད་གཡོག་གིས་གོས་སྩལ་ ལགས་སམ། བཀའ་སྩལ་པ། སྦྱིན་པར་བྱའོ། །ཇི་ཙམ་ཞིག་སྩལ་ལགས། ཐམས་ཅད་མཉམ་པར་རོ་ཞེས་འབྱུང་བ་ཡིན་ནོ། །ནད་པའི་ཆེད་དུ་གཞན་དུ་སོང་བ་ལས། །སྡོམ་བརྩོན་ནད་པ་ཤི་ཡང་དྲུག་པོ་དབང་། །སྡོམ་བརྩོན་རྣམས་ཀྱིས་གལ་ཏེ་དེ་བགོས་བསྡུས། །མྱུར་བར་ནད་ གཡོག་ལ་ནི་སྦྱིན་པར་བྱ། །གལ་ཏེ་ནད་གཡོག་ནད་པའི་བྱ་བ་ཞིག་ལ་གཞན་དུ་སོང་སྟེ་མེད་པ་ལས་ནད་པ་ཤི་ན་དེའི་ཚེ་ཡང་ཡོ་བྱད་དྲུག་པོ་དེ་དག་དབང་ངོ་། །འོན་ཏེ་དེ་བགོས་ན་དེའི་ཚེ་བསྡུས་ནས་ཀྱང་ནད་གཡོག་ལ་སྦྱིན་པར་བྱའོ། །འདིར་གཞུང་ནི་བྲམ་ཟེའི་བུ་མོ་ལས། བཙུན་པ་ནད་ གཡོག་མཚམས་ཀྱི་སླད་རོལ་དུ་མཆིས་པ་ལས་ནད་པ་ཡང་གུམ་ན་དེ་ལ་ནད་གཡོག་གི་གོས་སྩལ་ལགས་སམ། བཀའ་སྩལ་པ། གང་ཞིག་ནད་པའི་བྱ་བས་སོང་བ་ཡིན་ན་དེ་ལ་སྦྱིན་པར་བྱའོ། །གང་ཞིག་བདག་ཉིད་ཀྱི་བྱ་བས་སོང་ན་དེ་ལ་ནི་སྦྱིན་པར་མི་བྱའོ་ཞེས་འབྱུང་བ་ཡིན་ནོ། །གལ་ཏེ་ནད་ གཡོག་བུད་མེད་མཚན་ལྡན་ནམ། །ཁྱིམ་པ་ཡིན་ན་དེ་དྲུག་མི་དབང་ངོ་། །གལ་ཏེ་སྡོམ་བརྩོན་བུ་ལོན་བླངས་ཤི་ན། །དེ་ཡི་རྫས་རྣམས་ལས་ནི་འཁོར་བར་བྱ། །བུད་མེད་མཚན་ལྡན་ཞེས་བྱ་བ་ནི་དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ་མ་རྣམས་སོ། །གལ་ཏེ་ནད་གཡོག་ཁྱིམ་པ་ཡིན་ན་ཡང་ ཡོ་བྱད་དེ་དྲུག་མི་དབང་ངོ་། །འདིར་གཞུང་ནི་བྲམ་ཟེའི་བུ་མོ་ལས། བཙུན་པ་ནད་གཡོག་ཁྱིམ་པ་ཞིག་ལགས་ན་དེ་ལ་ནད་པའི་གོས་སྩལ་ལགས་སམ། བཀའ་སྩལ་པ། ཅི་ཡང་མི་སྦྱིན་ནོ། །ནད་གཡོག་དགེ་སློང་མ་དང་། དགེ་སློབ་མ་དང་དགེ་ཚུལ་མ་རྣམས་ལ་ཡང་དེ་བཞིན་དུ་རྒྱ་ཆེར་འབྱུང་ ངོ་། །དེ་ལྟར་ཡང་འདུལ་བ་མདོ་ལས། དེ་ནི་ཤི་བའི་རྫས་མི་འོས་པ་ལ་མ་ཡིན་ནོ་ཞེས་འབྱུང་ངོ་། །འདིར་འོས་པ་ནི་མཚན་འདྲ་བ་ཡིན་ནོ། །གང་ན་མཚན་ཐ་དད་པ་དག་ཁོ་ན་ཡོད་ན་དེ་ནི་དབང་བ་ཁོ་ན་ཡིན་ནོ་ཞེས་བྱ་བར་དོན་གྱིས་ཁོང་དུ་ཆུད་པར་བྱའོ། །ཇི་སྟེ་ངས་བུ་ལོན་བླངས་ཏེ་ཤི་ན་དེའི་ཚེ་ དེའི་རྫས་དག་ཁོ་ན་ལས་འཁོར་བར་བྱའི་གཞན་ལས་ནི་མ་ཡིན་ནོ། །ལག་གི་བླ་ཡིས་དགེ་འདུན་ཆེད་བླངས་ནས། །ཡི་གེར་བྲིས་བརྟགས་དགེ་འདུན་དག་ལས་གཞལ། །ཇི་སྟེ་ལག་གི་བླས་དགེ་འདུན་གྱི་ཆེད་དུ་བུ་ལོན་བླངས་ནས་དེ་ཤི་ན་ཡི་གེ་བྲིས་པ་ལ་བརྟགས་ཏེ། དགེ་འདུན་ཁོ་ན་ལས་ གཞལ་བར་བྱའོ། །གསོལ་དང་དང་པོ་ཐ་མར་གང་དག་ཡོད། དེ་དག་དེ་ཤི་བ་ཡི་གོས་རྣམས་དབང་། །གསོལ་བ་བྱ་བ་དང་། དང་པོ་དང་། ཐ་མ་དག་ན་སྡོམ་བརྩོན་གང་དག་ཉེ་བར་འཁོད་པ་དེ་དག་ཁོ་ན་ཤི་བའི་རྫས་དེ་དག་ལ་དབང་བ་ཡིན་གྱི་སྡོམ་བརྩོན་གཞན་དག་ནི་མ་ཡིན་ནོ། །འོ་ན་གོས་ཀྱི་གཞི་ ལས་ཆོས་གོས་ཀྱི་རྙེད་པ་བགོ་བ་ལ་རྒྱུ་ལྔ་དག་སྟེ། ལྔ་གང་དག་ཅེ་ན། གཎྜཱི་དང་། རྒྱུད་ཆགས་གསུམ་པ་དང་། མཆོད་རྟེན་ལ་ཕྱག་བྱ་བ་དང་། ཚུལ་ཤིང་འབྲིམ་པ་དང་། ལྔ་པ་གསོལ་བ་ཡིན་ནོ་ཞེས་གསུངས་པ་ཇི་ལྟ་བུ་ཡིན་ཞེ་ན། མཇུག་ན་ཡོད་པའི་དབང་དུ་མཛད་ནས་བསྟན་པ་ཡིན་པས་ཉེས་ པ་མེད་དོ། །ཡང་ན་གསོལ་དང་ཞེས་བྱ་བ་དང་ཞེས་བྱ་བས་བསྡུ་བ་བྱས་པའི་ཕྱིར་གཎྜཱི་ལ་སོགས་པ་ཡང་སྨོན་པ་གྲུབ་པོ། །གལ་ཏེ་དེ་ལྟ་ཡིན་ན་གཎྜཱི་ལ་སོགས་པ་ཡིན་ན་ནི་ཉེ་བར་མ་གྱུར་ལ། གསོལ་བ་ན་ནི་ཉེ་བར་མ་གྱུར་ཀྱང་སྐལ་བ་ཐོབ་མོད་ཅེ་ན། འདོད་པ་ཉིད་ཡིན་པའི་ ཕྱིར་ཉེས་པ་མེད་དོ་ཞེས་བཤད་དོ། །དང་པོ་དང་ཐ་མའི་གཞུང་ནི་བཙུན་པ་གང་ན་དགེ་འདུན་བྲེལ་བ་འམ་གསོལ་བ་བགྱིད་པ་མ་མཆིས་པ་དེར་ཤི་བའི་ཡོ་བྱད་བགོ་བར་བགྱི་ལགས་སམ། ཉེ་བ་འཁོར་དང་པོ་དང་ཐ་མར་བྱས་ཏེ་བགོ་བར་བྱའོ། །དགེ་སློང་རྣམས་ཀྱིས་དང་པོ་དང་ཐ་མ་ཞེས་བྱ་བ་ཅི་ཡིན་ པ་མི་ཤེས་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོ་བྱད་ཅིག་བཙོངས་ནས་དེ་ལས་ཆུང་ཤས་ཤིག་དགེ་འདུན་གྱི་རྒན་པོ་དང་དགེ་འདུན་གྱི་གཞོན་ནུ་ལ་སྦྱིན་ནས་ཇི་ལྟར་འདོད་པ་བཞིན་དུ་བགོ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །གསོལ་བ་མ་བྱས་སམ་དང་པོ་དང་ཐ་མ་མ་བྱས་ན་ནི་ ཤི་བའི་ཡོ་བྱད་ཀྱི་རྙེད་པ་སངས་རྒྱས་ཀྱི་སློབ་མ་ཐམས་ཅད་དབང་བ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །འོ་ན་དང་པོ་དང་ཐ་མ་དང་གསོལ་བ་མ་བྱས་པར་རྫས་བགོས་ན་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དགེ་སློང་གཞན་དག་ལྷགས་ནས་ཕྱིས་ཡང་བགོ་བར་བྱའོ་ཞེས་བཤད་དེ། གོས་ཀྱི་གཞི་ལས་མཉན་ཡོད་ དུ་ཉེ་དགའ་ཤི་བའི་ཡོ་བྱད་བགོས་པ་དང་། ཡུལ་རང་འདུས་ཀྱི་དགེ་སློང་རྣམས་ཀྱིས་ཐོས་ནས་ཇི་ཙམ་ན་བདག་ཅག་ཀྱང་བཙུན་པ་ཉེ་དགའི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་པས་བདག་ཅག་ཀྱང་དབང་ངོ་ཞེས་བྱ་བ་ནས། ཅི་ཙམ་ན་དེ་དག་དང་ལྷན་ཅིག་ཏུ་ཕྱིས་བགོས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ ཕྱིར་རོ། །ཡང་གཞན་དག་ན་རེ་ཕྱིས་བགོས་སོ་ཞེས་བྱ་བ་འདི་ནི་འགྱེད་པ་མཇུག་ཏུ་མ་ཕྱིན་པ་ལ་བྱ་བར་གསུངས་པ་ཡིན་གྱི། མཇུག་དུ་ཕྱིན་པ་ལ་ནི་མ་ཡིན་ནོ་ཞེས་ཟེར་ན་དེ་ནི་མི་རིགས་ཏེ། ཁུངས་མེད་པའི་ཕྱིར་དང་། བགོ་བ་དངོས་སུ་གསུངས་པའི་ཕྱིར་དང་། གསོལ་བ་དང་དང་པོ་དང་ཐ་མ་མ་བྱས་ན་སངས་ རྒྱས་ཀྱི་སློབ་མ་ཐམས་ཅད་དབང་བར་གསུངས་པའི་ཕྱིར་རོ། །ཁོ་བོ་འདས་ནས་སྦྱིན་ཞེས་སྨྲས་ནས་ནི། །གལ་ཏེ་ཤི་ན་དེ་ནི་བགོ་བྱ་སྟེ། །སྡོམ་བརྩོན་བུ་ལ་སོགས་པ་ལྟོས་བྲལ་ཕྱིར། །ལྟོས་དང་བཅས་པའི་སྦྱིན་པ་སྦྱིན་པ་མིན། །ཁོ་བོ་ཤི་ན་འདི་ལ་སྦྱིན་པར་བྱའོ་ཞེས་སྨྲས་ནས་གལ་ཏེ་སྡོམ་བརྩོན་ཤི་ན་དེ་ སྦྱིན་པར་མི་བྱའི་བགོ་བར་བྱ་བ་ཁོ་ན་ཡིན་ནོ། །ཇི་སྟེ་ཞེ་ན། ལྟོས་པ་དང་བཅས་པའི་སྦྱིན་པ་ནི་སྦྱིན་པ་མ་ཡིན་ཏེ། སྡོམ་བརྩོན་རྣམས་ལ་ནི་བུ་ལ་སོགས་པ་ལྟོས་པ་མེད་པའི་ཕྱིར་རོ། །འདིར་གཞུང་ནི་གོས་ཀྱི་གཞི་ལས་དགེ་སློང་དག་དེ་གསོན་པ་ན་སྦྱིན་པར་མི་བྱེད་ན་ཤི་ན་སྦྱིན་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཁོ་བོ་ འདས་ནས་འདི་ལ་སྦྱིན་པར་བྱའོ་ཞེས་བྱ་བའི་སྦྱིན་པ་འདི་ནི་མེད་ཀྱི། བླངས་ནས་བགོ་བར་བྱའོ་ཞེས་འབྱུང་བ་ཡིན་ནོ། །ཕྲན་ཚེགས་ལས་ཀྱང་། སྐྱེས་བུ་བླུན་པོ་དེ་གསོན་པར་ན་སྦྱིན་པར་མི་བྱེད་ན། ཤི་ན་ལྟ་ཅི་ཞིག་སྦྱིན་པར་བྱེད། འདི་ལྟ་སྟེ། ཁོ་བོ་འདས་ནས་ཞེས་བྱ་བ་དེ་ལྟ་བུའི་སྦྱིན་པ་ནི་མེད་ དོ། །སྡོམ་བརྩོན་སྨོས་པ་ཅི་དགོས་ཤེ་ན། ཁྱིམ་པ་རྣམས་ལ་ནི་བུ་ལ་སོགས་པ་ལྟོས་པ་ཡོད་པའི་ཕྱིར་ལྟོས་པ་དང་བཅས་པའི་སྦྱིན་པ་ཡོད་དོ་ཞེས་རབ་ཏུ་བསྟན་པའི་ཕྱིར་རོ། །དེ་ལྟར་ཡང་ཕྲན་ཚེགས་ལས་དགེ་སློང་དག་ཁྱིམ་པ་དག་ནི་ལྟོས་པ་དང་བཅས་པའི་འཆི་བ་ཡིན་གྱི། རབ་ཏུ་བྱུང་བ་རྣམས་ནི་ ལྟོས་པ་མེད་པ་ཡིན་པས་ཁྱིམ་པ་ལ་ནི་ཁོ་བོ་འདས་ནས་ཞེས་བྱ་བའི་སྦྱིན་པ་དེ་ལྟ་བུ་ཡོད་དོ། །དེ་ལྟ་བས་ན་བུའི་སྐལ་བ་བླང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ནད་པས་སྦྱིན་པར་བྱ་བ་བསྐུལ་བ་ལས་བྱ་བ་ཞིག་གིས་ཤོར་ནས་མ་བྱིན་ན། ཤི་ཡང་དེ་ཡི་ཚིག་དང་མཐུན་པར་ནི། །དེ་ཡི་ རྫས་ལས་སྡོམ་བརྩོན་རྣམས་ཀྱིས་སྦྱིན། །འདུལ་བྱེད་ལས། གལ་ཏེ་ནད་པ་ན་རེ་མཆོད་པ་བྱོས་ཤིག་ཅེས་བྱ་བ་ལ་སོགས་པ་ཟེར་ན་དེ་བྱའོ། །འོན་ཏེ་བྱ་བ་ཞིག་གི་ཆེད་ཀྱིས་དེའི་ཚེ་མ་བསྒྲུབས་ན་ནད་པ་དེ་ཤི་ཡང་དེའི་རྫས་ལས་དེས་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱའོ། །འདི་ནི་འཆི་བའི་སྔ་རོལ་གྱི་སྦྱིན་པ་ ཡིན་གྱི། བདག་འདས་ནས་ཞེས་བྱ་བ་ནི་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་འདི་ནི་སྦྱིན་པ་ཁོ་ན་ཡིན་ནོ། །ནད་གཡོག་ལས་བསྐུར་ཏེ་ཉམས་པ་ལས་འདི་སྐད་གསུངས་པ་ནི་གཞན་ལས་བསྐུར་ཏེ་ཉམས་པ་ལ་ཡང་བྱེ་བྲག་མེད་པའི་ཕྱིར་སྦྱིན་པ་ཉིད་དུ་རྟོགས་པར་བྱའོ། །རང་གི་སྡེ་ཚན་ རྫས་ནི་འགྱེད་པ་ལས། །གལ་ཏེ་སྡོམ་བརྩོན་སྐལ་བ་མ་བླངས་ཤིང་། །སྐལ་བ་དེ་ནི་སྡེ་ཚན་དེའི་ཡིན་ནོ། །སྐལ་བ་ཐོབ་ན་ཤི་བའི་སྐལ་བ་ཡིན་ནོ། །གང་ན་སྡེ་ཚན་བཅུ་ལ་སོགས་པས་རྫས་བགོས་པ་དེ་ལ་རང་གི་སྡེ་ཚན་དང་རྫས་འགྱེད་པ་ལས་གལ་ཏེ་བརྟུལ་ཞུགས་ཅན་རང་གི་སྐལ་བ་མ་བླངས་པ་ ཁོ་ནར་ཤི་ན་དེའི་ཚེ་རྙེད་པ་དེ་གཅིག་པུ་དེས་མ་ཚང་བའི་སྡེ་ཚན་དེ་ཁོ་ནའི་ཡིན་པར་རིག་པར་བྱའོ། །འོན་ཏེ་རང་གི་སྐལ་བ་བླངས་ནས་ཤི་ན་དེའི་ཚེ་རྙེད་པ་དེ་མཚམས་སུ་མངོན་དུ་གྱུར་པ་རྣམས་ཁོ་ནའི་ཡིན་ཏེ། ཤི་བའི་རྫས་ཡིན་པའི་ཕྱིར་རོ། །འདིར་གཞུང་ནི་གླེང་གཞི་ལས། བཙུན་ པ་གལ་ཏེ་བཅུ་རྣམས་ལས་གཅིག་གུམ་ན་ཤི་བའི་ཡོ་བྱད་ཀྱི་རྙེད་པ་སུ་དབང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེ་བ་འཁོར་གལ་ཏེ་བགོས་ནས་ཤི་ན་དགེ་འདུན་མཐུན་པས་བགོ་བར་བྱའོ། །འོན་ཏེ་མ་བགོས་པར་ཤི་ན་དགུ་པོ་རྣམས་དབང་ངོ་ཞེས་གསུངས་པ་ཡིན་ནོ། །ཁུངས་ཀྱི་ཚིག་དེ་ནི་སྤྱི་ མཐུན་གྱི་རྫས་ཞེས་བྱ་བ་གཞན་ལ་ཡང་བརྗོད་དོ། །གཞན་དུ་གོས་ལ་སོགས་པ་བསྐུར་གྱུར་ན། །དེ་ནི་གང་ལ་བསྐུར་བ་དེའི་ཡིན་ནོ། །གལ་ཏེ་མི་འདོད་སྐུར་བར་བྱེད་དབང་སྟེ། །མི་འདོད་ཀྱང་དེ་དབང་བ་ཁོ་ན་ཡིན། །གཞན་དུ་གོས་ལ་སོགས་པ་བསྐུར་ལ་སྡོམ་བརྩོན་གང་ཁོ་ན་ལ་བསྐུར་བ་དེས་ཀྱང་མ་ སྤངས་ན་གོས་ལ་སོགས་པ་པེ་ཁོ་ནའི་ཡིན་པར་རིག་པར་བྱའོ། །དེ་ཤི་ན་ཡང་དེ་ཁོ་ནའི་ཡིན་ཏེ། དེ་ནི་ཤི་བའི་རྫས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་གོས་ཀྱི་གཞི་ལས། དགེ་སློང་ལ་གོས་དག་བསྐུར་བ་གང་གིས་བསྐུར་བ་དེ་ལ་ཡིད་གཅུགས་པས་ལོངས་སྤྱོད་ན་ཉེས་པར་ལོངས་སྤྱད་པ་ཡིན་ནོ། ། གང་ལ་བསྐུར་བ་དེའི་བསམ་པས་ཤི་བའི་ཡོ་བྱད་དུ་བྱིན་གྱིས་རློབ་པར་བྱེད་ན་ལེགས་པར་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་བྱ་བ་དང་། དགེ་སློང་གིས་དགེ་སློང་ལ་གོས་དག་བསྐུར་བ་དེ་ཤི་ན་གང་ལ་བསྐུར་བ་དེ་ལ་ཡིད་གཅུགས་པས་ལོངས་སྤྱོད་ན་ལེགས་པར་ལོངས་སྤྱད་པ་ཡིན་ནོ། །གང་གིས་བསྐུར་ བ་དེ་ནི་བསམ་པས་ཤི་བའི་ཡོ་བྱད་དུ་བྱིན་གྱིས་རློབ་པར་བྱེད་ན་ཉེས་པར་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་བྱ་བ་དང་དགེ་སློང་གིས་དགེ་སློང་ལ་གོས་དག་བསྐུར་བ། གང་ལ་བསྐུར་བ་དེ་ཡང་ཤི་ལ། གང་གིས་བསྐུར་བ་དེ་ཡང་ཤི་ན། གང་ལ་བསྐུར་བ་དེའི་བསམ་པས་ཤི་བའི་ཡོ་བྱད་དུ་བྱིན་གྱིས་རློབ་པར་ བྱེད་ན། ལེགས་པར་བྱིན་གྱིས་བརླབས་པ་ཡིན་ནོ། །གང་གིས་བསྐུར་བ་དེའི་བསམ་པས་ཤི་བའི་ཡོ་བྱད་དུ་བྱིན་གྱིས་རློབ་པར་བྱེད་ན། ཉེས་པར་བྱིན་གྱིས་རློབ་པ་ཡིན་ནོ་ཞེས་འདིར་གཞུང་གི་དུམ་བུ་གསུམ་འབྱུང་བ་ཡིན་ནོ། །གལ་ཏེ་མི་འདོད་སྐུར་བར་བྱེད་དབང་སྟེ། །ཞེས་བྱ་བ་ནི་ཇི་སྟེ་དེས་མི་འདོད་ ན་དེའི་ཚེ་དེ་སྐུར་བར་བྱེད་པ་ཁོ་ནའི་ཡིན་ནོ། །འདིར་གཞུང་ནི་དགེ་སློང་གིས་དགེ་སློང་ལ་གོས་དག་བསྐུར་བ་ལས་གང་ལ་བསྐུར་བ་དེས་སྤངས་པ་ལ་གང་གིས་བསྐུར་བ་དེ་ལ་ཡིད་གཅུགས་པས་ལོངས་སྤྱོད་པར་བྱེད་ན་ལེགས་པར་ལོངས་སྤྱད་པ་ཡིན་ནོ། །གང་ལ་བསྐུར་བ་དེ་ལ་ཡིད་གཅུགས་པས་ལོངས་སྤྱོད་པར་ བྱེད་ན་ཉེས་པར་ལོངས་སྤྱད་པ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །མི་འདོད་ཀྱང་དེ་དབང་བ་ཁོ་ན་ཡིན་ཞེས་བྱ་བ་ནི་འོན་ཏེ་སྐུར་བར་བྱེད་ན་ཡང་མི་འདོད་ན། འོན་ཀྱང་དེ་སྐུར་བར་བྱེད་པ་ཁོ་ནའི་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་གྱུར་དུ་ཟིན་ཀྱང་ཕྱག་དར་དང་འདྲ་བར་བདག་གིས་བོར་རོ་སྙམ་དུ་དེ་ལྟ་བུའི་བློ་མི་འབྱུང་བར་རིགས་ པས་ན་དེའི་ཁོ་ན་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི་དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་བསྐུར་བ་ན་དེས་ཀྱང་སྤངས་པ་མིན་ཞིང་། གང་ལ་བསྐུར་བ་དེས་ཀྱང་སྤངས་ལ། གང་ལ་བསྐུར་བ་དེའི་ཡིན་པར་བྱིན་གྱིས་རློབ་པར་བྱེད་ན་བྱིན་གྱིས་མ་བརླབས་པ་ཡིན་ནོ། །གང་གིས་བསྐུར་བ་དེའི་ཡིན་ པར་བྱིན་གྱིས་རློབ་པར་བྱེད་ན་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །མཐུན་པ་ཡོད་ན་ཤི་བའི་ནོར་རྣམས་ལ། །མཚན་རྣམས་ཐ་དད་པ་ནི་མི་དབང་ངོ་། །སྡོམ་བརྩོན་གཞན་གྱི་མངོན་སུམ་བསྐྲད་པ་དག །བསྐྲད་པའི་རྫས་རྣམས་ལ་ཡང་དབང་བ་མིན། །མཚན་རྣམས་ཐ་དད་པ་ཞེས་བྱ་བ་ནི་ དགེ་སློང་དང་དགེ་ཚུལ་མཚན་མི་འདྲ་བ་དག་ལ་ནི་དགེ་སློང་མ་ལ་སོགས་པ་དག་མི་དབང་བ་ཉིད་ཡིན་ནོ། །དེ་བཞིན་དུ་དགེ་སློང་མ་ལ་སོགས་པ་ལ་ཡང་དགེ་སློང་དང་དགེ་ཚུལ་དག་མི་དབང་བ་ཉིད་ཡིན་ནོ། །དུས་ཐམས་ཅད་དུ་དེ་རྣམ་པར་གཞག་པ་ཡང་མ་ཡིན་པས་མཐུན་པ་དག་ཡོད་ན་ཞེས་བྱ་བ་སྨོས་ པ་ཡིན་ཏེ། མཚན་འདྲ་བ་དག་ཡོད་ན་ཞེས་བྱ་བའི་ཐ་ཚིག་གོ། །མེད་ན་ནི་དབང་བ་ཁོ་ན་ཡིན་ནོ། །འདིར་གཞུང་ནི་གླེང་གཞི་ལས། གང་ན་དགེ་སློང་མེད་པ་དེ་ན་ནི་དགེ་སློང་མ་རྣམས་ཀྱིས་བླང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བཞིན་དུ་བསྐྲད་པ་ དག་ལ་ཡང་ཐ་ན་སྡོམ་བརྩོན་བསྐྲད་པའི་རྫས་རྣམས་ལ་ཡང་དབང་བ་མེད་ན། སྡོམ་བརྩོན་མ་བསྐྲད་པའི་རྫས་ལ་ལྟ་སྨོས་ཀྱང་ཅི་དགོས། གང་གི་ཚེ་ཞེ་ན། སྡོམ་བརྩོན་གཞན་གྱི་མངོན་སུམ་ཞེས་བྱ་བ་སྨོས་པ་ཡིན་ཏེ། མ་བསྐྲད་པའི་མདུན་དུ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་མེད་ན་ནི་དབང་བ་ཉིད་ ཡིན་པ་ལ་མི་དགག་གོ། །གཙུག་ལག་ཁང་གི་མཚམས་གཉིས་པར་ཤི་ན། དེའི་ལུས་འབྲེལ་པའི་གོས་ལ་སོགས་པའི་རྫས། །གང་དུ་མགོ་བོ་གཞག་པ་དབང་བ་ཡིན། །གཉི་གར་གཞག་ན་དེ་ཕྱིར་གཉི་གའི་ཡིན། །གཙུག་ལག་ཁང་གི་མཚམས་གཉིས་ཀྱི་ བར་དུ་གལ་ཏེ་དགེ་སློང་ཤི་ན་དེའི་ཚེ་དེའི་ལུས་དང་འབྲེལ་པའི་གོས་ལ་སོགས་པ་དག་སུ་དབང་ཞེ་ན། མཚམས་གང་དུ་མགོ་པོ་གཞག་པའོ། །འོན་ཏེ་མཚམས་གཉི་གར་ནོན་པར་མགོ་བོ་བཞག་ན་གཉི་ག་དབང་ངོ་། །འདིར་གཞུང་ནི་གླེང་གཞི་ལས། བཙུན་པ་རེ་ཞིག་མཚམས་ཀྱི་བར་དུ་དགེ་སློང་ གུམ་ན་དེའི་ལྷུང་བཟེད་དང་ཆོས་གོས་སུ་དབང་ལགས། ཉེ་བ་འཁོར་གང་དུ་མགོ་བོ་གཞག་པའོ། །བཙུན་པ་གལ་ཏེ་གཉི་གར་མགོ་བོ་བཞག་ན་སུ་དབང་ལགས། ཉེ་བ་འཁོར་གཉིས་ཀའོ་ཞེས་གསུངས་པ་ཡིན་ནོ། །ལུས་དང་འབྲེལ་པ་སྨོས་ཅི་དགོས་ཤེ་ན། དམིགས་ཀྱིས་དབྱེ་བ་འོག་ ནས་འབྱུང་བ་རྣམས་ཀྱི་ཡུལ་རབ་ཏུ་བསྟན་པའི་ཕྱིར་རོ། །ཁྱིམ་གྱི་ནང་ན་ཡོད་པའི་ཤི་བའི་གོས། །ཁྱིམ་པ་དེ་ནི་དད་པས་སྦྱིན་བྱེད་པའོ། །ཁྱིམ་གྱི་ནང་ན་ཡོད་པའི་ཤི་བའི་ཡོ་བྱད་དག་ནི་ཁྱིམ་པ་མངོན་པར་དད་པས་གང་ལ་སྦྱིན་པར་བྱེད་པ་དེ་ཁོ་ན་དབང་བ་ཡིན་ནོ། །གང་གི་མཚམས་ན་ཤི་བའི་ གོས་ཡོད་པ། །དེ་རྣམས་དེ་དག་བྱིན་གྱིས་རློབ་པ་དབང་། །དགེ་སློང་གང་དག་གི་གཙུག་ལག་ཁང་གི་མཚམས་ཀྱི་ནང་ན་ཤི་པའི་ཡོ་བྱད་རྣམས་ཡོད་ན་གོས་ལ་སོགས་པ་དེ་དག་ཁོ་ན་བྱིན་གྱིས་རློབ་པ་དབང་བ་ཡིན་གྱི་གཞན་དག་ནི་མ་ཡིན་ནོ། །གནས་གཞན་དག་ནི་གོས་རྣམས་ཡོད་གྱུར་ཀྱང་། །རྫས་ དང་འདྲ་བ་དེ་བཞིན་བྱིན་གྱིས་བརླབས། །ཤི་བའི་ཡོ་བྱད་གནས་གཞན་ན་ཡོད་དུ་ཟིན་ཀྱང་རྫས་དང་འདྲ་བ་ཉེ་བར་གྱུར་པ་ལ་བྱིན་གྱིས་བརླབ་པར་བྱའོ། །འདིར་གཞུང་ནི་གོས་ཀྱི་གཞི་ལས། བཙུན་པ་དགེ་སློང་ཡང་གཞན་དུ་གུམ། ལྷུང་བཟེད་དང་ཆོས་གོས་ཀྱང་གཞན་ན་མཆིས། རྫས་དང་ འདྲ་བ་ཡང་གཞན་ན་མཆིས་ན་དེའི་ལྷུང་བཟེད་དང་ཆོས་གོས་སུ་དབང་ལགས། ཉེ་བ་འཁོར་དགེ་སློང་ངམ་ཁྱིམ་པ་གང་ན་འདུག་པའོ་ཞེས་གསུངས་པ་ཡིན་ནོ། །རྫས་དང་འདྲ་བ་ཅི་ཞིག་ཡིན་ཞེ་ན། བཤད་པ། གང་ལ་དེ་ཡི་རྫས་རྣམས་གཏམས་གྱུར་པའི། །མི་དེ་རྫས་དང་འདྲ་ཞེས་བྱ་བ་ ཡིན། །ཤི་བ་དེའི་རྫས་རྣམས་དེར་སྔར་གང་ལ་གཏམས་པའི་མི་རབ་ཏུ་བྱུང་བའམ་ཁྱིམ་པ་དེ་ནི་དེའི་རྫས་དང་འདྲ་བ་ཞེས་བྱ་སྟེ། དེ་ནི་དེའི་རྫས་འཆང་བ་ཡིན་པའི་ཕྱིར་དེའི་སྐྱིན་པ་དང་འདྲ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་རྫས་དང་འདྲ་བ་མཚམས་ཀྱི་ནང་ན་གནས་ན་རྫས་ཀྱང་ མཚམས་ཀྱི་ནང་དུ་ཆུད་པར་རྟོགས་པར་བྱའོ་ཞེས་བྱ་བར་དགོངས་པ་ཡིན་ནོ། །གྲུར་ཞུགས་ལྷུང་བཟེད་ལ་སོགས་འདི་གཟུང་ངམ། །བཏང་ཞེས་གོ་བར་བྱས་ནས་སྦྱིན་པར་བྱ། །དེ་ལྟར་དེ་སྐད་སྨྲས་ནས་དེ་བོར་ན། །དེ་ཚེ་རིན་ནི་ཐེ་ཚོམ་མེད་པར་གཞལ། །གྲུ་ལ་སོགས་པར་ཞུགས་པ་ན་ཟླ་བོ་ ལ་གོ་བར་བྱས་ནས་ལྷུང་བཟེད་ལ་སོགས་པ་གཏང་བར་བྱའོ། །གོ་བར་བྱ་བ་དེ་ཡང་ཅི་ཁྱོད་ཀྱིས་བཟུང་ངམ། བཏང་ངོ་ཞེས་བྱ་བ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་ལས་གལ་ཏེ་དེ་ལས་ལྷུང་ནས་དེའི་ལྷུང་བཟེད་ལ་སོགས་པ་ཆུ་བོ་ལ་སོགས་པར་ཆུད་ཟོས་པར་གྱུར་ན་དེའི་ཚེ་ལེན་པ་པོ་ལ་ངེས་ པར་རིན་དབབ་པར་བྱ་སྟེ། མ་བྱིན་པར་ལེན་པའི་དོགས་པ་མེད་དོ། །དེ་ནི་སིལ་བུ་ལས་འབྱུང་ངོ་། །འདི་ཁོ་ནས་ནི་རྙེད་པ་བླང་བར་ཁས་བླངས་ནས་མ་བླངས་ན་ཡང་དབབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་དོན་དུ་རྟོགས་སོ། །སྨད་རིམས་དག་ལས་གོས་ལ་སོགས་པ་དེ། །བླང་བར་མི་ བྱ་དེ་ནི་སྦྱིན་པོ་མིན། །ཕོངས་ན་ནད་པས་བདག་གི་རྣམས་ལས་བླང་། །དེ་ཡང་སླར་སྦྱིན་འདོད་པ་ཉིད་ཀྱིས་སོ། །གཙོ་བོ་མ་ཡིན་པ་རྣམས་ལས་ནི་གོས་ལ་སོགས་པ་བླང་བར་མི་བྱ་སྟེ། དེ་དག་ནི་སྦྱིན་པ་པོ་མ་ཡིན་པས་སོ། །ཕོངས་ན་ནད་པས་ནི་བདག་གི་སྨད་རིམས་རྣམས་ལས་ཀྱང་ བླང་བར་བྱའོ། །དེ་ཡང་སླར་སྦྱིན་པར་འདོད་པ་ཉིད་ཀྱིས་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །ནོར་གྱིས་ཕོངས་པས་དེ་བཞིན་གཤེགས་པ་ཡི། །དཀོར་གྱིས་ཀྱང་ནི་སྨན་གྱི་བྱ་བ་བྱ། །སོས་པ་ཉིད་དུ་གྱུར་ན་བསབ་པར་བྱ། །དེ་ལ་འབྱོར་པ་མེད་ན་ཉེས་པ་མེད། །ནད་པ་ནོར་གྱིས་ཕོངས་པས་ ནི་ཐ་ན་སངས་རྒྱས་ཀྱི་རྒྱན་ལ་སོགས་པའི་རྫས་ཀྱིས་ཀྱང་སྨན་གྱི་ཟོང་བྱའོ། །གང་གི་ཚེ་སོས་པ་ཉིད་དུ་གྱུར་པ་དེའི་ཚེ་རྫས་དེ་བསབ་པར་བྱའོ། །འོན་ཏེ་འབྱོར་པ་མེད་ན་དེའི་ཚེ་ཅི་ཞིག་བྱ་ཞེ་ན། བཤད་པ། དེ་ལ་འབྱོར་པ་མེད་ན་ཉེས་པ་མེད། །འབྱོར་པ་མི་བདོག་ན་མ་བསབས་ཀྱང་ལྟུང་བ་མེད་ པའི་ཕྱིར་རོ། །འདིར་གཞུང་ནི་གོས་ཀྱི་གཞི་ལས། དེ་ལྟ་བས་ན་དགེ་སློང་གིས་ཚངས་པ་མཚུངས་པར་སྤྱོད་པ་ན་བ་ཡལ་བར་དོར་བར་མི་བྱ་སྟེ། ནད་གཡོག་བསྐོ་བར་བྱའོ། །དེས་ཀྱང་གལ་ཏེ་དེ་ལ་སྨན་མེད་ན་དྲིས་ཏེ་སྦྱིན་བདག་རྣམས་ལ་ཡང་དག་པར་ལེན་དུ་གཞུག་པར་བྱའོ། །འོན་ཏེ་མ་ གྲུབ་ན་དགེ་འདུན་གྱི་ལས་སྦྱིན་པར་བྱའོ། །འོན་ཀྱང་གལ་ཏེ་མ་གྲུབ་ན་སངས་རྒྱས་ཀྱི་མི་ཟད་པའི་དཀོར་ལས་སྦྱིན་པར་བྱའོ། །གལ་ཏེ་འོན་ཀྱང་མི་འགྲུབ་ན་དེ་བཞིན་གཤེགས་པའི་མཆོད་རྟེན་ནམ་དྲི་གཙང་ཁང་གི་གདུགས་སམ་རྒྱལ་མཚན་ནམ་བ་དན་ནམ་རྒྱན་ཡང་རུང་སྟེ། དེ་དགེ་འདུན་གྱིས་ བླངས་ནས་སྦྱིན་པར་བྱའོ། །ནད་གཡོག་གིས་ཀྱང་བཙོངས་ནས་རིམ་གྲོ་བྱའོ། །སྟོན་པ་ལ་ཡང་མཆོད་པར་བྱའོ། །སོས་པར་གྱུར་པ་དང་སངས་རྒྱས་ཀྱི་འདིས་ཁྱོད་ལ་མཁོ་བ་བྱས་སོ་ཞེས་བརྗོད་པར་བྱའོ། །གལ་ཏེ་དེ་ལ་འབྱོར་པ་ཡོད་ན་དེས་བསྒྲིམས་ནས་བསབ་པར་བྱའོ། །གལ་ཏེ་ མེད་ན་མཁོ་བ་བྱས་པ་ལེགས་པར་མཁོ་བ་བྱས་པ་ཡིན་ཏེ་ཕའི་ནོར་བུ་དབང་བ་ཡིན་པས་འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ།། །།བམ་པོ་ལྔ་པ། ཡུལ་ཆོས་ཆད་པ་སོགས་ཆོས་ལྡན་པས་བསྟན། །རྒྱལ་པོའི་སྐལ་ཡིན་རྒྱལ་པོས་གནང་བ་བླང་། །དེ་ལ་རྩོད་པ་དག་ ནི་བྱུང་གྱུར་ན། །སྡོམ་བརྩོན་བསྐོ་བར་སྟོན་པའི་བཀའ་ལས་མིན། །འདིར་གཞུང་ནི་དེ་ལྟ་བས་ན་རྒྱལ་པོའི་སྐལ་བ་ནི་བླང་བར་བྱ་སྟེ། གནང་ངོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །ཡུལ་ཆོས་ཀྱི་ཆད་པ་ལ་སོགས་པ་ལས་བྱུང་བ་ཆོས་དང་ལྡན་པས་བསྟན་པ་ནི་རྒྱལ་པོ་དབང་བ་ཡིན་ཏེ། འབྲས་དང་དབྱིག་ལ་སོགས་པ་ནི་རྒྱལ་པོའི་སྐལ་བ་ཞེས་བྱའོ། །དེའི་ཕྱིར་ཡུལ་ཆོས་ཀྱི་ཆད་པ་ཕ་ཚན་ཆོས་དང་ལྡན་པ་རྣམས་ཀྱིས་བསྟན་པ་གང་ཡིན་པ་དེ་ནི་ཆད་པར་གྱུར་པ་དེའི་ནོར་བླང་བ་ནི་རྒྱལ་པོས་བླང་བར་བྱ་བ་ཡིན་ནོ། །གྲུ་བཙས་དང་ཤོ་གམ་ལ་སོགས་པ་ལས་བྱུང་བ་གང་ཡིན་པ་དེ་དག་ ཐམས་ཅད་ཀྱང་རྒྱལ་པོས་བླང་བར་བྱ་བ་ཡིན་ནོ། །དེར་ཤགས་འགྱེད་པ་ལྟ་བུ་བྱུང་ན་ནི་ཁྱིམ་པ་བསྐོ་བར་བྱའོ་ཞེས་བྱ་བར་གནས་ཏེ། སྡོམ་བརྩོན་བསྐོ་བར་བྱའོ་ཞེས་ནི་སྟོན་པའི་བཀའ་ལས་མི་འབྱུང་བས་སོ། །གལ་ཏེ་སྡོམ་བརྩོན་ཤགས་འགྱེད་པར་བསྐོས་ན་ཅིར་འགྱུར་ཞེ་ན། མི་ འཚམ་པ་སྤྱོད་པའི་ཕྱིར་དོན་གྱིས་ན་སྡོམ་པ་མ་ཡིན་པ་དང་ལྡན་པར་འགྱུར་རོ། །དེ་ལྟར་ཡང་རྒྱལ་པོ་དང་ཤགས་འགྱེད་པ་དང་ཆད་པས་གཅོད་པ་རྣམས་དོན་གྱིས་ན་སྡོམ་པ་མ་ཡིན་པ་དང་ལྡན་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཆད་པ་ཞེས་བྱ་བ་ནི་གསོད་པ་དང་ཉོན་མོངས་པར་བྱེད་པ་ཡིན་ནོ། ། ཆད་པ་དེས་གཅོད་པར་བྱེད་པ་ནི་གཅོད་པ་ཞེས་བྱའོ། །ཁབ་ལ་སོགས་པའི་རྫས་དག་ལྟུང་མཐོང་ན། །དེ་དག་གཙུག་ལག་ཁང་སྐྱོང་དག་ལ་གཏད། །གྲི་གུ་དང་ཁབ་ལ་སོགས་པ་འཆགས་ལ་སོགས་པར་ལྟུང་བ་མཐོང་ན་གཙུག་ལག་ཁང་སྐྱོང་ལ་གཏད་པར་བྱའོ། །དེས་ཀྱང་ཚོགས་རྣམས་ ནང་དུ་བསྟན་པ་ནི། །ཉི་མ་གསུམ་དུ་དེ་འོང་བསྡད་བྱས་ནས། །གལ་ཏེ་ཤེས་པ་མེད་ན་ཚོགས་ལ་དབུལ། །གཙུག་ལག་ཁང་སྐྱོང་དེས་ཀྱང་ཚོགས་ཀྱི་ནང་དུ་བསྟན་ནས་ཉི་མ་གསུམ་གྱི་བར་དུ་ཁབ་ལ་སོགས་པའི་བདག་པོ་འོང་བ་ལ་བསྡད་ནས་གལ་ཏེ་ཤེས་པ་མེད་ན་དེའི་ཚེ་དགེ་འདུན་ལ་ཇི་ལྟར་བདེ་ བར་དབུལ་བར་བྱའོ། །དངུལ་ལ་སོགས་པ་ཉི་མ་བརྒྱད་བསྡད་ནས། །ཕྱིས་ནས་ཟླ་བ་དྲུག་ཏུ་མཛོད་དུ་བཞག །ཕྱི་ནས་ཀྱང་ནི་སྣོད་རྣམས་རབ་ཏུ་བྱ། །དངུལ་དང་གསེར་ལ་སོགས་པ་འཆག་ས་ལ་སོགས་པར་ལྟུང་བ་མཐོང་ན་ཞག་བརྒྱད་དུ་བསྡད་ནས་ཟླ་བ་དྲུག་ཏུ་དགེ་འདུན་གྱི་མཛོད་དུ་ གཞག་པར་བྱའོ། །གལ་ཏེ་འོན་ཀྱང་ཤེས་པ་མེད་ན་ཕྱིས་སྣོད་གཤའ་མར་བྱས་ཏེ་སྤྱད་པར་བྱའོ། །དེ་ནས་གལ་ཏེ་དེ་ཡོངས་སློང་བྱེད་ན། །འོན་ཀྱང་སྦྱིན་པར་བྱ་སྟེ་སྐྱེད་ནི་མེད། །དེ་ནས་ཕྱིས་སྣོད་བྱས་པ་ན་གལ་ཏེ་ནོར་གྱི་བདག་པོ་དེ་འོངས་ནས་ཁ་དོག་དང་མཚན་མས་མཚོན་པས་སློང་བར་བྱེད་ ན། འོན་ཀྱང་སྦྱིན་པར་བྱ་བ་ཉིད་ཡིན་ནོ། །འོན་ཏེ་སྐྱེད་སློང་ན་སྐྱེད་སྦྱིན་པར་མི་བྱའོ། །ལག་གི་བླ་ལ་མི་མཁོའི་ཤིང་ཡོད་ལ། །འཐོབ་ན་དེ་ཡིས་གནང་བས་དེ་བླང་བྱ། །ལག་གི་བླ་ལ་མི་མཁོ་བའི་ཤིང་གང་ཡོད་པ་དེ་གལ་ཏེ་ལག་གི་བླ་ལས་འཐོབ་ན་དེས་གནང་བས་བླངས་ན་ཉེས་པ་མེད་དོ། །རྙེད་པ་ ནི་བརྒྱད་དེ། མཚམས་ཀྱི་བསྒྲུབས་པ་ནི་ཁྲིམས་སུ་བྱ་བས་བསྒྲུབས་པ་དང་། གནས་ཀྱི་བསྒྲུབས་པ་དང་། དབྱར་གྱི་དང་། དགེ་འདུན་ལ་བསྟབས་པ་དང་། གང་ཟག་ལ་བསྟབས་པ་དང་། མངོན་དུ་གྱུར་པ་དང་། བརྒྱད་པ་སོ་སོར་སྨོས་པ་ཞེས་གང་གསུངས་པ་དེ་དག་གི་བདག་པོ་ནི་གསལ་ བ་ཉིད་ཡིན་པས་མདོར་མ་བྱས་སོ། །དེ་ལ་མཚམས་ཀྱི་བསྒྲུབས་པའི་རྙེད་པ་ནི་དཔེར་ན་མཚམས་གཅིག་ན་གནས་མང་པོ་ཡོད་ལ། དེ་དག་རྣམས་ལས་གནས་གཞན་ཞིག་ཏུ་རྙེད་པ་གང་སྒྲུབ་པ་དེ་ནི་མཚམས་དེའི་ནང་ན་གནས་པའི་དགེ་འདུན་རྣམས་བདག་པོ་ཉིད་ཡིན་ པས་དེ་རྣམས་དང་ལྷན་ཅིག་བགོ་བར་བྱ་བ་ལྟ་བུའོ། །ཁྲིམས་སུ་བྱས་པས་བསྒྲུབས་པའི་རྙེད་པ་ནི་དཔེར་ན་ཁས་བླངས་པ་དང་ཁས་མ་བླངས་པ་རྣམས་ཀྱིས་ཁྱིམ་ཆེ་གེ་མོ་ཞིག་ནི་ཁྱེད་ཀྱི་ཡིན་ནོ། །ཁྱིམ་ཆེ་གེ་མོ་ཞིག་ནི་ངེད་ཀྱི་ཡིན་ནོ། །ཁྱིམ་ཆེ་གེ་མོ་ཞིག་ནི་སྤྱིའི་ཡིན་ནོ་ཞེས་དེ་ལྟར་ཁྲིམས་སུ་བྱས་ཏེ་ དབྱར་གནས་པར་ཁས་ལེན་ཅིང་དེ་ལ་གལ་ཏེ་ཁས་བླངས་པའི་གནས་སུ་ཁས་བླངས་པ་དང་། ཁས་མ་བླངས་པ་སྟོན་ཏེ། ཁས་བླངས་པ་རྣམས་ལ་ནི་ཆུ་རྙེད་པ་སྦྱིན་པར་བྱེད་ཁས་མ་བླངས་པ་རྣམས་ལ་ནི་ཆུ་བྲིམས་ན་དེའི་ཚེ་ཁས་བླངས་པ་རྣམས་དབང་ངོ་། །ཡང་ན་གལ་ཏེ་ཁས་མ་བླངས་པ་ རྣམས་ལ་རྙེད་པ་ནི་སྦྱིན་པར་བྱེད་ལ། ཁས་བླངས་པ་རྣམས་ལ་ནི་ཆུ་སྦྱིན་པར་བྱེད་པའམ། ཡང་རྒན་རིམས་ལ་ཆུ་སྦྱིན་པར་བྱེད་ན་རྣམ་པ་ཐམས་ཅད་དུ་ཁས་བླངས་པ་རྣམས་ཁོ་ན་དབང་ངོ་། །དེ་བཞིན་དུ་ཁས་མ་བླངས་པ་རྣམས་ཀྱི་གནས་སུ་ཁས་མ་བླངས་པ་ཉིད་དང་། གཉི་ག་དག་གི་ གནས་སུ་གཉི་ག་དག་དབང་ངོ་ཞེས་སྦྱར་བ་ལྟ་བུ་ཡིན་ནོ། །ལྷ་སྦྱིན་གྱི་ལྟ་བ་ཁས་བླངས་པ་རྣམས་ཀྱི་ཁས་བླངས་པ་རྣམས་ཡིན་ནོ། །དེ་ལས་གཞན་པ་དག་ནི་ཁས་མ་བླངས་པ་ཞེས་བྱ་བའོ། །གནས་ཀྱི་བསྒྲུབ་པའི་རྙེད་པ་ནི་དཔེར་ན་སྐྱེ་དགུ་གང་ལ་བརྟེན་ནས་དབྱར་གནས་པར་ཁས་ལེན་པར་བྱེད་ལ་ དེར་རྙེད་པ་གང་སྒྲུབ་པ་དེ་ནི་དེ་དབང་བ་ཡིན་གྱི་གནས་པ་དང་མི་གནས་པ་གཞན་རྣམས་ནི་མ་ཡིན་པ་ལྟ་བུའོ། །དབྱར་གྱི་རྙེད་པ་ནི་དབྱར་གནས་པ་དབང་བ་ཡིན་གྱི་དབྱར་མི་གནས་པ་ནི་མ་ཡིན་ནོ། །དགེ་འདུན་ལ་བསྟབས་པའི་རྙེད་པ་ནི་གང་ཞིག་ངེས་པ་དང་མ་ཕྱེ་བའོ། །དགེ་འདུན་ལ་བསྔོས་པའི་ ཕྱིར་ངེས་པ་ཞེས་བྱའོ། །འདི་ནི་དབྱར་གནས་པ་རྣམས་ལའོ། །འདི་ནི་མངོན་དུ་གྱུར་པ་རྣམས་ལའོ་ཞེས་བྱེ་བྲག་མ་ཕྱེ་བའི་ཕྱིར་མ་ཕྱེ་བ་ཞེས་བྱའོ། །དགེ་སློང་ལ་བསྟབས་པའི་རྙེད་པ་ནི་གང་ཞིག་ངེས་པ་ཕྱེ་བའོ། །མངོན་སུམ་དུ་གྱུར་པའི་རྙེད་པ་ནི་གང་ཞིག་མངོན་སུམ་དུ་གྱུར་པ་རྣམས་ལ་གྲུབ་ པའོ། །སོ་སོར་སྨོས་པའི་རྙེད་པ་ནི་གཙུག་ལག་ཁང་འདིར་དབུལ་བར་བྱའོ་ཞེས་བྱ་བ་གང་ཡིན་པའོ། །དེ་ལྟར་བདག་པོ་ཐ་དད། དེ་ལྟར་བདག་པོའི་རབ་ཏུ་དབྱེ་བ་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཉེས་བྱས་ཀྱི་རབ་ཏུ་དབྱེ་བ་བཤད་པར་བྱ་སྟེ། དཔེར་ན་མ་བོས་ཟས་ཟ་དང་། །ཞེས་བྱ་བ་ནི་མགྲོན་ དུ་མ་བོས་པར་ཟས་ཟ་བའོ་ཞེས་འདིར་རྙེད་པ་ནི་རྣམ་པ་གཉིས་ཏེ། འདིར་ནི་ཁོ་བོས་མགྲོན་དུ་མ་བོས་སོ་སྙམ་དུ་རིག་པ་དང་མ་རིག་པའོ། །སྔ་མ་ཤེས་ལ་ནི་རྐུ་བ་མེད་དེ་སྦྱོར་བ་ལ་ནི་ཉེས་བྱས་སོ། །ཕྱི་མ་ཤོས་ལ་ནི་ངན་ངོན་ཁ་ཟས་ལེན་པའི་ཕྱིར་མངོན་པར་ཞེན་པ་ཤིན་ཏུ་ཞན་པ་ཡིན་ནོ། །འཇིག་རྟེན་ ཡང་འདི་ལ་བརྐུས་པའི་བློ་མི་འབྱུང་བའི་ཕྱིར་ནི་ཉེས་བྱས་ཁོ་ན་ཞེས་གསུངས་སོ། །རྒྱ་སོགས་ཟིན་པའི་སྡུག་བསྔལ་གཟིར་བ་ཡི། །སྲོག་ཆགས་བསོད་ནམས་བསམ་པས་གཏོང་བྱེད་དང་། །རྒྱ་ལ་སོགས་པས་ཟིན་པའི་སྲོག་ཆགས་རྣམས་བསོད་ནམས་ཀྱི་བསམ་པས་ཐར་པར་བྱས་ ན་ཉེས་བྱས་ཀྱི་ཁ་ན་མ་ཐོ་བར་འགྱུར་རོ། །སངས་རྒྱས་རིང་བསྲེལ་རིན་ཐང་མེད་གྱུར་ཀྱང་། །དེ་ལ་དད་པས་མཆོད་ཕྱིར་རྐུ་བ་དང་། །དེ་བཞིན་སྙིང་རྗེའི་དབང་གིས་གདོས་བཏགས་པ། །དགྲོལ་བ་ལ་སོགས་བྱས་དང་བཤིག་པ་དང་། །སངས་རྒྱས་ཀྱི་རིང་བསྲེལ་རིན་པོ་ཆེ་ཉིད་ཡིན་ གྱིས་ཀྱང་འདི་ནི་བདག་གི་སྟོན་པའོ་སྙམ་དུ་དེ་ལ་དད་པའི་དབང་གི་ཕྱིར་མཆོད་པའི་བསམ་པས་རྐུ་ན་ཉེས་བྱས་སོ། །སྙིང་རྗེའི་བསམ་པས་རྙི་ལ་སོགས་པ་བཤིག་ཀྱང་ཉེས་བྱས་ཁོ་ན་ཡིན་ནོ། །ཕུག་རོན་ལ་སོགས་ཚང་འཇིག་ལས་ཀྱང་ཡིན། །ཞེས་བྱ་བ་ནི་བྱིའུ་དང་ཕུག་རོན་ལ་སོགས་པའི་ཚང་ བཤིག་པ་ལས་ཀྱང་ཉེས་བྱས་སུ་རིག་པར་བྱའོ། །འདིར་གཞུང་ནི་འདུལ་བྱེད་ལས། དགེ་སློང་གི་འཆག་སར་ཤིང་སྐྱེས་པ་དང་། དེ་ལ་བྱི་ཁྲས་ཚང་བཅས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་བྱི་ཁྲའི་ཚང་བཤིག་པར་མི་བྱའོ། །བཤིག་ན་ཉེས་བྱས་ཀྱི་ལྟུང་ བར་འགྱུར་རོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །བྱ་ཆུན་ལག་གི་ཚང་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །བྱི་ཁྲ་དང་བྱ་ཆུན་ལག་གཉིས་ནི་ཉེ་བར་མཚོན་པ་ཙམ་ཡིན་པས་ཕུག་རོན་ལ་སོགས་པ་ཡང་གཟུང་ངོ་། །ཚང་ནི་བྱ་རྣམས་ཀྱི་ཁྱིམ་ཡིན་ནོ། །བྱི་ཁྲ་ནི་ཁྲ་ཡིན་ནོ། །དེ་ལས་ལྟུང་ བ་མེད་པའང་བཤད་པར་བྱ། །ཞེས་བྱ་བ་ནི་འདི་མན་ཆད་ལྟུང་བ་མེད་པ་བཤད་པར་བྱ་སྟེ། དེ་ཉོན་ཅིག་འདི་ལྟ་སྟེ། ཡིད་གཅུགས་བྱས་ནས་གཞན་ལ་གོ་བྱས་ཏེ། །ཡིད་དགེ་བ་ཡིས་ལེན་ན་ཉེས་པ་མེད། ཡིད་གཅུགས་པའི་འདུ་ཤེས་ཀྱིས་གཞན་ལ་གོ་བར་ བྱས་ཏེ་སེམས་དག་པས་ལེན་ན་ཉེས་པ་མེད་པ་ཡིན་ནོ། །ཡིད་གཅུགས་པའི་ཡུལ་བསྟན་པའི་ཕྱིར་བཤད་པ། གྲོགས་པོ་རབ་འབྲིང་ཐ་མར་གྱུར་པ་ལ། །ཡིད་གཅུགས་བྱ་བ་རིམ་པ་བཞིན་དུ་བསྒྲུབ། །ཐ་མ་ལ་ནི་ཐ་མའོ། །འབྲིང་ལ་ནི་འབྲིང་དང་ཐ་མའོ། །དང་པོ་ཤོས་ལ་ནི་མཐའ་དག་ ཁོ་ནའོ། །གྲོགས་པོ་ནི་རྣམ་པ་གསུམ་སྟེ། རབ་དང་། འབྲིང་དང་། ཐ་མའོ། །ཡིད་གཅུགས་པ་ལ་ཡང་རྣམ་པ་གསུམ་ཁོ་ན་སྟེ། རབ་དང་འབྲིང་དང་ཐ་མ་ཡིན་པས་གོ་རིམས་བཞིན་དུ་བསྒྲུབ་པར་བྱའོ། །དེ་ལ་གོ་རིམས་ནི་འདི་ཡིན་ཏེ། གྲོགས་པོ་ཐ་མ་ལ་ནི་ཡིད་གཅུགས་པར་བྱ་ བ་ཐ་མ་བྱའོ། །འབྲིང་ལ་ནི་འབྲིང་དང་ཐ་མ་བྱའོ། །གྲོགས་པོ་རབ་ལ་ནི་ཡིད་གཅུགས་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཐམས་ཅད་བྱའོ། །སློབ་མ་ལ་སོགས་ར་ལུག་ནོར་གྱི་རྒྱུད། །ཆོམ་རྐུན་གྱིས་ཕྲོགས་སྙིང་རྗེའི་རྗེས་མཐུན་པས། །རྫུ་འཕྲུལ་བསྟན་ནས་ཤོར་བྱེད་ཉེས་མེད་དོ། །པི་ལིན་ ད་བད་ས་ལ་སོགས་བཞིན་ནོ། །སློབ་མ་ལ་སོགས་པ་དང་། ར་ལུག་ལ་སོགས་པ་ཆོམ་རྐུན་རྣམས་ཀྱིས་ཕྲོགས་པར་སྙིང་རྗེས་རྫུ་འཕྲུལ་བསྟན་པས་ཤོར་བར་བྱེད་ན་ལྟུང་བ་མེད་དེ། དཔེར་ན་དགྲ་བཅོམ་པ་པི་ལིན་ད་བད་སས་རྩེ་རྒོད་རྣམས་ཀྱི་རྫས་ཤོར་བར་བྱས་པ་དང་། མཽད་གལ་གྱི་བུ་ ཆེན་པོས་མགོན་མེད་ཟས་སྦྱིན་གྱི་བུ་ཤོར་བར་བྱས་པ་ན་ལྟུང་བ་མེད་པ་ཡིན་ཏེ། གཞན་དག་ལའང་དེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །འདུལ་བྱེད་ལས་སྔགས་ཀྱིས་བྱས་པའི་རྫུ་འཕྲུལ་སད་པར་འདོད་པའི་བསམ་པས་བྱས་ན་ཡང་མཚུངས་སོ་ཞེས་གསུངས་ཏེ།དེ་ལྟ་བུའི་རྫུ་ འཕྲུལ་ལ་ལྟུང་བ་མེད་པ་ནི་འདི་ལྟར་སེམས་ཀྱིས་རིགས་ཉིད་དེ་དག་ཡིན་པར་རིག་པར་བྱའོ། །གལ་ཏེ་གཙུག་ལག་ཁང་གི་ཁྱམས་ན་ཚད། །སྒོ་ང་མེད་ན་སྡོམ་བརྩོན་བསལ་བར་བྱ། །དཔེ་ཙམ་ཡིན་པས་སྡོམ་གྱི་ཚང་ཡང་ཡིན། །ད་ནི་མ་བྱིན་ཕྱོགས་མཐུན་བཤད་པར་བྱ། །གཙུག་ ལག་ཁང་གི་ཁྱམས་ན་བྱིའུ་ལ་སོགས་པའི་གནས་ཚང་གང་དག་ཡོད་པ་དེ་དག་སྒོ་ང་མེད་པ་ཡིན་ན་བརྟུལ་ཞུགས་ཅན་གྱིས་བསལ་བར་བྱ་སྟེ། །གཞན་དག་ནི་མ་ཡིན་ནོ། །དེ་ནི་དཔེར་བརྗོད་པ་ཙམ་ཡིན་པས་དེ་བཞིན་དུ་རྒྱ་ལ་སོགས་པ་ལ་ཡང་ལྟུང་བ་མེད་པ་ཡིན་ནོ། །ད་ནི་མ་བྱིན་ལེན་པའི་ཕྱོགས་དང་ མཐུན་པ་བརྗོད་པར་བྱ་བ་ཡིན་པས་དེ་བཤད་དོ། །གང་གིས་བ་དན་མལ་སྟན་སོགས་བྱིན་ནས། །ཡིད་ལ་གཅགས་པའི་མེ་ནི་འབར་བྱེད་ན། །བསྡམ་བྱ་ལས་ཐར་བྱ་ཕྱིར་དེ་ལ་ནི། །སླར་སྦྱིན་བུམ་ཆུས་མ་ལུས་ཞི་བར་བྱ། །གང་ཞིག་གིས་བ་དན་ལ་སོགས་པ་བྱིན་ནས་ཡིད་ལ་གཅགས་པའི་ མེ་འབར་བར་བྱེད་ན་དེའི་ཡིད་ལ་གཅགས་པའི་མེ་མ་ལུས་པར་ཞི་བར་བྱ་སྟེ། བསྡམ་པར་བྱ་བའི་ཁ་ན་མ་ཐོ་བ་སྤང་བའི་ཕྱིར་རོ། །སླར་སྦྱིན་པ་ཉིད་བུམ་པའི་ཆུ་སྟེ་དེ་རྣམས་ཀྱིས་ཞི་བར་བྱའོ། །གཞན་དུ་ན་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །གཞན་ཡང་། གནང་བ་མེད་པར་ གཞན་གྱིས་གོས་སྤྱོད་དང་། །ཁྱིམ་དུ་སྟན་ལ་མ་བསྟབས་འདུག་པ་དང་། །བརྟུལ་ཞུགས་ཅན་ལ་གོས་སོགས་བྱིན་ནས་ཁྲོས། །སྡང་དང་ལྡན་པའི་བསམ་པས་འཕྲོག་པ་དང་། །ལྷུང་བཟེད་ལ་སོགས་བརྐམ་པས་ནན་གྱིས་སློང་། །བཞད་གད་ཀྱིས་ནི་ལྷུང་བཟེད་ལ་སོགས་སྦེད། ། ཁྲོས་པས་སྡོམ་བརྩོན་གཙུག་ལག་ཁང་འབྱིན་སོགས། །རྐུན་པོས་སྐྱེ་བོ་མེད་པར་བོར་ལེན་དང་། །སྡོམ་བརྩོན་སྔ་ནས་འཁོད་ལ་ཕྱིས་མནན་ནས། །མལ་དང་སྟན་ལ་སྤྱོད་པར་བྱེད་པ་དང་། །རྙེད་པ་དག་ཀྱང་གཞན་དུ་སྔོ་བྱེད་པ། །གཞན་གྱི་རྫས་ཀྱི་ཕྱོགས་མཐུན་དཔེ་ཡིན་ནོ། །གནང་ བ་མེད་པར་ཕ་རོལ་གྱི་གོས་ལ་སྤྱོད་པ་དང་། ཁྱིམ་དག་ཏུ་སྟན་ལ་མ་བསྟབས་པར་འདུག་པ་དང་། གོས་ལ་སོགས་པ་བྱིན་པ་ལས་ཞེ་སྡང་གི་སེམས་ཀྱིས་འཕྲོག་པ་དང་། ཆགས་པས་ནན་གྱིས་སློང་བར་བྱེད་པ་དང་། བཞད་གད་ཀྱི་ཕྱིར་ལྷུང་བཟེད་ལ་སོགས་པ་སྦེད་པ་དང་། ཁྲོས་ པས་སྡོམ་བརྩོན་གཙུག་ལག་ཁང་ནས་འབྱིན་པ་དང་། ཆོམ་རྐུན་རྣམས་ཀྱིས་ཤིང་ཏ་ལ་དང་བུ་རམ་ཤིང་གི་སྡོང་བུ་ལ་སོགས་པ་སྐྱེ་བོ་མེད་པའི་སར་བོར་བ་དག་ལེན་པ་དང་། སྡོམ་བརྩོན་སྔ་ན་གནས་པ་རྣམས་ལ་ཞེ་སྡང་གིས་མལ་ལ་སོགས་པ་སྤྱོད་པ་དང་། གཞན་དུ་རྙེད་པ་བསྔོས་པ་ ལས་སྔོ་བར་བྱེད་པ་དང་། འདི་དག་ནི་མ་བྱིན་པར་ལེན་པའི་ཕྱོགས་དང་མཐུན་པའི་དཔེར་བརྗོད་པ་ཡིན་ནོ། །འདི་སྙམ་དུ་ཞེ་སྡང་གིས་འཕྲོག་པ་ཇི་ལྟར་ཕྱོགས་དང་མཐུན་པ་ཡིན་སྙམ་དུ་སེམས་ན། བཤད་པ། རང་གི་ཡིན་པར་འདུ་ཤེས་པ་དང་ལྡན་པའི་ཕྱིར་རོ། །དེ་ ལྟར་ཡང་འདིར་རྣམ་པར་འབྱེད་པ་ལས་དགའ་བོ་ཁྲོས་ནས་སྨྲས་པ་དང་། གླེན་པ་ཅི་ངས་ཁྱོད་ལ་ཆོས་རྣམས་ལ་ཆོས་དང་ལྡན་པས་སྣམ་སྦྱར་བྱིན་ནམ། འོན་ཀྱང་ངས་ནི་ལྷན་ཅིག་འགྲོ་བར་བྱའོ་སྙམ་ནས་ཡིན་གྱི་གལ་ཏེ་མི་འགྲོ་ན་སྣམ་སྦྱར་འོན་ཅིག་འབྱུང་བ་ལྟ་བུ་སྟེ། དེ་ལྟ་བས་ན་རྐུ་ སེམས་མེད་ན་རང་གིས་བྱིན་པ་འཕྲོག་པ་ལ་ཁ་ན་མ་ཐོ་བ་འདི་ཡིན་ནོ། །རྐུ་སེམས་ཡོད་ན་ནི་མ་བྱིན་པར་ལེན་པར་འགྱུར་བར་རིག་པར་བྱའོ། །དེ་ལྟར་ཡིན་ན་ཡང་དེ་ནི་ཕྱོགས་དང་མཐུན་པ་ཉིད་ཡིན་པར་མི་རིགས་ཏེ། འདི་ལྟར་འཕྲོག་པའི་སྤང་བའི་ལྟུང་བྱེད་ཀྱི་གཞུང་ལས། དགེ་སློང་ མ་དང་དགེ་ཚུལ་དང་དགེ་ཚུལ་མ་ལས་ཉེས་བྱས་སུ་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ་ཞེ་ན། དེ་ནི་ཉེས་པ་མེད་དེ། ཡིད་ཀྱིས་བྱས་པའི་ཉེས་བྱས་ཁོ་ན་ལ་ཉེས་བྱས་ཞེས་གསུངས་པ་ཡིན་པས་སོ། །སྡང་བ་དང་ལྡན་པའི་བསམ་པས་ཞེས་བྱ་བ་ནི་ཕན་པར་འདོད་པས་ནི་ཉེས་པ་མེད་པར་བསྟན་ པའི་ཕྱིར་རོ། །དེ་ལྟར་ཡང་འདིར་གཞུང་ནི་དོན་གཞན་ཉིད་དང་འདུལ་བའི་རྒྱུ་ཉིད་ཀྱིས་ན་ལྟུང་བ་མེད་པ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །དེ་ལ་དོན་གཞན་ཉིད་ཀྱིས་ནི་དུས་མ་ཡིན་པར་འགྲོ་བས་མ་བྱིན་པར་ལེན་པར་བྱེད་པས་ཁྱེར་ན་མི་རུང་ངོ་སྙམ་པས་སོ། །འདུལ་བའི་རྒྱུ་ཉིད་ཀྱིས་ནི་སྡིག་ པའི་གྲོགས་པོ་རྣམས་དང་ལྷན་ཅིག་འགྲོ་བས་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རྙེད་པ་དག་ཀྱང་གཞན་དུ་སྔོ་བྱེད་པ། །ཞེས་བྱ་བ་འདི་ནི་གནས་སྐབས་རུང་བར་བྱེད་པ་ལ་གསུངས་པ་ཡིན་གྱི། དེ་ལྟ་བུའི་རྐྱེན་ཞིག་ཡོད་ནས་ངེས་པ་བཞི་མ་གཏོགས་པ་གཞན་དུ་སྒྲུབ་པར་བྱེད་པ་ལ་ཉེས་པ་ མེད་དོ། །འདིར་གཞུང་ནི་སིལ་བུ་ལས། དགེ་སློང་དག་བཞི་པོ་འདི་དག་ནི་ངེས་པའི་རྙེད་པ་ཡིན་ཏེ། བྱང་ཆུབ་ཆེན་པོ་ལ་བསྔོས་པ་དང་། ཆོས་ཀྱི་འཁོར་ལོ་ལ་བསྔོས་པ་དང་། ཆོ་འཕྲུལ་ཆེན་པོ་ལ་བསྔོས་པ་དང་། ལྷ་ཡུལ་ནས་གཤེགས་པ་ལ་བསྔོས་པ་སྟེ། དེ་དག་ལ་བརྣག་པ་བྱས་ པ་རྣམས་ནི་གཞན་དུ་བསྔོ་བར་མི་བྱའོ། །གཞན་དག་ལ་བརྣག་པ་བྱས་པ་ནི་དེ་ལྟ་བུའི་རྐྱེན་ཞིག་བྱུང་ན་གཞན་དུ་བསྔོ་བར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ་ཞེས་འབྱུང་བ་ཡིན་ནོ། །དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་ལས་བསླབ་པའི་གཞི་གཉིས་པའི་འགྲེལ་པ་རྫོགས་སོ།། །། གང་ཞིག་འཇིགས་མེད་ངོ་ཚ་མེད་ཆགས་ཕྱིར། །ཡན་ལག་ཆ་ཀུན་གཟུང་བར་བཟོད་པ་ཡིས། །ལམ་གྱི་གཞུག་ཏུ་རུང་དང་མ་ཉམས་པའི། །པགས་པ་སྦུ་གུའི་ཁ་དང་སོ་ལས་མཐར། །ནོར་བུ་ནད་མེད་ལས་རུང་དྲུད་ནས་ནི། །ཆགས་པས་རེག་པའི་བདེ་རྣམས་མྱོང་སྟེ་ཉམས། ། འདིར་ཡང་ཐ་མལ་རྨི་ལམ་མིན་བསླབ་བཅས། །ཞེས་སྦྱར་ཕྱི་མ་ལ་ཡང་དེ་བཞིན་ནོ། །དགེ་ཚུལ་འདོད་ཆགས་ཀྱི་མེ་རབ་ཏུ་འབར་བ་འཇིགས་པ་མེད་པ་དང་། ངོ་ཚ་མི་ཤེས་པ་གང་ཞིག་གིས་བུད་མེད་ཡན་ལག་ཐམས་ཅད་ལ་བཟུང་དུ་རུང་བའི་བུ་ག་དང་པགས་པའི་རིམ་པ་ལ་སོགས་པ་གཞུག་ ཏུ་རུང་བ་མ་ཉམས་པར་ནོར་བུས་པགས་པའི་རིམ་པ་ལ་སོགས་པ་ཕན་ཆད་དུ་དྲུད་ནས་རེག་པའི་བདེ་བ་ཉམས་སུ་མྱོང་བར་བྱེད་ན་དེ་ནི་མཐར་འགྱུར་བའི་སྦྲུལ་གདུག་པས་དབང་མེད་པར་བྱས་པས་ངེས་པར་ཉམས་པ་ཡིན་ནོ། །འདིར་ཡང་ཐ་མལ་པ་ཉིད་དང་། རྨི་ལམ་མ་ཡིན་པ་ ཉིད་དང་། བསླབ་པ་མ་བཏང་བ་ཉིད་ཅེས་བྱ་བའི་ཡན་ལག་རྣམས་རྗེས་སུ་སྦྱར་བར་བྱ་བ་ཁོ་ན་ཡིན་ཏེ། བསླབ་པའི་གཞི་འོག་ནས་འབྱུང་བ་ཕྱི་མ་རྣམས་ལ་ཡང་དེ་བཞིན་ནོ། །གཞན་དུ་ན་བསླབ་པ་བཅས་པ་མི་འཐད་པའི་ཕྱིར་རོ། །འཇིགས་མེད་ཅེས་བྱ་བ་ནི་འདུལ་བྱེད་ ལས། ཀླུའི་བུ་མོ་ཞིག་དགེ་སློང་གི་དྲུང་དུ་འོངས་ནས་འདི་སྐད་ཅེས་བཙུན་པ་ཚུར་སྤྱོན་མི་ཚངས་པར་སྤྱོད་པ་བགྱིའོ་ཞེས་སྨྲས་པ་དང་། དེས་དེ་ལ་ཁས་བླངས་ནས་དེས་གཞུག་པར་བྱའོ་སྙམ་སྟེ་རྨར་གནོད་པར་བྱས་སོ། །དེ་ཡང་རིང་པོར་གྱུར་པ་དང་དགེ་སློང་དེ་འཇིགས་པ་སྐྱེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིགས་པ་ལ་འདོད་ཆགས་མེད་པས་ཕམ་པའི་ལྟུང་བ་ནི་མེད་དེ། དམན་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །སློབ་དཔོན་རྣམས་ན་རེ་རྨར་གནོད་པ་བྱས་ཞེས་བྱ་བ་ལ་གནོད་པ་ནི་སྤྱིང་བ་ལ་བྱ་སྟེ། རྨར་སྤྱིང་ཞེས་ བྱ་བའི་ཐ་ཚིག་གོ། །འདི་ག་ལས་ཤེས་ཤི་ན། རེ་ལྡེས་ཆོད་པ་ན་ཟོ་ཆུན་འདྲེན་པར་བྱེད་པ་ལ་ཀུན་ཏུ་ཆགས་པས་ཡན་ལག་གི་རྣམ་པས་ཡན་ལག་གི་རྣམ་པ་ལ་རེག་ཅེས་གསུངས་པའི་ཕྱིར་རོ། །དེར་ནི་མ་བཅུག་པར་གྱུར་པའི་རེག་པ་ལས་དགོངས་པ་ཡིན་ལ། འདིར་ནི་འཇིགས་པ་ལ་ཀུན་དུ་ཆགས་པ་མེད་པས་ཞེས་རྒྱུ་གསུངས་པའི་ཕྱིར་བཅུག་པར་གྱུར་པའི་གནོད་པར་ནི་རོ་མྱང་བ་མེད་པར་བཅུག་པར་གྱུར་པའི་ཕྱིར་སྦོམ་པོ་ཡིན་ནོ་ཞེས་འཆད་དོ། །རིང་པོར་གྱུར་པ་ཞེས་བྱ་བ་ནི་འདིར་ལྔ་ཚན་ལས། ཀླུ་སྦྲུལ་གྱི་རང་གི་ལུས་སུ་མངོན་པར་འགྲུབ་པ་ལ་ རྒྱུ་ལྔ་དག་དང་། རྐྱེན་ལྔ་དག་ཡོད་དེ། ལྔ་པོ་གང་དག་ཅེ་ན། གང་གི་ཚེ་སྐྱེ་བ་དང་གང་གི་ཚེ་འཆི་བ་དང་། གང་གི་ཚེ་གཉིད་ཀྱིས་ལོག་པ་དང་། གང་གི་ཚེ་ཁྲོས་པ་དང་། གང་གི་ཚེ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྟེན་པར་བྱེད་པའོ། །དེའི་ཕྱིར་འཁྲིག་པའི་གནས་སྐབས་ ན་དེ་རིང་པོར་གྱུར་པ་ཡིན་ནོ། །ངོ་ཚ་མེད་ཅེས་བྱ་བའི་གཞུང་ནི་འདིར་འདུལ་བྱེད་ལས། དགེ་སློང་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པས་གནོད་པར་གྱུར་པ་ན་དེ་མའི་དྲུང་དུ་སོང་སྟེ། མ་ལ་འདོད་ཆགས་ཀྱིས་རྐུན་ནས་དཀྲིས་པས་གནོད་པར་གྱུར་ཏོ་ཞེས་སྨྲས་པ་དང་། བུ་གང་ཁོ་ན་ནས་ བྱུང་བ་དེ་ཉིད་དུ་སྒྲུབས་ཤིག །རེ་ཞིག་ན་དེ་ཁོ་ན་བཞིན་དུ་དེས་གཞུག་པར་བྱའོ་སྙམ་ནས་རྨར་གནོད་པ་བྱས་པ་ལས་དེ་ངོ་ཚ་བའི་ཆོས་ཀྱིས་ནོན་པ་དང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ངོ་ཚ་ཤེས་པ་ལས་ཀུན་དུ་ཆགས་པ་མེད་པས་ཕམ་པའི་ ལྟུང་བ་ནི་མེད་དེ། དམན་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །འདིར་ཡང་བཅུག་པར་གྱུར་པའི་གནོད་པ་བྱས་པ་ནི་ཀུན་ཏུ་ཆགས་པ་མེད་པའི་ཕྱིར་སྦོམ་པོར་འགྱུར་བར་རྟོགས་པར་བྱའོ། །ཡན་ལག་ཆ་ཀུན་གཟུང་བར་བཟོད་པ་ཡི། །ཞེས་བྱ་བ་ནི་ཞུས་པ་ལས། བཙུན་པ་སྐྱེས་པས་བུད་མེད་ཅི་འདྲ་བ་དང་ལྷན་ཅིག་མི་ཚངས་པར་སྤྱད་ན་མཐར་འགྱུར་ལགས། གང་ཞིག་གིས་ཡན་ལག་ཐམས་ཅད་གཟུང་བར་རུང་བའོ། །དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། གལ་ཏེ་ཡན་ལག་ཐམས་ཅད་གཟུང་བར་མི་རུང་ན་ཉེས་པ་ སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་ན་རྐེད་པར་ཆད་པ་ལ་མཐར་མི་འགྱུར་ཏེ།དེ་ནི་ཡན་ལག་ཐམས་ཅད་ལ་གཟུང་དུ་མི་རུང་བས་སོ། །དེ་བཞིན་དུ་རང་གི་རྨ་ལ་མཚན་རིངས་དང་རྒྱབ་མཉེན་གཉིས་ཀྱང་ལོགས་ཤིག་ན་མེད་པས་ཡན་ལག་ཐམས་ཅད་ གཟུང་བར་མི་སྲིད་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་ཡན་ལག་ཇི་སྙེད་ཀྱི་འཁྲིག་པའི་རོའི་ལྟུང་བ་འབྱུང་བ་དེ་སྙེད་ལ་ཐམས་ཅད་ཀྱི་སྒྲས་བསྡུས་པ་ཡིན་ཏེ། དཔེར་ན་མཚན་དང་རྐེད་པར་དང་སེམས་ཅན་དུ་བགྲང་བའི་འཇམ་པ་དང་ཇི་ལྟར་འཁྱུད་ཀྱང་རུང་སྟེ། རོ་སྨད་ཀྱི་བུ་ག་ གསོག་མ་ཡིན་པའི་ངོ་བོར་སྣང་བ་ལ་སོགས་པ་ལྟ་བུ་མིན་པར་རིག་པར་བྱའི། ཕྱི་རོལ་གྱི་ཡན་ལག་ལག་པ་ལ་སོགས་པ་ནི་མ་ཡིན་ཏེ། འདི་ལྟར་མཚན་མེད་ན་ཆུང་བར་གསུངས་ཏེ། མཚན་བོར་ནས་བྱེད་ན་སྦོམ་པོའོ་ཞེས་གསུངས་པ་ཡིན་ནོ། །རྐེད་པ་ལ་རེག་པར་བྱེད་ན་ཡང་དེ་དང་འདྲ་ སྟེ། བུད་མེད་ཀྱི་མཚན་བཅད་ནས་འཇུག་པར་བྱེད་པ་སྦོམ་པོ་ཞེས་འབྱུང་བ་ཡིན་ནོ། །སེམས་ཅན་དུ་བགྲང་བའི་འཇམ་པ་མེད་ན་ཡང་ཆུང་བ་ཡིན་ཏེ། འདུལ་བྱེད་ལས་དགེ་སློང་གིས་ཤིང་ལས་བྱས་པའི་གཟུགས་བརྙན་བྱད་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཞིག་མཐོང་ངོ་། །དེ་ མཐོང་བ་དང་ཆགས་པའི་ཆོས་སྐྱེས་ནས། དེས་དེ་ལ་གཞུག་གོ་སྙམ་ནས་རྨར་གནོད་པ་བྱས་པ་དང་། དེས་ཀྱང་མདོམས་ཕྱེ་བ་དང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ཡན་ལག་ཐམས་ཅད་ཀྱིས་རེག་པར་བྱེད་ན་ཕམ་པར་འགྱུར་རོ། ། འོན་ཏེ་དེས་དབང་པོ་འབྱེད་པར་བྱེད་ན་དམན་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དབང་པོ་ཙམ་ཁོ་ན་ཞིག་འབྱེད་པར་བྱེད་ཀྱི། ལྷག་མ་ནི་སེམས་ཅན་དུ་བགྲང་བའི་འཇམ་པ་དང་བྲལ་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རོ་སྨད་ཀྱི་བུ་ག་གསོག་གི་རང་བཞིན་ལ་བསྟེན་ ན་ཡང་ཆུང་བ་ཡིན་ཏེ། དཔེར་ན་མགོ་བོ་བཅད་པའི་ཁར་ཡིན་ན་སྦོམ་པོ་ཞེས་འབྱུང་བ་ལྟ་བུའོ། །འདིར་གལ་ཏེ་ཁ་ལ་སེམས་ཅན་དུ་འགྲང་བའི་འཇམ་པ་ཡོད་ཀྱང་འོན་ཀྱང་ལུས་ལས་ལོགས་ཤིག་ཏུ་བྱས་པའི་ཕྱིར་ལོགས་ཤིག་ཏུ་བྱས་པའི་མོ་མཚན་དང་འདྲ་བ་གསོག་ཉིད་དུ་ ཡིད་ལ་གནས་པའི་ཕྱིར་སྦོམ་པོར་རྣམ་པར་གཞག་གོ། །དེ་ལྟ་བས་ན་རྐེད་པར་ཆད་པ་ལ་སོགས་པའམ། རང་གི་རྨ་ལ་ཡང་མཐར་མི་འགྱུར་བ་ཐལ་བ་མེད་དོ། །གཞན་དག་ན་རེ་ནི་ཡན་ལག་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ལུས་ཀྱི་ཆ་ཐམས་ཅད་ཀྱི་ཡིན་ནོ། ། འདིར་ཁུངས་ནི་འདུལ་བྱེད་ལས། བུད་མེད་གཅེར་བུ་ཞིག་རེ་ལྡེས་ཆོད་པ་ན་ཟོ་ཆུན་འདྲེན་པར་བྱེད་པ་ལས། དགེ་སློང་གིས་དེའི་རེ་ལྡེས་ཆོད་པའི་ཡན་ལག་གི་རྣམ་པ་མཐོང་ངོ་། །དེས་མཐོང་ནས་ཀུན་ཏུ་ཆགས་པར་གྱུར་ཏེ། དེས་ཡན་ལག་གི་རྣམ་པས་དེའི་ཡན་ལག་གི་ རྣམ་པ་ལ་རེག་པར་བྱས་པས་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པའི་ལྟུང་བ་ནི་མེད་དེ། དམན་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ཏེ། འདི་ལྟར་འདིར་ནི་ཡན་ལག་ཐམས་ཅད་ལ་བཟུང་བ་མེད་པས་དམན་པ་སྦོམ་པོ་ཞེས་བྱ་བར་ དགོངས་པ་ཡིན་ནོ། །རྐེད་པར་ཆད་པ་ལ་སོགས་པ་ནི་རོའི་ཁྱད་པར་ཡང་ཡོད་ལ་བསྟེན་པར་བྱ་བ་ཡང་མ་ཚང་བ་མེད་པ་ཡིན་པས་དེ་ཉིད་དེའི་ཞེས་པའི་ངོ་བོ་ཡིན་ནོ། །མཚན་རིངས་དང་རྒྱབ་མཉེན་གཉིས་ལ་ཡང་བརྟེན་པར་བྱ་བ་དང་། རྟེན་པར་བྱེད་པ་གཉིས་སུ་ཐ་དད་པ་ཉིད་ཡིན་ཏེ། འདི་ལྟར་རྟེན་པར་བྱེད་པའི་ཆ་ཡང་གཞན་ཡིན་ལ། བརྟེན་པར་བྱ་བའི་ཆ་ཡང་གཞན་ཡིན་པས་སོ་ཞེས་འཆད་དོ། །ཡང་གཞན་དག་ན་རེ་ཡན་ལག་གི་རྣམ་པས་ཡན་ལག་གི་རྣམ་པ་ལ་རེག་པར་བྱས་ཞེས་བྱ་བ་འདི་ནི་བཅུག་པའི་རེག་པ་ཁོ་ན་ལ་གསུངས་པར་ནི་མི་སྣང་ངོ་། །འོ་ན་ཅི་ཞེ་ན། ཕྱི་རོལ་དུ་རེག་པ་ཙམ་ཉིད་ཡིན་ནོ། །གཞན་དུ་ན་ཡན་ལག་གི་སྦུ་གུ་ལ་དེ་ཙམ་ལས་ཕར་འདས་པ་ཞིག་ལྷུར་བྱ་བ་ཡིན་པར་ག་ལ་རྟོགས་ཏེ། རེ་ལྡེས་ཆོད་པ་ལ་དེ་ལྟ་བུའི་ཕྲད་པ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་ཁུངས་མ་ཡིན་ནོ། །རྐེད་པར་ཆད་པ་ལ་སོགས་པ་ལ་རོའི་ཁྱད་པར་ཉིད་ འབྱུང་ངོ་ཞེས་བྱ་བ་ཉིད་ཀྱང་བསྒྲུབ་པར་བྱ་བ་ཉིད་ཡིན་ནོ་ཞེས་འཆད་དོ། །ཡིན་ནི་འདི་ལྟར་ཡིན་ཏེ། སེམས་ཅན་དུ་བགྲང་བའི་འཇམ་པ་ཡང་ཡོད་དོ། །རོ་སྨད་ཀྱི་བུ་ག་གསོག་མ་ཡིན་པར་སྣང་བ་ཡང་ཡོད་ན། བརྟེན་པར་བྱ་བ་གང་དུ་ཡན་ལག་གི་སྦུ་བུ་བཅུག་པ་ན་སྟེང་དང་འོག་ལ་ ཐུག་པར་གྱུར་པའི་རྨའི་ཆ་ཇི་སྙེད་པ་དག་དང་ཕྲད་པ་ལས་བདེ་བ་འབྱུང་བར་འགྱུར་བའི་རྨའི་ཆ་དེ་དག་ཉིད་འདིར་ཡན་ལག་དག་ཏུ་རིག་པར་བྱའི། ཕྱི་རོལ་གྱི་ཡན་ལག་ལག་པ་ལ་སོགས་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་བསྟན་པར་བྱ་བ་ཡིན་ནོ། །ཞལ་ལ་འོངས་པ་རྫོགས་སྷོ།། །།གཞུག་ ཏུ་རུང་ཞེས་བྱ་བ་ནི་ལམ་སྐབས་དབྱེ་བར་བཟོད་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་འདུལ་བྱེད་ལས། དགེ་སློང་གཅིག་པུ་ཞིག་དགོན་པ་ན་འདུག་པ་ལས། དེ་དང་ཧ་ཅང་ཐག་མི་རིང་བ་ཞིག་ཏུ་གླང་པོ་ཆེ་མོ་ཞིག་བཙས་ཏེ། དེ་ལས་གླང་པོ་ཆེ་ཕྲུ་གུ་མོ་ཞིག་བྱུང་ངོ་། །དེའི་ མ་སྤྱོད་ཡུལ་ལ་སོང་བ་དང་། དགེ་སློང་དེའི་གན་དུ་འོངས་སོ། །དེས་ཀྱང་དེ་ལ་རྩྭ་དག་བྱིན།ཆུ་དག་བླུད་དོ། །དེས་དེ་ཉལ་བ་དང་ཡན་ལག་གི་རྣམ་པ་ཁ་བྱེ་བ་མཐོང་ངོ་། །དེས་དེ་མཐོང་ནས་ཆགས་པར་གྱུར་ཏེ། དེ་དེར་བཅུག་པ་ལས་གཞུག་ཏུ་མ་རུང་བ་དང་། དེ་འགྱོད་པ་ སྐྱེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དུ་གཞུག་ཏུ་མི་རུང་ན་དམན་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །གཞུག་པ་དེ་སྤྱད་དུ་མི་རུང་བ་ནི་ལམ་ཆུང་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་འདི་ཉིད་ཞུས་པ་ལས་ཀྱང་། མ་ནིང་ལ་འཇུག་པར་ བྱེད་པ་ལས་གང་ལ་སྐབས་མེད་པ་དང་། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ཏེ། ཡན་ལག་གི་སྦུ་གུ་ཆུད་པར་མི་བྱེད་པ་ནི་བུ་ག་ཆུང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མ་ཉམས་པའི་ཞེས་བྱ་བ་ནི་ལམ་ཞེས་བྱ་བ་དང་སྦྱར་རོ། །འོ་ན་རྣམ་པར་འབྱེད་པ་ལས། བུད་ མེད་མ་ཉམས་པ་ཞེས་འབྱུང་བ་མ་ཡིན་ནམ། །གཞུང་འདིས་ནི་མ་ཉམས་པ་ཞེས་བྱ་བ་བུད་མེད་ཀྱི་ཁྱད་པར་ཡིན་པར་སྦྱར་བ་ཡིན་ནོ་ཞེ་ན། བདེན་ཏེ་འོན་ཀྱང་དོན་འདི་ལ་རྨའི་སྒོར་གཏོགས་པའི་མ་ཉམས་པ་ལས་གཞན་པའི་མ་ཉམས་པ་ཉིད་ན་དགོས་པ་མེད་པ་སྟེ། འདི་ནི་ཆ་ཤས་ཀྱི་ སྒོ་ནས་སྤྱི་ལ་གདགས་པ་ཡིན་ཏེ། ཞར་བ་དང་ལག་རྡུམ་ཞེས་གདགས་པ་དང་འདྲ་བ་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱ་སྟེ། ལམ་གྱི་ཁྱད་པར་ཡིན་པར་བཤད་པ་ཡིན། འདིར་ཁུངས་ཀྱང་ཞུས་པ་ལས། གང་གི་རྨའི་སྒོ་ཟོས་པ་དང་རུལ་བ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། ། ཅི་སྟེ་ཅིའི་ཕྱིར་རྣམ་པར་འབྱེད་པ་ལས། ཆ་ཤས་ཀྱི་སྒོ་ནས་སྤྱི་ལ་གདགས་པར་མཛད་ཅེ་ན། ལུས་ལས་ཐ་དད་པར་མ་གྱུར་པའི་རྨ་ལ་ཡིན་ན་མཐར་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །དེ་ལྟར་ཡང་ཞུས་པ་ལས། མོ་མཚན་ཆད་པར་འཇུག་པར་ བགྱིད་ན་ཅིར་འགྱུར་ལགས། བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་མགོ་བོ་ཆད་པའི་བུད་མེད་དང་ལྷན་ཅིག་ཏུ་རྣམ་པར་ཉམས་པར་བགྱིད་ན་ཅིར་འགྱུར་ལགས་ཞེས་བྱ་བ་ནས་ཁའི་སྒོ་རྣམ་པར་ཉམས་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་ བའི་བར་དུ་རྒྱ་ཆེར་གསུངས་པ་ཡིན་ནོ། །འོ་ན་དེ་ལུས་ལས་ཐ་དད་པར་མ་གྱུར་པ་ཞེས་སྨོས་པར་བྱ་མོད་ཅེ་ན་མི་བྱ་སྟེ། ཡན་ལག་ཆ་ཀུན་གཟུང་བར་བཟོད་པ་ཡི། །ཞེས་བྱ་བ་འདི་ཁོ་ནས་འགྲུབ་པའི་ཕྱིར་རོ། །འོ་ན་ལུས་སུ་གཏོགས་པའི་ཉམས་པ་ཡང་ ཅིའི་ཕྱིར་མི་གཟུང་ཁུངས་ཀྱང་ཡོད་དེ། འདུལ་བྱེད་ལས་བསྲེགས་པ་སྤུ་མེད་པ་དང་ལྷན་ཅིག་རྣམ་པར་ཉམས་པར་བྱེད་ན་དམན་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ་ཞེ་ན། དེ་ནི་ཁུངས་མ་ཡིན་ཏེ། དེ་ལས་ནི་ལུས་ཀྱི་སྒོ་ནས་ཆ་ཤས་ཉམས་པ་བསྟན་པ་ཡིན་ ནོ། །ཇི་སྟེ་འདི་ག་ལས་ཤེས་ཤེ་ན། བུད་མེད་ཕྱེད་ཤགས་སུ་གཤགས་པ་ནི་གང་གི་ཕྱིར་དེའི་རྨར་གཏོགས་པའི་རྣམ་པར་ཉམས་པ་ཁོ་ན་ཡིན་པར་གསུངས་པས་སོ། །གཞན་ཡང་གལ་ཏེ་འདིར་ལུས་ལ་རེག་པར་འདོད་ན་ནི་དེའི་ཚེ་འདུལ་བྱེད་ཀྱི་གཞུང་ལས། དགེ་སློང་མ་ཅི་ཁྱོད་ ཀྱིས་རེག་པ་བདག་གིར་བྱས་སམ། གསོལ་པ། བཙུན་པ་བདག་གིས་རེག་པ་ཅིའི་སླད་དུ་བདག་གིར་བགྱིས་ཏེ། དཔེར་ན་ཐོང་ལྕགས་བསྲེགས་པ་དང་འདྲ་ལགས་སོ་ཞེས་འབྱུང་བ་ཡང་མི་རུང་བར་འགྱུར་རོ། །འདིར་ཐོང་ལྕགས་ནི་ཕོ་མཚན་གྱི་དཔེར་བྱ་བ་ཡིན་ནོ། །དེ་ནི་རྨ་ལ་རེག་ པའི་དཔེ་ཡིན་ནོ། །དེ་ལྟ་བས་ན་རྨས་པ་ཡང་རྨར་གཏོགས་པ་ཉིད་ཡིན་པར་མངོན་ཏེ། ལུས་སུ་གཏོགས་པ་ནི་མ་ཡིན་ནོ། །པགས་པ་སྦུ་བུའི་ཁ་དང་སོ་ལས་ཕར། །ཞེས་བྱ་བ་ནི། འདུལ་བྱེད་ལས་དགེ་སློང་གིས་བཤང་བའི་ལམ་དུ་སྦུ་བུའི་ཁ་ལ་ནོར་བུ་འདའ་བར་བྱེད་ན་ཕམ་པར་ འགྱུར་རོ། །ཁའི་ལམ་དུ་སོ་ལས་ནོར་བུ་འདའ་བར་བྱེད་ན་ཕམ་པར་འགྱུར་རོ། །གཅི་བའི་ལམ་དུ་པགས་པ་ལས་ནོར་བུ་འདའ་བར་བྱེད་ན་ཕམ་པར་འགྱུར་རོ་ཞེས་འབྱུང་བ་ཡིན་ཏེ། ཐམས་ཅད་ལ་ཡང་མཐར་འགྱུར་བའི་ཡན་ལག་རྣམས་ཚང་བའོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། ། ཕར་འཇུག་པར་བྱེད་ན་མཐར་འགྱུར་རོ་ཞེས་གསུངས་པའི་ཕྱིར་ཚུན་ཆད་དུ་འཇུག་པར་བྱེད་ན་ཆུང་བ་ཡིན་པར་རྟོགས་པར་བྱའོ། །རྣམ་པར་འབྱེད་པ་ལས་ཀྱང་། དགེ་སློང་གིས་གཅི་བའམ། ཁར་རམ། བཤང་བའི་ལམ་དུ་གཅི་བར་བྱེད་པ་འཇུག་པར་བྱེད་ན་བཅུག་མ་ཐག་ཏུ་ཕམ་ པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་ཡང་པགས་པ་དང་སྦུ་བུའི་ཁ་དང་སོ་ལས་ཕར་ནོར་བུ་འཇུག་པར་རིག་པར་བྱའོ། །པགས་པ་དང་སྦུ་བུའི་ཁ་དང་སོ་ལས་ཞེས་བྱ་བ་ཅི་དགོས་ཤེ་ན་གཞན་ཡང་ལྟུང་བ་ཆུང་བར་རབ་ཏུ་བསྟན་པའི་ཕྱིར་རོ། །དེ་ལྟར་ཡང་ཞུས་པ་ལས། ལུས་ ལ་བུ་ག་བཏོད་དེ་རང་གི་ཡན་ལག་གི་རྣམ་པ་འཇུག་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །ནོར་བུ་ཞེས་བྱ་བ་ནི་བཀུག་སྟེ་འཇུག་པར་བྱེད་ན་ཆུང་བ་ཡིན་པར་བསྟན་ཏོ། །འདིར་གཞུང་ནི་ཞུས་པ་ལས། བཀུག་སྟེ་འཇུག་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་ བ་ཡིན་ནོ། །ནད་མེད་ལས་རུང་ཞེས་བྱ་བ་ལ། ནད་མེད་པ་སྨོས་པ་ནི་ཉམས་ན་ལྟུང་བ་ཆུང་བར་རབ་ཏུ་བསྟན་པའི་ཕྱིར་རོ། །འདིར་འདུལ་བྱེད་ཀྱི་གླེགས་བམ་ཁ་ཅིག་ལས། བཙུན་པ་དགེ་སློང་གིས་ཡན་ལག་གི་རྣམ་པ་གས་པ་འཇུག་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་ འགྱུར་རོ་ཞེས་བྱ་བ་འབྱུང་ངོ་། །གང་དག་མི་འདོད་པ་དེ་དག་གིས་ཀྱང་དོན་གྱིས་ཁོང་དུ་ཆུད་པར་བྱ་སྟེ། ཕོའི་དབང་པོ་ཉམས་པ་དང་མོའི་དབང་པོ་ཉམས་པར་རོ། །ཉམས་སུ་མྱོང་བ་མེད་པར་མཚུངས་པའི་ཕྱིར་རོ། །ཁྱད་པར་ཡོད་པ་མ་ཡིན་ནོ། །གང་དག་མི་འདོད་པ་དེ་དག་གིས་ ཀྱང་དོན་གྱིས་ཁོང་དུ་ཆུད་པར་བྱ་སྟེ།རོ་མི་མྱང་བར་མཚུངས་པ་ཡིན་ཏེ། འཇུག་པ་ཉམས་པའི་ཕྱིར་དང་། །མོ་མཚན་ཉམས་པའི་ཕྱིར་ཁྱད་པར་མེད་དོ། །གལ་ཏེ་དེ་ལྟ་ཡིན་ན་འདུལ་བྱེད་ལས་དགེ་སློང་ཞིག་ཕོའི་ནད་ཀྱིས་སྡུག་བསྔལ་བ་ལས་དེས་འཚོ་བྱེད་ལས། ཕོའི་ནད་བྱུང་བར་ གྱུར་པ་ལས་དེས་བུད་མེད་ཀྱི་ཁར་བཅུག་པ་དང་། དེ་ནད་དེ་ལས་ཐར་རོ་ཞེས་ཐོས་ནས་དེ་འདི་སྙམ་དུ་བདག་ལ་ལྟུང་བར་ཡང་མི་འགྱུར་བས་བུད་མེད་ཀྱི་ཁར་གཞུག་པར་བྱའོ་སྙམ་དུ་སེམས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅུག་མ་ཐག་ ཏུ་ཕམ་པར་འགྱུར་རོ་ཞེས་བྱ་བའི་བར་ཇི་ལྟར་དྲང་ཞེ་ན། འདིར་བཤད་པ། ཉམས་པ་ཞེས་བྱ་བ་ནི་འཁྲིག་པའི་རོ་མྱང་དུ་མི་རུང་བ་གང་ཡིན་པའོ། །འདིར་ནི་དེ་ལྟ་བུར་ཉམས་པ་མ་ཡིན་པ་ལས་ཞེས་དེ་ལྟར་དྲང་ངོ་། །འདིར་ཞུས་པ་ལས། གང་གིས་རྨའི་སྒོ་རུལ་བ་དང་ཞིགས་པ་ དང་ཞེས་འབྱུང་བ་ལ་སོགས་པའི་རྣམ་གྲངས་དག་གིས་རོ་མྱང་དུ་མི་རུང་བ་ཉིད་ཡིན་པར་སྟོན་ཏོ། །ལས་རུང་ཞེས་བྱ་བ་ནི་ལས་སུ་མི་རུང་བ་ཞིག་ཡིན་ན་རུང་བ་ཡིན་ནོ་ཞེས་རབ་ཏུ་བསྟན་པའི་ཕྱིར་རོ། །འདིར་གཞུང་ནི་འདུལ་བྱེད་ལས། དགེ་སློང་གི་ཡན་ལག་གི་རྣམ་པ་རང་བཞིན་ གྱིས་ལས་སུ་མི་རུང་བ་ཡིན་པས་དེ་འདི་སྙམ་དུ་གང་ཞིག་ལས་སུ་རུང་བ་འཇུག་པར་བྱེད་ན་དེ་ལ་ནི་ཕམ་པར་འགྱུར་གྱི། བདག་གི་ནི་ལས་སུ་མི་རུང་བ་བཅུག་ཀྱང་ལྟུང་བ་མེད་དོ་སྙམ་དུ་སེམས་ནས་དེས་ལས་སུ་མི་རུང་བ་བཅུག་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་ པའི་ལྟུང་བ་ནི་མེད་དེ། དམན་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །དྲུད་ནས་ཞེས་བྱ་བ་ཅི་དགོས་ཤེ་ན། བསྐྱོད་ན་མཐར་འགྱུར་བ་ཉིད་ཡིན་པར་བསྟན་པའི་ཕྱིར་རོ། །འདིར་གཞུང་ནི་འདུལ་བྱེད་ལས། དགེ་སློང་གིས་བུད་མེད་ཉལ་བ་མནན་པ་ལས་དེ་འགྱོད་པ་སྐྱེས་པ་ དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ལག་པས་ལག་པ་ལ་དང་། རྐང་པས་རྐང་པ་ལ་དང་། ཚིགས་ཀྱིས་ཚིགས་སུ་དང་། མདོམས་ཀྱིས་མདོམས་སུ་རྩོལ་བར་བྱེད་ན་ཕམ་པར་འགྱུར་རོ། །འོན་ཏེ་རྩོལ་བར་མི་བྱེད་ན་དམན་པ་སྦོམ་པོར་འགྱུར་རོ། །གཉིད་ ཀྱིས་ལོག་པ་ལ་ཇི་ལྟ་བ་བཞིན་དུ་ར་རོ་བ་དང་ཚོར་བས་གཟིར་བ་ལ་ཡང་དེ་བཞིན་ནོ་ཞེས་འབྱུང་བ་ཡིན་ནོ། །ཇི་སྟེ་ཚིགས་ལས་ཕར་ནོར་བུ་འདས་བཞིན་དུ་ཚིགས་ལས་རྩོལ་བར་མི་བྱེད་པ་ཇི་ལྟ་བུ་ཞེ་ན། སྲིད་པའི་ཕྱིར་བསྟན་པ་ཡིན་པས་ཉེས་པ་མེད་དོ། །འདི་ལྟར་དཔེར་ན་ཁ་ཅིག་གིས་ བུག་ཕྱེ་ནས་མ་རེག་པར་ནོར་བུ་བཅུག་སྟེ། མ་དྲུད་པ་ཁོ་ནར་བུ་གའི་ཚིགས་ཀྱིས་རེག་པ་ཉམས་སུ་མྱོང་བར་བྱེད་ཅིང་འབྱིན་པ་ཡང་ཕྱེ་ནས་བུ་ག་ལས་མ་རེག་པ་ཁོ་ནར་འབྱིན་པར་བྱེད་པས་དེ་སྲིད་པ་ཡིན་ནོ། །ཅི་སྟེ་འོ་ན་བཅུག་མ་ཐག་ཏུ་མཐར་འགྱུར་རོ་ཞེས་གསུངས་པ་ཇི་ལྟ་བུ་ཡིན་ཞེ་ན། མཐར་འགྱུར་བའི་ཡན་ལག་རྣམས་ཚང་བར་ཡོད་ན་འདྲུད་པ་དང་ལྡན་པའི་འཇུག་པ་ཡིན་ནོ་ཞེས་དགོངས་པས་ཉེས་པ་མེད་དོ། །འབྱིན་པའི་དགེ་འདུན་ལྷག་མ་ལས་གང་ཞིག་རྩོལ་བར་བྱེད་ན་ཞེས་གསུངས་པའི་བཀའ་དེ་ནི་སྤྱིར་ཡིན་པར་རྗེས་སུ་དཔག་པས་མཐོང་སྟེ། དེ་ལྟ་བུ་ཐམས་ ཅད་ལ་ནི་རེག་པ་ཉམས་སུ་མྱོང་བ་ཡིན་པས་སོ་ཞེས་བསྟན་ཏོ། །རྩོལ་བ་ནི་བསྐྱོད་པ་ལ་བྱ་སྟེ། བསྐྱོད་པ་མེད་ན་སྦོམ་པོར་གསུངས་པའི་ཕྱིར་རོ། །འོ་ན་རེ་ཞིག་ཚིགས་ཀྱིས་ཚིགས་སུ་ཞེས་བྱ་བ་ནི་རྨའི་ཚིགས་དེ་ཉིད་དུ་བྱ་བ་ཡིན་པའི་ཕྱིར་རིགས་ན་ལག་པ་ལ་སོགས་པས་རྩོལ་བ་ཅི་ དགོས་ཤེ་ན། འདི་ནི་ཚིགས་སུ་རྩོལ་བའི་རིམ་པ་ཡིན་པར་བསྟན་པའི་ཕྱིར་རོ། །སློབ་དཔོན་ཡོན་ཏན་འོད་ཀྱི་ཞལ་ནས་ནི་ཡན་ལག་གི་ཆ་ཐམས་ཅད་གཟུང་དུ་མེད་པར་རབ་ཏུ་བསྟན་པ་ཁོ་ནའི་ཕྱིར་ལག་པ་ལ་སོགས་པ་མི་རྩོལ་བ་གསུངས་པ་ཡིན་ནོ་ཞེས་འཆད་དེ། ཀུན་ནས་བསྐྱོད་པ་མེད་ པར་ཡང་བཅུག་པའི་རེག་པ་བདག་གིར་བྱེད་པ་ལས། མཐར་འགྱུར་བར་དགོངས་ཤིང་རྐེད་པར་ཆད་པ་ལ་སོགས་པ་ཡང་རོའི་ཁྱད་པར་གྱིས་མཐར་འགྱུར་བའི་རྒྱུ་ཡིན་ནོ་ཞེས་ངེས་གལ་ཏེ་ཞེས་པའི་གཞུང་དུ་བྲིས་སོ། །འདི་ལ་ཡང་བརྗོད་པར་བྱ་བ་མངས་པར་འགྱུར་བས་དེ་ནི་གཞག་གོ། ། ཆགས་པས་རེག་པའི་བདེ་རྣམས་མྱོང་། །ཞེས་བྱ་བ་ནི་རེག་པའི་བདེ་བ་བདག་གིར་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། ཆགས་པས་ཞེས་བྱ་བ་ནི་བདག་གིར་བྱེད་པ་བསྟན་པ་ཡིན་ནོ། །འདིར་གཞུང་ནི་འདུལ་བྱེད་ལས། དགེ་སློང་བསམ་གཏན་པ་མཛེས་པ་ཞེས་བྱ་བ་གཅིག་པུ་དགོན་པ་ན་ གནས་པ་བྲམ་ཟེ་ཞིག་གིས་མགྲོན་དུ་བོས་ཏེ། དེས་ནང་པར་ཟན་གྱི་ཞལ་ཏ་བྱས་ནས། བུ་མོ་ཆུང་ངུ་གཅེར་བུར་བང་ཆེན་དུ་མངགས་སོ། །དེས་དེའི་ཡན་ལག་གི་རྣམ་པ་མཐོང་ངོ་། །དེས་མཐོང་ནས་ཆགས་པར་གྱུར་ཏེ། དེས་དེ་མནན་པ་ལས་དེའི་ཡན་ལག་གི་རྣམ་པ་གས་སོ། །དེའི་ ཡན་ལག་གི་རྣམ་པ་གས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་མི་ཚངས་པར་སྤྱོད་པའི་རོ་ཉམས་སུ་མྱོང་ན་ཕམ་པའི་མཐར་འགྱུར་རོ། །འོན་ཏེ་མ་མྱོང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །རེག་པའི་བདེ་རྣམས་ཞེས་མང་བ་ སྐད་དུ་སྨོས་པ་ནི་རྐེད་པར་ཆད་པ་ལ་སོགས་པ་དག་ལ་ཡང་མཐར་འགྱུར་བར་མཚུངས་པར་བསྟན་པའི་ཕྱིར་རོ། །ཆགས་པ་ཁོ་ནས་རེག་པའི་བདེ་བ་ཉམས་སུ་མྱོང་ན་མཐར་འགྱུར་རོ་ཞེས་བསྟན་པའི་ཕྱིར་ཆགས་པ་སྟེ། དགའ་བ་དང་། འདོད་པ་དང་། བདག་གིར་བྱེད་འདོད་པ་ཞེས་བྱ་ བ་ནི་དོན་གཞན་མ་ཡིན་ནོ། །ཉམས་སུ་མྱོང་བ་ནི་རེག་བྱའི་རྣམ་པར་ཤེས་པས་མྱོང་བ་ཙམ་ལ་བྱ་བ་ཡིན་པས་ཁྱད་པར་ཡོད་དོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། ཐོག་མ་དང་། བར་དང་། ཐ་མར་ནི་ཀུན་དུ་ཤེས་སོ། །ཤེས་ནས་ཀྱང་ཀུན་དུ་བདག་གིར་བྱེད་དོ་ཞེས་བྱ་བ་ དང་། དེ་བཞིན་དུ་བསྟེན་པར་གཞོལ་བའི་སེམས་ཀྱིས་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །དེ་ལྟར་བྱས་ན་རྣམ་པར་འབྱེད་པ་ལས་ཀྱང་། འདོད་པའི་འདོད་ཆགས་དང་བྲལ་བ་ཞིག་ལི་ཐུན་མ་ཞིག་གིས་མནན་ཏེ་རེག་པ་ཉམས་སུ་མྱོང་བ་ཡང་ཆགས་པ་སྤངས་པའི་ཕྱིར་བདག་གིར་བྱ་ བ་མ་བྱུང་ན་ལྟུང་བ་མེད་པར་གསུངས་པ་ཡིན་ནོ། །འདུལ་བྱེད་ལས་ཀྱང་། དགེ་སློང་གཉིད་ཀྱིས་ལོག་པ་ལས་བུད་མེད་ཀྱིས་མནན་པ་ལས་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱེད་ཀྱིས་ཅི་རོ་ཀུན་དུ་ཤེས་སམ། ཀུན་དུ་མ་འཚལ་ལོ། ། འོན་ཀྱང་བདག་གིས་འགུལ་བར་ནི་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགུལ་བ་ཡོད་ཀྱང་ཕམ་པའི་ལྟུང་བ་ནི་མེད་དེ། དམན་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རོ་དང་རྗེས་སུ་ཆགས་པ་དང་། འདོད་པ་ཞེས་བྱ་བ་ནི་དོན་གཅིག་པ་ཡིན་ནོ། །དེའི་ཕྱིར་རོ་ ཀུན་དུ་ཤེས་སམ་ཞེས་བྱ་བ་ནི་ཅི་འདོད་པ་ཉམས་སུ་མྱོང་བ་དྲན་ནམ་ཞེས་བྱ་བའི་དོན་དུ་གནས་སོ། །འགུལ་བ་ནི་ཅུང་ཟད་འགྱུར་བའི་བདག་ཉིད་བདེ་བ་མྱོང་བའི་ངོ་བོ་ཡིན་པར་རིག་པར་བྱའོ། །ཅུང་ཟད་འགྱུར་བ་ཡང་ལུས་ཀྱི་འགྱུར་བ་ཤིན་ཏུ་གསལ་བ་མི་བྱེད་པའི་ཕྱིར་ཏེ། བདག་ཉིད་མི་ འགུལ་བར་གནས་པའི་ཕྱིར་རོ། །ཡིད་ཀྱིས་ཀྱང་འགྱུར་བ་གསལ་བ་མི་སྤྱོད་པའི་ཕྱིར་ཏེ། བསྟེན་པར་གཞོལ་བའི་སེམས་མ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བར་རིག་པར་བྱའོ། །ཞུས་པ་ལས་ཀྱང་། ཇི་ཙམ་གྱིས་ན་རོ་མྱང་བ་ཞེས་བརྗོད་པར་བགྱི། བདག་གིར་བགྱིད་པ་དེ་ནི་ཅི་ཞིག་ ལགས། བཀའ་སྩལ་པ། འདིར་བདག་གིར་བྱེད་པ་ཞེས་བསྟན་པ་ནི་གལ་ཏེ་ལུས་ཀྱིས་སམ་སེམས་ཀྱིས་འགྱུར་བར་བྱེད་པ་ཡིན་ཏེ། དེ་ལྟར་ན་དེ་ལ་ལྟུང་བར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །འདིར་རོ་མྱང་བ་ཡང་ལུས་ཀྱི་འགྱུར་བ་སྤྱོད་པའོ། །བདག་གིར་བྱེད་པ་ནི་བསྟེན་པར་ གཞོལ་བའི་སེམས་བསྐྱེད་པའི་ཕྱིར་རོ་ཞེས་བྱ་བར་རིག་པར་བྱའོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ལུས་ཀྱིས་སམ་སེམས་ཀྱིས་གཡོ་བར་བྱེད་ན་དེ་ལྟར་ན་དེ་ལ་ལྟུང་བར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །ནི་ཞེས་བྱ་བ་ནི་དེ་མ་ཐག་པ་ལ་བྱ་བ་སྟེ། དེ་ལྟ་བུའི་རེག་ པའི་བདེ་བ་ཉམས་སུ་མྱོང་མ་ཐག་ཏུ་དེ་ཉམས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཁ་ཅིག་ན་རེ་འདིར་ཡང་འཆབ་པའི་སེམས་ཉིད་ཀྱང་ཡིན་ནོ་ཞེས་བྱ་བར་ཡན་ལག་གཞན་ཁ་བསྐང་བར་བྱའོ། །འདིར་གཞུང་ནི་འདུལ་བྱེད་ལས་ཀྱང་། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་གང་བྱེད་གང་ འཆབ་པའི་སེམས་སྐད་ཅིག་ཀྱང་མ་སྐྱེས་པ་ལ་ཇི་སྲིད་འཚོའི་བར་དུ་བསླབ་པ་བྱིན་ཅིག་ཅེས་བྱ་བ་ནས། གང་གི་ཚེ་དེས་ཟག་པ་ཟད་པར་བྱ་བ་དེའི་ཚེ་གྲལ་རིམས་ཇི་ལྟ་བ་བཞིན་དུ་འདུག་པར་བྱ་ཞིང་བསླབ་པ་བྱིན་པའི་ཚུལ་ཁྲིམས་ཐམས་ཅད་ཀྱང་རྒྱུན་གཅད་པར་བྱའོ། །དེ་ལྟ་བས་ན་རང་བཞིན་ བཟང་པོ་གཞན་གང་ཡོད་པ་དེ་ལ་ཡང་བསླབ་པ་སྦྱིན་པར་བྱའོ་ཞེས་བྱ་བར་གནང་ངོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་འབྱུང་བ་ཡིན་ནོ། །འདི་ལྟར་གལ་ཏེ་འཆབ་པའི་སེམས་མེད་ཀྱང་མཐར་འགྱུར་བ་ཡིན་ན་ནི་མཐར་འགྱུར་བ་དེས་ཀྱང་དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་རོ། །དེ་ལྟ་ ན་ནི་གང་གི་ཚེ་ཟག་པ་ཟད་པར་བྱས་པ་དེའི་ཚེ་གྲལ་རིམས་བཞིན་དུ་འདུག་པར་བྱའོ་ཞེས་གསུངས་པ་དང་འགལ་ཏེ། དགེ་སློང་གི་དངོས་པོ་ཉམས་ན་དེ་ལ་གྲལ་ག་ལ་ཡོད། ཇི་སྟེ་འོ་ན་བསླབ་པ་ཇི་ལྟར་སྦྱིན་ཞེ་ན། བསླབ་པ་དེ་ནི་ཆད་པའི་ལས་ཡིན་གྱི། སྡོམ་པའི་བསླབ་པ་ནི་མ་ཡིན་པས་ ཉེས་པ་མེད་དོ། །ཆད་པའི་ལས་ལས་སློང་བ་ཡང་ཟག་པ་ཟད་པ་ལ་ཐུག་པ་ཡིན་པས་སྔོན་གྱི་གྲལ་དུ་འདུག་པ་དང་། ཆད་པའི་ལས་རྒྱུན་གཅད་པར་གནང་བ་ཡིན་ནོ། །དེ་ལྟ་བས་ན་འཆབ་པའི་སེམས་ཉིད་ནི་གདོན་མི་ཟ་བར་བརྗོད་པར་བྱའོ། །གཞིའི་བྱེ་བྲག་ཏུ་ སྨྲ་བ་རྣམས་ན་རེ་ནི་དེ་ལྟ་མ་ཡིན་ཏེ། འདི་ལྟར་ཡན་ལག་ཅེས་བྱ་བ་ནི་གཅིག་ཏུ་ཅིག་ཅར་ཕྲད་པ་ལ་བྱ་བ་ཡིན་ནོ། །འདོད་ཆགས་ཀྱིས་གཟིར་བས་དབང་མེད་པར་གྱུར་པའི་རོ་མྱང་བའི་སེམས་ལ་ནི་འཆབ་པ་དང་མི་འཆབ་པ་གཉིས་ཀྱི་སྐབས་མེད་དེ། དེ་བས་དུས་ཕྱི་མ་ཉིད་ཡིན་པའི་ཕྱིར་ རོ། །དེ་བས་ན་ཡན་ལག་མ་ཡིན་ནོ། །དེ་ལྟར་ཡང་བསམ་གཏན་པ་དགའ་བྱེད་དགའ་བའི་ཡོངས་སུ་གདུང་བ་དང་བྲལ་བར་གྱུར་ནས། །ཕྱིས་ཡིད་ལ་གཅགས་པ་སྐྱེས་ཏེ་བདག་ནི་ཉམས་པ་ཡིན་ནོ་ཞེས་སྒྲོགས་ཤིང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ཀྱི་གཞན་ནི་མ་ཡིན་ནོ། །དེ་ལྟ་ བས་ན་དེ་ནི་མཐར་འགྱུར་བ་ཡིན་ནོ། །ཆད་པའི་ལས་དང་ཀུན་ཤེས་པ་ཐོབ་པས་ནི་མཐར་འགྱུར་བ་བཅོམ་པ་ཡིན་ཏེ། དགེ་འདུན་གྱི་ལྷག་མ་དང་འདྲའོ། །དེ་ལྟ་བས་ན་དེས་སྔོན་གྱི་གྲལ་འཐོབ་བོ། །སྔ་རབས་པ་དག་ན་དེ་དེ་ནི་སྡོམ་པ་ཞིག་པས་མཐར་འགྱུར་བ་ཡིན་པས་དེ་ལྟ་བས་ ན་ཁ་བསྐང་བར་མི་བྱའོ་ཞེས་འཆད་དེ། དེ་ལྟ་བས་ན་ཞུས་པ་ལས། བཙུན་པ་བསྙེན་པར་མ་རྫོགས་པ་ལ་དགེ་འདུན་གྱི་ལྷག་མ་འབྱུང་བར་འགྱུར་ལགས་སམ། བཀའ་སྩལ་པ། དེ་བཞིན་ཏེ། བསླབ་པ་བྱིན་པ་ལ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཕྲན་ཚེགས་ལས་བྱ་བ་ བསླབ་པ་བྱིན་པའི་བསླབ་པ་ནི་དགེ་སློང་དང་འདྲ་བ་ཡིན་ནོ་ཞེས་གསུངས་སོ། །གལ་ཏེ་སྡོམ་པ་མ་ཞིག་པ་ཡིན་ན་ཇི་ལྟར་ན་བསྙེན་པར་མ་རྫོགས་པ་ཡིན། ཇི་ལྟར་ན་བསླབ་པ་དགེ་སློང་དང་འདྲ་བ་ཡིན་ནོ་ཞེས་རྩིས་མགོ་བསྒྲེ་བར་འགྱུར། ཇི་སྟེ་མཐར་འགྱུར་བས་སྡོམ་པ་ཞིག་པ་ཡིན་ན་ཇི་ལྟར་ ན་བསླབ་པ་དགེ་སློང་དང་འདྲ་བ་ཡིན་ཞེ་ན། བསམ་པ་ཕུན་སུམ་ཚོགས་པས་ཡང་བསླབ་པ་མནོད་པའི་ཕྱིར་རོ། །འདྲ་བ་སྨོས་པ་ནི་དགེ་སློང་རྣམས་དང་བསླབ་པ་མཐུན་པར་གྱུར་པ་དང་འདྲ་བས་སོ། །ཇི་སྟེ་འོ་ན་བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་འོག་ཏུ་འདུག་ཏུ་གཞུག་པ་དང་། དེ་དག་ རྣམས་ལ་འདྲིམ་པར་བྱེད་པ་ཇི་ལྟ་བུ་ཞེ་ན། དེ་ནི་ཆད་པའི་ལས་སུ་བསྐོས་པའི་ཕྱིར་རོ། །ཇི་སྟེ་ཟག་པ་ཟད་པ་ཐོབ་པར་གྱུར་ན་སྔོན་གྱི་གྲལ་དུ་འདུག་པར་བྱ་བ་ནི་ཇི་ལྟ་བུ་ཞེ་ན། དེ་ནི་བཅོམ་ལྡན་འདས་ཀྱིས་ཡང་དག་པར་གཟེངས་བསྟོད་པའི་གོ་འཕང་ཡིན་པས་ཉེས་པ་མེད་དོ། །གཞན་ཡང་ མ་མོ་ལས། ཕམ་པ་བྱུང་བ་བསླབ་པ་བྱིན་པ་གང་ཞེ་ན། གལ་ཏེ་མི་ཚངས་པར་སྤྱོད་པ་བྱས་ནས་ཐ་ན་སེ་གོལ་གཏོགས་པ་ཙམ་ཡང་འཆབ་པའི་སེམས་མི་བསྐྱེད་པ་ཡིན་ཏེ། དགེ་སློང་དག་གིས་དེ་ལ་ཚེ་དང་ལྡན་པ་དགའ་བྱེད་དང་འདྲ་བར་གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པ་བྱིན་ཅིག་ཅེས་བྱ་ བ་ནས། དགེ་སློང་ཕམ་པ་བྱུང་བ་བསླབ་པ་བྱིན་པས་བསླབ་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །གལ་ཏེ་ཕམ་པ་བྱུང་ནས་བསླབ་པའི་གཞི་བྱིན་པར་མི་འགྱུར་བ་ནི་འདིར་ཕམ་པ་བྱུང་བ་བསླབ་པའི་གཞི་བྱིན་པར་ཐ་སྙད་གདགས་པར་ཡང་ཇི་ལྟར་རུང་། འདིར་གལ་ ཏེ་མི་ཚངས་པར་སྤྱོད་པ་བྱས་ནས་ཞེས་བྱ་བ་དུས་སྔ་མ་ཉིད་ཀྱང་ཇི་ལྟར་རུང་། ཆད་པའི་ལས་ཆེན་པོས་ཕམ་པ་ལས་ལྡང་བར་འབྱུང་བ་ཡང་ཇི་ལྟར་རུང་སྟེ། དེའི་ཕྱིར་མཐར་གྱུར་པ་ཁོ་ན་བསླབ་པ་བྱིན་པ་ཞེས་བྱ་བར་ངེས་སོ། །གལ་ཏེ་མཐར་གྱུར་པ་ཉིད་ལས་ལྡང་བ་ཡོད་ན་དེའི་ཚེ་དེའི་དགེ་སྦྱོང་ གི་ཚུལ་ཉམས་པ་དང་། བཅོམ་པ་དང་། ལྟུང་བ་དང་། དྲང་དུ་མེད་པ་ཡིན་ནོ་ཞེས་བྱ་བའི་གཞུང་འདི་འགལ་ལོ་ཞེ་ན། གལ་ཏེ་མཐར་འགྱུར་བ་བྱུང་ལ་འཆབ་པའི་སེམས་སྐྱེས་ན་དེའི་ཚེ་དགེ་སློང་གི་ཚུལ་ཉམས་པ་དང་། དྲང་དུ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་པའི་ཕྱིར་འགལ་ བ་མེད་དོ། །སློབ་དཔོན་རྣམས་ཀྱི་ཞལ་ནས། དགེ་སློང་གི་ཚུལ་དྲི་མ་མེད་པའི་ལམ་དང་སྡོམ་པ་ནི་ཉམས་པ་མེད་པ་ཡིན་ནོ་ཞེས་འཆད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་འདི་ལྟར་ཕྱོགས་གཅིག་འཁྲུགས་པས་སྡོམ་པ་མཐའ་དག་གཏོང་བར་རིགས་པ་མ་ཡིན་ཏེ། དེ་བས་ན་མཐར་འགྱུར་བས་ སྡོམ་པ་ཞིག་པ་མེད་དོ་ཞེས་འཆད་དོ། །ཇི་སྟེ་འོ་ན་དགེ་སློང་མ་ཡིན་ཞེས་བྱ་བ་ཇི་ལྟ་བུ་ཡིན་ཞེ་ན། མ་ཡིན་ཞེས་བྱ་བའི་དགག་པ་འདི་ནི་སྨད་པ་ལ་བྱ་བར་བསྟན་པ་ཡིན་ཏེ། སྨད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་དོན་དམ་པའི་དགེ་སློང་གི་དངོས་པོ་ལས་ཉམས་པ་ཡིན་ཏེ། མ་ ཐོབ་པ་ལས་ཡོངས་སུ་ཉམས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་གལ་ཏེ་མཐར་འགྱུར་བས་སྡོམ་པ་ཞིག་པར་གྱུར་ན་རྣམ་པར་འབྱེད་པ་ལས། གང་ཟག་མ་དག་པ་ལ་སྐུར་པ་འདེབས་པར་བྱེད་ན་ཉེས་པའི་གཞི་བཅུ་གཅིག་ཏུ་འགྱུར་རོ་ཞེས་འབྱུང་ བ་ཇི་ལྟར་དྲང་། ཇི་སྟེ་འདིར་མ་དག་པ་ནི་མཐའ་འགྱུར་བ་ཁོ་ནས་ཡིན་པར་འདོད་དེ། །དེ་བས་ན་མཐར་འགྱུར་བས་སྡོམ་པ་ཞིག་པར་འགྱུར་རོ་ཞེ་ན། དེ་ལ་སྐུར་པ་བཏབ་ན་དགེ་འདུན་གྱི་ལྷག་མར་གསུངས་པ་དང་འགལ་ཏེ། འདི་ལྟར་ཁྱིམ་པ་ལ་སྐུར་པ་བཏབ་ན་དགེ་འདུན་གྱི་ ལྷག་མར་མི་འགྱུར་བས་སོ། །དགེ་སློང་གི་ཆ་བྱད་ཡོད་པའི་ཕྱིར་རོ་ཞེས་ཀྱང་བྱ་བ་མ་ཡིན་ཏེ། སྔར་ལྟུང་བ་བྱུང་བ་ལ་ཉེས་བྱས་སུ་གསུངས་པའི་ཕྱིར་རོ།། །།བམ་པོ་དྲུག་པ། ཇི་སྟེ་འདིར་གལ་ཏེ་མཐར་འགྱུར་བས་མ་དག་པ་ཡིན་པར་དགོངས་ན་ནི་དེའི་ཚེ་སོ་སོར་ཐར་པའི་ མདོ་ལས་དགེ་སློང་དག་པ་ལྟུང་བ་མེད་པ་ལ་ཞེས་འབྱུང་བ་དང་འགལ་ལོ་ཞེ་ན། དེ་ནི་མ་ཡིན་ཏེ། རྣམ་པར་འབྱེད་པ་ལས་ལྟུང་བ་མ་བྱུང་བ་ཞེས་བྱ་བ་ནི་དེའི་གཞི་ཉིད་དོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བྱས་ན་མི་ཚངས་པར་སྤྱོད་པ་ལ་སོགས་པ་གང་གིས་གླེང་བར་བྱ་བ་དེས་ནི་དག་ པ་ཡིན་ལ་གཞན་གྱིས་ནི་མ་དག་པ་ཡིན་པར་འགལ་བ་མེད་དོ། །དེ་ལྟར་ཡང་ཞུས་པ་ལས། དགེ་སློང་གིས་རང་ཉིད་ན་རེ་བདག་གིས་མི་ཚངས་པར་སྤྱོད་པ་